CLOSE WINDOW

Gpb033.004: ཀུན་འདུས
Wylie

། ཡེ་སངས་རྒྱས་པས་ཆོས་ཀྱི་སྐུ།། རྗེ་བཙུན་དམ་པ་རྫོགས་སོ།། རྒྱ་གར་སྐད་དུ། སརྦ་ཨ་ཏ། བོད་སྐད་དུ། ཀུན་འདུས། སྤྲོས་མེད་ཆོས་ལས་ཕྱག་འཚལ་ལོ།། སྣ་ཚོགས་གཅིག་ཏུ་འདུས་པའི་ངང། ། འབྱུང་བ་བཞི་ཉིད་ནམ་མཁར་འདུས།། ནམ་མཁའ་དཔེར་བསྟན་བྱང་ཆུབ་སེམས།། རིག་པ་རང་ལ་རྫོགས་པས་ན།། ཀུན་འདུས་རྒྱལ་པོར་ང་སྨྲས་སོ།། ལྟ་བའི་ཀློང་ཚོགས་ཨ་ཏི་ལ། ། ཐེག་བརྒྱད་སོ་སོའི་དོན་བརྗོད་ནས།། གྲུབ་པ་གཅིག་ཏུ་ངེས་པར་འདུས།། ཡིད་ལ་མ་ཡེངས་བརྗོད་མེད་བཞག། མ་ལུས་སངས་རྒྱས་སེམས་སུ་འདུས།། རྩ་བ་བྲལ་བའི་སེམས་ཉིད་དེ།། སུས་ཀྱང་མ་བྱས་ཡེ་ནས་གནས། ། མི་འགྱུར་ལྷུན་གྱིས་གྲུབ་པ་ཡི།། ཡང་དག་ཆོས་ཉིད་དབྱིངས་ཀྱི་བླ།། རྒྱུ་ལ་རག་མ་ལས་པའི་སེམས།། བདེ་ཆེན་འདུ་འབྲལ་མེད་པའི་སེམས།། འབྲས་བུ་རང་ལ་རྫོགས་པས་སུ།། སྣང་སྲིད་ཐམས་ཅད་ཡེ་སངས་རྒྱས། ། བདག་དང་བྲལ་བས་འཁོར་བ་ཆོད།། དཔལ་ལྡན་སྐུ་གསུམ་རང་བྱུང་བདེ།། སངས་རྒྱས་མ་ལུས་དབྱིངས་སུ་གཅིག། སྐྱེ་མེད་དོན་ལ་ཐབས་ཀྱིས་འདུས།། མ་བཅོས་ངང་དུ་འགྲོ་བས་ན། ། ཐམས་ཅད་ཐུགས་རྗེ་ཐབས་ཀྱིས་བཏུལ།། གཅིག་ལ་མེད་པའི་རིན་ཆེན་འདི།། གཟུང་འཛིན་ཟད་པས་མཉམ་པའི་རྒྱལ།། ཡེ་ཤེས་རོལ་པས་གཅིག་ཏུ་གསལ།། སྙིང་རྗེ་མེད་པས་གསོད་པ་དང།། ལྟ་བ་མེད་པས་ཟ་བ་ནི། ། འགྲོ་དྲུག་ཡེ་ནས་སངས་རྒྱས་ཏེ།། ཐམས་ཅད་ལྷག་མ་མེད་པར་བསྒྲལ།། ཇི་ལྟར་སྣང་བ་ཀུན་ཏུ་ཁྱབ།། ཡེ་ནས་གཅིག་གི་ངང་དུ་འདུས།། བྱས་ན་འཆིང་བའི་ལམ་ཡིན་ལ།། མ་བསྒྲུབས་འདུ་འབྲལ་མེད་པར་བསྟན། ། ཡེ་ནས་ཡིན་པའི་བདེ་ཆེན་དེ།། གནས་ལ་ཆགས་པ་མེད་པས་ན།། འདུས་ལས་མ་བྱས་སྣང་བ་དེ།། ཀུན་ལ་ཁྱབ་པས་སྤྲོ་བསྡུ་མེད།། གང་ཡང་མ་འགགས་སོ་སོར་གསལ།། མ་ལུས་འདུས་པའི་རྒྱན་དུ་ཆེ། ། རག་མ་ལུས་པའི་རྒྱ་མདུད་དེ།། གཞན་གྱིས་བཅོས་སུ་ཡེ་མེད་པས།། སྤྲུལ་པའི་རྒྱ་མཚོ་ཐམས་ཅད་ཀུན།། གཞི་རྩ་མེད་པའི་ངང་དུ་གཞག། སུས་ཀྱང་མ་བྱས་ཉིད་ལ་འདུས།། ཀུན་འདུས་རྫོགས་སོ། །།། རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་པྲ་ཏི་བཾ། བོད་སྐད་དུ། ཁམས་གསུམ་སྒྲོན་མ། ཆོས་ཉིད་སྟོང་པའི་ངང་ལ་ཕྱག་འཚལ་ལོ། ཁམས་གསུམ་སྒྲོན་མ་རྐྱེན་དང་བྲལ།། མ་རིག་མུན་སེལ་བློས་མ་རེག།

CLOSE WINDOW