Wylie |
། བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག།།། སརྦ་མངྒ་ལཾ།། དགེའོ།། དགེའོ།། དགེའོ།།།། མ་ཚང་བ་ཁ་བསྐོང་བའི་རིགས་རྣམས་སོ། ། རྒྱ་གར་སྐད་དུ། སན་དྷི་མ་ཧཱ་ས་པ་ཤི་ཀ་གརྦྷཱ་མ་སུ་ཁ་ཙཀྲ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རང་བྱུང་རིག་པའི་རྒྱལ་པོ་ཡེ་ཤེས་ཀྱི་སྐུ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ། ། འདི་སྐད་གསུངས་པའི་དུས་གཅིག་ན།། ངོ་བོ་ཉིད་རྟོགས་ཀུན་བཟང་དེ།། བདེ་གཤེགས་འོག་མིན་གནས་མཆོག་ཏུ།། རིགས་ལྔ་རྒྱལ་བ་ལ་སོགས་པ།། རང་ཤར་ཆོས་སྐུ་བྱིན་རླབས་བཤད། ། དེ་ཚེ་སེམས་དཔས་དོན་རིག་ནས།། གཙང་རིས་ལྷ་ཡི་གནས་ཆེན་དུ།། བརྩེ་དགོངས་དུས་ལ་བབ་གྱུར་ནས།། རིག་འཛིན་སེམས་དཔའི་འཁོར་རྣམས་ལ།། ངེས་དོན་རང་གི་ངོ་བོས་བཤད།། དེ་ནས་ཤཱཀ་ཐུབ་སྤྲུལ་པ་ཡིས། ། འཛམ་གླིང་བདེ་ལྡན་གནས་དག་ཏུ།། དད་ལྡན་དུས་ཀྱི་དེ་སོང་ན།། གསང་བདག་སྤྲུལ་པའི་དད་ཉན་ལ།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས།། ད་ཡང་སྟོན་པའི་འཁོར་རྣམས་ཉོན། ། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ།། གདུལ་བྱའི་འཁོར་ལ་ཐ་དད་ཀྱང།། དུས་གསུམ་གཅིག་སྟེ་ཁྱད་མེད་ཕྱིར།། རིམ་པར་དབྱེར་མེད་ངོ་བོས་གཅིག། དེ་སྐད་གསུངས་པའི་དོན་གོ་ནས།། སྐལ་ལྡན་འདུས་པ་རྣསམ་ཀྱིས་ཀྱང། ། གུས་ཉན་དད་པས་རྩེ་གཅིག་ཏུ།། དད་ཅིང་མོས་པའི་ཡིད་ཀྱིས་འཁོད།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ། ། བདེན་པ་ཡིད་ཀྱིས་དེ་སྐད་གསོལ།། ངེས་དོན་བཤད་དུས་གང་ལ་བབ།། སྣོད་ཀྱི་རིམ་པ་གང་ལ་བསྟན།། ཚིག་དང་ཡི་གེས་ཇི་ལྟར་མཚོན།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལེགས་སོ་དད་ལྡན་འཁོར་རྣམས་ཉོན།། དེ་དོན་ངས་བཤད་ཡིད་ཀྱིས་ཟུང།། དུས་ཀྱི་ཐ་མ་ལྔ་བརྒྱ་ན།། མནའ་ཟ་ཁྲིམས་འཆལ་དམ་ཉམས་འབྱུང།། མཚོན་དང་མུ་གེ་ཚེ་ཐུང་དུས། ། རྫོགས་ཆེན་སྙིང་པོ་དུས་དེར་བཤད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡང་དུས་ཀྱི་དེ་སང་ན།། སངས་རྒྱས་བསྟན་པ་འཇིག་པའི་ཚེ།། འཛམ་གླིང་བོད་ཀྱི་བྱང་ཕྱོགས་སུ།། རྒྱུད་དང་ཏནྟྲ་མང་པོ་འབྱུང། ། ལུང་དང་སེམས་ཀྱི་ཆོས་དར་ཏེ།། སྡེ་སྣོད་ཆོས་ཀུན་ནུབ་འགྱུར་ཞིང།། དེ་ཚེ་སྐལ་ལྡན་འགའ་འགའ་ལ།། བསྟན་པ་ཙམ་གྱིས་རྟོགས་པ་ཡི།། འབྲས་བུ་སངས་རྒྱས་དུས་འདིར་འབྱུང།། ད་ཡང་འདུས་པའི་འཁོར་རྣམས་ཉོན། ། དད་ལྡན་སློབ་མ་བརྩེ་གདུང་ཅན།། མངགས་པའི་ལས་ལ་གུས་པར་བྱེད།། ཡིད་འཐད་རྫས་ལ་ཕངས་མེད་དབུལ།། མི་སྤེལ་གཉེར་ཐུབ་རྣམས་ལ་བཤད།། དེ་དང་མི་ལྡན་སྣོད་ངན་ནི། ། གྱོང་ལ་ཁེངས་པའི་ང་རྒྱལ་ཅན།། སེར་སྣ་ཆེ་ལ་གཏོང་ཕོད་ཆུང།། མན་ངག་སྲེད་ཆེན་ཀུན་ལ་སྤེལ།། ཕྱི་ཐག་ཆུང་ཞིང་བླ་མ་སྨོད།། ཟས་ལ་ངན་ལ་ནོར་དད་ཆེ།། ཆོས་ལ་རང་བཟོ་རིག་པ་འཇུག། རང་རྒྱུད་མ་དུལ་གཞན་ལ་སྟོན། ། རྣམ་སྨིན་མི་བལྟ་གྲགས་པ་སྒྲུབ།། ཕྱི་ནང་མེད་པར་ཕྱར་ཁ་གཏོང།། དེ་དག་སྣོད་ངན་མི་རྣམས་ལ།། ཡང་དག་ངེས་དོན་འདི་བསྟན་ན།། མཁའ་འགྲོ་རྣམས་ཀྱིས་སྲོག་བཅད་ནས། ། ཕྱི་མར་མནར་མེད་དམྱལ་བར་ལྟུང།། དེ་ཕྱིར་མ་བརྟགས་ཆོས་མི་བཤད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཚིག་དང་ཡི་གེས་དོན་མཚོན་ཏེ།། མན་ངག་སྙིང་པོས་ཁོག་ཕུབ་ནས།། དོན་དང་མི་འགལ་ས་བཅད་ལ། ། ཚིག་ཉུང་དོན་ཆེན་རྫོགས་པར་བཤད།། དེ་ལྟར་མི་ཤེས་གང་ཟག་གིས།། དོན་མེད་ཚིག་གིས་གོང་འོག་དཀྲུག། རྩལ་བཤད་ཐོ་ཆོས་གཞུང་ཉམས་བྱེད།། མཚམས་མེད་སྡིག་པའི་ཆར་མི་ཕོད།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ། ། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དོན་གྱི་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཀུན་རིག་སྟོན་པ་དེས།། ངེས་དོན་རྩ་བ་འདི་གསུངས་སོ།། ངོ་བོ་གཞི་ཡི་གནས་ལུགས་དང། ། ལྟ་སྒོམ་སྤྱོད་པ་འབྲས་བུའི་དོན།། རྟོགས་པའི་ཡོན་ཏན་ད་ལྟའི་དུས།། མངོན་དུ་གྲུབ་པ་ངས་བཤད་ཉོན།། ཡུལ་མེད་ངོ་བོ་རང་བྱུང་སྐུ།། འཁོར་འདས་མ་རིག་གདོད་ནས་བྱུང།། དེ་དོན་ཀུན་ལ་ཡེ་ནས་གནས། ། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ཁྱུང་ཆེན་ལྡིང་བ་བཞིན།། ངེས་པའི་ལྟ་བ་གདེང་ལྡན་པས།། འཁོར་འདས་དངོས་པོ་ཅིར་སྣང་ཡང། ། གཟུང་འཛིན་ཞེན་རྟོག་གཞི་ལ་མེད།། མ་ཀི་ཏ་ཡིས་གང་ཐེབས་བཞིན།། ལྟ་བ་ངོ་བོ་ཉིད་རྟོགས་པས།། ཅི་དྲན་མ་བསྒོམས་ཆོས་ཉིད་གསལ།། བཞག་བླང་མེད་པ་རྒྱུད་དུ་གནས།། བི་ཤྭ་ཀརྨས་བྱས་ལེགས་བཞིན། ། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ།། ཡེ་ཤེས་རྩ་བ་དོན་གྱིས་ཟིན།། ཉེས་པའི་སྐྱོན་གྱིས་གོས་མེད་པ།། ཡིད་བཞིན་ནོར་བུའི་ཡོན་ཏན་བཞིན།། རང་སེམས་ཆོས་སྐུར་དོན་རྟོགས་པས།། མི་ཡི་ལུས་ལ་སངས་རྒྱས་ཐུགས། ། གདུལ་བྱ་གཟུགས་སྐུ་ཤུགས་ལས་འབྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་ངོ་བོ་གཅིག་གཅིག་ལ།། ཚིག་གིས་མཚོན་པ་ཐ་དད་ཀྱང།། ཡུལ་མེད་རང་གསལ་ཉིད་དུ་འདུས།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ངེས་དོན་རྩ་བ་གཅིག་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ། ། ཡིད་ཀྱིས་དྲན་པས་འདི་སྐད་གསོལ།། སྣང་མེད་ངོ་བོ་གནས་ལུགས་གང།། གཞི་ལ་འཕོ་འགྱུར་ཇི་ལྟར་མེད།། སེམས་ཅན་ཀུན་ལ་ཇི་ལྟར་ཡོད།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྣང་མེད་ངོ་བོ་གནས་ལུགས་ནི།། དུས་གསུམ་མེད་པའི་སྔོན་རོལ་ན།། འདས་པ་བས་ཀྱང་རང་བྱུང་སྔ།། རྒྱུ་རྐྱེན་མེད་པའི་སྔོན་རོལ་དུ།། འབྲས་བུ་རང་བྱུང་སྙིང་པོ་བྱུང། ། འབྱུང་བ་ཆེན་པོའི་སྔོན་རོལ་དུ།། ང་དང་ནམ་མཁའ་དུས་མཉམ་ཕྱིར།། སངས་རྒྱས་ཐམས་ཅད་ང་ཉིད་ཡིན།། བསྟན་པ་མེད་པའི་སྔོན་རོལ་དུ།། སངས་རྒྱས་པས་ཀྱང་རང་སེམས་སྔ། ། ཐེག་པ་མེད་པའི་སྔོན་རོལ་དུ།། ལྟ་བའི་ཆོས་སུ་རང་སེམས་བྱུང།། སྐྱེ་འཆི་མེད་པའི་སྔོན་རོལ་དུ།། མྱང་འདས་པས་ཀྱང་རང་སེམས་སྔ།། ཆོས་ཉིད་མེད་པའི་སྔོན་རོལ་དུ།། སྟོང་པ་ཉིད་ལས་རང་སེམས་སྔ། ། བདེ་གཤེགས་མེད་པའི་སྔོན་རོལ་དུ།། སེམས་ཅན་ལས་ཀྱང་ཆོས་སྐུ་སྔ།། མཚོན་ཚིག་མེད་པའི་སྔོན་རོལ་དུ།། ཐ་སྙད་པས་ཀྱང་དོན་འདི་སྔ།། ང་ནི་རྒྱུ་མེད་འབྲས་བུ་སྟེ།། རང་བྱུང་རྒྱུ་མེད་སྙིང་པོ་ཡིན།། དེ་ཕྱིར་མི་སྐྱེ་དོན་མི་བགག། སྐྱེ་འཆི་མེད་པ་རྡོ་རྗེ་འཆང།། ང་ནི་ནམ་མཁའི་རང་བཞིན་ཏེ།། བག་ཆགས་མ་བརྟགས་ས་ཆུ་མེད།། གཟུགས་མེད་ཡེ་ཤེས་ངོ་བོ་ལ།། རླུང་མེད་མེ་ནི་ཅི་ལ་འབྱུང།། དེ་ཕྱིར་ངོ་བོ་ཉིད་ཀྱི་སྐུ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ་ཉིད་ལ་ནི།། རྒྱུ་མེད་མ་སྐྱེས་ཡང་དག་ཡོད།། སྒྲོ་སྐུར་བྲལ་བའི་རིག་པ་ལ།། འཕེལ་འགྲིབ་མེད་པས་རྒྱུན་དུ་གནས།། ཡང་དག་བྱང་ཆུབ་སྙིང་པོ་ལ།། ཐོགས་པ་མེད་ཅིང་སྤང་བ་མེད། ། འཁོར་འདས་གཉིས་ཀྱིས་འཛིན་པ་དེ།། ཐ་སྙད་ཡིན་ཏེ་དོན་དུ་མེད།། ཆོས་སྐུ་མཚན་ཉིད་རྣམ་པར་དག། བདག་མེད་ཆོས་ལ་སྐྱེ་འཆི་མེད།། ངོ་བོ་ཉིད་ལ་བསྒོམ་མི་དགོས།། མར་མེ་རང་གི་མཚན་ཉིད་འདྲ། ། ཡོད་མེད་ཡུལ་གྱི་མཐའ་ལས་འདས།། དེ་དོན་རང་བཞིན་འོད་གསལ་བས།། གདོད་ནས་དག་པས་ནམ་མཁའ་འདྲ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྣང་མེད་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། རང་རིག་རྩ་བ་ཆོས་སྐུ་ལ།། ཡོན་ཏན་ལྷག་མ་མེད་པར་རྫོགས།། རང་བྱུང་སངས་རྒྱས་ཡེ་ཤེས་སྐུ། ། མ་སྐྱེས་ཡོངས་སུ་གྲུབ་པའི་ལྷ།། ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ།། ངོ་བོ་དམིགས་མེད་བརྗོད་ལས་འདས།། ཡང་དག་ལྟ་བ་མཐར་ཕྱིན་པས།། ཕ་རོལ་ཕྱིན་པ་ཡེ་ནས་གནས།། སངས་རྒྱས་ཀུན་གྱི་སངས་རྒྱས་ལ། ། འགྲོ་བ་ཡོངས་ཀྱི་ཁ་ལོ་བསྒྱུར།། བསྐྱེད་པ་མེད་པའི་འབྲས་བུ་ལ།། བྱས་པ་མེད་པའི་ཆོ་འཕྲུལ་འབྱུང།། ཐམས་ཅད་རང་བྱུང་ང་ཡི་རྩལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དོན་ལ་འགྱུར་མེད་ལྟ་བའི་གཞི། ། ཡུལ་ལ་མི་ལྟོས་རང་བྱུང་སྐུ།། ཡེ་ནས་ནམ་མཁའི་མཐའ་དང་མཉམ།། གཞི་ལས་འགྱུར་མེད་བྱང་ཆུབ་སེམས།། སྐྱོན་གྱིས་མ་གོས་དྲན་པ་ལ།། འཕོ་འགྱུར་མེད་པར་བརྡལ་བའི་སྐུ།། མི་སྐྱེ་མི་འགག་རང་རིག་ཀློང། ། བསྒོམ་པས་མི་རྙེད་འགྱུར་མེད་ཕྱིར།། འབྲས་མེད་ད་ལྟ་ང་ཡི་ཐུགས།། བསྐལ་པར་འཁྱམས་ཀྱང་སྐྱེ་འཆི་མེད།། དེ་རྟོགས་རིག་པ་ཀུན་གྱི་གཞི།། མ་བསྒོམས་ཡེ་ཤེས་མཐར་ཕྱིན་པ།། རེ་བ་མེད་ཕྱིར་ལུང་མི་སྲིད། ། གདོད་ནས་འགྱུར་མེད་ཡེ་ཤེས་སྐུ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གཞི་ལས་འཕོ་འགྱུར་མེད་པའི་ལེའུ་སྟེ་བཞི་པའོ། །།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། སེམས་ཅན་ཀུན་གྱི་ལུས་ནང་ན།། རང་རིག་རྒྱལ་པོ་ཡེ་ཤེས་དེ།། རང་གི་སེམས་ལ་ཡེ་ནས་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཡང་དག་ངེས་པའི་ཆོས་སྐུ་ནི།། དངོས་པོར་མ་གྲུབ་ཡུལ་ལས་འདས།། རིག་པ་རྒྱུན་ཆགས་དེ་ཉིད་ནི།། འགྲོ་དྲུག་ཀུན་གྱི་སེམས་ལ་གནས།། སྐྱེ་མེད་ཡེ་ཤེས་རང་བྱུང་སྟེ།། ཆེད་དུ་མ་བྱས་རང་གསལ་བ། ། དེ་ཉིད་རང་རིག་ཙམ་ལས་ནི།། བཅོས་སུ་མེད་པས་ནམ་མཁའ་འདྲ།། སེམས་ཅན་ཀུན་གཞི་བཞི་ཆ་ལ།། རང་བྱུང་ཆོས་སྐུ་ཡོད་མེད་ཀྱང།། ལུང་མེད་རྐྱེན་གྱིས་རང་རིག་བསྒྲིབས།། དེ་ཕྱིར་ཡེ་ཡོད་རྟོགས་པར་བྱ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་ལུས་ཀྱི་ཚོར་བ་ལ།། རང་རིག་ཡེ་ཤེས་རྒྱུན་མི་འཆད།། འདུ་འབྲལ་མེད་པས་ཡེ་ནས་གནས།། དེ་ཕྱིར་ཉོན་མོངས་སྦུབས་ནང་ན།། ཀུན་བཟང་ཡེ་ཤེས་སེམས་ལ་གནས། ། ངེས་དོན་ལུང་བསྟན་དོན་རྟོགས་ནས།། དེ་དོན་གཞན་ནས་བསྒྲུབ་མི་དགོས།། སེམས་ཅན་བྱང་ཆུབ་སུ་འདོད་པ།། ཀུན་གཞིའི་གསེབ་ནས་དོན་ཚོལ་ལ།། དེ་ཡི་ངང་ལ་གནས་པར་གྱིས།། དེ་དོན་རྒྱལ་བའི་དགོངས་པ་ཡིན། ། བདེ་གཤེགས་རྣམས་ཀྱི་སྙིང་པོ་ཡང།། སེམས་ཅན་ལུས་ལ་ཡོད་མོད་ཀྱང།། ཤེས་པ་མ་མཐོང་ཙམ་དུ་བས།། དེ་མཐོང་ངེས་པའི་གདམས་ངག་ལ།། ཤེས་པ་རྟག་ཏུ་འབྲལ་བ་མེད། ། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་རིག་འཁྲུལ་པ་ཡོད་བཞིན་དུ།། འབྲས་བུ་སངས་རྒྱས་ཐུགས་ལ་གནས།། དེ་ཕྱིར་གཞན་ནས་འབྱུང་བ་མེད།། ཐོགས་མ་མ་ཡིན་དུས་འདིར་རང།། དེ་ཡང་རང་རིག་ཡེ་ཤེས་ནི། ། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། འགྲོ་དྲུག་ཀུན་ལ་རང་རིག་ཁྱབ།། སྐྱེ་འགག་མེད་པར་རྒྱུན་དུ་གནས།། དཔེར་ན་ས་གཏིང་ནམ་མཁའ་བཞིན།། འགྲོ་འོང་མེད་པར་ཆོས་སྐུ་གནས།། དེ་དོན་མ་རྟོགས་བློས་བསླད་ནས། ། འཁོར་བར་འཁྱམས་པས་ཉམས་པ་མེད།། རང་རྒྱུད་རིག་པའི་ཡེ་ཤེས་ནི།། སྤྲིན་མེད་མཁའ་ལ་ཉི་ཤར་བཞིན།། འདུས་མ་བྱས་པའི་ཀློང་དཀྱིལ་ན།། རང་རིག་ཡེ་ཤེས་ཆོས་སྐུ་བཞུགས།། རིན་ཆེན་ག་འུར་འོད་ཐིམ་ལྟར། ། ལུས་ཀྱི་ནང་ན་ཆོས་སྐུ་ཡོད།། ལུས་ཞིག་དྲན་པ་ལུགས་སུ་འཇུག། དེ་བཞིན་འཁོར་བའི་རྒྱུད་ཁ་འཁོར།། དོན་རྟགས་རང་རིག་གནས་སུ་ཆེ།། རིག་པ་རང་བྱུང་ངོ་བོ་དེ།། སེམས་ཅན་ཀུན་གྱི་ཡིད་ལ་གནས། ། དེ་ཕྱིར་འཁོར་འདས་ཀུན་གྱི་གཞི།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སེམས་ཅན་ཀུན་ལ་གནས་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་རིག་རྗེ་ལ་ཡང་གསོལ་པ།། དོན་གྱི་གནས་ལུགས་རྟོགས་ཐབས་གང།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ། ། དེ་དོན་ངས་བཤད་ཡིད་ཀྱིས་ཉོན།། ངེས་པའི་བླ་མ་ལུང་ལྡན་ལ།། དད་པ་བརྩོན་འགྲུས་དམ་ཚིག་གིས།། བཀུར་སྟི་རིམ་གྲོ་གུས་བྱས་ནས།། མན་ངག་སྙིང་པོ་སྣང་བར་འགྱུར།། ད་ཡང་འདུས་པའི་སྙིང་པོ་ཉོན། ། དཔེར་ན་བྲམ་ཟེ་གླང་ཆེན་བཞིན།། རྒྱལ་པོའི་བཀའ་ཡི་བཙན་ཕུལ་གྱིས།། བྲིད་བསྡིགས་གཡོ་སྒྱུས་ནོར་འདོད་པ།། སྲོག་སྙིང་མེད་པས་ཕན་མི་ཐོགས།། དེ་བཞིན་ངེས་པའི་ལུང་ལྡན་གྱིས། ། གདམས་ངག་ཆོས་སྐུ་མ་བསྟན་ན།། ཐབས་དང་གཡོ་སྒྱུ་སྣ་ཚོགས་ཀྱིས།། བཀའ་རྐུན་སྐྱོན་གྱིས་ཆོས་བཙལ་ཡང།། རང་སེམས་མི་རྟོགས་ངན་སོང་ལྷུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕྲག་དོག་མེད་པར་བཟང་སེམས་ཀྱིས། ། སྲོག་སྙིང་རྒྱལ་པོ་ལ་བྱིན་ལ།། བྲམ་ཟེ་གསེར་གླང་འདྲ་གཉིས་བྱུང།། གཉིས་ཀ་མངའ་ཐང་ཅི་བསམ་འགྲུབ།། དེ་བཞིན་བླ་མ་ལུང་ལྡན་ལ།། ཡིད་འཐད་དབུལ་ཞིང་ཅི་གསུང་ཉན།། ཤེས་རབ་རྣོ་ལ་གསང་ཐུབ་པ། ། མན་ངག་སྙིང་པོ་གནང་བའི་ཕྱིར།། སློབ་མས་རང་སེམས་རྟོགས་པར་ངེས།། དེ་ཕྱིར་བླ་མ་བཀུར་བར་གཅེས།། ངེས་དོན་གནང་བའི་ཐབས་སུ་བཤད།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་རྟོགས་པར་བྱ་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། འདུས་པའི་འཁོར་གྱིས་ཡང་གསོལ་པ།། ངེས་པའི་དོན་གྱི་གདམས་ངག་གི། མ་རིག་མུན་སེལ་ལྟ་བ་དང། ། འཁོར་འདས་མཐའ་ཡི་མ་རིག་དང།། ཡེ་ཤེས་ལྷུན་གྲུབ་ལྟ་བ་གང།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཡང་དག་འཁོར་ལ་བཀའ་སྩལ་པ། ། རང་བྱུང་སྙིང་པོ་གནས་ལུགས་འདི།། ཉི་མ་ཤར་བས་མུན་པ་སངས།། ངེས་ལུང་བསྟན་པས་མ་རིག་བརླག། ཐིག་ལེ་ཆོས་སྐུ་བརྡལ་ཁྱབ་སྟེ།། རིག་པ་རང་ཤར་བཅོས་པ་མེད།། དེ་དོན་ལྷུན་གྲུབ་ཡེ་ནས་གསལ། ། རང་བྱུང་སྙིང་པོ་རང་གསལ་ཐུགས།། ཡེ་ནས་ཐ་སྙད་ཀུན་དང་བྲལ།། ཇི་བཞིན་གསལ་ལ་དོན་རྟོག་མེད།། དོན་དམ་སྤྲོས་བྲལ་ལྟ་བའི་མཆོག། རྩོལ་མེད་སྤྱོད་པ་ཡུལ་ལས་འདས།། ཡང་དག་ཀློང་གྱུར་དོན་ལ་མཁས། ། དེ་ཉིད་དོན་ལ་སུས་སྦྱོར་བར།། ཚོགས་བརྒྱད་ཤེས་པའི་ཡུལ་ལས་འདས།། མངོན་དུ་གྱུར་པས་ཐུགས་ལ་བཀྲ།། ཀུན་གྱིས་རྟོགས་དཀའ་བྱང་ཆུབ་བདེ།། མི་གཡོ་མི་རྟོག་ཆོས་སྐུ་ལམ།། རང་རིག་བདེ་བ་ཡེ་ཤེས་ཀློང། ། གཅིག་ཏུ་རྟོགས་པའི་ཐིག་ལེ་གསལ།། ལྟ་བ་དབུས་དང་མཐའ་མེད་པས།། སྤང་ལེན་མ་བཙལ་ལྷུན་གྱིས་གྲུབ།། སྐྱེ་མེད་ཀློང་དུ་རིག་པ་འཕྱོ།། རྟེན་མེད་ཆགས་པའི་ཡུལ་དང་བྲལ།། སྒོམ་མེད་ལྟ་བའི་ངང་གིས་གསལ། ། མཚོན་པའི་ཚིག་གིས་བཀྲི་དང་བྲལ།། སྐྱེ་མེད་གདེང་ཆུབ་འདུ་འབྲལ་མེད།། སྣང་མེད་རིག་པ་དངོས་པོ་བྲལ།། ཡང་དག་ཐུགས་ལ་སྤྲོ་བསྡུ་མེད།། མ་སྤྲོས་ལྷུན་གྲུབ་རིག་པ་ཤར། ། ཀུན་ཁྱབ་དོན་འདུས་མཐའ་མ་རིག། ཡེ་ཤེས་སྐུ་མཆོག་ཆོས་སྐུ་བརྡལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འགྲོ་དྲུག་སེམས་ཅན་རང་བྱུང་སྐུ།། འདི་ལྟར་སྣང་བ་མ་ལུས་ཀུན།། གདོད་ནས་མེད་པའི་དོན་རྟོགས་པས། ། ཡེ་ཤེས་གཅིག་གི་ངང་དུ་འདུས།། ལུས་ངག་ཡིད་ཀྱི་བྱ་བ་རྣམས།། བྱས་ནས་འཆིང་བའི་ལས་ཡིན་པས།། གཞི་ལ་མེད་ཅེས་བཙལ་མི་དགོས།། མ་བསྒོམས་འདུ་འབྲལ་མེད་པར་བལྟ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རིག་མུན་པ་སེལ་བའི་ལེའུ་སྟེ་བདུན་པའོ།།།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་འབྱུང་བ་ཀུན། ། བློ་བུར་བྱུང་ཕྱིར་གནས་ལུགས་མིན།། དེ་ཕྱིར་འཇིག་རྟེན་ཆོས་ལ་དཔེ་མི་ལང།། འཁོར་འདས་གཞི་མ་དོན་མ་རེག། ད་ཡང་འདུས་པའི་འཁོར་རྣམས་ཉོན།། ཕ་མེད་མ་མེད་ནགས་ཀྱི་བྱེའུ།། ནམ་མཁའི་མཐོངས་སུ་འཐོན་པ་ལྟར། ། བློ་བུར་འཁོར་འདས་གཉིས་པར་ན།། ཆོས་སྐུ་རྟོགས་པས་མ་རིག་སངས།། གདོད་མའི་རང་བྱུང་འདི་ཉིད་ནི།། ལྟ་བ་རྟོགས་པས་ཆོག་པའི་ཕྱིར།། འཁོར་འདས་གཉིས་པོ་གདོད་ནས་མེད། ། ཡུལ་དང་མ་བྲལ་ངོ་བོ་ཉིད།། དོན་རྟོགས་པ་ཡི་དོན་ལ་གནས།། ཡེ་རྫོགས་ཆོས་སྐུའི་སྙིང་པོ་ཡིན།། རེ་དོགས་མཐའ་ཀུན་རྣམ་པར་ཞི།། ཚིག་ཏུ་མཚོན་མེད་ཡེ་ནས་བདེན།། གཅིག་དང་དུ་མ་མཐའ་ཡི་ཆོས། ། དེ་ཕྱིར་འཁོར་འདས་གཉིས་ལས་འདས།། འདི་ཞེས་མ་བསྒྲགས་ལྟ་བའི་ཆོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མེད་ཕྱིར་རྟོག་པ་བྲལ།། ཀུན་ལ་ཁྱབ་པས་ཆད་པ་བྲལ།། དབུས་མཐའ་བྲལ་བས་རང་བྱུང་སྐུ། ། ཆོས་སྐུ་ནམ་མཁའ་ལྟ་བུ་ལ།། བརྗོད་མེད་ལྟ་བ་དྲན་པའི་གཟུངས།། དེ་དོན་ཕྱིན་ཅི་མ་ལོག་པར།། ཡེ་ཤེས་ལམ་ལ་གནས་པར་བྱ།། རང་རིག་ངེས་པའི་ལྟ་བ་ལ།། ཡངས་པ་མེད་པར་ཡིད་ལ་བལྟ། ། དེ་ཡང་ཡུལ་ཅན་མ་ཡིན་ཏེ།། རང་ལ་རང་བལྟ་ཤིན་ཏུ་གསལ།། དེ་གོམས་མཐར་ཕྱིན་ཡེ་ཤེས་ཐུགས།། ཆོས་ཉིད་སྤྲོས་བྲལ་འགྱུར་བ་མེད།། རང་བྱུང་ཡེ་ཤེས་གཉུག་མར་གནས།། དེ་ཉིད་མི་འབྲལ་ལྟ་བའི་མཆོག། ད་ཡང་འཁོར་གྱི་སྙིང་པོ་ཉོན།། འཁོར་འདས་གཉིས་ཀྱི་ཆོས་ཉིད་ལ།། ཇི་སྲིད་བག་ཆགས་ཡོད་པའི་བར།། འདི་ལྟར་སྣང་བའི་ཆོས་རྣམས་སོ།། ཇི་སྲིད་བག་ཆགས་དག་ན་ནི།། སྣང་བའི་ཡུལ་རྣམས་གདོད་ནས་མེད། ། ཐག་སྦྲུལ་མཐོ་ཡོར་ཇི་བཞིན་ནོ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མཐའ་མ་རེག་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རང་སེམས་ཆོས་སྐུའི་ལྟ་བ་ནི།། ཀུན་ལ་ཁྱབ་པའི་རིག་པ་ཡིན།། འདུས་མ་བྱས་པའི་དོན་རྟོགས་པས།། མཐའ་བྲལ་རིག་པ་གཅིག་ཡིན་ནོ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་གྱི་མཉམ་ཉིད་རྒྱལ་བའི་ཐུགས།། མ་ལུས་སེམས་ཅན་ཐམས་ཅད་ལ།། ཆོས་སྐུ་ཁྱབ་པ་བརྡལ་བའི་སྐུ།། མཐའ་དབུས་མེད་པའི་ནམ་མཁའ་འདྲ།། རིག་པ་མ་བསླད་གཉུག་མར་གནས། ། དམིགས་འཛིན་མེད་པར་རང་གིས་གསལ།། དངོས་པོ་མེད་པ་ཤེས་རབ་ཡོད།། ནམ་མཁའ་ཉི་མའི་འོད་ཤར་འདྲ།། འདུས་མ་བྱས་ཀྱི་ཡེ་ཤེས་ཀྱིས།། རྟེན་འཆང་མེད་པ་ཉོན་མོངས་སེལ། ། འབྱུང་བ་ལྔ་ལ་རག་མ་ལུས།། མི་འགྱུར་འཇོམས་པས་རྡོ་རྗེ་འདྲ།། བླ་མས་དོན་བསྟན་རྣལ་འབྱོར་པས།། ཐེ་ཚོམ་མེད་པར་རང་སེམས་རྟོགས།། ཐམས་ཅད་གཅིག་ལ་རྫོགས་པ་སྟེ།། མ་རིག་ལོང་བའི་མིག་འབྱེད་འདྲ། ། ཡེ་ཤེས་རིག་པ་དེ་ཉིད་ནི།། ཡོད་མེད་དབུས་དང་མཐའ་མེད་པས།། སང་ངེ་སལ་ལེ་མཐོང་འགྱུར་མེད།། ཀ་ཤི་རས་ཀྱིས་རིན་ཆེན་འདྲ།། ད་ཡང་རྡོ་རྗཻ་སེམས་དཔའ་ཉོན།། མ་བཅོས་ལྟ་བའི་རང་བཞིན་ལ། ། ཡུལ་མེད་ཆོས་སྐུ་རང་བྱུང་དེ།། རེ་དོགས་རྡུལ་ཙམ་མེད་པའི་ཕྱིར།། ལྷུན་གྲུབ་ཡེ་ཤེས་ཆེན་པོ་ཡིན།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྟ་བ་བསྟན་པའི་ལེའུ་སྟེ་དགུ་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། མ་བསྒོམས་ཏིང་འཛིན་ཇི་ལྟར་གསལ།། འབྲས་བུ་རྒྱུན་གྱི་སྤྱོད་པ་གང།། རེ་དོགས་མེད་པའི་འབྲས་བུའམ།། ཀུན་རིག་སྟོན་པས་བཤད་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མ་བསྒོམས་འབྲས་མེད་ཏིང་འཛིན་ནི།། རྣམ་སྨིན་ལུས་ཀྱི་རྟེན་བཅས་པའི།། ཐ་མལ་ཀུན་གཞི་བཞི་ཆ་ལ། ། ལུང་ལྡན་རྐྱེན་གྱི་གདམས་ངག་གིས།། རང་སེམས་ཆོས་སྐུར་ངོ་སྤྲད་པས།། དམིགས་འཛིན་མེད་པར་རང་གིས་གསལ།། གཉུག་མར་གནས་ལ་འཕེལ་འགྲིབ་མེད།། ཡུལ་སེམས་གཉིས་ལ་དཔྱོད་དང་བྲལ། ། མཐའ་དབུས་མི་དམིགས་དྲན་ལས་འདས།། ཡེ་ནས་དག་ཕྱིར་བྱ་བ་མེད།། བཙལ་དུ་མེད་པས་སེམས་ལས་འདས།། ཀུན་ལ་ཁྱབ་པས་བཙལ་མི་དགོས།། འགག་པ་མེད་པས་རིག་པ་སྟོང།། མ་བྱས་ཕྱིར་ན་འཇིག་པ་མེད། ། རིག་པ་གསལ་བས་རང་ངོ་ཤེས།། ཇི་བཞིན་པ་ལ་མ་སྐྱེས་པ།། མ་བཅོས་རྐྱེན་གྱིས་མི་འགྱུར་བ།། རྟག་ཆད་མ་ཡིན་བསྡུས་པ་མེད།། སོ་སོ་མ་ཡིན་འདྲེས་པ་མེད།། དངོས་མེད་སེམས་ཀྱི་ཏིང་འཛིན་གསལ། ། གཏང་གཞག་མེད་པས་ཆོས་སྐུ་ལ།། བྱིང་རྒོད་མི་འབྱུང་རྒྱུན་དུ་གནས།། ཡེ་ཤེས་དོན་ལ་འཆར་ནུབ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཡེ་ཤེས་འདི་ཉིད་ལ།། བསྒོམ་དུ་མེད་ཕྱིར་ཡེངས་པ་མེད། ། གཟུང་དུ་མེད་ལ་ཞེ་ལ་གསལ།། རང་ཡིད་ཆེས་ལ་ཁར་མི་ཐོན།། སྣང་སྲིད་གསལ་ལ་ཞེན་པ་མེད།། རང་གི་བྱ་ར་དངོས་མེད་གྲོལ།། དྲན་པ་མི་བརླག་འགྲོ་འོང་མེད།། དྲན་པའི་རིག་པ་ཅི་བྱུང་ཡང། ། དེ་ཉིད་དུས་ན་ངོས་གཟུང་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡིད་ཀྱི་ཡུལ་དུ་མ་བསྒོམས་ཏེ།། ལྟ་བའི་དོན་དང་འབྲལ་མེད་ཕྱིར།། དེ་ཙམ་ཉིད་ན་འབྱུང་འཇུག་མེད།