Wylie |
། ཅེས་གསུངས་སོ།། ངོ་སྤྲོད་བཞི་ཡི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བརྒྱད་པའོ།།།། རྫོགས་སོ།། རྒྱ་གར་སྐད་དུ། ཀཱ་ཡ་བཱཀྐ་ཙིཏྟ་བཛྲ་སརྦ་ས་མ་པྟ་མཱུ་ལ་ཏནྟྲ་ན་མ། བོད་སྐད་དུ། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ཅེས་བྱ་བ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་དེ་རྡོ་རྗེ་དབྱིངས་འོག་མིན་གྱི་གནས་མཆོག་ན། རྡོ་རྗེ་རང་བྱུང་ཞིང་ཁམས་ཀྱི་འཁོར་ཉིད་ལ། སྟོང་ཉིད་ཀྱི་གནས་ལུགས་སྙིང་པོའི་བསྟན་པར་ཤར། འཁོར་འདས་དབྱེར་མེད་ལྷུན་གྲུབ་རང་བྱུང་དུས། སྟོན་པ་གནས་དུས་འཁོར་འདས་དབྱེར་མེད་དོ།། ཡང་དེའི་ཚེ་དེའི་དུས་ན། སྟོན་པ་རྡོ་རྗེ་འཆང་ཆེན་པོས་སྐུལ། དེ་བཞིན་རྡོ་རྗེ་དང། རིན་ཆེན་རྡོ་རྗེ་དང། པདྨ་རྡོ་རྗེ་དང། ལས་ཀྱི་རྡོ་རྗེ་དང། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང། གཞན་ཡང་སྤྲུལ་པ་སྣ་ཚོགས་ཏེ། ཚངས་པ་དང། བརྒྱ་བྱིན་དང། ལྷ་དང། མི་དང། ལྷ་མ་ཡིན་དང། ཀླུ་དང། གནོད་སྦྱིན་དང། ཕྱོགས་སྐྱོང་དང། ལྷ་སྲིན་རྒྱུ་སྐར་དང། ཁྱབ་འཇུག་དབང་ཕྱུག་ལ་སོགས་པས་ཡོངས་སུ་བསྐོར་ཏེ་བཞུགས་སོ།། དེ་ནས་འཁོར་དེ་དག་གི་ནང་ནས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ། གཙོ་བོ་ལ་བསྐོར་བ་དཔག་ཏུ་མེད་པ་བྱས་ནས། སེང་གེ་རྩལ་རྫོགས་ལྟར་མི་འཇིགས་པར། རང་གི་གཙོ་བོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་འགྲོ་མགོན་རྡོ་རྗེ་འཆང།། འོག་མིན་གནས་ཀྱི་དང་པོ་ནི།། རིགས་ཀྱི་སེམས་དཔའ་ཕྱོགས་བཅུ་ནས། ། རྒྱལ་བ་སྲས་བཅས་རྡོ་རྗེ་རྣམས།། རྒྱལ་སྲས་སྤྲུལ་པའི་འཁོར་རྣམས་དང།། ཚངས་པ་བརྒྱ་བྱིན་ལྷ་དང་ཀླུ།། མཁའ་འགྲོ་ལ་སོགས་ཁྱབ་འཇུག་རྣམས།། སྲིད་གསུམ་འགྲོ་བ་དག་གི་ཚོགས།། དབང་མེད་དད་པས་འདུས་པའི་འཁོར། ། ཐམས་ཅད་འདུས་པར་མི་གཟིགས་སམ།། གནས་ལུགས་སྙིང་པོའི་གཞི་མ་དང།། བཀའ་སྡོམ་བཀྲི་དྲང་ཡི་གེའི་ཚོགས།། འདུས་པའི་འཁོར་ལ་མི་གསུང་བ།། ཉིད་ཀྱི་སྔོན་གྱི་ཐུགས་དམ་ཅི། ། དེ་བས་འཁོར་ཚོགས་ལ་འདི་གསུང།། ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་པས། དེ་ན་བསྟན་པ་རྡོ་རྗེ་འཆང་བ་དེས།། གནས་ལུགས་འབྲལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ལག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་སྟོན་པ་འགྲོ་བའི་མགོན།། བདག་ཅག་འདུས་པའི་འཁོར་རྣམས་ལ།། གནས་ལུགས་སྙིང་པོ་ཀུན་བྲལ་བའི།། གདམས་པ་རྫོགས་པར་གསུང་བར་མཛོད།། ཅེས་ཡང་ཡང་ཞུས་པས། དེ་ནས་རྡོ་རྗེ་འཆང་ཏིང་ངེ་འཛིན་དེ་ལས་བཞེངས་ནས། ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་རྒྱལ་བའི་སྲས་རྣམས་ཉོན་ཅིག། ཡང་དག་དོན་ལ་མིང་མེད་དེ།། ཚིག་ལམ་རྐྱེན་གྱིས་མ་མཚོན་ན། ། མ་བཅོས་གནས་ལུགས་དོན་མི་རྟོགས།། མིང་གི་དོན་མེད་གནས་ལུགས་དེ། མ་བཅོས་ཕྱོགས་མེད་རྒྱ་མེད་པར།། གང་གི་སྒོ་ནས་གཏན་ལ་དབབ།། སྣང་གྲག་ཐམས་ཅད་སྙིང་པོར་བསྟན།། ཅེས་གསུངས་སོ། ། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཕུན་སུམ་ཚོགས་པ་ཞུ་ལན་གྱི་ལེའུ་སྟེ་དང་པོའོ།།།། དེ་ནས་རྡོ་རྗེ་འཆང་གི་སྤྲུལ་པ་རྡོ་རྗེ་འཛིན་པས། ཡང་རང་གི་སྟན་ལས་ལངས་ནས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། རང་བྱུང་སྙིང་པོ་སྣང་ལོག་འཁྲུལ།། མཐུ་བརྟས་བག་ཆགས་མཐར་ཕྱིན་དྲུག། བརྒྱུད་མར་འཁྲུལ་པ་ལས་སྤྱོད་རྣམས།། གནས་ལུགས་གྲོལ་བར་བསྟན་དུ་གསོལ། ། ཞེས་པས་ཆོས་མིན་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་སྤྲུལ་པ་རྡོ་རྗེ་འཛིན།། སྙིང་པོ་སྤྱི་ཡི་གནས་ལུགས་ལ།། ངོ་བོ་ངེས་ཚིག་དབྱེ་བ་དཔེ།། བཞི་སྐོར་གསུམ་ཚན་གདམས་པར་བྱ།། སྤྱི་གཞིའི་སྙིང་པོ་སྤྱི་ས་ཡིན། ། གནས་ལུགས་ཆེན་མོ་ཅི་ཡང་མེད།། ངོ་བོ་གཞི་ཡིན་དངོས་པོ་མིན།། ངེས་ཚིག་ཐམས་ཅད་འབྱུང་བ་ཡིན།། འགྱུ་དྲན་འཛིན་ཆགས་སྲིད་པའི་གཞི།། དབྱེ་བ་རང་རང་འདོད་གཞུང་རེ།། མ་ངེས་ལྷུན་གྲུབ་ཀ་དག་བཞིན། མཐུན་དཔེ་ནོར་བུ་ནམ་མཁའ་སོགས།། ཕྱོགས་རེས་ཀུན་ནས་མཚོན་ནས་བསྟན།། ལྔ་ལྡན་གསུམ་ལྡན་གཅིག་ལས་བྱུང།། སྤྱི་གཞི་གནས་ལུགས་སྙིང་པོ་ལ།། གཏན་ལ་འབེབས་བྱེད་གཞི་ཡིས་དབབ། ། གནས་ལུགས་སྙིང་པོ་བཅོས་པ་མེད།། མ་བཅོས་པ་རུ་སྙིང་པོར་བསྟན།། གནས་ལུགས་སྙིང་པོ་ཕྱོགས་ལྷུང་མེད།། ཕྱོགས་ལྷུང་མེད་པས་སྙིང་པོར་བསྟན།། གནས་ལུགས་སྙིང་པོ་རྒྱ་ཆད་མེད།། རྒྱ་ཆད་མེད་པས་སྙིང་པོར་བསྟན། ། གནས་ལུགས་སྙིང་པོར་བྱུང་བའོ།། རང་ལས་བྱུང་བས་སྙིང་པོར་བསྟན།། བཞི་བསྐོར་གཅིག་ལ་གཅིག་རྫོགས་བརྩི།། གཞི་དང་ལམ་དང་འབྲས་བུར་བསྡུ། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། སྤྱི་གཞིའི་གནས་ལུགས་མཚོན་པའི་ལེའུ་སྟེ་གཉིས་པའོ།།།། ལག་ན་རྡོ་རྗེ་ཡང་གསོལ་པ། ཀྱེ་ཀྱེ་སྟོན་པ་འགྲོ་བའི་མགོན།། གདོས་བཅས་རྨོངས་པ་འདི་རྣམས་ལ། ། སྙིང་པོ་གནས་ལུགས་སྤྱི་གཞི་ལ། གསལ་ལ་འབེབས་པར་བྱེད་པ་དཀའ།། བཞི་ཚན་གསུམ་ཚན་འཁོར་ལ་གསུང།། ཞེས་ཞུས་པས་ཡང་གཅིག་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད། ། འཁོར་ཚོགས་འདུས་པ་ཁྱེད་རྣམས་ལ།། བཞི་སྐོར་གསུམ་བསྡུ་བ་ཡིས་བསྟན།། སྙིང་པོ་སྤྱི་གཞི་སྤྱི་ས་ལ།། མིང་དང་ཡི་གེ་གདོས་མེད་ཀྱང།། མིང་ཚིག་ཡི་གེས་མཚོན་ལ་བསྟན།། གནས་ལུགས་སྙིང་པོ་ཡི་གེ་ཧཱུཾ། ། རྒྱུ་ལས་མ་བྱུང་རྐྱེན་གྱིས་མིན།། བྱེད་པ་མ་བྱས་བཅོས་པ་མེད།། དཔེར་ན་ནམ་མཁའ་ཇི་བཞིན་ནོ།། རྒྱུ་རྐྱེན་བྱེད་པས་མ་བཅོས་སོ།། སྙིང་པོ་དངོས་མེད་དངོས་པོའི་གཞི།། འགྱུ་དྲན་འཛིན་ཆགས་སྙིང་པོའི་རྩལ། ། སྤྱི་གཞི་སྙིང་པོར་གདམས་བྱས་ལ།། འགྱུ་དྲན་འཛིན་ཆགས་ལམ་དུ་སྤྱད།། ཡུལ་མེད་མི་འབྲས་འབྲས་བུར་འགྱུར།། ཆོས་ཉིད་གཞི་ཡིས་མངོན་དུ་འགྱུར།། ཡར་གྲོལ་རྟོགས་པ་མེད་པ་ཡིན། ། སྤྱི་གཞི་གནས་ལུགས་རང་མ་རིག། འགྱུ་དྲན་འཛིན་ཆགས་དངོས་འཛིན་སྤྱད།། དངོས་པོར་མྱོང་བའི་འབྲས་བུར་འགྱུར།། ལས་ཀྱི་འབྲས་བུ་མངོན་དུ་སྣང།། མར་འཁྲུལ་ཆགས་སྡང་བར་འཚམས་མེད། ། སྙིང་པོ་གཅིག་སྟེ་ཅི་ཡང་མེད།། གཅིག་ཏུ་ཡིན་དུ་ཀུན་གྱི་གཞི།། ཀུན་གཞི་ཆེན་པོར་མ་བཅོས་པར།། བཅོས་མེད་དུས་བཅོས་འཁྲུལ་པས་འཁོར།། གནས་ལུགས་ཆེན་པོ་ཡོངས་ལ་ཁྱབ།། ཕྱོགས་ལྷུང་མེད་པ་སྙིང་པོའི་གཞི། ། ཀུན་གཞི་གར་ཡང་རྒྱ་ཆད་མེད།། སྤྱི་ས་ཕྱོགས་མེད་སྙིང་པོ་ཉིད།། ཀུན་གཞི་གཞན་ནས་བྱུང་བ་མིན།། རང་བྱུང་གནས་ལུགས་སྙིང་པོ་རང།། ཡི་གེ་འབྲུ་བཞི་དོན་ལ་སྦྱར།། ལྟ་སྒོམ་སྤྱོད་པ་འབྲས་བུ་དང། ། ཆོས་མིན་གཞི་ཡི་ལ་ཆེན་བཟླ། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། སྤྱི་གཞི་སྙིང་པོ་ལ་བཞི་སྐོར་དུ་གཏན་ལ་དབབ་པ་ཟུར་ཙམ་མཚོན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་སོགས་འཁོར།། སྙིང་པོ་ངོ་བོ་གཅིག་ཉིད་ལས།། མཚོན་པར་བྱེད་པའི་རྣམ་པ་བཞིས།། མཐའ་བཞིའི་དྲས་ཐག་གཅད་པར་བྱ།། མ་བཅོས་པ་དང་ཕྱོགས་ལྷུང་མེད། ། རྒྱ་མ་ཆད་པར་རང་བྱུང་ངོ།། གཅིག་ལ་གཅིག་རྫོགས་སྙིང་པོའོ།། ཡི་གེ་བཞི་དང་ལྟ་སྒོམ་བཞི།། སྐུ་གསུམ་གནས་ལུགས་འགྱུ་དྲན་གྱིས།། བཞི་སྒོར་གསུམ་འདུས་གཅིག་ལ་རྫོགས།། གཅིག་མེད་ཡུལ་མེད་སྒྲོ་འདོགས་གཅོད། ། མ་བཅོས་ལྟ་བ་སྐུ་གསུམ་ཀ། ཕྱོགས་མེད་ཁྱབ་པས་བསྒོམ་པ་ཁ།། རང་བྱུང་བདེན་མེད་འབྲས་བུ་ན།། འགྱུ་བ་རང་གྲོལ་ཆོས་མིན་ང།། གནས་ལུགས་གྲོལ་བས་ཆོས་ལས་འདས། ། ཆོས་མིན་ཆོས་འདས་ཆོས་ཀྱི་སྐུ།། ཐིག་ལེ་འགྱུར་མེད་ལོངས་སྤྱོད་ཆོས་ལས་མེད།། སྣང་བ་སྣ་ཚོགས་སྤྲུལ་སྐུ་ཆོས་ལ་མིན།། ཅེས་དང། རྡོ་རྗེ་འཛིན་པས་ཡང་གསོལ་པ།། ཀྱེ་ཀྱེ་སྟོན་པ་འགྲོ་བའི་མགོན། ། བླ་མེད་ཐེག་པ་ཨ་ཏི་ལ།། དགག་སྒྲུབ་བླང་དོར་སྟོ་མ་སྟོ།། དགག་བྱ་བསྡུས་བྱ་མི་སྟོ་ན།། འཁྲུལ་སྤྱོད་སྐྱེ་བོར་མི་འགྱུར་རམ།། དགག་སྒྲུབ་བླང་དོར་སྟོ་བ་ན།། དགག་བྱ་བཅོས་པ་མི་འདུག་གམ།། མ་བཅོས་བསྒྲུབ་བྱར་མི་གདའ་ཡེ། ། དོར་བྱ་བཅོས་པ་དགག་བྱ་ལ།། མ་བཅོས་པ་ནི་བསྒྲུབ་བྱར་འདུག། ཕྱོགས་སུ་ལྷུང་བ་དོར་བ་ལ།། མ་ལྷུང་བ་ནི་བླང་བྱའོ།། རྒྱ་ཆད་མེད་པ་བསྒྲུབ་བྱ་ལ།། རྒྱ་ཆད་མེད་པ་དགག་བྱར་འདུག། རྒྱ་ཆད་མེད་པ་བླང་བྱ་ལ།། རྒྱ་ཆད་པ་ནི་དོར་བྱར་འདུག། རང་བྱུང་བ་ནི་བསྒྲུབ་བྱ་ལ།། རང་བྱུང་མ་ཡིན་འགོགས་པ་ཡི།། རང་བྱུང་བ་ནི་བླང་བྱ་ལ།། རང་བྱུང་མ་ཡིན་དོར་བྱར་འགྱུར། ། ཅེས་གསོལ་པས། རྡོ་རྗེ་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་ཉོན།། བླ་མེད་ཐེག་པ་ཨ་ཏི་ལ།། དགག་བྱ་བསྒྲུབ་བྱ་བླང་དོར་མེད།། རང་བྱུང་སྐྱེ་བོར་ཅི་ལ་འགྱུར།། རང་རྒྱུད་སྐྱེ་བོས་དེ་མ་ཤེས། ། རང་རྒྱུད་སྐྱེ་བོས་དེ་ཤེས་སམ།། རང་རྒྱུད་སྐྱེ་བོས་ཕྱོགས་ཙམ་མིན།། དགག་སྒྲུབ་བླང་དོར་སྙིང་པོ་རང།། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཞུ་ལན་བརྒལ་རྟགས་རྩ་བའི་ལེའུ་སྟེ་བཞི་པའོ། །།། ཡང་ལག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། དགག་སྒྲུབ་བླང་དོར་སྙིང་པོ་ན།། མ་བཅོས་པ་སོགས་ཇི་ལྟར་འགྱུར།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། རྡོ་རྗེ་འཛིན་པས་ལེགས་པར་ཉོན། ། ལྟ་བའི་གཞི་ལ་བཅོས་པ་མེད།། སྒོམ་པའི་གཞི་ལ་བཅོས་པ་མེད།། སྤྱོད་པའི་གཞི་ལ་བཅོས་པ་མེད།། འབྲས་བུའི་གཞི་ལ་བཅོས་པ་མེད།། ལྟ་བའིགཞི་ལ་རྒྱ་ཆད་མེད།། སྒོམ་པའི་གཞི་ལ་རྒྱ་ཆད་མེད། ། སྤྱོད་པའི་གཞྀ་ལ་རྒྱ་ཆད་མེད།། འབྲས་བུའི་གཞི་ལ་རྒྱ་ཆད་མེད།། ལྟ་བ་རང་བྱུང་གཞི་མ་རང།། སྒོམ་པ་རང་བྱུང་གཞི་མ་རང།། སྤྱོད་པ་རང་བྱུང་གཞི་མ་རང།། འབྲས་བུ་རང་བྱུང་གཞི་མ་རང། ། ངེས་མེད་ཀུན་ཀྱང་རང་བྱུང་ཡིན།། ལྟ་བ་མ་ཡེངས་རང་བྱུང་ངོ།། སྒོམ་པ་མ་ཡེངས་རང་བྱུང་ངོ།། སྤྱོད་པ་མ་ཡེངས་རང་བྱུང་ངོ།། འབྲས་བུ་མ་ཡེངས་རང་བྱུང་ངོ།། ཞེས་གསུངས་སོ།། ཡང་རྡོ་རྗེ་འཛིན་པས་འདི་སྐད་གསོལ། ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། དེ་ལྟར་སྙིང་པོ་མ་བཅོས་པ།། བཅོས་པ་སྙིང་པོ་ཡིན་མ་ཡིན།། ཕྱོགས་སུ་མ་ལྷུང་སྙིང་པོ་ན།། ཕྱོགས་ལྷུང་སྙིང་པོ་ཡིན་མ་ཡིན།། རྒྱ་ཆད་མེད་པ་སྙིང་པོ་ན།། རྒྱ་ཆད་སྙིང་པོ་ཡིན་མ་ཡིན། ། རང་བྱུང་སྙིང་པོ་ངེས་མེད་ན།། གཞན་བྱུང་སྙིང་པོ་ཡིན་མ་ཡིན།། ཞེས་གསོལ་པས། སྟོན་པ་རྡོ་རྗེས་བཀའ་སྩལ་པ།། རྡོ་རྗེ་འཛིན་པ་ལེགས་པར་ཉོན།། མ་བཅོས་པ་དང་བཅོས་པ་གཉིས། ། གཉིས་མེད་ཐ་སྙད་དབྱེ་བ་མེད།། སྙིང་པོ་ལྟ་སྒོམ་སྤྱོད་པ་དང།། འབྲས་བུ་ལ་སོགས་བཅོས་པ་མེད།། ཕྱོགས་སུ་མ་ལྷུང་ལྷུང་བ་གཉིས།། གཉིས་མེད་ཐ་དད་དབྱེ་བ་མེད།། སྙིང་པོའི་ལྟ་སྒོམ་སྤྱོད་པ་དང། ། འབྲས་བུ་ལ་སོགས་ཕྱོགས་ལྷུང་མེད།། རྒྱ་ཆད་པ་དང་མ་ཆད་གཉིས།། གཉིས་མེད་ཐ་དད་དབྱེ་བ་མེད།། སྙིང་པོའི་ལྟ་སྒོམ་སྤྱོད་པ་དང།། འབྲས་བུ་ལ་སོགས་རྒྱ་ཆད་མེད།། རང་བྱུང་གཞན་བྱུང་གཉིས་སུ་མེད། ། སྙིང་པོའི་ལྟ་སྒོམ་སྤྱོད་པ་དང།། འབྲས་བུ་ལ་སོགས་རང་ལས་བྱུང།། སྙིང་པོ་མ་བཅོས་ཕྱོགས་ལྷུང་མེད།། རྒྱ་ཆད་མེད་པའི་རང་བྱུང་ཡིན།། མ་བཅོས་སྐུ་གསུམ་ཀ་དང་ནི།། ཕྱོགས་སུ་མ་ལྷུང་ཁྱབ་པ་ཁ། ། རྒྱ་ཆད་མེད་པའི་ག་དང་ནི། རང་ལས་འབྱུང་བའི་ང་རྣམས་བཞི།། མཐའ་བཞི་དྲས་བཅད་བཞི་བསྐོར་བྱ། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། མཐའ་བཞི་དྲས་བཅད་ཞུ་ལན་གྱི་ལེའུ་སྟེ་ལྔ་པའོ།།།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་སོགས་འཁོར།། འགྱུ་དྲན་འཛིན་ཆགས་སྦྱོར་སྒྲོལ་གྱིས།། སྤྱི་གཞི་སྙིང་པོར་བསྟན་བྱས་ལ། ། ཤེས་བྱེད་གཞི་ཡིས་གཏན་ལ་ཕོབ།། ཐོ་ཆེན་བཞི་པོས་གཞི་ཟུང་ལ།། ཐོ་བྲན་འབྲེལ་པས་སྒྲོ་འདོགས་བཅད།། གཞི་ལམ་འབྲས་བུ་བསྡུ་སར་དྲིལ།། མ་བཅོས་པ་ཡི་གནས་ལུགས་ལ།། སྤྱི་གཞི་ཆུ་ལ་གདམས་བྱས་ལ། ། འགྱུ་དྲན་འཛིན་ཆགས་ལམ་ལ་གདམས།། འབྲས་བུ་སྐུ་གསུམ་བསྡུས་པར་གདམས།། ཕྱོགས་ལྷུང་མེད་པའི་གནས་ལུགས་ལ།། སྤྱི་གཞི་ནམ་མཁའ་གདམས་བྱས་ལ།། ཉི་ཟླ་གཟའ་སྤྲིན་ལམ་དུ་གདམས། ། འབྲས་བུ་མཐའ་ནི་ཡངས་པར་གདམས།། སྤྱི་གཞི་རིན་པོ་ཆེ་གདམས་ཏེ།། འདོད་ཡོན་འབྱུང་བ་ལམ་དུ་གདམས།། རྒྱ་ཆད་མེད་པ་འབྲས་བུར་གདམས།། སྤྱི་གཞི་ས་ལ་ངོ་སྤྲད་ལ།། དུས་བཞི་ལམ་དུ་སྦྱད་བྱས་ཏེ། ། འབྲས་བུ་གསེར་དུ་ཤེས་པར་བྱ།། དེ་ལྟར་ཤེས་བྱ་བཞི་སྐོར་ལ།། གཞན་དག་རྣམས་ཀྱང་དེ་བཞིན་བསྐོར།། ལྟ་སྒོམ་སྤྱོད་པ་འབྲས་བུ་དང།། སྐུ་གསུམ་གནས་ལུགས་ཐམས་ཅད་ཀྱང།། དེ་ལྟར་ཁོང་དུ་ཤེས་པར་བྱ། ། རྩ་བའི་ཡི་གེ་གྲངས་ཚད་ལ། འབྲེལ་པ་གྲོགས་ཀྱིས་སྒྲུབ་པ་ཡིན།། ཐུགས་རྗེ་རྟོགས་པ་བཟློག་པས་ལོག། ཆེ་ཆུང་རིང་ཐུང་འཐུག་པོ་དང།། ཡངས་དང་དོག་པ་འབྱུང་བའི་གནས།། སྲོག་དང་སྙིང་པོ་ལ་བཟླའོ། ། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། དོན་ཐམས་ཅད་བསྡུས་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ལག་ན་རྡོ་རྗེས་ཡང། ཀྱེ་ཀྱེ་འགྲོ་མགོན་རྡོ་རྗེ་འཆང། ། རྩ་བའི་ཡེ་གེ་བསྟན་པ་དང།། འབྲེལ་པ་གྲོགས་སུ་གང་སྣང་ཡིན།། ཐུགས་རྗེ་རྟོགས་པ་བཟློག་པ་ལོག། ཆེ་ཆུང་རིང་ཐུང་འཐུག་པོ་དང།། ཡངས་དོག་འབྱུང་བའི་གནས་རྣམས་དང།། སྲོག་སྙིང་ལ་ཟློ་ལོག་གནོན་རྣམས། ། བློ་དམན་རྨོངས་པས་མི་འཚལ་བས།། ཉི་མའི་སྒྲོན་མས་བཀའ་སྩལ་འཚལ།། འགྲོ་བའི་མགོན་པོས་ལེགས་པར་ཁྲོལ།། ཅེས་ཞུས་པ་དང། སྟོན་པ་རྡོ་རྗེས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། ། རྩ་བའི་ཡི་གེ་སུམ་ཅུ་ཡིན།། ཐུགས་རྗེ་ཡས་བབས་བསྟན་པ་ནི།། སྐུ་གསུང་ཁྱབ་པ་རྒྱ་མ་ཆད།། ང་ནི་རང་བྱུང་སྙིང་པོ་ལ།། གཅོད་བྱེད་ཁ་ལྡན་འཇོམས་པར་བྱེད།། འཁོར་བ་མྱང་འདས་ཡེ་ཤེས་ཉིད། ། གཏན་འབེབས་ཐིག་ལེའི་དུས་ལ་བབ།། ཡོད་མེད་གཉིས་ལས་འཇུག་པས་ན།། རིག་པ་གནས་ལུགས་འཁོར་བའི་རྒྱུ།། གཞི་མོ་བསྐྱེད་པས་མཉམ་ཉིད་མ།། རྩ་བ་ཉམས་མྱོང་འཛིན་པ་ཡིན།། གནས་ལུགས་སྙིང་པོ་ཝ་ནས་དྲོངས། ཞི་བ་ཟ་བྱེད་སྟོང་པའི་དབྱིངས།། སྐུ་གསུམ་མྱ་ངན་འདས་པ་ལ།། ཐུགས་རྗེ་གནས་ལུགས་ཤེས་རབ་ཤུགས།། འགྱུ་བ་མེད་པས་བརྟན་པས་ས།། འགག་མེད་རྩལ་ཆེན་དྲག་པོ་ཧ། ། སྐྱེ་མེད་མཁའ་འབྱུང་སྙིང་པོ་ཨ།། རྩ་བའི་ཡི་གེ་བསྟན་པ་ཡིན།། འཛིན་པ་འཁྱེན་བྱེད་གཅོད་པ་དང།། འབྲེལ་པ་ཁྱབ་བྱེད་སྡུད་པ་དང།། འགྲོ་འདྲོར་འབོད་པ་དེ་སྐབས་སུ་ཕྱེ།། སུམ་ཅུ་རྩ་གཉིས་མཚན་དང་ལྡན། ། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། རྩ་བར་ཡི་གེ་ལ་གྲོགས་གཉིས་བསྟན་པའི་ལེའུ་སྟེ་བདུན་པའོ།།།། ཡང་གཅིག་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། ། རྟོགས་པ་གོ་རིམ་བཟློག་པ་ནི།། ཨ་ནི་སྐྱེ་མེད་ཡུལ་སྣང་མེད།། ཧ་ནི་འགག་མེད་འགྱུ་ས་མེད།། ས་ནི་འགྱུ་མེད་ཤེས་རབ་ཤ། ལ་ནི་གནས་ལུགས་ར་ཡིས་འབྲེལ།། ཡ་ནི་འདས་པ་སྐུ་གསུང་ལ། ། འ་ནི་ཡེ་སྟོང་ཟས་ནི་ཟ།། ཞ་ནི་མ་རིག་བག་ལ་ཞ།། ཝ་ནི་གྲོལ་བ་ཟས་ནི་བཟུང།། ཚ་ནི་ཡུལ་ལ་ཉམས་སུ་མྱོང།། ཙས་ནི་འཁྲུལ་བའི་རྩ་བ་གཅོད།། མ་ནི་སྲོག་སྙིང་མཉམ་ཉིད་ལ།། པས་ནི་འཁོར་བ་རྫུན་དུ་རྟོགས། ། ཕས་ནི་ཡེ་ཤེས་གཉིས་སུ་མེད་པར་རིག། ནས་ནི་ཀུན་ལ་འཇུག་པར་མཐོང།། ད་ནི་འཁོར་བ་བཟློག་པའི་དུས།། ཐས་ནི་སྣང་སྲིད་ཐིག་ལེར་ཕེབས།། ཏས་ནི་སྣང་སྲིད་རྫུན་དུ་ཕེབས།། ཉས་ནི་ཡེ་ཤེས་གནས་ལུགས་ཤེས། ། ཇས་ནི་ཡུལ་མི་གཉིས་ཀ་འཇོམས།། ཆས་ནི་གཟུགས་སྐུ་གཉིས་དང་ལྡན།། ཅ་ནི་སྒྲོ་འདོགས་ཐམས་ཅད་བཅད།། ངས་ནི་རང་བྱུང་ཡེ་ཤེས་རྟོགས།། གས་ནི་ཚད་མེད་རྒྱ་ཆད་མེད་པར་སྤྱད། ཁས་ནི་ཕྱོགས་ལྷུང་མེད་པར་བསྒོམ།། ཀས་ནི་སྐུ་གསུམ་ཆོས་སྐུར་བལྟས།། མ་བཅོས་ཀ་དང་ཁྱབ་པས་ཁ།། རྒྱ་མེད་ག་དང་རབ་བྱུང་ང།། གོ་རིམ་ཀུན་ནས་བཟློག་སྟེ་བཟླའོ།། གི་གུ་ལོག་པས་འཛིན་པ་ལོག། འགྲེང་བུ་ལོག་པས་མཁྱེན་པ་ལོག། ན་རོ་ལོག་པས་སྤྱོད་པ་ལོག། ཡ་ཏ་ལོག་པས་ཁྱབ་པ་ལོག། ར་ཏ་ལོག་ན་འབྲེལ་པ་ལོག། ཞབས་ཀྱུ་ལོག་ན་སྡུད་པ་ལོག། བེར་ཀ་རིས་ལོག་འགྲོ་འདྲེན་ལོག། དེ་བཞིན་ལོག་པའི་དོན་དེ་ཀུན། ། འཁོར་བ་རུ་ནས་བཟློག་ཅེས་བྱ། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། གོ་རིམ་ལོག་པས་རྟོག་པ་སྐྱེ་མེད་ཀྱི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་བཀའ་སྩལ་པ། རྡོ་རྗེ་འཛིན་སོགས་ལེགས་པར་ཉོན།། ཡིག་འབྲུ་བཟློག་པ་འདི་ལྟ་སྟེ།། ཨ་ལོག་སྐྱེ་མེད་དབྱིངས་ནས་ལོག། ཧ་ལོག་འགག་མེད་སྣང་བ་མེད།། ས་ལོག་འགྱུར་མེད་མྱ་ངན་མེད། ། ཤ་ལོག་ཤེས་བྱའི་སྒྲིབ་པ་མེད།། ལ་ལོག་གནས་ལུགས་མཚན་མ་མེད།། ར་ལོག་ཐུགས་རྗེས་གཟིགས་ཡུལ་མེད།། མ་ལོག་སྐུ་གསུང་སྣང་བ་མེད།། འ་ལོག་སྟོང་པའི་ཚིག་ཙམ་མེད།། ཟ་ལོག་རྩ་བ་ཟད་པ་མེད། ། ཞ་ལོག་བག་ཆགས་གཏིང་ནས་མེད།། ཝ་ལོག་གནས་ལུགས་འཁོར་ས་མེད།། ཛ་ལོག་གཟུང་བྱའི་ཡུལ་སྣང་མེད།། ཚ་ལོག་ཉམས་སུ་མྱང་རྒྱུ་མེད།། ཙ་ལོག་འཁོར་བའི་རྩ་བ་མེད།། མ་ལོག་འཁོར་བའི་བསྐྱེད་གཞི་མེད། ། པ་ལོག་འཁོར་བའི་སྡུག་བསྔལ་མེད། ཕ་ལོག་གནས་ལུགས་གདགས་སུ་མེད།། བ་ལོག་རིག་པས་མ་རིག་མེད།། ན་ལོག་འཇུག་དུ་ཡུལ་སྣང་མེད།། ད་ལོག་དུས་མེད་བར་མཚམས་མེད། ། ཐ་ལོག་ཐིག་ལེ་ཡུལ་སྣང་མེད།། ཏ་ལོག་གཏན་ལ་འབེབས་པ་མེད།། ཉ་ལོག་ཡེ་ཤེས་ཡེ་ནས་མེད།། ཟ་ལོག་འཇོམས་བྱའི་འཇིག་བྱེད་མེད།། ཆ་ལོག་ཆ་མེད་ལུང་དུ་མེད།། ཅ་ལོག་གཅོད་པ་གཅད་དུ་མེད། ། ང་ལོག་འབྱུང་བྱ་འབྱུང་བྱེད་མེད།། ག་ལོག་རྒྱ་མེད་ཡ་ང་མེད། ཁ་ལོག་ཁྱབ་བྱ་ཕྱོགས་མིང་མེད།། ཀ་ལོག་སྐུ་གསུམ་བཅོས་སུ་མེད།། སྔོན་མེད་ཕྱིས་མེད་གདོད་ནས་མེད།། མ་སྐྱེས་པས་ན་འཇིགས་འདྲལ་མེད། ། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། ཅི་སྟེ་རྣམ་པ་ཡོངས་ཀྱིས་མེད།། ཅེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཡི་གེ་འབྲུ་ལོག་མིང་མེད་ཡུལ་མེད་ཀྱི་ལེའུ་སྟེ་དགུ་པའོ། །།། དེ་ནས་སྟོན་པས་བཀའ་སྩལ་པ།། རྡོ་རྗེ་འཛིན་སོགས་ངེས་པར་ཉོན།། ག་ལ་ཧ་བཏགས་ཆེན་པོ་ཡིན།། སྐུ་གསུམ་འགྲན་ཟླ་མེད་པ་དང།། ཕྱོགས་ལྷུང་རྒྱ་ཆད་རང་བྱུང་བས།། ཆོས་ཀྱི་སྐུ་ལ་འགྲན་ཟླ་མེད། ། སྐུ་གསུམ་ཤུགས་ལས་བྱུང་བས་ན།། དེ་ཉིད་ལ་ནི་གསང་བའི་སྐུ།། སྐུ་གཉིས་སྤྲུལ་སྐུ་ཐ་དད་སྣང།། སྤྲུལ་སྐུ་ཐ་དད་མཐུན་སྤྲུལ་ན།། ཡི་གེ་ཐ་དད་ཚིག་སྦྱར་ཏེ།། ཆོས་སྒོ་དཔག་མེད་འགྲོ་བ་འདུལ། ། འགྲན་གྱི་ཟླ་མེད་ཆེན་པོའོ།། སྙིང་པོ་སེམས་ཉིད་འགྲན་ཟླ་མེད།། ཅི་ཕྱིར་གཉིས་པའི་ཆོས་མེད་ཕྱིར།། ཀ་ལ་འ་ནི་བཏགས་པ་ཀུན།། རིང་པོ་རྒྱུན་ཆད་མེད་པ་ཡི།། སྙིང་པོའི་དོན་ལ་སྦྱར་བར་བྱ།། རང་རང་བརྩེགས་པ་འཐུག་པོ་སྟེ། ། སྐུ་ལ་སྐུ་བརྩེགས་ཆོས་ཉིད་ཆེ།། ཟབ་མོ་གསང་སྔགས་བླ་མེད་དཔགས།། གཉིས་འདུས་གཉིས་མེད་གྲོལ་ན་འཐུག། ཧཱུཾ་ཞེས་བྱ་བ་ཐུང་ངུ་སྟེ།། སྐད་ཅིག་གདམས་པས་དེ་ཉིད་རྟོགས། ། གསང་སྔགས་གསང་བའི་སྙིང་པོ་ལ།། མཐའ་བཞི་དྲས་བཅད་གཉིས་མེད་བསྟན།། ཚིགས་ཆུང་དོན་ཆེན་བསྟན་པ་ཆུང།། སྐད་ཅིག་འཁོར་བ་རྒྱུན་ཆད་ཐུག། ཀ་