CLOSE WINDOW

Gpb032.019: རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ། རཏྣོ་པ་དེ་ཤ་ཨཱ་གྷ་ཏྲ་ཙཀྲ་ཏནྟྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་ཉིད་ཀྱིས་སེམས་དཔའ་རྡོ་རྗེའི་དོན་ཡོངས་སུ་གོ་བའི་དུས་ཉིད་ན། སྤྲུལ་པའི་སྐྱེས་བུ་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེ་ཡིས། དྷ་ཧེ་ནའི་འདུ་ཁང་ཆེན་པོ་རུ། རིགས་ཁྱད་པར་ཅན་གདུག་པ་ཅན་གྱི་ཚོགས་དང་མཁས་པ་ཉི་ཤུ་རྩ་གཅིག་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་རྣམས་བསྡུས་ནས། ལྷུན་གྲུབ་ཤེས་པ་རང་གསལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞུགས་མ་ཐག་ཏུ་འཁོར་ཐམས་ཅད་ཀྱི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་ཟག་པ་མེད་པའི་ཆོས་ཉིད་དུས་གཅིག་ཏུ་ཤར་བར་གྱུར་ཏོ། ། དེ་ནས་འཁོར་རྣམས་ཀྱི་ནང་ནས་ཉིད་དང་འདྲ་བའི་སྤྲུལ་པ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་བཞེངས་ནས། འཇམ་དཔལ་བཤེས་གཉེན་གྱིས་སྤྲུལ་པའི་སྐྱེས་བུ་དགའ་རབ་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་ཧོ་སྤྲུལ་པའི་སྐྱེས་བུ་ལགས།། འཁྲུལ་པ་འཁོར་བའི་སེམས་ཅན་རྣམས།། རྒྱུ་རྐྱེན་དངོས་པོ་ཅི་ལས་འཁྲུལ།། སྤྲུལ་པ་སྣང་བའི་སྐྱེ་མཆེད་ཀྱིས། ། ཆོ་འཕྲུལ་བསྟན་པ་ཇི་ལྟར་ལགས།། འདི་འདྲའི་རྫུ་འཕྲུལ་ངོ་མཚར་ཆེ།། དཔྱང་ཐག་ཆད་པའི་འགྲོ་བ་ལ།། ཟབ་མོའི་དོན་ཚན་བཤད་དུ་གསོལ།། ཞེས་ཞུས་པས། དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་གྱི་ཚིག་གསན་པར་གྱུར་ནས། འཇམ་དཔལ་བཤེས་གཉེན་ལ་འདི་སྐད་ཅེས་བཀའ་གྞལ་ཏོ།། ཨེ་མ་རྒྱུ་རྐྱེན་ལས་ལས་མ་བྱུང་བའི།། ཤེས་པ་ཆོས་སྐུར་གསལ་བ་ལ།། ཡོངས་པའི་ཚུལ་གྱིས་འཁོར་བར་འཁྱམས། ། དེ་ལ་སྟོན་པ་རྣམ་གསུམ་གྱིས།། ལམ་ལ་སོ་སོར་བགྲོད་པ་ཡིས།། བསྟི་གནས་བཏགས་པའི་སངས་རྒྱས་ཐོབ།། ཞེན་པ་གཉིས་པོར་རང་གྲོལ་ཕྱིར།། མན་ངག་འདུས་པའི་འཁོར་ལོ་བཤད། ། ཅེས་གསུངས་པས། འཁོར་ཐམས་ཅད་རྟོག་པའི་བསམ་པ་དང་འདུན་པ་བཟང་པོ་དུས་གཅིག་ཏུ་སྐྱེས་པར་གྱུར་ནས། སྐྱེས་བུ་ཆེན་པོས་བཤད་དུ་གསོལ།། ཞེས་ཞུས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། གླེང་གཞི་ཞུས་པ་དང་བཅས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་བྱ་བ་དེ་ཡིས།། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་མཁས་པ་ཉི་ཤུ་རྩ་གཅིག་ལ། ཨུ་རྒྱན་གྱི་སྐད་དམ་བརྡ་ཡིས་བརྒྱུད་དེ། འདི་སྐད་ཅེས་བཀའ་གྞལ་ཏོ།། ཀྱེ་མ་མ་ནོར་མ་བཅོས་དོན་ཆེན་ལ།། རང་བྱུང་ཡེ་ཤེས་རིག་པར་ཤར།། རྣམ་པར་མི་རྟོག་རྟོག་ལས་འདས།། དེ་བཞིན་ཉིད་ལ་བཅོས་སུ་མེད།། འོན་ཀྱང་རྒྱལ་བའི་དགོངས་པའི་དོན། ། ཀུན་བཟང་དབྱིངས་ཀྱི་དོན་ཆེན་ནས།། རང་བྱུང་རིག་པའི་རྩལ་ཤར་བས།། འདི་དོན་རྩ་བ་དག་གིས་གཟུང།། རྟོགས་དཀའ་རྡོ་རྗེའི་རྩ་བ་ལ།། རིག་པ་རྩལ་དང་གབ་མངོན་ཕྱུང། ། ཐལ་བྱུང་ཅོག་བཞག་ཐུག་ཕྲད་དང།། ཚོལ་བ་རྗེས་མེད་དམིགས་རྗེས་མེད། གཏོད་ཕུར་དག་གི་མན་ངག་གིས།། གཅོད་བྱེད་དོན་གྱི་འཁོར་ལོ་བསྐོར།། གདམས་ངག་སྡོང་ཆེན་བརྒྱད་པོ་ལ། ། ཡལ་ག་ལོ་འདབ་དུ་མར་སྨིན།། དཔེར་ན་འཛམ་བུ་པྲིཀྵ་བཞིན།། འབྲས་བུ་དགོས་པ་དུ་མ་འབྱུང།། དེ་བཞིན་མན་ངག་རེ་རེ་ཡིས།། འགྲོ་བའི་རང་རྒྱུད་གྲོལ་བའི་ལམ།། དཔེར་ན་གསེར་འགྱུར་རྩི་བཞིན་དུ། ། དུག་ལྔ་ཡེ་ཤེས་ཆེན་པོར་འགྱུར།། སྡུག་བསྔལ་བདེ་བའི་ཀློང་དུ་འགྱུར།། དེ་འགྱུར་དེ་གསལ་བདག་གིས་ནི།། མན་ངག་སྐད་ཀྱིས་བཤད་པའི་དོན།། ཀློག་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་བརྒྱ་དང་བརྒྱད་ཅུ་གཉིས། ། མི་ནུབ་རྒྱལ་མཚན་དོན་བཀྲོལ་ནས།། གསང་བའི་དོན་གཅོད་འཁོར་ལོ་བསྐོར།། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ།། རིག་པའི་མཛོད་འཛིན་ཁུ་བྱུག་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅུ་གཉིས་སྟོན། ། རིག་པ་རྩད་གཅོད་འཁོར་ལོ་བསྐོར།། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ།། རྩལ་ཆེན་དོན་གྱི་གཞི་མ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅོ་ལྔ་ཡིས། ། པདྨ་རྩད་གཅོད་འཁོར་ལོ་བསྐོར།། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ། ཁྱུང་ཆེན་སྤྲོས་བསྡུའི་རྩོལ་མེད་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་བདུན་ཅུ་རྩ་བརྒྱད་ཀྱིས།། བསམ་གཏན་རྩད་གཅོད་འཁོར་ལོར་སྐོར། ། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ།། སེམས་བསྒོམ་ཐེག་པའི་དམིག་སེལ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་དགུ་བཅུ་རྩ་བརྒྱད་ཀྱིས།། ཚད་མ་རྩད་གཅོད་འཁོར་ལོ་བསྐོར།། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ། ། བྱང་སེམས་ཀློང་གི་རྩ་བ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅོ་བརྒྱད་ཀྱིས།། རྟོག་པ་རྩད་གཅོད་འཁོར་ལོ་བསྐོར།། མཐར་ཐུག་ཐིག་ལེ་དྲུག་པ་ལ། ། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་ཉི་ཤུ་རྩ་བརྒྱད་ཀྱིས།། ཡང་དག་རྩད་གཅོད་འཁོར་ལོ་བསྐོར།། སྤྱི་གཅོད་ཐེག་པའི་ཡང་རྩེ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅོ་ལྔ་ཡིས། ། དགེ་སྡིག་རྩད་གཅོད་འཁོར་ལོ་བསྐོར།། རྗེ་བཙན་ཐེག་པའི་རྒྱལ་པོ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གནས་ལུགས་དོན་གྱི་མན་ངག་བཅུས།། རྡོ་རྗེ་རྩད་གཅོད་འཁོར་ལོ་བསྐོར།། འདོད་འབྱུང་ཡིད་བཞིན་ནོར་བུ་ལ། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབམོའི་གདམས་ངག་བཅུ་དྲུག་གིས།། བསྟི་གནས་ཞེན་གཅོད་འཁོར་ལོ་བསྐོར།། འཕང་མཐོ་ནམ་མཁའ་རྒྱལ་པོ་ལ།། ཀློང་དགུ་བམ་པོ་ཁྲི་ནས།། གདམས་ངག་བདུན་ཅུ་རྩ་གཉིས་ཀྱིས། ། གཟུང་འཛིན་རྩད་གཅོད་འཁོར་ལོ་བསྐོར།། ཐོག་ཏུ་འབེབས་པའི་ཏིག་ཆེན་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་ཚིག་གསུམ་གྱིས།། རྩོལ་སྒྲུབ་རྩད་གཅོད་འཁོར་ལོ་བསྐོར། ། ཕྲ་བཀོད་གསེར་མིག་གཡུས་སྤྲས་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་བཞི་བཅུ་རྩ་ལྔ་ཡིས།། ཡི་གེ་རྩད་གཅོད་འཁོར་ལོ་བསྐོར།། ཡོངས་འདུས་སྲོག་གི་འཁོར་ལོ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས། ། ཟབ་མོའི་གདམས་ངག་བཅུ་དྲུག་གིས།། གསང་ཆེན་རྩད་གཅོད་འཁོར་ལོ་བསྐོར།། བདེ་འཇམ་ཡངས་དོག་མེད་པ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་རྩ་བདུན་གྱིས། ། སྡུག་བསྔལ་རྩད་གཅོད་འཁོར་ལོ་བསྐོར།། ཐོབ་མེད་རྩེ་མོ་རྒྱུང་རྒྱལ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་དགུ་བཅུ་རྩ་དྲུག་གིས།། བདུད་རྩི་རྩད་གཅོད་འཁོར་ལོ་བསྐོར།། ཀུན་འདུས་ཀུན་གྱི་རྩ་བ་ལ། ། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་ཉི་ཤུ་ཡིས།། བདག་འཛིན་རྩད་གཅོད་འཁོར་ལོ་བསྐོར།། སྤྱི་བཅིངས་དོན་གྱི་ཆེ་བ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་ཉི་ཤུ་རྩ་གཉིས་ཀྱིས། རྟག་ཆད་རྩད་གཅོད་འཁོར་ལོ་བསྐོར།། མ་རིག་འཁྲུལ་པ་ཚར་གཅོད་ཅིང།། ཡང་དག་དོན་ལ་དགོད་པའི་ཕྱིར།། རྡོ་རྗེ་ལྟ་བུའི་རྩ་བ་ལ།། སྡོང་ཆེན་བརྒྱད་ཀྱི་འཁོར་ལོ་བསྐོར།། བདུན་བརྒྱད་རྩ་བདུན་སྤྲུལ་པ་འགྱེད། ། བདག་གཞན་ཞེན་པ་རང་སར་གྲོལ།། རིག་པ་རྩལ་གྱི་སྡོང་པོ་ལ།། ཅིར་སྣང་རིག་པའི་གོ་བ་སྐྱེ།། གབ་པ་མངོན་འབྱུང་སྡོང་པོ་ལ།། ཆོས་སྐུ་རང་གསལ་རྟོགས་པ་འཆར།། ཡེ་ཤེས་ཟང་ཐལ་སྡོང་པོ་ལ། ། རང་བྱུང་མིན་པ་ཀ་ནས་མེད།། ཆོས་སྐུ་ཐུག་ཕྲད་སྡོང་པོ་ལ།། ཅིར་སྣང་ཆོས་སྐུར་ཡེ་ཤེས་སྐྱེ།། ཆོས་ཉིད་ཅོག་བཞག་སྡོང་པོ་ལ།། ཅིར་སྣང་ཆོས་ཉིད་བྱས་ཟིན་འགྲུབ།། ཚོར་བ་རྗེས་མེད་སྡོང་པོ་ལ། ། བརྟགས་སྣང་མི་བདེན་ཡིད་ཆེས་སྐྱེ།། དམིགས་པ་བརྗེད་མེད་སྡོང་པོ་ལ།། དྲན་མེད་ཉམས་སྣང་ཤུགས་ལས་འབྱུང།། འཛིན་མེད་རྟོད་ཕུར་སྡོང་པོ་ལ།། འཛིན་མེད་ཡེ་ཤེས་ཤུགས་ལ་འཆར།། ཅེས་པ་བཅོ་བརྒྱད་ཀྱི་དོན་ནན་ཏན་དང་བཅས་པ་གསུངས་སོ། ། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ནས། འཁོར་ལོ་བཅོ་བརྒྱད་ཀྱི་གདམས་ངག་གནང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་སྤྲུལ་པའི་སྐྱེས་བུ་ཆེན་པོ་དེས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་གྞལ་ཏོ།། སེམས་ཉིད་ཡེ་ནས་སངས་རྒྱས་པས།། བྱ་བཙལ་མེད་པར་ལྷུན་གྱིས་གྲུབ།། འདི་ལྟར་སྣང་བས་སངས་རྒྱས་ཉིད། ། རང་བྱུང་ཡེ་ཤེས་འཕེལ་འགྲིབ་མེད།། འཁོར་འདས་ལམ་པའི་ཆོས་རྣམས་ཀུན།། གང་ཡང་བླང་དོར་མི་བྱ་ཞིང།། ཟག་པ་མེད་པའི་ངང་ལ་བསྟིམ།། མ་བསྟིམས་བཟུང་ཡང་འགལ་རྒྱུ་མེད།། ཀུན་དངོས་ལྷུན་གྲུབ་རང་ཤར་ལ། ། འགལ་དང་མི་འགལ་ག་ལ་ཡོད། ཆོས་སྐུ་མཉམ་ཉིད་ཆེན་པོ་ལྟར།། མཉམ་པར་ལྟ་ཡང་གནས་རྒྱུ་མེད།། རང་བྱུང་ཡེ་ཤེས་འགག་མེད་ལ།། མཉམ་དང་མི་མཉམ་ག་ལ་ཡོད། ། འབྱུང་འཇུག་འཛིན་མེད་སྟོང་པར་བལྟ།། སྟོང་ཉིད་ཡུལ་ལ་གནས་པ་མེད།། རིག་པ་རང་བྱུང་ཡེ་ཤེས་ལ།། སྟོང་དང་རིག་པ་དབྱེར་མེད་ཕྱེ།། སྤྲོས་མེད་རང་བྱུང་བདེ་ཆེན་ལ།། བགྲོད་མེད་རྩོལ་བྲལ་རླུང་ལམ་ཤར། ། འདི་ལ་བསྒོམ་རྒྱུ་ཅི་ཡང་མེད།། འབད་པ་རྩོལ་བའི་ནད་ཡིན་ཏེ།། རྣམ་རྟོག་རྐུན་པོར་ལྡང་བ་ལ།། སྡོང་ཆེན་བརྒྱད་པོས་ཟིལ་གྱིས་གནོན།། ཟིལ་གནོན་རྟོགས་པ་རང་སར་གྲོལ།། མཁའ་ལ་ཉི་མ་ཤར་བ་བཞིན། ། སྣང་སྲིད་འཁོར་འདས་རིག་པར་ཤར།། དེ་ལ་སྤང་རྒྱུ་གང་ཡང་མེད།། དམུས་ལོང་ཆུ་བུར་མིག་ཕྱེད་བཞིན།། བླ་མ་དང་ལྡན་མན་ངག་གྲུབ།། རིག་པ་ཆོས་སྐུར་གསལ་བ་ལ།། འདི་ལ་གྲུབ་པ་གང་ཡང་མེད། ། གླང་ཆེན་སྨྱོན་པ་ཇི་བཞིན་དུ།། སེམས་ཀྱི་འདུ་འཕྲོ་ངེས་མེད་ལ། འདི་རྟག་བསྟན་ཅིང་སྤྱད་དུ་མེད།། ངོ་ཤེས་མི་དང་ཕྲད་པ་བཞིན།། ཅིར་རྒྱུད་ཡེ་ཤེས་ཐུག་ཕྲད་ལ།། འདི་ལ་ཞེན་ཅིང་བླང་དུ་མེད།། རྒྱ་མཚོར་སྣང་སྲིད་གསལ་བ་བཞིན། ། ལྷུན་འགྲུབ་དབྱིངས་སུ་ཀུན་གསལ་བ།། འདི་ལ་བདག་གཞན་ཐ་དད་བྲལ། ཁྱི་རྐུན་ཁང་སྟོང་ཚོལ་བཞིན་དུ།། ཆོས་ཉིད་ཅིར་ཡང་མ་རྙེད་པས།། གཞན་ནས་བཙལ་དུ་ཅི་ཡང་མེད། ། མིག་ནད་ཅན་གྱི་རྒྱང་མིག་ལྟར།། སེམས་ལ་སྣང་རྒྱུ་མ་རྙེད་པས།། འདི་ལ་དམིགས་གཏད་བཅའ་རུ་མེད། ཁྱི་གསར་སྟོང་ལས་བཀྲོལ་བ་བཞིན།། གང་ཡང་གཟུང་དུ་མ་རྙེད་པས།། དྲན་པའི་ཐག་པས་གདགས་སུ་མེད། ། ཅེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། མཐར་ཐུག་དོན་གྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་སྤྲུལ་པའི་སྐྱེས་བུ་དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་རྒྱུད་གཏད་པ་འདི་གསུངས་སོ། ། ཀྱེ་ཀྱེ་འཇམ་དཔལ་བཤེས་གཉེན་རྒྱུད་འདི་ཟུང། ཁྱོད་ཉིད་འཕགས་པའི་སྤྲུལ་པ་སྟཻ། ཁྱོད་ཉིད་ང་ཡི་རང་བཞིན་ཡིན།། གསང་བའི་གདམས་ངག་རྒྱུད་ཆེན་འདི།། མི་ནུབ་ཡོངས་ཀྱི་བཙས་སུ་ཞོག། རིན་ཆེན་གཏེར་བཞིན་དགོས་པ་འགྲུབ།། བྱ་བཙལ་མེད་པའི་རྒྱུད་ཆེན་འདི།། ཀུན་གྱི་ཐུན་མོང་མ་ཡིན་ཏེ།། སྣོད་ལྡན་བསྐལ་པར་སྦྱངས་སྦྱངས་པ།། ལས་འཕྲོ་ཅན་ལ་མྱུར་དུ་བྱིན། ། ཅེས་གསུངས་སོ།། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་ཐམས་ཅད་དགའ་མགུ་ཡི་རངས་ཏེ། དགའ་རབ་རྡོ་རྗེ་ལ་མངོན་པར་བསྟོད་དོ།། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། གཏད་གཉེར་གྱི་ལེའུ་སྟེ་བཞི་པའོ།།།། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་རྫོགས་སོ།།།།

CLOSE WINDOW