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ཀྱི་སྒོམ་པ་ངོས་གཟུང་བའི་ལེའུ་སྟེ་བཅུ་པའོ།།།། རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། ངོས་ཟིན་དོན་ལ་གནས་ཐབས་ནི།། མར་མེས་མུན་བསལ་སྣང་བ་བཞིན། ། སྐད་ཅིག་ཙམ་གྱི་ཏིང་འཛིན་གྱིས།། བག་ཆགས་བརླག་པས་མ་རིག་སངས།། དོན་ཉིད་ཡེ་ཤེས་དྲན་པ་ཡིས།། ཉོན་མོངས་ལས་ཀྱིས་གོས་པ་མེད།། དེ་བས་རང་སེམས་དྲན་པ་ནི།། སྒྱུ་མ་སངས་ནས་འཁྲུལ་བ་བཞིན། ། མཚན་མའི་རྟོག་བྲལ་དོན་ཤེས་པས།། སྤྲོས་བྲལ་ཡེ་ཤེས་སྙིང་པོར་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཞི་ཤེས་རང་བྱུང་སྟེ།། བསྒོམ་དང་མི་བསྒོམ་སྒྲོ་སྐུར་བྲལ། ། དེ་ཉིད་ཉམས་སུ་བླང་ཐབས་ནི།། ཐིགས་པས་སྣོད་ཆེན་ཁེངས་པ་བཞིན།། ངོ་བོ་ཉིད་ཀྱི་ཆོས་སྐུ་ཡང།། སེམས་ཉིད་རིག་པ་གསལ་ཐེབས་ན།། གོལ་ས་མི་འབྱུང་སངས་རྒྱས་འགྲུབ།། དཔེར་ན་བུད་མེད་སྦྲུམ་མ་ནི། ། སྐྱེ་བའི་དུས་སུ་ཟས་བསྟེན་བཞིན།། ལུང་ལྡན་མན་ངག་ཡོད་པའི་མིས།། རྐྱེན་གྱི་རྟོག་པ་ཅི་བྱུང་ཡང།། དོན་དེ་ངེས་དོན་ཟླ་དྲན་པས།། མ་བསྒོམས་དོན་དང་འབྲལ་བ་མེད།། དགོས་པའི་ཉམ་ཆུང་བརྟེན་པ་བཞིན། ། བླ་མ་མཁས་དོན་ལྡན་པ་ལ།། རྟག་ཏུ་བསྙེན་ཅིང་གུས་བྱས་ན།། འབྲས་བུ་ཆོས་སྐུ་མྱུར་དུ་འགྲུབ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་དོན་གྱི་གདེང་ཉམས་ཀྱང།། བསྒོམ་དུ་མེད་ཕྱིར་ཡེངས་པ་མེད། ། དུས་བཞི་རྐྱེན་གྱི་བར་དུ་ནི།། འཁོར་འདས་ཡུལ་གྱིས་མ་བསླད་ཕྱིར།། ཡེ་ཡིན་དོན་ལ་བརྗོད་མེད་བྱ།། རྒྱལ་པོ་མི་འགྲོ་འཁོར་སྡུད་བཞིན།། ཆོས་ཉིད་མ་བསྒོམས་སྐུ་གསུམ་འབྱུང།། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ། ། དཔེར་ན་སྒྱུ་མ་མཁས་པ་ཡིས།། སྤྲུལ་པའི་སྲོག་ནི་གཅོད་ཙམ་ན།། སྲོག་མེད་སྒྱུ་མ་ཡིན་ཞེས་ལྟར།། རང་རིག་ལྟ་བའི་དོན་གནས་པས།། དུག་ལྔ་སྤྱོད་ཚེ་རང་རིག་འཆར།། ངོ་བོ་ཉིད་ལ་འགྲིབ་མེད་ཤེས། ། དེ་ཚེ་ཉོན་མོངས་ཅི་སྤྱད་ཀྱང།། སྐྱོན་གྱིས་མ་གོས་རང་བྱུང་གསལ།། དེ་ཉིད་མི་བརྗོད་རྟོགས་པའི་ཕྱིར།། ཆེད་དུ་བྱས་པ་བསྒོམ་མི་དགོས།། ད་ཡང་འདུས་པའི་འཁོར་རྣམས་ཉོན།། རང་སེམས་རྟོགས་པའི་བསྒོམ་པ་ལ། ། ཅིག་ཆར་བསྡུས་ཏེ་འཆར་ན་ཡང།། སྒོམ་པའི་ཐུན་ལ་རིང་ཐུང་མེད།། ནམ་འགྲུབ་སྙམ་པའི་ཁར་མ་ལུས།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་ཏིང་འཛིན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འབྲལ་མེད་རིག་སྤྱོད་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་ནམ་མཁའ་ཆེ།། མ་འདུས་ཡོངས་རྫོགས་ཆོས་ཀྱི་སྐུ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མི་སྐྱེ་མི་འགག་རྒྱུན་དུ་སྤྱོད།། བསམ་འདས་དོན་གསལ་ཡིད་ལ་གནས།། གསང་སྔགས་ངོ་བོ་ཉིད་ཀྱི་སྐུ།། སངས་རྒྱས་སེམས་ཅན་གཉིས་ཀྱིས་གསང། ། རང་སངས་རྒྱས་དམ་པའི་སྤྱོད་པ་འདི།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། ཡང་དག་བྱང་ཆུབ་སེམས་ལ་ནི།། མི་དམིགས་པར་ཡང་དཔྱད་དུ་མེད།། མི་གནས་པར་ཡང་བསམ་དུ་མེད།། དེ་ཕྱིར་བྱ་བྲལ་ནམ་མཁའ་འདྲ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་བཅོས་རང་བྱུང་དེ་བཞིན་ཉིད།། དཔྱད་དུ་མེད་པའི་ཆོས་ཉིད་ལ།། མ་བསྒོམས་དམིགས་སུ་མེད་པ་སྟེ།། ཏིང་ངེ་འཛིན་ཞེས་བཏགས་པ་ཡིན།། མི་རྟོག་པར་ཡང་མི་སེམས་ལ། ། ཀུན་ལ་ཁྱབ་པའི་ཡེ་ཤེས་ལ།། ཀུན་ཤོང་བྱ་མེད་སྤྱོད་པའི་མཆོག། འདུས་པའི་འཁོར་རྣམས་ད་ཉོན་ཅིག། རང་སེམས་ངོ་བོ་ཉིད་རྟོགས་ཕྱིར།། ཡུལ་འདི་སེམས་སུ་མི་སྡུད་པས།། དཔྱད་པའི་ཡུལ་ཡང་མེད་པར་འགྱུར། ། གང་གིས་གང་ལ་བསམ་ཞིང་དཔྱད།། དཔེར་ན་ནམ་མཁའ་སྟོང་པ་ལ།། དམིགས་པར་མི་བྱེད་སྡུད་མི་བྱེད།། དེ་བཞིན་སེམས་ཀྱིས་སེམས་བསྒོམ་དུ།། ངོ་བོ་འདི་འདྲ་དམིགས་སུ་མེད། ། སྐྱོན་ཡོན་ཅིར་ཡང་མ་དཔྱད་ན།། གོལ་ས་སྒྲིབ་པར་ཅི་ལ་འགྱུར།། སྤྱོད་པའི་མཆོག་ཏུ་དེ་ཉིད་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱུན་དུ་མི་འབྲལ་རང་རིག་འདི།། ཉམས་མྱོང་མེད་པར་རང་གསལ་བ། ། དེ་ཉིད་ཉམས་ཀྱི་དམ་པའི་མཆོག། མི་འཛིན་མི་སྤྱོད་རང་གསལ་ཙམ།། འབྲལ་མེད་རྒྱུན་གྱི་སྤྱོད་པར་བཤད།། གལ་ཏེ་མཚན་མ་རྒྱུ་ན་ཡང།། དེ་དྲན་དགག་སྒྲུབ་མེད་ཤེས་ན།། སངས་རྒྱས་ལྟ་སྒོམ་ངོ་བོ་གཅིག། རྣལ་འབྱོར་སྤྱོད་པ་ཐམས་ཅད་དུ།། དོན་དམ་སྤྱོད་པ་ཡིན་པའི་ཕྱིར།། མ་དྲན་གཉིད་དང་ཉོན་མོངས་ལ།། རང་གར་སོང་ཚེ་དེ་ཉིད་ལ།། ངོ་བོ་ཉིད་དྲན་གནོད་མི་ནུས།། ད་ལྟ་ཉིད་དུ་ཡེ་ཤེས་ཕྱིར། ། ཆེད་དུ་མ་བྱས་སྤྱད་དུ་མེད།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། འདུས་པའི་འཁོར་ལ་དུག་ལྔ་ནི། ། རང་གྲོལ་སྟོན་པས་བཀའ་སྩལ་པ།། རང་སེམས་དོན་རྟོགས་སྤྱོད་མི་སྤང།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་འཁོར་བ་དེ།། ངེས་པའི་གདེང་ལྡན་རྣལ་འབྱོར་པ།། རྒྱུ་མཐུན་བག་ཆགས་མི་གསོག་པས། ། ཕོ་མོ་དུས་གསུམ་སྦྱར་གྱུར་ཀྱང།། བསླབ་པའི་ཚུལ་ཁྲིམས་ཉམས་པ་མེད།། བག་ཆགས་གསོག་ན་ཡི་དྭགས་གནས་སུ་སྐྱེ།། མཐོ་རིས་ཐར་པ་དག་ལ་རྟེན་མི་འཆའ།། རང་སེམས་སྙིང་པོ་རྟོགས་པ་ཡིས། ། འཆི་མེད་སྲོག་ལ་གཅད་དུ་མེད།། ཞེ་སྡང་མནར་སེམས་རིག་པའི་དོན།། དམྱལ་བའི་སྡུག་བསྔལ་ཡ་མི་ང།། རང་རིག་ཡེ་ཤེས་དོན་ལྡན་པས།། མ་རིག་སྣ་ཚོགས་དོན་དུ་ཤེས། ། ཡེ་ནས་ཆོས་ཉིད་བརྡལ་བ་ལ།། མ་རིག་སྒྲིབ་པ་སྦྱང་དུ་མེད།། དོན་རྟོགས་ང་རྒྱལ་ཡེ་ཤེས་ལ།། ཡིད་ཆེས་ཆོས་སྐུ་རང་བྱུང་ཐུགས།། འགྲན་ཟླ་འཇིག་རྟེན་གསུམ་ན་མེད།། དེ་ཉིད་ང་རྒྱལ་ངོ་བོ་ཉིད།། ཕྲག་དོག་གོལ་སྒྲིབ་སྐྱོན་མེད་པས། ། དེ་ཕྱིར་མ་སྤངས་རང་སར་དག། ལྟ་བ་ངན་ལ་ཕྲག་དོག་གསལ།། དེ་ཕྱིར་ཕྲག་དོག་གསང་བའི་སྐུ།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཅན་ལོག་རྟོག་ཚན་པོ་ཆེས།། གཞན་གྱི་རྐྱེན་གྱིས་མི་ལྡོག་ཕྱིར། ། དུག་ལྔ་རང་ལ་བརྟེན་ཏེ་བཟློག། མཐུན་པར་བསྟན་པས་ངེས་པར་བཟློག། ད་ཡང་འདུས་པའི་སྙིང་པོ་ཉོན།། བཟློག་ཏུ་མི་འདོད་གང་ཟག་ནི།། སྡིག་ཅན་མུ་སྟེགས་མཐོང་བའི་ཚེ། ། ཤེས་སྤྱོད་མཚང་རྣམས་འབྲུ་བའི་ཕྱིར།། བདག་ཉིད་གཞན་དུ་བྱོལ་བར་བྱ།། གལ་ཏེ་སྤང་བའི་ཐབས་མེད་ན།། ངག་གི་སྨྲ་ཚིག་མི་བསྒོ་བར།། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ།། ལོག་ནོན་གདམས་ངག་དྲན་བྱས་ལ། ། བཟོད་པའི་ཡུལ་དུ་ཤེས་པར་བྱ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། ད་ཡང་འདུས་པའི་སྙིང་པོ་ཉོན། ། འབྲས་བུ་རིམ་འབྱུང་ངས་བཤད་ཀྱིས།། ལེགས་པར་བྱུང་ལ་ཡིད་ཀྱིས་ཉོན།། གནས་པའི་ཏིང་འཛིན་དོན་ལྡན་པས།། ཡེ་ཤེས་བག་ཆགས་ཆ་མཉམ་ཕྱིར།། གསལ་ལ་མི་རྟོག་དུས་མཉམ་པས། ། འདོད་ཁམས་ལྷར་ནི་སྐྱེ་དབང་ཡོད།། དེ་ཚེ་འཕོས་ན་ཆོས་ཉིད་མཐོང།། མི་གཡོ་བ་ཡི་ཏིང་འཛིན་གྱིས།། རྣམ་རྟོག་དེ་ཉིད་ཟིལ་ནོན་པས།། གཙང་མ་རིས་ཀྱི་ལྷར་སྐྱེས་ནས།། དེ་ཉིད་དུས་ན་མངོན་སངས་རྒྱས། ། མཉམ་ཉིད་ལྡན་པའི་རྣལ་འབྱོར་གྱིས།། ལུས་བྲལ་སྐད་ཅིག་དེ་ཉིད་ལ།། འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ།། དཔེ་མེད་ཡེ་ཤེས་ཀུན་བཟང་ཐུགས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། མཉམ་པའི་དོན་ལ་ཡེ་གནས་པས། ། འབྲས་བུ་རིག་པ་ད་ལྟ་ཉིད།། དེ་དོན་མ་བརྗོད་ཡེ་དྲན་ཕྱིར།། གཟུགས་ཁམས་གནས་སུ་ཅི་ལ་ལྟུང།། ཉམས་མྱོང་ཅི་ལ་མ་ཞེན་ཅིང།། སྟོང་པར་མི་འཛིན་དོན་གསལ་བས།། རང་རིག་ཡེ་ཤེས་མཐུ་བརྟས་ཕྱིས། ། གཟུགས་མེད་ཁམས་སུ་ཅི་ལ་ལྟུང།། རང་སེམས་རྟོག་པ་མངོན་གྱུར་པས།། རེ་དང་དོགས་པའི་བློ་བྲལ་བཞིན།། གང་ཡང་འཛིན་མེད་ཐུགས་ལ་གསལ།། ཉན་ཐོས་ས་རུ་ལྟུང་མི་འགྱུར།། དང་པོ་ལྟ་བས་བདག་མེད་ཕྱིར། ། མཚན་མའི་ཡུལ་ལ་མ་ཞེན་ཕྱིར།། ཡུལ་ཉིད་སེམས་སུ་སྡུད་པ་མེད།། འདོད་ཁམས་གནས་སུ་ལྟུང་མི་འགྱུར།། ད་