CLOSE WINDOW

Gpb032.008: རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ
Wylie

དེས་སྲས་ཡེ་ཤེས་སེང་གེ་ལ་གཏད། དེས་རྔོག་སྟོན་འོད་འབར་ལ་གཏད། དེས་རོང་པ་གནུབས་ཆུང་བ་དང། ཉང་བན་རིན་ཆེན་གཙུག་ཏོར་ལ་གཏད་པའོ།།།། རྒྱ་གར་སྐད་དུ། སནྟི་མ་ཧཱ་ས་མནྟ་བྷ་དྲ་ཙི་ཏ་གུ་ཧྱ་ནཱ་མ་ཏནྟྲ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་སྟོང་གསལ་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་མ་ཧོ།། ཉོན་ཅིག་རྡོ་རྗེ་འཛིན་ཚོགས་རྣམས། ། རིག་པ་སྟོང་གསལ་རྟོགས་འདོད་ན།། དང་པོ་སེམས་ཉིད་གཟུང་བ་དང།། དེ་ནས་ལམ་དུ་བླང་བར་བྱ།། ཞེས་བཀའ་སྩལ་ཏོ།། དེ་ནས་རྡོ་རྗེ་སེམས་དཔས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང། ། རིག་པ་སྟོང་གསལ་རྟོགས་པ་ཡི།། སེམས་གཟུང་ལམ་དུ་བླང་བ་ནི།། དེ་དོན་རིམ་པ་ཇི་ལྟར་ལགས།། དེ་སྐད་གསོལ་བའི་ཚིག་གསན་ནས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། སེམས་གཟུང་རིམ་པ་འདི་ལྟ་སྟེ། ། མཐོ་དང་རི་མོ་འཇམ་རླུང་དང།། ཐིག་ལེ་གདུགས་དང་འཁོར་ལོ་དང།། ཡིག་འབྲུ་དང་ནི་ཤེས་རབ་མ།། སློབ་དཔོན་དྲག་ཤུལ་ནམ་མཁའོ།། ཞེས་གསུངས་སོ།། རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་དང་པོའོ། །།། དེ་ནས་གཞན་ཡང་བཀའ་སྩལ་པ།། དང་པོ་མཐོ་ལ་གཟུང་བ་ནི།། མདུན་དུ་རྩིག་པ་ལ་གཏད་དེ་གཟུང། རི་མོ་དག་ལ་གཟུང་བ་ནི།། རི་མོའི་ནང་དུ་གཟུང་བར་བྱ།། འཇམ་རླུང་དག་ལ་གཟུང་བ་ནི། ། སྟེང་འོག་བར་རླུང་རང་སར་གཟུང།། ཐིག་ལེ་དག་ལ་གཟུང་བ་ནི།། སྨིན་མཚམས་དག་གམ་སྣ་རྩེ་རུ།། ཐིག་ལེ་དག་ལ་གཏད་ལ་གཟུང།། དེ་བཞིན་གཟུགས་ལ་གཟུང་བ་ནི།། རྒྱ་གདུགས་སྟེང་ན་བདག་ཉིད་འདུག། དེ་ཉིད་འཁོར་བ་དག་ལ་གཟུང།། འཁོར་ལོ་དག་ལ་གཟུང་བ་ནི།། ཤོག་བུའི་འཁོར་ལོ་བླ་མས་གཟུང།། སྣ་རུ་བདུག་པ་རྣ་བར་སྒྲ།། མ་ཡེངས་གཏད་ལ་གཟུང་བར་བྱ།། ཡིག་འབྲུ་དག་ལ་གཟུང་བ་ནི། ། སེམས་ཀྱི་གནས་ས་གཞི་རུ་ཡང།། ཨ་སོགས་ཡིག་འབྲུ་དག་ལ་གཟུང།། ཤེས་རབ་མ་ལ་གཟུང་བ་ནི།། མཁའ་གསང་བརླབ་ཅིང་དབང་པོ་སྤྲད།། ཐིག་ལེ་གཉིས་ཤོར་གཉིས་ལ་གཟུང།། སློབ་དཔོན་དག་ལ་གཟུང་བ་ནི། ། སྤྱི་བོའི་གཙུག་ཏུ་བསམ་ལ་གཟུང།། དྲག་རླུང་དག་ལ་གཟུང་བ་ནི།། ཤེས་པའི་འགྲེང་ལྡོག་བྱས་ལ་གཟུང།། ནམ་མཁའ་དག་ལ་གཟུང་བ་ནི། ཁྲུ་གང་དཔངས་ལ་གཏད་དེ་གཟུང། ། ཞེས་གསུངས་སོ།། རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་ནི་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་རྣམས།། སེམས་འཛིན་པ་ཡི་དུས་ཉིད་དུ།། ཡོན་ཏན་སྐྱོན་དུ་སྣང་བའི་ཕྱིར། ། སྐྱོན་རྣམས་བཅོས་པ་འདི་ལྟར་བྱ།། རླུང་སྐྱེས་པར་ནི་གྱུར་པ་ལ།། ཤེས་པ་རྒོད་ཅིང་གཉིད་མི་ཕེབས།། དེ་ལ་བསྐུ་མཉེ་བཅུད་ཅན་བརྟེན།། མཁྲིས་པ་བསྐྱེས་པར་གྱུར་པ་ན།། སེར་པོ་དམར་པོར་སྣང་བ་དང། ། བད་ཀན་སྐྱེས་ན་སྤོ་འཁྲོག་བྱེད།། དེ་དག་མི་བདེ་གྱུར་པ་ན། ཁ་ཟས་བསིལ་བཏང་བཅོས་པར་བྱ།། སེམས་འཛིན་པ་ཡི་དུས་ཉིད་དུ།། གཡེང་བ་འབྲེལ་བསྐྱུངས་ཐག་བཅད་ལ།། བདེ་བའི་སྟན་ལ་འདུག་ནས་ནི། ། དྲག་ཏུ་མ་ཡེངས་གཟུང་བར་བྱ།། སེམས་མ་ཟིན་པའི་བར་དུ་ཡང།། མཚན་མ་ཁ་ཐོན་སེམས་འཛིན་དང།། སེམས་ལས་རྒྱུ་འགྲུལ་བཅད་དེ་སྤངས།། དེ་ནས་སེམས་འཛིན་བརྟན་པ་དང།། རིག་པ་སྟོང་གསལ་ལྟ་བ་སྟེ། ། དེ་ཡི་ངང་ལ་བསྒོམ་པར་བྱ།། དེ་ལས་འབྲས་བུ་སྐུ་དང་ནི།། ཡེ་ཤེས་དག་ཏུ་སྣང་བ་སྟེ།། རང་དོན་ཆོས་སྐུར་ནོར་སོང་ནས།། འགྲོ་དོན་གཟུགས་སྐུ་གཉིས་ཀྱིས་བྱེད།། དེ་ནི་ལམ་དུ་བསླང་བའི་དོན། ། ཞེས་གསུངས་སོ།། རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་གསུམ་པའོ།།།། དེ་ནས་དཔལ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ་དེས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། རྒྱུད་འདི་ནི་མ་ཚང་བ་ཁ་སྐོང་བ་ཕྱི་མའི་ཕྱི་མ་ཞེས་བྱ་བ་ཡིན་ཏེ། འཁོར་བ་ཐམས་ཅད་མྱང་འདས་ལས་བསྒྲལ་ཞིང་སྐུ་དང་ཡེ་ཤེས་སུ་ལ་བཟླ་བའི་ཕྱིར་ཤིན་ཏུ་གཅེས་སྤྲས་ཀྱིས་གཟུང་ཞིང་བཅང་པར་བྱའོ།། ཞེས་བཀའ་སྩལ་པ་དང། འཁོར་རྣམས་ཡི་རངས་ཏེ། སྟོང་གསལ་ཆེན་པོའི་ངང་དུ་སངས་རྒྱས་པར་གྱུར་ཏོ།། རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་བཞི་པའོ།།།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ་རྫོགས་སོ། །།། རྒྱ་གར་གྱི་སློབ་དཔོན་ཤྲཱི་སིངྷ་པྲ་བྷཱ་ཏཱ་དང། བོད་ཀྱི་ལོ་ཙཱ་བ་གནུབས་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །།། རྒྱུད་འདི་ཡང་དབེན་དུ་མ་ཧཱ་ཀཱ་ལ་བཀའ་བསྲུང་གཏད་དེ། སྦས་ནས་ཡོན་ཏན་རྒྱ་མཚོ་སྐྱེ་བ་བདུན་པ་གཅིག་དང་འཕྲད་དེ། བསྟན་པའི་སྙིང་པོ་འཇུག་པར་གྱུར་ཅིག།།།

CLOSE WINDOW