ལ་ཀ་བརྩེགས་ཆོས་ཀྱི་སྐུ།། སྐུ་གསུམ་བརྩེགས་པ་འཐུག་པོ་ལ། ། ཐུགས་རྗེ་ཡས་བབ་འཐུག་པོར་ཤེས།། ཨ་ལ་ཨ་བཏགས་ཡེ་ཤེས་དབྱིངས།། དབྱིངས་ལ་ཡེ་ཤེས་སྐྱེ་མེད་པས།། རྟོག་པ་མས་བཟློག་འཐུག་པོ་ཡིན།། ཀ་ལ་འ་བཏགས་རིང་བ་དེ། ། ཐུགས་རྗེ་རྒྱུན་ཆད་མེད་པ་ཡིན།། སྐུ་གསུང་སྟོང་པའི་ཐུགས་རྗེ་ཡིན།། འགྲོ་དོན་འབྲེལ་པ་ཡས་བབ་ཡིན།། ཨ་ལ་འ་བཏགས་སྐྱེ་མེད་སྟོང།། སྐྱེ་མེད་སྟོང་པ་ཆོས་ཀྱི་དབྱིངས།། ཆོས་དབྱིངས་དམ་པ་ཟད་མི་ཤེས། ། རྟོག་པ་མས་བཟློག་རིང་པོ་ཡིན།། ཀ་ལ་ཧ་བཏགས་ཆེན་པོ་དོན།། སྐུ་གསུམ་འགག་མེད་རྩལ་ཆེན་ནི།། སྐུ་དེ་འགག་མེད་ཆོས་ཀྱི་སྐུ།། ཐུགས་རྗེ་ཡས་བབ་འགྲན་ཟླ་མེད།། ཨ་ལ་ཧ་བཏགས་སྐྱེ་འགག་མེད། ། སྐྱེ་འགག་མེད་པར་དོན་བཏགས་ལས།། ཡུལ་མེད་མིང་མེད་འགྲན་ཟླ་མེད།། རྟོག་པ་མས་བཟློག་ཆེན་པོ་ཡིན།། ཧཱུཾ་ཞེས་བྱ་བ་ཐུང་ངུ་ལ།། སྙིང་པོའི་ཀློང་དུ་ཐམས་ཅད་འདུས།། ཐུགས་རྗེ་རྟོགས་པའི་དོན་གཉིས་འདུས། ། འདུས་པ་མ་ཡིན་འབྲལ་བ་མེད།། རྒྱུ་རྐྱེན་བྱེད་པས་མ་བྱས་པས།། དེས་བསྟན་ཅི་ཡང་མ་ཡིན་པར། དེ་གོ་ཤེས་རབ་ཆོས་པས་སོ།། སྐད་ཅིག་ཐམས་ཅད་བྱེ་བྲག་བྱེད།། ཅེས་གསུངས་སོ། ། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། རིང་ཐུང་གི་དོན་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། རྡོ་རྗེ་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་སོགས་ཀུན།། ཡི་གེའི་ཚོགས་རྣམས་དེ་དག་ལ། ། ཕོ་དང་མོ་དང་མ་ནིང་ངོ།། བཞི་ཚོམ་བདུན་དང་ཕྱེད་ཚོམ་གཅིག་ཁོག་པ་མགྲིན་པ་རྐན་དང་ལྕེ།། སོ་དང་སྤྱི་བོ་སྣ་དང་མཆུ།། ཡངས་དང་དོག་དང་ཕྲད་ལས་འབྱུང།། སྣང་བ་གང་སྣང་ཡི་གེའི་ཚོགས། ། ཐུགས་རྗེ་ཡས་བབ་ཀ་ན་ཨ།། ལོག་པ་འབྲུ་ལོག་སུམ་ཅུ་དངོས།། གྲོགས་གསུམ་ལོག་ལ་དེ་ཡི་གྲོགས།། ལོག་ལ་ལོག་པ་ཞེས་བྱ་བ།། རྒྱུ་དང་ལོག་པ་མ་ཡིན་ཏེ།། རྐྱེན་གྱིས་ལོག་པས་ཆོས་ཀྱི་སྐུ།། དཔེར་ན་རྫའམ་གསེར་ལྟ་བུ། ། དེ་བཞིན་རྒྱུ་མ་འགྱུར་བ་ལ།། རྐྱེན་གྱིས་འགྱུར་བ་སྲེག་པ་བཞིན།། ཆོས་རྣམས་ཀུན་གྱི་སྙིང་པོ་འདི།། གསེར་དང་མཁའ་བཞིན་མི་འགྱུར་བས།། མི་ནུབ་སྟོར་བྲལ་མེད་པ་ཡི།། ཆོས་ཀྱི་དམ་པ་དོན་པོ་མཆོག། ཆོས་རྣམས་ཐམས་ཅད་ཡི་གེ་སྟེ།། སྲོག་དང་སྙིང་པོར་འདུས་པའོ།། སྲོག་ནི་གཟུགས་ཏེ་སྣང་བའོ།། བཏགས་པ་མིན་ཏེ་སྙིང་པོ་ཉིད།། བཙལ་བས་མི་རྙེད་བྲག་ཆ་འདྲ།། ཚོལ་མཁན་ཚོལ་ཅིག་རིགས་ཀྱི་བུ། ། བསམ་ངོ་བཙལ་བས་ཅི་ཡང་མིན།། གནས་ལུགས་དོན་ལ་མ་ཡེངས་ཤིག། ཅི་ཡང་མ་ཡིན་ཐམས་ཅད་དང།། རང་ངོ་ཤེས་ལ་མ་ཡེངས་ཤིག། བདེན་རྫུན་ཡིན་མིན་མ་རྟོགས་ཤིག། བློ་གཏད་ཚོལ་ཁྲོ་མ་ཁྱེར་ཅིག། ཅེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། འབྱུང་གནས་ལོག་གནོན་ཁ་སྤྲོད་གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སྟོན་པ་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། འབྲེལ་པ་འབྲེལ་པར་ང་ཡིས་བསྟན།། སྙིང་པོ་ཐོ་ཆེན་བཞི་དང་འབྲེལ།། ཐོ་བྲན་བཞི་དང་ཀུན་ཏུ་འབྲེལ།། དཔེར་ན་དྲ་བ་མིག་མངས་བཞིན།། ལྟ་སྒོམ་སྤྱོད་པ་འབྲས་བུར་འབྲེལ། ། དབང་དང་དམ་ཚིག་སྔགས་དང་འབྲེལ།། དཀྱིལ་འཁོར་ལྷ་ལ་བསྙེན་སྒྲུབ་འབྲེལ།། ཐེག་པ་སྲིད་པ་མཚོ་བས་འབྲེལ།། འབྱུང་བ་ནད་དང་སྡེ་བརྒྱད་འབྲེལ།། སྒྱུ་མ་ལུས་དང་མན་ངག་འབྲེལ།། སྒྱུ་མ་དྲི་ཟ་མིག་ཡོར་དང། ། རྨི་ལམ་ཆུ་ཟླ་སྨིག་རྒྱུ་དང།། སྤྲུལ་པ་སྒྲ་བརྙན་མིག་སྐྱོན་འབྲེལ།། སྲོག་དང་སྙིང་པོ་བསད་གསོར་འབྲེལ།། བཀྲ་ཤིས་དུར་ཁྲོད་ཆོས་དང་འབྲེལ།། དགེ་བཅུ་ཕ་རོལ་ཕྱིན་པ་འབྲེལ། ། ས་ལམ་གཞི་དང་རྒྱུ་འབྲས་འབྲེལ།། ཐུགས་རྗེ་བྱིན་རླབས་ཆོ་འཕྲུལ་འབྲེལ།། འཁོར་འདས་དགེ་སྡིག་ཀུན་དང་འབྲེལ།། ཡོད་མེད་རྟག་ཆད་དྲུག་དང་འབྲེལ།། ཐབས་ཤེས་དབེན་གཅིག་དབྱིངས་ཤེས་འབྲེལ། ། རྩ་རླུང་ཐིག་ལེ་གསལ་སྟོང་འབྲེལ།། ཞི་གནས་ལྷག་མཐོང་ཐམས་ཅད་འབྲེལ།། ཞི་རྒྱས་དབང་དྲག་མངོན་སྤྱོད་འབྲེལ།། འབྲེལ་པ་འབྲེལ་པར་ལོ་གནོན་གྱིས།། ཐོ་ཆེན་ཐོ་བྲན་ཡུལ་མི་བཟླ།། བདེན་མཉམ་རྫུན་མཉམ་གཉིས་མེད་བསྟན། ། ཅེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཐོ་ཆེན་ཀུན་འབྲེལ་མདོར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་འགྲོ་མགོན་ཐུགས་རྗེ་ཅན།། འབྲེལ་པའི་ངོ་བོ་ངེས་ཚིག་དང།། དབྱེ་བ་དང་ནི་མཐུན་པའི་དཔེ།། འབྲེལ་པ་ལོག་ནོན་སྒྱུ་མ་བརྒྱད། སྲོག་དང་སྙིང་པོ་བསད་གསོ་ཡིས། ། ཆུད་བླངས་བསྲུངས་པས་ཕན་གནོད་པས།། སངས་རྒྱས་བསྟན་པ་གཟུག་པའི་ཕྱིར།། རྨོངས་པས་མི་འཚལ་རྒྱལ་བས་གསུངས།། ཞེས་ཞུས་པས། རྡོ་རྗེ་འཆང་བས་བཀའ་སྩལ་པ།། འཁོར་ཚོགས་འདུས་པ་རྡོ་རྗེ་ཉོན། ། འབྲེལ་པའི་ངོ་བོ་གཅིག་པ་ཡིན།། ངེས་ཚིག་དེ་འབྲེལ་རྒྱུན་ཆད་མེད།། འབྲེལ་པའི་དབྱེ་བ་རྣམ་པ་བཞི།། བདག་ཉིད་རྒྱུ་འབྲས་ཕན་ཚུན་དང།། དེ་ལས་དེ་བྱུང་འབྲེལ་བའོ།། དཔེར་ན་དྲཝ་བ་མིག་མངས་བཞིན། ། གནས་ལུགས་སྙིང་པོ་ཀུན་དང་འབྲེལ།། སྣང་སྲིད་འཁོར་འདས་འབྲེལ་པར་གཅིག། དཔེར་ན་གསེར་དང་གཟུགས་བརྙན་འདྲ།། ངོ་བོ་གསེར་ལས་འགྱུར་བ་མེད།། བདག་ཉིད་གཅིག་པའི་འབྲེལ་བ་ཡིན། ། གནས་ལུགས་སྙིང་པོ་ཀུན་གྱི་རྒྱུ།། ས་བོན་མྱུ་གུ་འབྲས་བུ་འདྲ།། ས་བོན་འབྲས་བུ་ལོགས་ན་མེད།། ཕ་གདུང་བུ་རུས་ལོགས་པ་ན།། ཡོད་ན་ཕ་ཡི་མིང་ཡང་མེད།། རྒྱུ་དང་འབྲས་བུའི་འབྲེལ་པ་ཡིན། ། གནས་ལུགས་སྙིང་པོ་མཚོན་བྱེད་པའི།། ག་ནས་ཨ་སོགས་སུམ་ཅུའི་བར།། འགྲེང་བུ་ན་རོ་ཚེག་ཤད་དང།། ར་བཏགས་ཡ་བཏགས་ཞབས་ཀྱུ་རྣམས།། རྒྱུད་ངན་སང་སྲིང་གཉེན་འབྲེལ་འདྲ།། ཕན་ཚུན་དག་གི་འབྲེལ་པ་ཡིན། ། གནས་ལུགས་སྙིང་པོ་མ་ལྟར་ཏེ།། འགྱུ་དྲན་འཛིན་ཆགས་རང་བྱུང་བུ།། དཔེར་ན་མ་བུ་གཉིས་ཀྱི་ཚུལ།། དེ་ལས་དེ་བྱུང་འབྲེལ་པ་ཡན།། འགྲོ་བ་དྲུག་སོགས་འཁྲུལ་པ་རྣམས།། བདེ་བར་གཤེགས་པའི་རིགས་ཡིན་པས། ། རིག་སྔགས་ཞེས་ནི་རབ་ཏུ་བརྗོད།། གནས་ལུགས་སྙིང་པོ་གཞི་གཅིག་པས།། ངོ་བོ་ཉིད་ཅེས་འབྲེལ་པ་ཆེ།། འཁོར་འདས་ཟུང་དུ་འབྲེལ་པ་ཡིན།། གཟུངས་སྔགས་ཞེས་ནི་རབ་ཏུ་བརྗོད། ། སངས་རྒྱས་སྙིང་པོ་འགྲོ་བ་ཡིན།། རང་ལ་རང་ཆས་རང་ལ་གསང།། རང་ངོ་རང་གིས་མ་ཤེས་པས།། གསང་སྔགས་ཞེས་ནི་རབ་ཏུ་བརྗོད།། ཐམས་ཅད་གནས་ལུགས་སྙིང་པོ་རང། གནས་ལུགས་མ་བཅོས་ཕྱོགས་ལྷུང་མེད། ། རྒྱ་ཆད་མེད་དེ་རང་བྱུང་བས།། སྙིང་པོ་སྔགས་ཞེས་རབ་ཏུ་བརྗོད།། འབྲེལ་པའི་ངོ་བོ་གནས་ལུགས་སྤྱི།། འབྲེལ་པའི་ངེས་ཚིག་ཀུན་དང་འབྲེལ།། དབྱེ་བ་དེ་བཞིན་སྔགས་བཞིའོ། ། མཐུན་དཔེ་དྲ་བ་ལ་སོགས་ལྔ།། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། འབྲེལ་པ་ངོ་བོ་ངེས་ཚིག་སྔགས་དང་སྦྱར་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། རྡོ་རྗེ་འཆང་བས་བཀའ་སྩལ་པ། ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། སྒྱུ་མའི་འབྲས་བུ་བསྟན་པ་ནི།། སྤྱི་ས་སྙིང་པོ་ཅི་ཡང་མེད།། དང་པོ་འབྱུང་ས་མེད་དེ་སྟོང།། སྟོང་པ་ཉིད་ལ་ཕུ་མདའ་མེད།། དཔེར་ན་ནམ་མཁའ་ཕྱོགས་མཐའ་མེད། ། སྤྱི་ས་སྙིང་པོ་ཅི་ཡང་མིན།། མཚན་མར་མི་འཛིན་བླ་ན་མེད།། དེ་ལ་མན་པ་ཅི་ལ་བདག། སྨོན་པ་མེད་ཅེས་བླ་དགས་ཙམ།། རང་བྱུང་རང་སྣང་གཞན་སྣང་མེད།། མཚན་མར་མི་འཛིན་ཡུལ་སྣང་སྟེ། ། ཡུལ་སྣང་ཡོད་དུ་རང་ལ་མེད།། མཚན་མ་མེད་ཅེས་རབ་ཏུ་བརྗོད།། ཅེས་གསུངས་ནས། ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་སྒྱུ་མའི་ཆོས་བརྒྱད་པོ་དེ་དང་པོ་གང་ནས་བྱུང། བར་དུ་གང་ན་གནས། མཐའ་མ་གར་འགྲོ་ཞེས་གསུངས་སོ།། ལག་ན་རྡོ་རྗེས་གསོལ་པ། སྒྱུ་མ་དེ་དང་པོ་རྟེན་འབྲེལ་ལས་བྱུང། བར་དུ་མིག་དང་དབང་པོ་འཁྲུལ་པ་ལ་གནས། ཐ་མ་ཀུན་རྫོབ་བདེན་པར་འགྲོ་ལགས་སོ།། ཞེས་གསོལ་པས། སྟོན་པས་ཡང་བཀའ་སྩལ་པས། སྒྱུ་མ་རྟེན་འབྲེལ་ལས་ཇི་ལྟར་བྱུང།། བར་དུ་དབང་པོ་ཇི་ལྟར་འཁྲུལ། ཀུན་རྫོབ་ཏུ་ནི་ཅི་ལྟར་བདེན།། ཞེས་གསུངས་སོ།། བཛྲ་པཱ་ཎིས་གསོལ་པ། སྒྱུ་མ་ཡང་དང་པོ་རྫས་དང་སྔགས་ཀྱི་རྟེན་འབྲེལ་ལས་བྱུང། བར་དུ་དབང་པོ་འཁྲུལ་པས་ངོ་མཚར་བའོ།། མཐའ་མ་ཀུན་རྫོབ་ཡིན་པས་གཏན་དུ་མི་གནས་ལགས་སོ།། ཞེས་གསོལ་པས། རྡོ་རྗེ་འཛིན་པ་རྫས་གང་ཡིན། ངོ་མཚར་གང་ཀུན་རྫོབ་གང་བདེན་ཅེས་པས། བཛྲ་པཱ་ཎིས་ཡང་གསོལ་པ། རྫས་ནི་འབྱུང་བཞིའོ།། ངོ་མཚར་ནི་དབང་པོ་ལྔ་ལའོ།། ཀུན་རྫོབ་ནི་འཁྲུལ་པའོ།། ཞེས་གསོལ་བས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། བཛྲ་པཱ་ཎི་འབྱུང་བ་བཞི་གང་ལས་བྱུང། དབང་པོ་གང་ལ་འཛིན། འཁྲུལ་པ་བདེན་ནམ་ཞེས་གསུངས་པས། བཛྲ་པཱ་ཎིས་ཡང་སྨྲས་པ། འབྱུང་བ་བཞི་ནམ་མཁའ་ལས་བྱུང། དབང་པོའི་མཚན་ཉིད་འཛིན་པ་བདེན། འཁྲུལ་པ་འགྲོ་བ་ལ་བདེན་ལགས། ཞེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ནམ་མཁའ་གང་ལས་བྱུང། མཚན་ཉིད་ཅིར་འཛིན། ཞེས་གསུངས་སོ།། ལག་ན་རྡོ་རྗེས་གསོལ་བ། ཀྱེ་ཀྱེ་འགྲོ་བའི་མགོན་པོ་ལགས། ། མ་དཔོགས་མ་འཚལ་མ་རིགས་ན།། བྱུང་ས་མི་གདའ་མཚན་མས་འཁྲུལ། ཀུན་རྫོབ་མི་བདེན་དོན་དམ་རགས།། ཞེས་གསོལ་པས། འགྲོ་མགོན་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད། ། ལེགས་སོ་ལེགས་སོ་རིགས་ཀྱི་བུ།། དང་པོ་སྒྱུ་མ་བྱུང་བ་མེད།། བར་དུ་སྒྱུ་མ་གནས་ས་མེད། མཐའ་མ་སྒྱུ་མ་འགྲོ་ས་མེད།། སྒྱུ་མ་དེ་ལ་མཐོང་སྣང་མེད།། དཔེར་ན་སྒྱུ་མའི་མཁན་པོ་དང། ། སྒྱུ་མའི་སློབ་མ་མཆན་བུ་དང།། འདུས་པའི་ཁྲོམ་སོགས་མཐོང་བ་གཉིས།། མཐོང་སྣང་ཐ་དད་འཛིན་ཡུལ་གཉིས།། སྟག་དང་སེང་གེ་ཝ་མོ་སོགས།། རྣམ་པ་སྣ་ཚོགས་ཅིར་ཡང་སྣང།། སྒྱུ་མ་མཁན་ལ་མཐོང་བ་མེད། ། སྒྱུ་མའི་སློབ་བུས་སྒྱུ་མར་ཤེས།། འཇིགས་དང་བག་ཚ་ཆགས་སྡང་ཤེས།། ཕལ་པ་རྣམས་ལ་འཇིགས་སྐྲག་དང།། ཆགས་སྡང་རོལ་མོ་བདེན་པར་འཛིན།། སྒྱུ་མ་བྱེད་པའི་མཁན་པོ་ལ།། ཡུལ་མི་གཉིས་ཀ་གྲུབ་པ་མེད། ། སྒྱུ་མའི་སློབ་བུ་དེ་བསྟན་ཤེས།། ཕལ་པ་ཆགས་སྡང་དངོས་པོར་མཐོང།། དངོས་པོར་འཛིན་པ་འཁྲུལ་པའི་ཆོས།། འཁྲུལ་པ་ཡིན་པས་ཡོད་པ་མེད།། སྒྱུ་མ་དེ་ནི་སྨོན་པ་མེད།། སྒྱུ་མ་མཚན་མ་མེད་པས་མཚན་མ་མེད། ། སྒྱུ་མ་སྟོང་པ་ཡིན་པས་སྟོང་པ་ཉིད།། སྒྱུ་མ་ཡིན་ལུགས་ཅིར་ཡང་མེད།། སྒྱུ་མའི་སྣང་ལུགས་ཅིར་ཡང་མེད། གཅིག་ཏུ་མ་ཡིན་ཅི་ཡང་མེད།། དེ་བཞིན་འགྱུ་དྲན་འཛིན་ཆགས་པའི།། ཅི་ཡང་མ་ཡིན་ཅི་ཡང་བཞི། ། མ་བཅོས་སྙིང་པོ་འགྱུར་བ་ཅི་ཡང་མིན།། དྲན་པ་ཅི་ཡང་མ་ཡིན་ཅི་ཡང་མིན།། སྙིང་པོ་ཕྱོགས་སུ་མ་ལྷུང་ཅི་ཡང་མིན།། སྙིང་པོ་རང་བྱུང་ཅི་ཡང་མེད།། དང་པོ་འགྱུ་བ་འབྱུང་ས་མེད། ། བར་དུ་འགྱུ་དྲན་གནས་ས་མེད།། མཐའ་མ་འགྱུ་དྲན་འགྲོ་ས་མེད།། བྱུང་ས་མེད་དོ་གཞི་ཡི་དྲས་ཐག་ཆོད།། ཡུལ་མེད་མེད་བྲལ་ཅི་ཡང་མེད།། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སྒོ་གཉིས་སྒྱུ་མ་དྲིས་ལན་འགྱུ་དྲན་གནས་ལུགས་ཅི་ཡང་མ་ཡིན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་བཛྲ་པཱ་ཎི་སོགས།། དཔེར་ན་མཚན་མོའི་རྨི་ལམ་གཉིས།། མཛའ་བོ་ཡིད་སྡུག་གྲོགས་དང་བུ། ། ཤིན་ཏུ་ལོངས་སྤྱོད་རྐྱེན་ལྡན་ནས།། ལོ་མང་བདེ་ལ་སྤྱོད་གྱུར་ལ།། བུ་ཤི་ནོར་བརླག་མྱ་ངན་བྱས།། སད་པར་གྱུར་ན་གཉིས་ཀ་མེད།། དེ་བཞིན་མ་རིག་གཉིད་ལོག་སྟེ།། སྣོད་བཅུད་དགྲ་གཉེན་ཆགས་སྡང་དངོས། ། བདེན་པའི་དོན་དུ་འཇིག་རྟེན་འདི།། དགེ་སྡིག་ལས་སྤྱོད་ཡིན་མིན་རྩི།། ཤེས་རབ་གཉིས་སད་གཉིས་ཀ་མེད།། དེ་བཞིན་སྒྱུ་མའི་མཁན་པོ་ཡིས།། སྒྱུ་མའི་ཚོགས་སྤྲུལ་ཡོད་པ་མེད།། སྒྲ་བརྙན་སྨིག་རྒྱུ་གཟུགས་བརྙན་དང། ། མི་གཡོར་ཆུ་ཟླ་སྤྲུལ་པ་རྣམས།། ཡོད་ནས་མི་སྣང་མེད་པས་སྣང།། སྣང་བ་རང་གིས་སྤྱོད་མ་ཡིན།། དབང་པོ་རྣམ་ཤེས་ཚོགས་དྲུག་ནི།། རྨི་ལམ་སྒྱུ་མ་སྤྲུལ་པར་ལྟོས།། མཐོང་ངམ་མཐོང་ན་ལྟ་བའི་གདེང། ། ལེགས་པར་མཐོང་ན་བསྒོམ་པར་བྱ།། མ་མཐོང་བར་དུ་ཅི་ཞིག་བསྒོམ།། སྒོམ་ངོ་ཤེས་པ་ཤིན་ཏུ་དཀའ། གོམས་དང་འདྲིས་པས་སྤྱོད་པ་སྤྱད།། དགེ་སྡིག་ལས་ཀུན་གང་བྱེད་ཀྱང། ། རྨི་ལམ་སྒྱུ་མའི་སྤྱོད་པར་ཤེས།། དུས་གསུམ་འབྲལ་མེད་འབྲས་བུར་འགྱུར།། སྙིང་པོ་ཆོས་སྐུ་མངོན་གྱུར་ཡིན།། ལྟ་བའི་གནས་ལུགས་མ་རྟོགས་པར།། བསྒོམ་པར་བྱེད་པའི་བླུན་པོ་རྣམས། ། དཔེར་ན་རྒྱུས་མེད་ལམ་འདྲེན་འདྲ།། དེ་བས་མཁས་པས་ལེགས་པར་ལྟོས།། སྒྱུ་མ་ཕྲོག་ཡིན་གང་སྣང་ཀུན།། གང་བརྟགས་སྙིང་པོ་མ་ཡིན་ནོ།། སྒྱུ་མའི་གཟུགས་དང་སྒྱུ་མའི་སྒྲ།། སྒྱུ་མའི་དྲི་དང་སྒྱུ་མའི་རོ། ། སྒྱུ་མར་ཤེས་ན་སྒྱུ་མ་བསྒོམ།། རྨི་ལམ་གཟུགས་དང་ཚོར་བ་དང།། འདུ་ཤེས་འདུ་བྱེད་རྣམ་པར་ཤེས།། རྨི་ལམ་ཤེས་ན་རྨི་ལམ་བསྒོམ།། དེ་བཞིན་སྤྲུལ་པ་སྣ་ཚོགས་བརྒྱད།། མཐོང་ངམ་ཤེས་ན་བསྒོམ་པར་བྱ། ། མ་བཅོས་རང་བྱུང་ལྟ་བ་རྟོགས།། ཕྱོགས་ལྷུང་རྒྱ་ཆད་མེད་པར་བསྒོམ།། ཞེས་གསུངས་སོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། སྒྱུ་མའི་ལྟ་བསྒོམ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར།། དེ་ལས་སྲོག་སྙིང་སྒྲུབ་པ་ནི།། འཇིག་རྟེན་འདས་དང་མ་འདས་པའི།། བསྒྲུབ་པར་བྱ་བ་རྣམ་པ་བརྒྱད།། འཇམ་དཔལ་སྐུ་ཡི་སྒྲུབ་པ་དང། ། པདྨ་གསུང་གི་སྒྲུབ་པ་དང།། ཡང་དག་ཐུགས་ཀྱི་སྒྲུབ་པ་དང།། བདུད་རྩི་ཡོན་ཏན་སྒྲུབ་པ་དང།། ཕུར་པ་ཕྲིན་ལས་སྒྲུབ་པ་དང།། མ་མོ་རྦོད་གཏོང་སྒྲུབ་པ་དྲུག། འཇིག་རྟེན་སྒྲུབ་པ་རྣམ་པ་གཉིས། ། དམོད་པ་དྲག་སྔགས་སྒྲུབ་པ་དང།། འཇིག་རྟེན་མཆོད་བསྟོད་སྒྲུབ་པའོ།། སྒྲུབ་པ་ཆེན་པོ་རེ་རེ་ལ།། བརྒྱད་བརྒྱད་དག་ཏུ་ཤེས་པར་བྱོས།། སྐུ་དང་གསུང་དང་ཐུགས་དང་ནི།། ཡོན་ཏན་ཕྲིན་ལས་རྦོད་གཏོང་དྲུག། དྲག་སྔགས་མཆོད་བསྟོད་རྣམ་པ་བརྒྱད།། འཇམ་དཔལ་སྐུ་ཡི་སྒྲུབ་པ་ནི།། འཁོར་ལོ་བཞི་ལ་རྫོགས་པ་ཡིན།། གནས་པའི་འཁོར་ལོ་གནས་ལུགས་བཞི།། སྲིད་པའི་འཁོར་ལོ་འབྲེལ་པའི་ཚོགས། ། སྤྲུལ་པའི་འཁོར་ལོ་རྒྱུད་པའི་ཆོས།། གཅོད་པའི་འཁོར་ལོ་སྲོག་སྙིང་གཉིས།། གནས་པའི་འཁོར་ལོས་གནས་ལུགས་བསྟན།། སྲིད་པའི་འཁོར་ལོས་སྣང་ལུགས་བསྟན།། སྤྲུལ་པའི་འཁོར་ལོས་སྤྲུལ་ལུགས་བསྟན། ། གཅོད་པའི་འཁོར་ལོས་ཕྲིན་ལས་བསྟན།། འཇམ་དཔལ་སྐུ་ཡི་སྒྲུབ་པ་རྫོགས།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སྐུའི་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར།། པདྨ་གསུང་གི་སྒྲུབ་པ་ཡང།། རྒྱ་ཆད་ཕྱོགས་ལྷུང་མེད་པར་བསྟན།། རྟ་སྐད་མཐའ་མས་སྤྱོད་པ་བསྟན།། སྔགས་དང་དམ་ཚིག་དབང་དུ་བསྡུ།། རྟ་སྐད་དང་པོ་གནས་ལུགས་ཏེ། ། ཡི་གེ་འབྲུ་བཞི་ཤེས་པར་བྱ།། ཀ་ཁ་ག་ང་ཚོགས་ཀྱིས་བསྟན།། ཐོ་ཆེན་གནས་ལུགས་གདམས་པར་གྱིས།། རྟ་སྐད་བར་མས་ལྟ་བ་བརྟག། ཚོམ་བུ་བཞི་ཚོམས་བརྟག་པ་གཉིས། ། ཆོས་ཀྱི་སྒོ་མོ་སྒྲ་སྐད་གསུང།། ཀ་དང་ཨ་སོགས་གྲོགས་ཀྱི་ཤེས།། རྟ་སྐད་མཐའ་མ་ཕྲིན་ལས་བཞི།། སྲོག་དང་སྙིང་པོས་སྲོག་ཕྲོགས་ཏེ།། རྟ་སྐད་དང་པོས་བསྔག་པར་བྱ།། རྟ་སྐད་གཉིས་པས་དྲན་དུ་གཞུག། རྟ་སྐད་གསུམ་པས་དབང་དུ་བསྡུ།། རྟ་སྐད་མཐའ་མའི་གོ་རིམ་མོ།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། གསུང་གི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། ཡང་དག་ཐུགས་ཀྱི་སྒྲུབ་པ་ཡང།། རུ་ལུ་འབྲུ་བརྒྱད་དགོངས་པར་འདུས།། རུ་ལུའི་ངོ་བོ་ཆོས་ཉིད་ཡིན།། རུ་ལུའི་འཕྲོ་འདུ་སྤྲོ་ལུགས་དང།། རུ་ལུའི་རྣམ་པར་དཔེ་གོ་དང།། རུ་ལུའི་མཐར་རྫོགས་འབྲས་བུ་རྫོགས། ། རུ་ལུའི་ཆོས་ཉིད་གནས་ལུགས་ཏེ།། དཔལ་ཆེན་རང་བཞིན་བསྟན་པར་བྱ།། རང་བཞིན་ཡེ་ནས་བཅོས་པ་མེད།། དེ་ལ་རྒྱ་ཆད་ཕྱོགས་ལྷུང་མེད།། མ་བཅོས་པས་ན་རང་བྱུང་ཡིན། ། རང་བཞིན་ཅི་ཡང་ཡིན་པར་ཤེས།། རུ་ནི་ཆོས་ཉིད་དབྱིངས་སུ་གཅིག། ལུ་ནི་གནས་ལུགས་སྐྱེ་བ་མེད།། རུ་ལུ་སྐྱེ་འགག་མེད་པ་ཡིན།། ཧཱུཾ་ནི་ཐམས་ཅད་སྙིང་པོ་ལ།། བྷྱོ་ནི་མ་མོའི་བྷ་གར་ཤེས།། རུ་ལུ་ཆོས་ཉིད་དོན་དུ་སྦྱར། ། རུ་ལུའི་འཕྲོ་འདུ་བསྟན་པ་ནི།། ཏིང་འཛིན་གསུམ་གྱིས་ཁོག་ཕུབ་ལ།། སེམས་དཔའི་རང་བཞིན་གསལ་བྱས་ལ།། རུ་ལུ་སྟགས་སུ་སྤྲོ་བ་དང།། རུ་ལུ་མཚོན་ཆར་སྤྲོ་བའོ།། མཆོད་སྦྱངས་དྲེགས་པ་ཚར་བཅད་ཡིན། ། བསྐྱེད་དང་རྫོགས་པའི་དོན་ཞེས་བྱ།། རུ་ལུ་དབྱངས་སུ་ཤེས་བྱ་སྟེ།། དུང་ངེ་བྲེང་ངེ་ཤ་རྩ་བ།། གར་རྩ་བ་དང་ཅང་ཀ་དེ།། བང་ཀ་སྟེ་ལ་སོགས་པའི་དབྱངས།། སྲོད་དང་ཐོ་རངས་དུས་དྲུག་བླངས། ། ཉམས་དགའ་ཟིལ་གྱིས་གནོན་པ་ཡིན།། རུ་ལུ་ལྷ་ཡི་རྣམ་པ་ཡིན།། རུ་ལུ་དཀྱིལ་འཁོར་ཆེན་པོ་ཡིན།། རུ་ལུ་ཕྲིན་ལས་རང་བཞིན་ཡིན།། རུ་ལུ་སྤྱན་དྲང་བསྟོད་པ་ཡིན།། རུ་ལུ་ཆོས་ཉིད་དེ་ལྟར་ཡིན།། རུ་ལུ་དོན་རྟོགས་བལྟ་བ་ཡིན། ། གོམས་པ་མཐར་ཕྱིན་འབྲས་བུ་ཡིན།། སྣང་བ་ཐམས་ཅད་སྐུ་རུ་རྟོགས།། གྲགས་པ་ཐམས་ཅད་གསུང་དུ་ཤེས།། གཉིས་སུ་མེད་པར་རྟོགས་པ་ཐུགས།། དཔལ་ཆེན་རེ་བ་མི་བྱེད་དེ། ། ངན་སོང་གནས་ལ་དོགས་མི་བྱེད།། ལས་འཛིན་ཁུར་འགྲོགས་རང་ངོ་ཤེས།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། རུ་ལུ་འབྲུ་བརྒྱད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་སྟོན་པས་བཀའ་སྩལ་པ། ། ཉོན་ཅིག་ལག་ན་རྡོ་རྗེ་སོགས།། བདུད་རྩི་ཡོན་ཏན་སྒྲུབ་པ་ནི།། བདུད་རྩི་རྣམ་པ་བཞིར་འདུས་ཏེ།། ཆོས་ཉིད་བདུད་རྩི་བསྟན་པ་དང།། ལྷ་སྔགས་བདུད་རྩི་བསྟན་པ་དང།། དམ་རྫས་བདུད་རྩི་བསྟན་པ་དང། ། སྨན་མཆོག་བདུད་རྩི་བསྟན་པའོ།། ཆོས་ཉིད་བདུད་རྩི་ཞེས་བྱ་བ།། མ་རིག་འཁྲུལ་པ་བདུད་ཡིན་གྱིས།། གནས་ལུགས་ཡེ་ཤེས་རིག་པ་རྩི།། ཐོས་པར་བྱས་པའི་བདུད་རྩི་ཡིན། ། གནས་ལུགས་མ་བཅོས་རྒྱ་ཆད་མེད།། ཕྱོགས་མེད་རང་བྱུང་སུ་ཟ་བ།། རིགས་དྲུག་ཉོན་མོངས་བདུད་ཀྱི་རྩི།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བདུད།། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་རྩི།། ཆོས་ཉིད་བདུད་རྩི་ཆེ་མཆོག་ཡིན། ། ལྷ་སྔགས་བདུད་རྩི་བསྟན་པ་ནི།། ཕུང་པོ་རྣམ་ལྔ་བདུད་ཡིན་ཏེ།། ཆེ་མཆོག་རིགས་ལྔའི་རྩི་ཡིས་བཏང།། དམ་པ་རིགས་བརྒྱས་རྟོགས་ཚོགས་བསྒྱུར།། ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཐ། ལྷ་སྔགས་བདུད་རྩིར་ཤེས་པར་བྱ། ། ཡོན་ཏན་བསམ་གྱིས་མི་ཁྱབ་པས།། དོན་མཆོག་བདུད་རྩི་ཞེས་བྱའོ།། དམ་རྫས་བདུད་རྩི་བསྟན་པ་ནི།། དམ་རྫས་རྣམས་ལ་སྐྱོན་མེད་དེ།། རྣམ་རྟོག་བདུད་ལ་རྟོག་མེད་རྩི། ། མཉམ་ཉིད་ཡོན་ཏན་ཆེ་མཆོག་རྩི།། སྨན་རྣམས་བདུད་རྩི་ཞེས་བྱ་བ།། འདུ་བར་གྱུར་པ་བདུད་རྣམས་ལ།། སྨན་ལ་སེལ་མེད་མཁས་པས་བཏང།། ནད་ཀྱི་བདུད་ལ་སྨན་གྱི་རྩི།། བདུད་རྩིའི་ཡོན་ཏན་བསམ་མི་ཁྱབ། ། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། བདུད་རྩིའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། ཕུར་བུ་ཐལ་འབྱིན་དགོངས་པ་ནི། ། ཆོས་ཉིད་ཡེ་ཤེས་ཕུར་པ་དང།། གསང་བ་བྱང་སེམས་ཕུར་པ་དང།། ཚད་མེད་སྤྲུལ་པའི་ཕུར་པ་དང།། མཚན་མ་རྫས་ཀྱི་ཕུར་པ་བཞི།། གདབ་པའི་ཡུལ་དང་གདབ་པའི་ཐབས།། ཐེབས་པའི་ཚད་དང་མ་ཐེབ་སྐྱོན། ། ཐེབས་པའི་འབྲས་བུ་ཕུར་བུ་རྫོགས།། ཆོས་ཉིད་ཡེ་ཤེས་ཕུར་པ་དེ།། ཡུལ་ནི་ཆོས་ཀྱི་དབྱིངས་ལ་གདབ།། གདབ་ཐབས་ཤེས་བྱ་བཞི་བསྐོར་ཐབས།། ཐེབས་ཚད་གཞི་ལམ་གཉིས་སུ་མེད། ། མ་ཐེབས་ཉོན་མོངས་རྒྱུད་དྲུག་འཁོར།། འབྲས་བུ་ཡུལ་མེད་ཆོས་ཀྱི་སྐུ།། གསང་བ་བྱང་སེམས་ཕུར་པ་དེ།། རྟོག་ཚོགས་ཡུམ་གྱི་མཁའ་ལ་གདབ།། མཁའ་ལ་རྒྱལ་བའི་སྲས་རྣམས་བསྐྱེད།། དེ་ལ་ཕུར་པ་མ་ཐེབས་ན། ། སེམས་དཔའི་དཀྱིལ་འཁོར་བསྐྱེད་མི་ནུས།། འབྲས་བུ་མཚོན་པའི་ལོངས་སྐུ་འབྱུང།། ཚད་མེད་སྤྲུལ་པའི་ཕུར་པ་ནི།། རིགས་དྲུག་འཁོར་བའི་ཡུལ་ལ་གདབ།། མ་བཏབ་འཁོར་བ་དྲུག་ཏུ་འཁྱམས། ། བཏབ་པས་ཐུགས་རྗེ་ཐབས་ཀྱིས་ཟིན།། ཐུགས་རྗེའི་དཔྱང་ཐག་ཆད་པའི་ཕྱིར།། འབྲས་བུ་འགྲོ་དོན་སྤྲུལ་སྐུར་རྫོགས།། མཚན་མ་རྫས་ཀྱི་ཕུར་པ་ནི།། བསྟན་དགྲ་དམིགས་པའི་ཚུལ་གྱིས་གདབ། ། ཐེབས་ཚད་ཕྲིན་ལས་རྣམ་བཞིར་བརྟག། མ་ཐེབས་མ་ཤེས་དགྲ་བགེགས་དེར།། འབྲས་བུ་སྐུ་ལྔ་ཡེ་ཤེས་འཐོབ།། ཡང་དག་དགྲ་བགེགས་ཞི་བའི་ཕྱིར།། ཕུར་པ་ཕྲིན་ལས་རིམ་པར་བསྟན།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཕུར་པ་གདབ་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། མ་མོ་རྦོད་གཏོང་སྒྲུབ་པ་ནི།། ཆོས་ཉིད་གཞི་ཡི་མ་མོ་དང། ། རྟོགས་པ་ཡེ་ཤེས་མ་མོ་དང། འཁྲུལ་པ་ལས་ཀྱི་མ་མོར་འདུས།། མ་ནི་སྙིང་པོའི་གནས་ལུགས་ཡིན།། མོ་ནི་འཁོར་འདས་གནས་ལུགས་ཡིན།། མ་ནི་མ་བཅོས་ཀུན་གྱི་གཞི།། མོ་ནི་གཞི་ལས་ཅིར་ཡང་སྲིད། ། མ་ནི་ཕྱོགས་ལྷུང་རྒྱ་ཆད་མེད།། མོ་ནི་རང་བྱུང་ཀུན་གྱི་གཞི།། མ་ནི་སྣང་སྲིད་ང་ལས་བྱུང།། ཆོས་ཉིད་ཀུན་གཞིའི་མ་མོ་ཡིན།། མ་ནི་ཆོས་ཀྱི་སྐུ་ཡིན་ནོ།། མོ་ནི་ལོངས་སྤྱོད་རྫོགས་པའི་སྐུ།། མ་མོ་ཀུན་གྱི་ཡུམ་ཡིན་ནོ། ། འཁོར་འདས་མ་ལུས་འབྱུང་སྤྲུལ་སྐུ།། ཡེ་ནས་མ་ཤེས་ཡེ་ཤེས་ཡིན།། འབྱུང་ལྔ་ཕྱི་ཡི་མ་མོ་ཡིན།། ཤ་ཁྲག་དྲོད་དབུགས་ནང་མ་མོ།། རང་སེམས་ཀུན་སྲིད་གསང་བ་ཡིན།། ཀུན་གྱི་ལས་བྱེད་ལས་མ་མོ། ། རི་རབ་སྲིད་པའི་ཡུམ་དྲུག་ནས།། གང་རྒྱུ་སྲིན་མོ་ལ་སོགས་པ།། གདུལ་བྱ་རྟེན་གྱི་མ་མོ་ཡིན།། རྩ་ལ་ཞོན་ནས་ཁྲག་ལ་རྒྱུ།། དོན་སྙིང་ཡན་ལག་དབང་པོར་བརྒྱུད།། འབྱུང་འཇུག་དྭངས་སྙིགས་ལས་བྱེད་པས། ། རྣམ་ཤེས་ནང་གི་མ་མོ་ཡིན།། རང་སེམས་རྣམ་ཤེས་རྟ་ཞོན་ནས།། ཡིད་རྒྱུད་འགྱུ་དྲན་འཛིན་ཆགས་ཀྱིས།། ཆགས་སྡང་ཡེ་ཤེས་ལས་བྱེད་པས།། གསང་བ་སེམས་ཀྱི་མ་མོ་ཡིན།། ཡེ་ཤེས་མ་མོ་དབྱིངས་ཀྱི་ཡུམ་ལ་རྦད། ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད།། མ་རྦད་དབྱིངས་ཀྱིས་ཡེ་ཤེས་འཁོར།། ལས་ཀྱི་མ་མོ་དགྲ་ལ་རྦད།། དགྲ་བགེགས་བདུན་རྒྱུད་རྩ་བ་ཆད།། མ་རྦད་བསྟན་པའི་ཆོས་ལ་གནོད།། ཡེ་ཤེས་མ་མོ་སྐྱེ་བ་མེད། ། ལས་ཀྱི་མ་མོ་འགག་པ་མེད།། མ་མོའི་རིགས་ཏེ་བསམ་མི་ཁྱབ།། ཕྱི་ནང་གསང་བའི་མ་མོ་ནས།། ངེས་པ་དོན་གྱི་མ་མོ་དང།། དབྱིངས་ཀྱི་ཡེ་ཤེས་མ་མོ་དང།། ཕན་གནོད་ཕྱི་ཡི་མ་མོ་དང།། ཕན་གནོད་ནང་གི་མ་མོ་དང། ། ཕན་གནོད་གསང་བའི་མ་མོ་དང།། སྤྲུལ་པ་དམ་ཚིག་མ་མོ་རྣམས།། རྩ་ལ་གནས་ཤིང་ཁྲག་ལ་རྒྱུ།། རྩ་རླུང་མ་མོར་ཞལ་འཆོས་དང།། ཤ་ཟ་ཁྲག་འཐུང་སྲོག་ལ་གཅོད།། བཀྲག་མདངས་འཁྲོག་ཅིང་དབུགས་རྔུབ་པས། ། ཕོ་ཉ་རྦོད་གཏོང་མ་མོར་བྱས།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས།། རྦོད་གཏོང་མ་མོའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པ་ཐམས་ཅད་དབང་དུ་བསྡུས་ནས། དེ་ཡི་ལས་ལ་རྣམ་གཉིས་གསུངས།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། འཇིག་རྟེན་ལས་ལ་རྣམ་གཉིས་ཏེ།། འཇིག་རྟེན་མཆོད་བསྟོད་སྒྲུབ་པ་ནི།། འཇིག་རྟེན་ཕོ་མོ་ཚོགས་ལ་སྟེ། ། ཕ་མེས་རྒྱུད་ནས་ཆགས་པ་དང།། སློབ་དཔོན་རྒྱུད་ནས་ཆགས་པ་དང།། རིགས་རྒྱུད་སྔོན་ནས་ཆགས་པ་དང།། འདུག་ས་གནས་ཤིང་ཆགས་པ་དང།། ལེགས་ཉེས་ཞལ་ལྕེས་ཆགས་པ་དང། ། མགོན་སྐྱབས་སྟོང་གྲོགས་ལྷ་བརྒྱད་ནི།། ཕྱཽགས་སུ་མཆོད་ཅིང་བསྟན་པ་དང།། ལུས་དང་གྲིབ་བཞིན་འགྲོགས་པ་ཡིན།། ཤིན་ཏུ་ཉེ་བར་བསྟེན་ཐབས་ལ། ཁང་བུ་བཅའ་ཞིང་རྟེན་བཙུགས་ལ། ། ཚུལ་བཞིན་མཆོད་ཅིང་དམ་བསྲེས་པས།། ཇི་ལྟར་བཅོལ་བའི་ལས་བྱེད་དེ།། འཇིག་རྟེན་མཆོད་བསྟོད་སྒྲུབ་པ་ཡིན། ཁྱི་སྙིང་ཕྲུ་ལ་ཆགས་ལྟར་འཁོར།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། འཇིག་རྟེན་མཆོད་བསྟོད་སྒྲུབ་པའི་ལེའུ་སྟེ་ཉེར་གཉིས་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བསྟན་པའི་རུ་གཟུགས་པའི་ཕྱིར། དྲེགས་པ་ཐམས་ཅད་དབང་དུ་བསྡུ་བའི་ཏིང་ངེ་འཛིན། རྡོ་རྗེ་འོད་འཕྲོས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ།། དེ་མ་ཐག་ཏུ་ལྷ་དང་ཀླུ་དང་གཟའ་རྒོད་དང། བདུད་དང། གཤིན་རྗེ་དང། མ་མོ་དང། གནོད་སྦྱིན་དང། བཙན་དང། སྲིན་པོ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་བ་སྤུ་དང། སྐྲ་ཐམས་ཅད་ལངས། སྙིང་ནི་འདར།། སེམས་དང་ཡིད་རྣམ་ཤེས་སྟོང་པ་ལྟར་བསྔངས་ཏེ། སྐད་ཅིག་མ་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་འདར་ཞིང་ཡེད་ཡེད་ཕྱག་དང་བསྐོར་བ་བྱས་ཏེ། རང་རང་གི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ལས། དེ་དག་ཀུན་ཀྱང་བཅོམ་ལྡན་འདས་ཀྱིས་དབང་དུ་བསྡུས་སོ།། དེ་ཡང་ལྷ་ཡི་གཙོ་བོ་ཞེ་སྡང་ཅན་ཚངས་པ་ང་རྒྱལ་ཅན་ཁྱབ་འཇུག་དང། འདོད་ཆགས་ཅན་མ་ཧཱ་དེ་ཝ་དང། གཏི་མུག་ཅན་དབང་ཕྱུག་ཆེན་པོ་གསུམ་མོ།། ཀླུ་རིགས་ཀྱི་གདུག་པ་ཅན་ལྔ་ལ་ཀླུ་བདུད་ནག་པོ་དང་འཆི་བདག་གོ། གཟའ་དུ་བ་མཇུག་རིངས་ལྕགས་ཀྱི་མདོག། གཟའ་ཕུར་སྙིང་འབྱིན་རྐང་གཅིག་མགོ་དགུ་པོ། བདུད་ངོ་བཞིན་ནག་པོ་འཛུམ་མེད། ནག་པོ་མེ་དུག་གི་ཁ་རླངས་ཅན་དང། བྲམ་ཐོག་རི་ཏི་འགོང་གཡག་ལ་སོགས་དང། མ་མོ་རལ་གཅིག་ཁྲག་འཐུང་དང།། དབུགས་ལེན་མདངས་འཕྲོག་རྩད་གཅོད་མ་རྣམས་དང། གཤིན་རྗེ་དམར་ནག་རེག་ཆོད་རྣམས།། བཙན་ཨ་གི་བ་བཞི་སྡེ་བརྒྱད་དང། གནམ་ལྕགས་ཐོག་འབེབས་ལ་སོགས་རྣམས་དང། གཙུག་ན་མེ་འབར་ལ་སོགས་གནོད་སྦྱིན་རྣམས་དང། ལང་ཀ་མགྲིན་སྔོན་གདོང་དམར་ལ་སོགས་སྲིན་པོ་རྣམས་དང། སྲོག་བདག་རྒྱལ་པོ་དཀར་ནག་དང། དགེ་བསྙེན་ཀླུ་ཚ་ལ་སོགས་པ་ཐམས་ཅད་དབང་དུ་བསྡུས་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་ལེགས་ཉེས་ཀྱི་སྟངས་འབྱེད་དུ་དབང་བསྐུར་རོ།། དམ་ལ་གནས་ཤིང་བསྟན་པ་བསྲུང་བར་གྱིས་ཤིག། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དྲེགས་པ་ཅན་དབང་དུ་བསྡུས་ཏེ་ལས་ཁྲིམས་ཕོག་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། དམོད་པ་དྲག་སྔགས་སྒྲུབ་པ་ལ།། སྲོག་དང་སྙིང་པོ་གཉིས་ཀྱིས་བསྒྲུབ།། སྲོག་ནི་གཟུགས་ལ་སྙིང་པོ་མིན།། འཇིག་རྟེན་འདས་དང་མ་འདས་པའི།། སྲོག་དང་སྲོག་གི་སྙིང་པོ་ལས།། མི་གཏོང་འཛིན་པ་སྲོག་ཡིན་ཏེ། ། རང་དབང་མེད་པའི་སྙིང་པོ་ཡིན།། འདའ་བར་དཀའ་བ་དམ་ཚིག་ཡིན།། སྐུ་གཟུགས་སྣང་བར་གསལ་བས་སྲོག། བཏགས་པ་དེ་མཚོན་སྙིང་པོ་མིན།། མིང་ལ་དྲག་སྔགས་བདུན་གྱིས་བོད། ། རེ་རེ་ལ་ཡང་བདུན་བདུན་ནོ།། དེ་བོད་དམོད་པ་དྲག་སྔགས་བདུན།། རིགས་ནས་བོད་དང་མིང་ནས་བོད།། གསང་མཚན་མཚང་ནས་བོད་པ་དང།། རང་བཏགས་སྲོག་ནས་བོད་པ་བདུན།། གང་ཟག་སྒྲུབ་པར་ཤེས་པར་བྱ། ། དེ་ལ་ལྷ་ཡི་བོད་པ་བདུན།། དྷེ་བ་མིང་ལ་རྡུལ་ནི་རིགས།། ཀེ་འུ་གསང་མཚན་ཤི་ས་མཚང།། ཨ་ནི་རང་རྟགས་སྲོག་སྙིང་ཡིན།། ས་མ་ཡ་ནི་དམ་ཚིག་གོ། དེ་རྣམས་གཅིག་ཏུ་དྲིལ་ནས་བོད། ། ཚངས་པ་ཁྱབ་འཇུག་མ་ཧཱ་དེ།། དབང་ཕྱུག་ལ་སོགས་ལྷ་རྣམས་ལ།། དེ་ལས་འདས་པའི་དྲག་སྔགས་མེད།། ཀླུ་ཡི་རིགས་ཀྱི་བོད་པ་བདུན།། ནཱ་ག་ནས་དྲངས་མིང་ཡིན་ཏེ།། ཙ་ཏས་དྲངས་ན་གསང་མཚན་ཡིན། ། ཧུ་ཡ་ཞེས་ནི་རིགས་ནས་བོད།། ཤུ་ཡ་བྱ་བ་མཚང་ཡིན་ནོ།། ཕུ་ནི་ཡ་སྟེ་སྲོག་སྙིང་ཡིན།། ས་མ་ཡ་ནི་དམ་ཚིག་ལ།། དེ་རྣམས་དྲིལ་བས་ཀླུ་ལ་བོད།། གནོད་སྦྱིན་ལ་ཡང་བོད་པ་བདུན།། ཡཀྵ་ནས་དྲངས་མིང་ཡིན་ཏེ། ལེན་གྱིས་དྲགས་ན་མཚང་ཡིན་ནོ།། ཛཾ་གྱིས་དྲངས་ན་གསང་མཚན་ཡིན།། ཀུ་བེ་ར་ནི་རིགས་སུ་ཤེས།། ཀྵ་ནི་རང་རྟགས་སྲོག་སྙིང་ཡིན།། ས་མ་ཡ་ནི་དམ་ཚིག་ལ།། གཅིག་ཏུ་དྲགས་ན་དྲིལ་བ་ཡིན། ། གནོད་སྦྱིན་སྒྲུབ་འདོད་དེ་ལྟར་བོད།། སྲིན་པོ་བདུད་ཀྱི་འདི་ལྟ་སྟེ།། རཀ་ཤས་དྲངས་ན་མིང་ཡིན་ཏེ།། པྲ་མས་དྲངས་ན་གསང་མཚན་ཡིན།། རུ་ནས་དྲངས་པ་མཚང་དུ་འཇུག། ཏྲ་ཞེས་བྱ་བ་རིགས་ཡིན་ནོ། ། ཏྲི་ནི་རང་རྟགས་སྲོག་ཏུ་བྱ།། ས་མ་ཡ་ནི་དམ་ཚིག་ལ།། དེ་རྣམས་གཅིག་ཏུ་དྲིལ་བའོ།། སྲིན་པོ་སྒྲུབ་འདོད་དེ་ལྟར་བསྒྲུབ།། མ་མོ་བདུན་ནི་འདི་ལྟ་སྟེ།། མ་མོ་དྲངས་པ་མིང་ཡིན་ཏེ།། ཀཱ་ལ་རིགས་ནས་བོད་པ་ཡིན། ། རུ་རུ་མཚང་ནས་བཽད་པ་ཡིན།། ཏྲག་ནི་རང་རྟགས་སྲོག་ཡིན་ལ།། མ་ཧཱ་རུ་རུ་གསང་མཚན་ཡིན།། ས་མ་ཡ་ནི་དམ་ཚིག་གོ། གཉིས་གསུམ་དྲུག་ཀ་དྲིལ་བས་བོད།། བདུད་ཀྱི་བོད་པ་བདུན་པོ་ནི།། ཕྲ་མས་དྲངས་ན་མིང་དུ་བོས། ། དུ་རུ་ཡེ་ཡ་རིགས་སུ་འཇུག། ཙན་ཏིས་དྲངས་ན་མཚང་ཡིན་ནོ།། བཛྲ་ཐིབས་ནི་གསང་མཚན་ནོ།། དུ་ཏྲི་རང་རྟགས་སྲོག་སྙིང་ཡིན།། ས་མ་ཡ་ནི་དམ་ཚིག་ཡིན།། གཉིས་སམ་དྲུག་སྡེབ་དྲིལ་བ་ཡིན། ། རྒྱལ་རིགས་བདུན་ནི་འདི་ལྟ་སྟེ།། གང་གིས་དྲངས་པ་མིང་ཡིན་ཏེ།། རཱ་ཛ་རིགས་ནས་བོད་པ་ཡིན།། བྷ་ག་སོང་ནས་བོད་པ་ཡིན།། བཛྲ་གསང་མཚན་ཏྲི་སྲོག་སྙིང།། ས་མ་ཡ་ནི་དམ་ཚིག་གོ། སྡེབ་ནས་ཀུན་ཚང་དྲིལ་བ་ཡིན། ། གིང་གི་བདུན་ཡང་འདི་དག་སྟེ།། གིང་ཀ་མིང་ལ་རཱ་ཙ་རིགས།། ཤམ་ནི་མཚང་ལ་ཏྲི་ནི་རྟགས།། ཙ་པ་གསང་མཚན་བོད་པ་ཡིན།། ས་མ་ཡ་ནི་དམ་ཚིག་གོ། དེ་རྣམས་གཅིག་ཏུ་དྲིལ་བས་བོད། ། ཐེ་བྲང་ས་དྷུས་དྲངས་ན་མིང།། ཏྲིའུ་མཚང་ལ་ཏྲཱི་དུ་རྟགས།། བཛྲ་གསང་མཚན་ཡ་ཏྲི་རིགས།། དམ་ཚིག་དྲལ་བ་བདུན་ཡིན་ནོ།། གཤིན་རྗེའི་བདུན་ནི་འདི་རྣམས་ཏེ།། ཧྲི་སྟི་མིང་ལ་ཏྲི་སྣ་མཚང། ། ཡ་མེ་གསང་མཚན་ཡ་མ་རིགས།། ཡཀྵ་རང་རྟགས་སྲོག་སྙིང་རིགས།། ས་མ་ཡ་ནི་དམ་ཚིག་ལ།། གཅིག་ནས་དྲུག་སྡེབ་དྲིལ་བ་ཡིན།། འཇིག་རྟེན་ཀུན་འཇུག་ཁྱབ་འཇུག་གཟའ།། ཀ་ཏས་དྲངས་ན་མིང་ནས་བོད། ། རཱ་ཧུ་ལ་ནི་མཚང་ཡིན་ནོ།། ཙ་པ་ཏི་དྲངས་གསང་མཚན་ལ།། ཡ་མས་དྲངས་ན་ཕ་མའི་རིགས།། པ་ཤ་རང་རྟགས་སྲོག་སྙིང་ཡིན།། ས་མ་ཡ་ནི་དམ་ཚིག་གོ། མིང་ནས་དམ་ཚིག་བར་དུ་མཚང།། དྲིལ་ནས་བོད་རྦད་ལས་སྦྱོར་ཡིན། ། དྲེགས་པས་སྒྲུབ་པ་དེ་བཞིན་བྱོས།། ལེགས་པར་མ་ཤེས་རང་སྲོག་ཕུང།། ལེགས་པར་རྟོགས་ཤིང་མཁས་པར་གྱིས།། མིང་ནས་བོད་པ་རྣལ་མ་ཡིན།། མཚང་ནི་མཚང་ཚིག་བྲུས་པ་སྟེ། ། མི་འོང་བ་ཡི་རང་དབང་མེད།། གསང་མཚན་རྒྱལ་བ་སློབ་དཔོན་དཀའ།། བཀའ་ལས་མི་འདའ་འོང་བར་འགྱུར།། དམ་ཚིག་སྔོན་གྱི་ཁས་བླངས་ཡིན།། དམ་ལས་མི་འདའ་འོང་བར་འགྱུར།། སྲོག་ནས་བོས་པས་རང་གིས་རང། ། བསྐུལ་ནས་རང་དབང་མེད་པར་འོང།། རིགས་ནི་ཕ་ཡི་ཆོ་འབྲང་སྟེ།། ཉེ་བར་འོང་ནས་ལས་བྱེད་དེ།། དྲིལ་ནས་བོད་པས་འགྲུབ་པར་བྱེད།། རྐྱང་བ་གཉིས་སྡེབ་གསུམ་དུ་དྲིལ།། བཞི་ཚང་ལྔ་དྲིལ་དྲུག་ཀ་དྲིལ། ། ཤམ་བུའི་སྔགས་དང་བདུན་ལྡན་ན།། དམོད་མོའི་ལས་འགྲུབ་གདོན་མི་ཟ།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དྲག་སྔགས་དམོད་པའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་སྟོན་པས་བཀའ་སྩལ་པ། ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། སྒྲུབ་པ་འདས་དང་འཇིག་རྟེན་ལ།། སྲོག་སྙིང་གཉིས་ཀྱི་བསྒྲུབ་པ་བྱ།། སྲོག་ནི་སྐུ་གསལ་གཟུགས་གསལ་ཡིན།། སྙིང་པོ་དཔའ་བོ་འབྲུ་ལྔ་དང།། ཡ་མ་ནཱ་ག་ཏྲི་ལ་སོགས། ། དྲག་སྔགས་མི་མཚང་བོད་པ་སྟེ།། བསྙེན་པ་བསྒྲུབ་དང་ལས་སྔགས་ཡིན།། སྲོག་ནི་གསལ་བ་གསུམ་གྱིས་འཕྲོག། དང་པོ་ཡིད་ལ་གསལ་བར་བྱ།། དངོས་པོ་ལྟ་བུར་གསལ་བར་བསམ། ། གཉིས་པ་དབང་པོའི་ཡུལ་ལ་གསལ།། བལྟས་ཤིང་དངོས་པོ་ལྟ་བུར་མཐོང།། དཔེར་ན་ཆུ་ནང་ཟླ་བ་བཞིན།། དངོས་མེད་དངོས་པོར་གསལ་བའོ།། གསུམ་པ་ལུས་ཀྱི་རེག་བྱར་གསལ།། ཆེ་ཆུང་ཅི་ཡང་དངོས་སུ་སྣང། ། ཡུལ་གསུམ་གསལ་བ་རབ་ཀྱི་ཚད།། འཇིག་རྟེན་པ་ཡི་ཚད་ཡིན་ནོ།། གདམས་ངག་མྱུར་དུ་གདབ་པ་ཡིན།། དངོས་པོའི་བདུད་ཀྱིས་བསླུས་པ་སྟེ།། ཡུལ་མེད་གདམས་པ་རབ་ཏུ་གཅེས།། གསལ་སྟོང་དོན་རྟོགས་དངོས་སུ་འཁོར། ། སྲོག་གི་དོན་པོ་དགུ་དང་ལྡན།། མཐོང་དང་རེག་དང་ཕྲ་བ་དང།། འདྲེས་དང་གཏམ་དང་གཅུགས་པ་དང།། བསྒོ་དང་ཉན་དང་ལས་བྱེད་དངོས།། འཇིག་རྟེན་སྲོག་གི་དོན་པོ་དགུའོ། ། སེམས་ཤར་རང་བྱུང་མ་བཅོས་པ།། རྒྱ་ཆད་ཕྱོགས་མེད་ལྷུན་གྲུབ་པ།། མཉམ་ཉིད་གཉིས་མེད་ངོས་མེད་དང།། འགྱུར་མེད་ཆོས་སྐུ་ཆེན་པོ་ནི།། ནང་ལྟར་སྲོག་ནི་གཞི་ལ་དགུ།། རྣམ་ཤེས་དོན་སྟེར་མཐོང་བ་མེད། ། ཡུལ་མེད་མིང་བྲལ་ཡིན་པ་མེད།། ཅི་ཡང་མ་ཡིན་མིན་པ་མེད།། ཡིན་པ་མེད་དང་སྤང་བླང་མེད།། ཤིན་ཏུ་གསང་བའི་སྲོག་ཐོབ་ཡིན།། ལྟ་བ་མཐོང་ན་སྒོམ་བྱེད་མཁན།། ལྟ་སྤྱོད་རང་སེམས་དངོས་སུ་སྤྱོད། ། ནོར་བུ་རིན་ཆེན་འཆང་བ་འདྲ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སྒྲུབ་པ་དོན་པོ་དགུ་ཕྱི་ནང་གསང་བ་གསུམ་དུ་ཐོབ་པའི་ཚད་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།།།། དེ་ནས་སྟོན་པས་བཀའ་སྩལ་པ། ། ཉོན་ཅིག་འདུས་པ་རྡོ་རྗེའི་འཁོར།། དེ་བཞིན་སྒྲུབ་པའི་ལས་བྱེད་པ།། ལོ་དང་ཟླ་བ་གཟའ་སྐར་ལ།། དུས་འཛོམ་དུས་ནི་བཟང་འཇུག་བྱ།། བྱི་ཕག་གཉིས་ནི་བསྡུས་པའི་ལོ།། སྟག་ཡོས་གཉིས་ནི་བསྐྱེད་པའི་ལོ། ། རྟ་སྦྲུལ་གཉིས་ནི་སྨོད་པའི་ལོ།། བྱ་སྦྲེལ་གཉིས་ནི་གཅོད་པའི་ལོ།། གླང་ལུག་ཁྱི་འབྲུག་གདུག་པའི་ལོ།། མ་བུ་དགྲ་གྲོགས་རང་གཤེད་བརྟག། ར་བ་འབྲིང་པོ་ཐ་ཆུང་སྟེ།། བསྙེན་བསྒྲུབ་ལས་གསུམ་མཁས་པས་འཇུག། འབོད་རྦད་བསད་གསུམ་འགྲུབ་པར་བྱེད།། རྒྱལ་བློན་ཁམས་དང་རྒྱུ་དུས་ཀྱི།། ཐེབས་ལྡོག་ལས་ཀུན་མཁས་པས་བརྟག། ཤར་ལྷོ་ནུབ་བྱང་སྐར་སྐོར་བདུན།། གང་ཚེས་ཉ་སྟོང་ལོ་གཟའ་བསྟེན། ། བཟང་ངན་དུས་ཚོད་མཁས་པས་བརྟག། ང་ཡི་ཐེག་ཆེན་ཡངས་པ་འདི།། ཕན་གནོད་ལས་ཀུན་མདོར་བསྡུས་བསྟན།། འགྲོ་དྲུག་ཕྱི་ནང་རྒྱུ་འབྲས་ཀྱི།། ཐེག་པ་ས་ལམ་གྲུབ་པའི་མཐའ།། འབྲོས་དང་ལོག་ནོན་བཞི་ནས་བརྩི། ། ཡུལ་མེད་མིང་བྲལ་འདོད་ཕུགས་གཏིབ།། བདེན་ཉམས་རྫུན་ཉམས་དང་པོ་ཡིན།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། འབྲེལ་པ་ལོག་ནོན་གྱི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་རིགས་འཁོར།། གསང་སྔགས་རྡོ་རྗེའི་ཐེག་པ་འདིར།། ཐམས་ཅད་འབྲེལ་ཏེ་འདུས་པ་ཡིན།། རྒྱུ་དང་ལུང་དང་མན་ངག་གསུམ། ། ཡི་གེ་གསུམ་གྱི་དགོངས་པ་ཡིན།། བསྐྱེད་དང་རྫོགས་དང་རྫོགས་པ་ཆེ།། རྫོང་འཕྲང་གསུམ་གྱི་མཐའ་ལ་གཏུག། རྣལ་འབྱོར་གསུམ་གྱིས་ཉམས་སུ་བླང།། ལྟ་སྒོམ་སྤྱོད་པ་འབྲས་བུ་ཡིན།། བསྐྱེད་པའི་རྫོང་དང་བསྐྱེད་པའི་འཕྲང། ། རྫོགས་པའི་རྫོང་དང་རྫོགས་པའི་འཕྲང།། རྫོགས་ཆེན་རྫོང་དང་རྫོགས་ཆེན་འཕྲང།། ཡོ་ག་གསུམ་དུ་རིག་པར་བྱ།། བདེ་གཤེགས་སྙིང་པོ་སེམས་ཉིད་དོ།། མ་བཅས་རང་ཡན་རྒྱ་ཕྱོགས་མེད། ། འཁོར་འདས་སྣང་སྲིད་དེ་ལས་བསྐྱེད།། ཀུན་གཞི་སེམས་ཀྱི་རྫོང་ཆེན་མ་ཧཱ་ཡིན།། དུས་གསུམ་རྒྱལ་བའི་དགོངས་པ་དེ་ཀ་རྒྱུད། ཁམས་གསུམ་རིགས་དྲུག་འཁྲུལ་འཁོར་སྡུག་བསྔལ་རྒྱུད།། ཡེ་ཤེས་འཁྲུལ་པའི་འཕྲང་ལས་བསྐྱེད་པའོ། ། དོན་དམ་ངོ་བོ་མ་སྐྱེས་ཀྱང།། ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་དུ།། རིམ་གྱིས་བསྐྱེད་པ་མ་ཧཱ་ཡོ་ག་ཡིན།། ཀུན་གཞི་སྙིང་པོ་སེམས་ལ་རྫོགས།། རང་བཞིན་ལྷུན་གྱིས་གྲུབ་པའི་རྫོང། ། ལུང་མཆོག་མ་བཅོས་རང་བྱུང་ལུང།། རྒྱ་ཆད་ཕྱོགས་ལྷུང་མེད་པར་རྫོགས།། སྤྱི་ས་ཀུན་གཞི་རྫོང་ཆེན་ལས།། འགྱུ་དྲན་འཛིན་ཆགས་འཕྲང་རྟོག་འཁྲུལ།། ཨ་ནུ་ཡོ་གའི་ལུང་ཞེས་བྱ།། སྙིང་པོའི་དོན་ལ་ཀུན་ཀ་རྫོགས། ། བཅོས་དང་མ་བཅོས་གཉིས་ཀའི་རྫོང།། ཕྱོགས་སུ་འདོད་པའི་འཕྲང་ལས་ཐར།། བསྐྱེད་དང་རྫོགས་པ་གཉིས་ཀའི་རྫོང།། གོང་འོག་ཕྱོགས་འདོད་འཕྲང་ལས་ཐར།། རང་བྱུང་རྫོགས་ཆེན་འགྲན་མེད་རྫོང། ། རེ་ལྟོས་གྲུབ་པའི་འཕྲང་ལས་ཐར།། འགྲན་མེད་རྫོགས་པ་ཆེན་པོ་ཡིན།། ཡེ་ནས་ཤེས་ལ་བཅོས་པ་མེད།། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཡོ་ག་གསུམ་གྱི་རྫོགས་འཕྲང་གི་ལེའུ་སྟེ་ཉེར་བདུན་པའོ། །།། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་ལག་ན་རྡོ་རྗེ་འཛིན།། གསང་སྔགས་འབྲས་བུ་བླ་མེད་འདི།། ལྟ་སྤྱོད་གཉིས་སུ་ཤེས་པར་གྱིས།། བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། ། བསྐྱེད་པ་རྒྱུད་ཀྱི་ལྟ་བ་ནི།། ཐམས་ཅད་ཤེས་རབ་གཉིས་མེད་བལྟ།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། ཕྲིན་ལས་རྣམ་པ་ལྔ་རུ་སྤྱོད།། རྫོགས་པ་ལུང་གི་ལྟ་བ་ནི།། དབྱིངས་དང་ཡེ་ཤེས་གཉིས་མེད་བལྟ། ། ཀུན་བཟང་ཡབ་ཡུམ་སྲས་ལྟར་སྤྱོད།། མན་ངག་རྫོགས་ཆེན་ལྟ་བ་ནི།། རང་བྱུང་ཡེ་ཤེས་ཕྱོགས་མེད་བལྟ།། དགག་སྒྲུབ་སྤང་བླང་མེད་པར་སྤྱོད།། ཐབས་ཀྱི་རྫོང་ལ་ཤེས་རབ་འཕྲང།། ལྟ་བའི་རྫོང་ལ་སྤྱོད་པའི་འཕྲང། ། སྐུ་གསུང་ཐུགས་ཀྱི་འཕྲང་ལ་གཟུང།། དབྱིངས་ཀྱི་རྫོང་ལ་ཡེ་ཤེས་ལྟོས།། བཟང་ངན་མེད་པའི་འཕྲང་དུ་སྤྱོད།། རང་བྱུང་རྫོང་ལ་ཕྱོགས་མེད་ལྟོས།། སྤང་བླང་མེད་པའི་འཕྲང་དུ་སྤྱོད།། ཐབས་ཤེས་དཀྱིལ་འཁོར་ལྟ་བ་ལ། ། དོན་དམ་སྐྱེ་མེད་ཀུན་རྫོབ་དགྲས། འདོད་པའི་འཕྲང་ལ་འཇིགས་པའི་བདུད།། འཁོར་བའི་གཡང་སར་ལྷུང་བར་མཆི།། ཀུན་རྫོབ་དུས་ན་དོན་དམ་ཡིན།། ཐབས་ཀྱི་ངེས་ན་ཤེས་རབ་ཡིན། ། བསྐྱེད་པའི་དུས་ན་རྫོགས་པ་ཡིན།། སྐུ་དང་ཡེ་ཤེས་དེ་ལྟར་འགྲུབ།། ལྷ་ཡི་དཀྱིལ་འཁོར་དབྱིངས་སུ་འདོད།། ཡུམ་དང་སྲས་ཀྱི་དགྲ་དེ་འཕྲང།། འདོད་པའི་འཕྲང་ལ་འཇིགས་པའི་བདུད།། འདོད་པ་འཁོར་བའི་གཡང་ལ་ལྟུང། ། དབྱིངས་དང་རིག་པའི་ཡེ་ཤེས་སོ།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད།། དབྱིངས་ཀྱང་རང་ལས་བྱུང་ཤེས་པས།། ཡེ་ཤེས་ཡུལ་མེད་རང་བྱུང་རིག། ཡབ་ཡུམ་སྲས་ཀྱི་འདོད་པ་བྲལ། ལྟ་སྤྱོད་གཉིས་ཀྱི་མཐའ་ལས་གྲོལ། ། རྫོགས་པའི་དུས་ན་རྫོགས་ཆེན་ཡིན།། སྣང་སྲིད་སེམས་སུ་བལྟ་བ་ལ།། ཕྱོགས་མེད་ཕྱོགས་བལྟ་གསང་བའི་ངག་ཁ་འཁྱམས་ནག་འཁྱམས་འཇིགས་པའི་འཕྲང།། ཐར་མེད་རྡོ་རྗེའི་གཡང་ལ་ལྷུང། ། རང་སེམས་རྒྱ་ཆད་ཕྱོགས་ལྷུང་མེད།། རང་བྱུང་ཆོས་སྐུ་ཡེ་ནས་ཡིན།། ལྟ་བའི་རྫོང་ལ་སྤྱོད་པའི་འཕྲང།། སྦྱོར་སྒྲོལ་ཕྱི་ནང་གསང་བ་གསུམ།། ཐབས་ཀྱི་རྫོང་དང་ཤེས་རབ་རྫོང། ། རིག་པ་རང་བྱུང་གཉིས་མེད་རྫོང།། བསྐྱེད་པ་རྒྱུད་ཀྱི་རྫོང་དུ་ཤེས།། བསྙེན་བསྒྲུབ་ཆོ་ག་སྒྲུབ་པའི་ལམ།། སྦྱོར་སྒྲོལ་ཉམས་ལེན་སྤྱོད་པའི་འཕྲང།། རྒྱུད་ཀྱི་ལུགས་སུ་མཁས་པས་སྤྱད།། དབྱིངས་ཀྱི་རྫོང་དང་ཡེ་ཤེས་རྫོང། ། ལུས་གཉིས་སྦྱོར་བའི་ཏིང་འཛིན་འཕྲང།། སྒྱུ་ལུས་འཕོ་ཤེས་རྫོང་འཕྲང་ནི།། རྫོགས་པ་ལུང་གི་རྫོང་འཕྲང་ངོ།། གནས་ལུགས་བཞི་སྐོར་རྫོགས་པའི་རྫོང།། ཆོས་ཅན་གཅིག་ལ་ཆོས་ཀུན་རྫོང། ། མི་ཡེངས་མཉམ་གཞག་སྒོམ་པའི་འཕྲང།། ཅིར་སྤྱད་རང་བྱུང་སྤྱོད་པའི་འཕྲང།། མན་ངག་རྫོགས་ཆེན་རྫོང་འཕྲང་ཡིན།། གསང་བའི་དགྲ་གསུམ་བསད་པས་འཇིགས་པའི་བདུད་བཞི་ཆོམས།། འགྲོ་དྲུག་གཡང་ས་བཅད་པས་འདའ་དཀའི་འཕྲང་ལས་གྲོལ། ། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཡོ་ག་གསུམ་གྱི་ལྟ་སྤྱོད་རྫོང་འཕྲང་དུ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར།། སྲུང་བ་འཚོ་བྱེད་རྒྱལ་པོ་ནི།། རྣམ་རྒྱལ་ས་ཡི་བདུད་རྩིས་བྱ།། འབྱུང་འཁྲུགས་ནད་དང་རྐྱེན་བྱེད་བགེགས།། བྱང་ཆུབ་སྒྲུབ་པའི་གྲོགས་ཆེན་ཡིན།། དགེ་བཤེས་རྣལ་འབྱོར་སྔགས་འཆང་ནས། ། བྱིས་པ་ཕོ་མོ་གཙང་མ་དང།། ཝ་སྤྱང་བྲུན་ཡང་བག་ཅིག་གཏང།། བདུད་རྩི་རྣམ་ལྔ་ཚིལ་ཆེན་གཏང། ཁྱི་ཕག་ཤ་ཚིལ་བྲུན་ཡང་གཏང།། བྱང་ཆུབ་སེམས་རྣམས་ཚོགས་ཚད་བསག། བཟང་དྲུག་ལ་སོགས་འབྲས་བུ་གསུམ།། ཆོས་ཀྱི་སྨན་གྱིས་གཙོ་བོ་བྱ།། མར་བག་གྲོ་དང་བསིལ་སྨན་དང།། ཅོང་ཞི་མུ་ཟི་ར་མོ་ཤགས།། གུ་གུལ་རྒྱ་ཚིལ་མ་གི་ཏ།། ཙན་དན་ག་པུར་ལ་སོགས་ཏེ། ། གྲོགས་ཀྱི་རྟ་ནི་བསག་པར་བྱ།། བདུད་རྩི་དྲི་ཆེན་ཁལ་གཅིག་གམ།། ཅི་འབྱོར་ཅི་མང་ལེགས་བསྐམས་དང།། བུམ་པ་བརྩེགས་མར་ལྡུགས་པའི་ཚེ།། མར་ཁུའི་ཁ་བྲུས་བཏབ་བྱས་ལ།། ཚིལ་ཆེན་བཅུད་ཅན་རུས་པ་གཞུག། ཤིན་ཏུ་དོད་ནང་བུམ་པ་གཞུག། ས་མཚམས་བུམ་པ་བརྩེགས་བྱས་ཏེ།། གསང་སྒོ་བུམ་པ་ལྔ་མས་བྲིབ།། ཤིན་ཏུ་གདུག་པའི་ཤིང་བརྩིགས་ཏེ།། མེ་བཅུག་འབར་བའི་བར་དག་དུ།། ཆུ་གཏོར་གླུད་གཏོར་ཕུད་གཏང་ལ། ། བདེན་པ་བདར་ལ་མཚམས་བཅད་དེ།། བུམ་པ་ཡི་དམ་དཀྱིལ་འཁོར་དམིགས།། དྲི་ཆེན་ལྷ་ཚོགས་ཁྲོས་པར་དམིགས།། ལྕགས་སམ་གཙུབ་ཤིང་མེ་བཏོན་ལ།། གདུག་པའི་ཤིང་ལ་སྤར་བར་བྱ། ། བསྙེན་སྒྲུབ་ཡི་དམ་གཞུང་དུ་བསྲང།། གཏོར་ཚོགས་མཆོད་པ་ཅི་ལྡན་དབུལ།། དྲི་རླངས་མི་གཏང་ཁ་སྦུབ་བསྡམ།། ཞག་གཅིག་དག་ཏུ་མེ་མི་གཅད།། མི་ཤི་དངོས་གྲུབ་ཚུལ་དུ་བླངས།། རང་བཟའ་ལྷ་ལ་མཆོད་པ་བྱ། ། བདུད་རྩི་མར་ཁུ་རིན་ཆེན་སྣོད།། ལོ་འམ་ཟླ་བའི་ཞག་གྲངས་སུ།། གཞན་ལ་མི་བསྟན་གསང་བར་བྱ།། དངོས་གྲུབ་མི་ཡལ་དམ་ཚིག་ཡིན།། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། རྫས་བསག་ཅིང་བདུད་རྩིར་བཞུ་བའི་ལེའུ་སྟེ་ཉེར་དགུ་པའོ།།།། དེ་ནས་ལག་ན་རྡོ་རྗེ་སྟན་ལས་ལངས་ནས། གཙོ་བོའི་མདུན་དུ་འདུག་གདོང་དུ་བལྟས་ནས་མིག་མི་འཛུམ་པར་ཐལ་མོ་སྦྱར་ཏེ་གུས་པར་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། བདུད་རྩི་མར་ཁུ་དེ་ལ་ནི།། ཡོན་ཏན་ཇི་ཙམ་འབྱུང་བ་ལགས།། གྲོགས་སུ་གང་དང་སྦྱོར་བར་བྱ།། ཞེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། ། ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད།། བདུད་རྩི་མར་ཁུ་བཟའ་བར་བྱ།། ཚེ་དང་བསོད་ནམས་འཕེལ་བ་དང།། འབྱུང་བ་སྙོམས་ནས་ལུས་བདེ་སྟེ།། བགེགས་ཀྱིས་མི་ཚུགས་རིམས་མི་འོང།། འགྲོ་བ་རྣམས་ཀྱི་མགོན་དུ་གྱུར། ། ཀུན་ལ་ཕན་ཐོགས་ནོར་བུ་འདྲ།། གནོད་པས་མི་ཚུགས་ནམ་མཁའ་འདྲ།། འཆི་བས་འཇིགས་པས་ཚེ་བསྒྲུབ་སྟེ།། བདུད་རྩི་མར་ཁུ་བྲེ་རེ་ལ།། ཞུན་ཆེན་བྲེ་རེ་རྩ་བའི་ཕྲད།། མར་རྙིང་བྲེ་རེ་དེ་བཞིན་ཕྲད། ། ཨ་རུ་ར་སྟོང་བ་རུ་སྐྱུར།། རྡོག་པོ་འགའ་འགའ་གྲོགས་སུ་གཏང།། བཟང་པོ་དྲུག་ནི་བོང་དང་སྦྱར།། ཞིབ་པར་བཏགས་ཏེ་སྦྲུས་བྱས་ལ།། རིལ་བུ་མཐེ་བོང་རིལ་མ་ཙམ།། ཅོང་ཟི་ཆོས་སྨན་རྐང་པར་གཏང། ། ལོ་དང་ལོ་དུས་རི་ལུ་བཟའ།། ཅོང་ཟི་ཆུ་བ་འོ་མ་གྲོགས། སྟོང་ཉིད་ལྟ་བསྒོམ་གསང་སྔགས་བཟླས། ཁམ་ཟས་སྤངས་པས་ཆོག་པ་སྟེ།། དྲག་ཤུལ་མི་བྱ་ཤེས་པ་བསྒྲིབ།། ཡིད་དང་ངག་གིས་བརྩོན་འགྲུས་བྱ། ། ཚེ་ལོ་དཔག་ཏུ་མེད་པ་ཐུབ།། བཅུད་མཆོག་བདུད་རྩི་མར་ཁུ་འདི།། ལོ་གཅིག་ཟོས་པས་ལོ་བརྒྱ་ཐུབ།། ལོངས་སྤྱོད་ནོར་གྱི་བདག་པོར་འགྱུར།། ལོ་གསུམ་ཟོས་ན་སུམ་བརྒྱ་ཐུབ།། གླིང་གཅིག་ནོར་ལ་དབང་བྱེད་འགྱུར། ། ལོ་བཞི་ཟོས་ན་མ་མོ་དང།། མཁའ་འགྲོ་མ་ཡིས་གྲོགས་བྱེད་དེ།། མི་མོ་རྣམས་ལ་དབང་བྱེད་འགྱུར།། ལོ་ལྔ་ཟོས་ན་སྐྱེས་པ་འདུ།། རྒྱལ་པོའི་རྒྱལ་སྲིད་སྟེར་བར་འགྱུར།། ལོ་དྲུག་ལོ་བདུན་ཟོས་པས་ནི། ། འོག་གི་ཀླུ་ལ་དབང་བྱེད་འགྱུར།། ལོ་བརྒྱད་ལོ་དགུ་འདི་ཟོས་ན།། དུག་དང་དུག་གིས་ཚུགས་མེད་འགྱུར།། ལོ་བཅུར་ཟོས་ན་མཚོན་དང་མེ།། བསད་པས་མི་སོད་ཚེ་ལ་དབང།། མི་མེད་རི་དྭགས་ཝ་སྤྱང་བྱ། ། མི་རྒོད་ས་གཅིང་གནས་པ་ཡིན།། གཞུང་དང་ཚུལ་དུ་འདི་བསྒྲུབས་ན།། ངེས་པར་ཚེ་ཡི་རིག་འཛིན་འཐོབ།། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། བདུད་རྩི་ཚེ་སྒྲུབ་བཅུད་ལེན་གྱི་ལེའུ་སྟེ་སུམ་ཅུ་པའོ། །།། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་ཆེ།། གདུག་པ་ཀླུ་དང་འགྲས་པའི་མིས།། འཛེ་འཕྲོ་གཅད་པ་ཚུར་ལོག་པས།། བདུད་རྩི་མར་ཁུ་བདུད་རྩིར་སྦྱར།། གུ་གུལ་ཚིལ་ཆེན་རྟ་བོན་དང། ། གླ་རྩི་བོ་ངས་ལུས་བྱུག་བཟའ།། གསང་བདག་བྱ་ཁྱུང་རྟ་མགྲིན་བསྒོམ།། ཡི་དམ་བསྙེན་སྒྲུབ་སྔགས་བཟླས་གདབ།། ཞག་གྲགས་བདུན་དུ་ཟོས་བསྒྲུབ་ན།། ཡང་ན་མཛེ་ཡི་ནད་ལས་ཐར། ། བདུད་རྩི་མར་ཁུ་དེ་ཉིད་དང།། ཅོང་ཟི་གུ་གུལ་རྒྱ་ཚར་སྦྱར།། སྔགས་བཟླས་ཟོས་ན་གག་པ་ཐུབ།། སྐྲངས་འབུར་ནད་ལས་གྲོལ་བར་བྱེད།། བདུད་རྩི་བཟང་དྲུག་སླེ་ཏྲེས་དང།། ཤུ་དག་དཀར་པོ་གླ་རྩི་སྦྱར། ། སྔགས་བཟླས་ཟོས་ན་རིམས་ལས་ཐར།། བདུད་རྩི་སྒོག་སྐྱ་གླ་རྩི་དང།། ཉུང་དཀར་མི་རུས་མུ་ཟི་སྦྱར།། ཟོས་པས་འབྲུམ་བུ་དཀར་ནག་གི། ནད་རིམས་ལས་ནི་ཐར་བར་འགྱུར།། བདུད་རྩི་ཨ་རུ་ར་དང་ནི། ། ཟངས་གཡའ་ཨ་བ་ལྕ་འབྲུམ་དང།། ཞིམ་ཐིག་ལེ་དང་སྦྱར་ཟོས་ན།། མིག་གི་ནད་ལས་གྲོལ་བར་བྱེད།། བདུད་རྩི་སྐྱེར་པའི་མཁྲྀས་པ་དང།། ཏི་རྩེ་མུ་ཟི་སྦྱར་བྱུགས་ན།། མེ་ཡི་ནད་ལས་གྲོལ་བར་འགྱུར། ། བདུད་རྩི་སྒོག་སྐྱ་རྡོག་གཅིག་མ།། ཉུང་འབྲས་མར་ཁུ་ཉུང་དཀར་སྦྱར།། དུག་ལས་གྲོལ་བར་བྱེད་པ་ཡིན།། བདུད་རྩི་ཀྱི་གུའི་ཀླད་པ་དང།། རོ་ཚ་ན་ཚིལ་ཁུ་བ་དང།། དོམ་གྱི་མཁྲིས་པས་དུག་ནད་སེལ། ། ལོ་དྲུག་སྦྱར་བའི་དུག་ལས་ཐར།། བདུད་རྩི་མཁྲིས་པ་ཐར་ནུར་སྦྱར།། ཟ་འཕྲུག་གང་ནར་བྱུག་པས་གྲོལ།། འོ་མར་བདུད་རྩི་མུ་ཟི་བྱུག། ཤུ་བའི་ནད་ལས་གྲོལ་བར་བྱེད།། བདུད་རྩི་སྒོག་སྐྱ་བྱི་ཏང་ཀ། གླ་རྩི་སྦྱར་ན་སྲིན་ལས་གྲོལ། ། བདུད་རྩི་ལྒ་དང་པི་པི་ལིང།། ཕོ་བ་རིས་དང་བུ་རམ་སྦྱར།། ཀུ་ཀུ་རཱ་ཙའི་པགས་པ་གདིང།། གཏུམ་མོ་མེ་ཡི་ཏིང་འཛིན་བྱ།། གྲང་བའི་ནད་ལས་ཐར་བར་བྱེད།། བདུད་རྩི་ཙན་དན་དཀར་པོ་དང། ། ཅུ་གང་དཀར་པོ་དྲི་ཆུ་དང།། ཁ་བའི་སྨན་དང་སྦྱར་ལ་གཏང།། ཚ་བའི་ནད་ལས་ཐར་བར་འགྱུར།། བདུད་རྩི་གུ་གུལ་རྒྱ་ཚིལ་དང།། ཏི་ཚེ་ར་གཞོབ་ཀོ་གཞོབ་དང། ཁྲག་རུལ་བཙན་དུག་ལ་སོགས་སྦྱར། ། སྐྲངས་པའི་ནད་ལས་གྲོལ་བར་བྱེད།། བདུད་རྩི་སྨན་ལྒ་ར་དུག་རྩ།། ཕོ་ལོགས་ནད་ལས་ཐར་བར་བྱེད།། བདུད་རྩི་གུ་གུལ་སྲུབ་ཀ་སྦྱར།། འབྲས་ཀྱི་ནད་ལས་གྲོལ་བར་བྱེད།། བདུད་རྩི་གླ་རྩི་མུ་ཟི་དང། ། ཤུ་དག་ཀྱི་ལྕེ་དང་སྦྱར་ན།། ཤ་འཁྲིག་ཐལ་མིག་ནད་ལས་ཐར།། བདུད་རྩི་ར་མོ་ཤག་སྦྱར་ན།། ལུས་བདེ་བཅུད་ལེན་ཤིན་ཏུ་བཟང།། བདུད་རྩི་འོ་མ་སྦྱར་ཟོས་ན།། ཤིན་ཏུ་ཤ་མདངས་དཀར་བ་ཡིན། ། བདུད་རྩི་ཚ་སྣ་བུ་རམ་དང།། གཟེ་མར་སྦྱར་ན་མཁལ་ནད་འཚོ།། བདུད་རྩི་མར་ཁུ་རུ་རྟ་དང།། རྨ་བྱའི་སྒྲོ་དང་སྦྱར་བས་ན།། རྣ་བའི་ནད་ལས་གྲོལ་བར་བྱེད།། བདུད་རྩི་བྱ་ཡི་ཟས་དང་ནི།། ཨ་རུ་ར་དང་གླ་རྩིར་སྦྱར། ། སྙིང་གི་ནད་ལས་གྲོལ་བར་བྱེད།། བདུད་རྩི་བྲག་ཞུན་སྦྱར་བས་ནི།། མཆིན་པའི་ནད་ལས་ཐར་བར་བྱེད།། བདུད་རྩི་ཀ་ར་སྲོ་ལོར་སྦྱར།། གློ་ཡི་ནད་ལས་གྲོལ་བར་བྱེད།། བདུད་རྩི་བཅུད་དང་སྦྱར་བས་ནི། ། རླུང་གི་ནད་ལས་ཐར་བར་བྱེད།། བདུད་རྩི་དུར་བྱིང་རྒྱ་ཚྭར་སྦྱར།། བུ་ཡི་ནད་ལས་གྲོལ་བར་བྱེད།། བདུད་རྩི་ཀླད་པ་སྣ་ཚོགས་སྦྱར།། མགོ་ཡི་ནད་ལས་ཐར་བར་བྱཻད།། བདུད་རྩི་སྣུམ་དང་སྦྱར་བྱས་ན། ། བསྐུ་མཉེ་བྱས་ཏེ་དེ་བཞིན་ཕན།། བདུད་རྩི་ཅུ་གང་ཀ་ར་སོགས།། གཟེར་བའི་ནད་ལས་གྲོལ་བར་བྱེད།། བདུད་རྩི་བྱང་ཆུབ་སེམས་དང་སྦྱར།། བདུད་རྩི་པདྨའི་ཁྲག་དང་སྦྱར།། བདུད་རྩི་རུ་རྟ་ར་མོ་ཤག། རྐང་མགྱོགས་དངོས་གྲུབ་འཐོབ་པར་བྱེད།། བདུད་རྩི་འུག་པ་སྲིན་བྱའི་མིག། ཟོས་ན་མཚན་མོ་མཐོང་བ་ཡིན།། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། བདུད་རྩི་ཟོས་པའི་ཡོན་ཏན་གྱི་ལེའུ་སྟེ་སོ་གཅིག་པའོ། །།། དེ་ནས་རྡོ་རྗེ་འཛིན་པ་ཡིས།། རྡོ་རྗེ་འཆང་ལ་འདི་སྐད་ཞུས།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། དེ་ལྟར་འཚོ་བྱེད་སྨན་གསུངས་ནས།། སྐོར་འགོ་ཕན་གནོད་ལས་རྣམས་གང།། རང་གཤེད་སྤར་ཁ་སྨེ་བ་ཁམས། ། བསྟན་པ་བསྲུང་ཕྱིར་གསུང་དུ་གསོལ།། ཅེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། སྤར་ཁ་སྨེ་བ་ལོ་གཟའ་སྐར།། དུས་ཚོད་མཚོན་ཆས་སྲོག་ལ་དབབ། ། མེ་ཆུ་ཤིང་དང་ས་ལྕགས་ལ།། རང་གཤེད་རང་ལ་འབབ་དུས་བྱ།། ཀུང་ལ་ཕུར་པ་ཤིང་གིས་གདབ།། གླང་ལུག་འབྲུག་དང་ཁྱི་ཡི་གཤེད།། ཤར་སྐར་དྲུག་དང་སྟག་ཡོས་ལུག། ཤང་ལ་ཉི་མ་མིག་དམར་དང། ། རྟ་སྦྲུལ་ལྷོ་སྐར་དྲུག་དང་སྦྱར།། ཇི་ལ་ཟླ་བ་ལག་པ་དེས།། བྱི་ཕག་བྱང་སྐར་དྲུག་ལའོ། ཁྱི་འབྲུག་ཤར་སྐར་བཞི་ཡིས་སོ།། སྐག་ལ་པ་བ་སངས་བྱ་སྤྲེལ།། ནུབ་སྐར་དྲུག་དང་སྦྱར་བར་བྱ།། ཀུང་ལ་སྐག་གི་ཐོད་པར་བྱ། ། སྐག་ལ་ཤང་གི་ཐོད་པར་བྱ།། ཇི་ལ་བུ་ཡི་ཐོད་པར་བྱ།། ཤང་ལ་ཇྀ་ཡི་ཐོད་པར་བྱ།། འུ་ལ་ཀུང་གིས་ཐོད་པར་བྱ།། གཤེད་ཀྱི་ཟླ་བ་བསྟན་པ་ནི།། དཔྱིད་སྟོན་ར་བ་སྟག་སྤྲེལ་ཀེག། སྟོན་དཔྱིད་འབྲིང་པོ་བྱ་ཡོས་ཀེག། དཔྱིད་སྟོན་ཐ་མ་འབྲུག་གི་ཀེག། དབྱར་འབྲིང་དགུན་འབྲིང་བྱ་རྟའི་ཀེག། དབྱར་དགུན་ཐ་མ་གླང་ལུག་ཀེག། དབྱར་གུན་ར་བ་ཕག་སྦྲུལ་ཀེག། ཞག་ཀེག་དུས་ཚོད་མཁས་པས་བརྟག། རང་གཤེད་དུས་ལ་བབ་དུས་བྱ། ། ཕོ་མོ་སྐོར་སྐར་དགྲ་གྲོགས་གཤེད།། གཟའ་རྒོད་འགྱུ་དུས་ཕུང་བར་ངེས། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ངན་ཐབས་གཤེད་མ་གཙུག་ལག་རྩིས་ཀྱི་བསྟན་པ་བསྲུང་བའི་ལེའུ་སྟེ་སོ་གཉིས་པའོ། །།། དེ་ནས་ཡང་བཀའ་སྩལ་པ། གསང་སྔགས་རྡོ་རྗེའི་ཐེག་པ་འདིར།། སོ་སོའི་སྐྱེ་བོ་ལྷ་མིན་ནས། ཁམས་གསུམ་འགྲོ་བ་རིགས་དྲུག་དང།། ལོག་ལྟ་མུ་སྟེགས་རྟག་ཆད་དང། ། ཉན་ཐོས་སྡེ་པ་རང་རྒྱལ་ནས།། བྱང་སེམས་དབུ་མ་སེམས་ཙམ་དང།། ཀྲྀ་ཡ་ཨུ་པ་ཡོ་ག་སྟེ།། མ་ཧཱ་ཨ་ནུ་ཨ་ཏི་རྣམས།། ཐེག་ཆེན་རྡོ་རྗེ་འདི་དང་འབྲེལ།། དོན་རྣམས་ལ་ཤན་མཁས་པས་དབྱེ།། དང་པོ་རབ་ཏུ་དགའ་བ་ནས། ། བཅུ་པ་བཅུ་གསུམ་ས་ལམ་ཡང།། ཐེག་ཆེན་གནས་ལུགས་འདི་དང་འབྲེལ།། དོན་འབྲེལ་དོན་ལ་བརྩི་བར་བྱ། གནས་ལུགས་སྙིང་པོ་བཞི་སྐོར་ལ།། ཆོས་སྐུའི་དགོངས་པ་ཤེས་པར་བྱ། ། ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ།། དེ་ཡི་དོན་ལ་རྣལ་འབྱོར་བརྩོན།། བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན།། གནས་ལུགས་དོན་ལ་ཡེངས་པ་མེད།། བསམ་གཏན་ཕ་རོལ་ཕྱིན་པ་ཡིན།། གནས་ལུགས་མ་བཅོས་ཕྱོགས་ལྷུང་མེད། ། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན།། སྙིང་པོའི་དོན་རྟོགས་ཅིར་ཡང་བཟོད།། བཟོད་པའི་ཕ་རོལ་ཕྱིན་པ་ཡིན།། དེ་ཡི་གདམས་པ་འཁོར་ལ་སྦྱིན།། སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན།། གནས་ལུགས་སྙིང་པོ་བཞི་སྐོར་ཤེས། ། ཡེ་ཤེས་ཕ་རོལ་ཕྱིན་པ་ཡིན།། ཆོས་སྐུའི་སྙིང་པོ་གནས་ལུགས་སོ།། སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས།། གནས་ལུགས་ཐོ་ཆེན་བཞི་ཡིས་མཚོན།། ཐབས་ཀྱི་ཕ་རོལ་ཕྱིན་པ་ཡིན། ། འཁོར་འདས་རྒྱ་ཐོས་མྱ་ངན་འདས།། སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡིན།། གསང་སྔགས་འབྲས་བུ་བླ་མེད་འདིར།། ཐམས་ཅད་རྒྱུན་ཆད་མེད་པར་འབྲེལ།། རྒྱུད་དོ་ཅོག་གི་རྩ་བ་ཡིན།། དེ་ལུང་འཁོར་འདུས་ཕོ་མོས་བླངས། ། ལུང་མཆོག་དགོངས་པ་འདུས་པ་ཡིན།། ཚེགས་མེད་པ་རུ་གསང་བ་ཤེས།། མན་ངག་ཚེགས་ཆུང་དོན་ཆེན་ཡིན།། དེས་ནི་རང་དབང་རང་རིག་ཐོབ།། དབང་མཆོག་རྒྱལ་པོ་རང་དབང་ཡིན།། གནས་ལུགས་སྙིང་པོ་བཞི་སྐོར་ཡིན། ། འདའ་བའི་ས་མེད་དམ་ཚིག་མཆོག། སྙིང་པོའི་དཀྱིལ་ལ་བཞི་སྐོར་འཁོར།། དཀྱིལ་འཁོར་འཕྲོས་པས་དཀྱིལ་འཁོར་མཆོག། གཉིས་སུ་མེད་པ་མཆོད་པའི་མཆོག། རྣལ་མར་རྟོགས་པས་རྣལ་འབྱོར་མཆོག། ཀུན་ལ་བསྔགས་པས་གསང་སྔགས་ཡིན།། ཀུན་གྱི་ལས་རྫོགས་ཕྲིན་ལས་ཡིན།། མཚོན་ནས་བརྗོད་མེད་བསྒོམ་པ་ཡིན།། དེ་ལྟར་སྤྱོད་པས་སྤྱད་པ་ཡིན།། རང་ངོ་རང་ཤེས་ལྷ་དང་མཇལ། ། ཆོས་སྐུ་འབྲས་བུ་ལྷ་ཡི་མཆོག། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཐམས་ཅད་འབྲེལ་པ་རྫོགས་ཚུལ་གྱི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་ཡང་ལག་ན་རྡོ་རྗེས་རྡོ་རྗེ་འཆང་ལ་འདི་སྐད་གསོལ། ཀྱེ་ཀྱེ་རྡོ་རྗེ་ཆོས་ཀྱི་སྐུ།། རྒྱུད་ཆེན་འདི་ཡི་དཔེ་ནི་གང།། དེ་ལ་མཚན་དུ་ཇི་སྐད་གཟུང།། དུས་ཚོད་གང་དུ་དར་བར་བྱེད།། ཅེས་གསོལ་པས།། རྡོ་རྗེ་ཆོས་སྐུས་བཀའ་སྩལ་པ།། ཉོན་ཅིག་རིག་འཛིན་རྡོ་རྗེ་འཛིན། ། རྡོ་རྗེ་ཕོ་མོ་འདུས་པའི་ཚོགས།། ང་ཡི་རྒྱུད་ཆེན་ཀུན་ཡངས་འདིར།། དཔེར་ན་ནམ་མཁའ་ཇི་བཞིན་ཏེ།། ཕྱོགས་བཅུ་མི་དམིགས་ཕྱོགས་བཅུའི་གཞི། ཁ་དོག་མ་ཡིན་ཁ་དོག་གཞི།། དཔེར་ན་ནམ་མཁའ་ཆེན་པོ་འདྲ། ། དཔེར་ན་ཆུ་ཡི་རྒྱ་མཚོ་འདྲ།། དཔེར་ན་རིན་ཆེན་གསེར་དང་འདྲ།། དཔེར་ན་ནོར་བུ་རིན་ཆེན་འདྲ།། དཔེར་ན་མུན་པ་ཉི་མ་འདྲ།། དཔེར་ན་སྐྱེ་འཁྲུངས་ས་དང་འདྲ།། དཔེར་ན་དྲ་བ་མིག་མངས་འདྲ། ། དཔེར་ན་རྨ་བྱས་དུག་དང་འདྲ།། དཔེར་ན་སྨན་མཁས་སྨན་དང་འདྲ།། དཔེར་ན་འཇིམ་པའི་གཟུགས་དང་འདྲ།། དཔེར་ན་སངས་རྒྱས་སྤྱན་དང་འདྲ།། དཔེར་ན་སྒྱུ་མ་མཁས་པ་འདྲ། ། དེ་ཡི་རྒྱུད་ཆེན་ཀུན་གྲོལ་འདི།། བདུད་དང་བདུད་རྩི་ལྟ་བུ་ཡི།། མེ་དང་ཤིང་བུ་ལྟ་བུ་ཡིན།། རྒྱ་མཚོ་གཟའ་སྐར་ལྟ་བུ་ཡིན།། ཕྲེང་བ་ཕྲེང་ཐག་ལྟ་བུ་ཡིན།། ཤེལ་གོང་དར་དང་ཟ་འོག་འདྲ།། དེ་བཞིན་རྒྱུད་ཆེན་ཀུན་འབྲེལ་འདིར། ། ཀུན་གཞིའི་གནས་ལུགས་སྟོན་པས་ན།། སྙིང་པོ་སྤྱི་གཞིའི་རྒྱུད་དུ་ཟུང།། ཐམས་ཅད་གང་ཡང་བཅོས་པ་མེད།། མ་བཅོས་པ་ཡི་རྒྱུད་དུ་ཟུང།། གང་གི་ཕྱོགས་སུ་ལྷུང་བ་མེད།། ཕྱོགས་ལྷུང་མེད་པའི་རྒྱུད་དུ་ཟུང། ། གར་ཡང་རྒྱ་ཆད་མེད་པར་བསྟན།། རྒྱ་ཆད་མེད་པའི་རྒྱུད་དུ་ཟུང།། ཐམས་ཅད་རང་ལས་བྱུང་བས་ན།། རང་བྱུང་ཆེན་པོའི་རྒྱུད་དུ་ཟུང།། ཐམས་ཅད་འདི་དང་འབྲེལ་པ་སྟེ།། འབྲེལ་པ་ཆེན་པོའི་རྒྱུད་དུ་ཟུང། ། སྐུ་གསུང་ཐུགས་ལས་འགྱུར་མེད་པས།། རྡོ་རྗེ་ཆེན་པོའི་རྒྱུད་དུ་ཟུང།། རྩ་བ་ཐམས་ཅད་འདི་ལ་རྫོགས།། རྩ་བ་རྫོགས་པའི་རྒྱུད་དུ་ཟུང།། ལྟ་བ་སྒོམ་པ་སྤྱོད་པ་འབྲས།། ཡི་གེ་འབྲུ་ལ་ངོ་སྤྲོད་པས། ། ངོ་སྤྲོད་ཆེན་པོའི་རྒྱུད་དུ་ཟུང།། ཡི་གེའི་ཚོགས་ཀྱིས་ཐམས་ཅད་འགྲོལ།། ཡི་གེ་འགྲོས་ཀྱི་རྒྱུད་དུ་ཟུང།། རྟེན་དེ་ལ་བརྟེན་གདམས་ངག་བརྟེན།། རྟེན་འབྲེལ་ཆེན་པོའི་རྒྱུད་དུ་ཟུང།། ཡུལ་མི་གཉིས་ཀྱི་སྒྲོ་འདོགས་གཅོད། ། འབྲེལ་པ་ལོག་ནོན་རྒྱུད་དུ་ཟུང།། བདེན་མཉམ་རྫུན་མཉམ་རང་མེད་སྟོན།། རྒྱུ་ཟད་རྐྱེན་ཟད་རྒྱུད་དུ་ཟུང།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དཔེ་དང་མཚན་གྱི་ལེའུ་སྟེ་སོ་བཞི་པའོ། །།། དེ་ནས་ཡང་ནི་གདམས་པ་སྟེ།། རྡོ་རྗེ་འཛིན་པ་རྡོ་རྗེའི་འཁོར།། ཟུང་ཞིག་གཏད་དོ་རྡོ་རྗེ་འཛིན།། ལེགས་པར་ཆོངས་ཤིག་རིགས་ཀྱི་བུ།། ང་ནི་མྱ་ངན་འདས་འོག་ཏུ།། ཆོས་ལ་དར་ནུབ་གསུམ་འོང་གི། དུས་ཀྱི་སྙིགས་མ་ལས་ངན་བྱེད།། དེ་དུས་ང་ཡི་རྒྱུད་འདི་འབྱུང།། སེམས་ཅན་བསོད་ནམས་བྲི་བའི་རྟགས།། ཚེ་ཐུང་ནད་མང་ལོངས་སྤྱོད་ཆུང།། ཉོན་མོངས་རགས་ཏེ་ནད་འཁྲུག་འོང།། ཀུན་ལ་གཅེས་པའི་རྒྱལ་ཁྲིམས་ཉམས། ། ང་སྤྱད་ང་སྒྲིན་གཡོ་སྒྱུ་ཡིས།། དེ་ཚེ་རབ་ཏུ་བྱུང་བ་ཀུན།། འདུལ་ཁྲིམས་གཡོ་དང་ཁྲམ་དུ་བྱེད།། སྡེ་པའི་གནས་བརྟན་དམག་དཔོན་བྱེད།། དགེ་སློང་སྒོམ་ཆེན་ཁྲམ་པ་བྱེད། ། དགའ་སྤྱོད་བྱམས་སྒོམ་དག་ལ་བསྟོད།། སྔགས་པ་དམ་ཚིག་མི་བསྲུང་ཞིང།། ཕྱི་རོལ་མུ་སྟེགས་སྒྲུབ་པ་བྱེད།། ངན་སྔགས་འབའ་ཞིག་ནང་དམེ་བྱེད།། གཙོ་བོ་རྩད་འཆང་མནའ་ལ་ཟ།། དམངས་ཀུན་རང་དགའ་ངོ་ཚ་བྲལ། ། ཕོ་ནི་ཁྲིལ་ཤོར་ཇག་ཆོམས་བྱེད།། མོ་ནི་ཆོ་ཤོར་ལུས་ཚགས་ལྷོད།། ཀུན་ཀྱང་དཀོན་མཆོག་དཀོར་ལ་འབགགས།། བྱིས་པ་རྒན་སྤྱོད་ལས་ལ་བརྩོན།། གཉེན་དུ་བཅས་པས་དགྲ་རུ་འོངས། ། ཟས་ངན་དུག་གི་ཁ་ལེན་བྱེད།། ལྷར་བསྟེན་པ་ནི་བདུད་དུ་འབབས།། གདོན་དུ་ཀླུ་དང་ས་བདག་སྡང།། སྣ་ནི་བཙན་དང་རྒྱལ་པོས་འདྲེན།། ནད་དུ་རིམས་དང་དུག་གིས་འདེབས།། ཆོས་སྐོར་དགྲ་ཚད་བྱེད་པ་སྟེ། ། ཨར་བས་ལམ་འཕྲང་བསྲུང་ཞིང་འཚེ། ཁྲིམས་ལ་བག་ཙམ་གནས་པའི་ཚེ།། ང་ཡི་རྒྱུད་ཀྱིས་གྲོལ་བར་བྱེད།། རྒྱུད་ཆེན་ནོར་བུ་ནམ་མཁའ་འདི།། ནོར་བུ་ནམ་མཁའ་འདི་ཐོས་པས། ། ཐོས་པས་དྲེད་པའི་གཏིང་འཁྱགས་དང།། ཐོས་ཆུང་བློ་སྦྲམ་རྟོག་མང་དང། ཁ་དཀར་གཏིང་ནག་བྲག་གངས་འདྲ།། གཞོགས་སྨོད་སྙིང་འདོད་རྡོ་གསེར་ཆུ།། སྐྱེར་ཚེར་དར་གྱིས་གཏུམས་འདྲ་ལ།། སྲོག་ཆགས་ཀུན་པའི་ཁ་བཞིན་སྡོམ། ། ཆེ་རྒྱུད་དྲེགས་པས་བཅིངས་པ་བཞིན།[་ཨུ0f7ཅ]། བཙུན་པ་བཙད་པོ་སློབ་དཔོན་དང།། རྗེ་དཔོན་སྔགས་ཀྱི་སྣོད་མིན་གསོད།། བསྟན་ཡང་དྲིན་མེད་སྣོད་ངན་གཉིས།། བུ་དང་ཆུང་མ་གཉིས་ལས་སྦ། ། འཇིག་རྟེན་རྒྱུར་འགྱུར་འབྲེད་སྣོན་བྱེད།། སེར་སྣས་གཏོང་ཕོད་ཚུལ་ལ་སྡོམ།། ལྟ་ལོག་མུ་སྟེགས་སྐྱོན་ཅན་གཞི།། དམ་མེད་སློབ་དཔོན་མཉེས་མི་བྱེད།། རུམ་ཞུགས་སེམས་ཅན་རླུང་བཞིན་སྡོམ། ། དད་པ་སྐྱོན་མེད་གསང་བ་ཐུག། བླ་མ་རྣམ་གཉིས་རྟག་ཏུ་འཁུར།། བླ་མ་མཉེས་བྱེད་གཏོང་ཕོད་ཆེ།། སྲོག་ལུས་བུ་སྨད་ནོར་མི་འཕངས།། ལེ་ལོ་གཡོ་མེད་དམ་ཚིག་བརྩོན།། ཚི་ཆེན་བཀྲག་མེད་ཐེག་ཆེན་བློ། ། བག་ཡངས་སྤྱོད་པ་གསང་བ་ཐུབ།། དབང་པོ་སྐྱོན་མེད་ཡན་ལག་བདེ།། ལུས་དྲང་ཁམས་བཟང་ཉམས་སུ་ལེན།། གཞན་གྱིས་མི་འགྱུར་གཅིག་ལ་གདམས། ཁ་གཅིག་གཏིང་གཅིག་བྱིས་པའི་སྤྱོད།། དེ་འདྲའི་སྐལ་ལྡན་བུ་ཡིས་སྤྱོད། ། ཅེས་གསུངས་སོ།། དེ་ནས་སྟོན་པ་ཉིད་མྱ་ངན་ལས་འདས་སོ།། ལག་ན་རྡོ་རྗེ་ལ་སོགས་པ་འདུས་པ་རྣམས་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་དོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་སོ་ལྔ་པའོ། །།། རྫོགས་སོ།།།། ཨུ་རྒྱན་གྱི་སློབ་དཔོན་པདྨ་དང། བོད་ཀྱི་དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །།། རྒྱ་རྒྱ་རྒྱ།[xxx]། རྒྱ་གར་སྐད་དུ། དྷརྨ་སརྦ་བྷེ་ལ་ཨ་ཏི་ཏི་ལ། བོད་སྐད་དུ། ཆོས་ཐམས་ཅད་ཀྱི་དོན་སྟོན་པ་རྫོགས་ཆེན་ཐིག་ལེ་ཉག་གཅིག་ཡེ་ནས་བྱ་རྩོལ་བྲལ་བ། ཀ་དག་ལྷུན་གྲུབ་མཉམ་ཉིད་ཕྱོགས་བྲལ་བརྡལ་ཁྱབ་ཆེན་པོའི་ཀློང་ལ་ཕྱག་འཚལ་ལོ།
CLOSE WINDOW