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའ་ཉི་ཤར་མུན་པ་མེད།། དེ་བཞིན་རང་རིག་ཆོས་སྐུ་ལ། ། མ་རིག་མེད་པ་ཡེ་ཤེས་འཆར།། སངས་རྒྱས་ཐུགས་ལ་འཆར་ནུབ་མེད།། དེ་ཕྱིར་འབྲས་བུ་སངས་རྒྱས་མཆོག། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲས་བུ་ལྟུང་བ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཐུགས་ཀྱི་གདེང་ཆུད་སྐལ་བ་ལ།། མི་ནུབ་ཡོངས་ཀྱི་གཏེར་དུ་ནི། ། དུས་གསུམ་རྒྱལ་བའི་ཆོས་ཀྱི་སྐུ།། རང་བྱུང་ཐུགས་སུ་གསལ་བའི་དོན།། མཉམ་ཉིད་འགྲོ་དོན་བྱེད་པའི་ལམ།། ཚད་མ་རང་གི་དབང་ཕྱུག་གིས།། རྗེས་འཚོབ་ཐུགས་ཀྱི་སྲས་མཆོག་ལ། ། སྐྱེ་འགག་འཁོར་བ་སྤང་ལེན་མེད།། བདག་འཛིན་བྲལ་བ་རྒྱལ་བའི་ཐུགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འབྲལ་འཆི་མེད་ཡེ་ཤེས་ལུས།། རིག་པ་ཕྱོགས་མེད་བྱང་ཆུབ་འཆར།། སོ་སོ་མ་ཡིན་ཡེ་ནས་གཅིག། དེ་ཕྱིར་ཡོན་ཏན་བསྟན་པ་དཀའ།། བྱང་ཆུབ་ངང་དུ་ཐམས་ཅད་འདུས།། མཐའ་མཉམ་དབང་ཕྱུག་ཆེན་པོའི་ཐུགས།། ཡེ་ཤེས་སངས་རྒྱས་ཀུན་དང་མཉམ།། སྡེ་སྣོད་ཆོས་རྣམས་ཐུགས་ལ་རྫོགས། ། འཇིག་རྟེན་ཁམས་ན་འགྲན་ཟླ་མེད།། ཞེ་འདོད་རིགས་ལྔ་མ་བསྒྲུབས་ཀྱང།། རང་གི་སེམས་ལ་སངས་རྒྱས་རྫོགས།། དེ་ཉིད་འབྲས་བུ་དམ་པར་གསུངས།། ད་ཡང་འདུས་པའི་འཁོར་རྣམས་ཉོན།། སྔོན་ཚེ་རྣམ་གཟིགས་བསྟན་པ་ལ། ། བྲམ་ཟེ་དཔལ་ལྡན་བྱ་བའི་བུ།། རང་སེམས་རྟོགས་པའི་དོན་མེད་པས།། གཞན་ནས་འབྲས་བུ་ཞེ་འདོད་ཀྱིས།། རིགས་ལྔའི་སངས་རྒྱས་ནམ་འགྲུབ་ཅེས།། ཡིད་ལ་བསམས་ཤིང་ལྷ་བསྒོམས་པས། ། འབྲས་བུ་མེད་ཅིང་འཁོར་བར་སྐྱེས།། དེ་ཕྱིར་རེ་དོགས་མེད་པར་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རེ་མེད་དོན་འདི་དྲན་བྱས་ན།། ཆོས་ཉིད་སངས་རྒྱས་ས་ལ་གནས།། དོགས་མེད་དོན་ལས་མ་གཡོས་ན། ། སྒྲིབ་པ་སྦྱང་བའི་ཐབས་མི་དགོས།། ད་ཡང་བློ་གྲོས་དམ་པ་ཉོན།། ངོ་བོ་ཉིད་ཀྱི་ཆོས་སྐུ་ལ།། གང་ཡང་མ་བཀག་ནམ་མཁའ་བཞིན།། འཁོར་འདས་ཞེན་མེད་འབྲས་བུ་ཡིན།། དེ་ཉིད་རང་སེམས་སྙིང་པོར་བཤད། ། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། ཆོས་སྐུ་རང་ཆས་ཡོད་རྟོགས་ན།། སྒོམ་ཞིང་སྒྲུབ་པའི་ནད་དང་བྲལ།། ཡེ་ཤེས་ངོ་བོ་ད་ལྟའི་སེམས།། རེ་དོགས་མེད་ཤེས་འབྲས་བུའི་མཆོག། དུས་གསུམ་རང་སེམས་འགྱུར་མེད་དོན། ། མེད་ལ་མི་ཟད་རང་བྱུང་ཐུགས།། སངས་རྒྱས་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རེ་དོགས་མེད་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། སྣང་མེད་ལྟ་བའི་རིག་པ་ཡིས།། མ་བཙལ་འགྱུར་མེད་ཆོས་ཀྱི་སྐུ།། བག་ཆགས་མེད་པས་ཡུལ་དང་བྲལ།། ད་ལྟ་ཉིད་དུ་རང་བྱུང་སྐུ། ། དངོས་མེད་ནམ་མཁའི་མཐའ་དང་མཉམ།། ཤེས་རིག་གསལ་བའི་ཁྱད་པར་འཕགས།། དེ་ལས་འགྲན་ཟླ་གང་ཡང་མེད།། རྟོགས་པའི་ཡོན་ཏན་བརྗོད་མི་ལང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། རང་སེམས་རིག་པ་རང་བྱུང་དེ།། ཡེངས་མེད་དོན་ཤར་རང་བྱུང་དྲུག། སྤྱི་མཐུན་ཉི་མ་སྟོང་པས་གསལ།། དེ་ཉིད་རྟོགས་པས་བསྒོམ་མི་དགོས།། ཡེ་ཤེས་རིག་པ་གསལ་བ་དེས།། མ་རིག་མུན་པ་གདོད་ནས་མེད། ། བག་ཆགས་ཉོན་མོངས་གཏན་ནས་བརླག། དགོངས་པ་སངས་རྒྱས་ཀུན་དང་མཉམ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་རྒྱ་མཚོ་རླབས་སུ་འབྱུང།། དེ་བཞིན་དོན་རྟོགས་སྤྱོད་པ་ཡང།། འབྲལ་མེད་རིག་པ་ཡེ་ཤེས་རྒྱུན་མི་འཆད། ། དོན་འདི་རྟོགས་པ་སྤྱོད་པའི་ཚེ།། ཚོགས་བསགས་སྒྲིབ་པ་ས་བཅུ་པས།། སྐད་ཅིག་འདི་འདྲ་ཁྱད་པར་འཕགས།། ལུས་ངག་རྩོལ་མེད་རིག་སྤྱོད་བདེ།། ད་ཡང་འཁོར་གྱི་སྙིང་པོ་ཉོན། ། རང་དྲིན་འབྲས་བུ་རང་ལ་ཆེ།། གཟུགས་དང་བྲལ་བས་སྐྱེ་འཆི་མེད།། རང་ལས་བྱུང་བས་ཡེ་ཤེས་སྐུ།། ཡུལ་མེད་རིག་པ་མངོན་སངས་རྒྱས།། འདི་རྟོགས་འབྲས་བུ་ལྷུན་གྲུབ་དེ།། བསམ་པ་ཙམ་གྱིས་ཀུན་འགྲུབ་སྟེ། ། འཆིང་བུ་རིན་ཆེན་ཁྱད་པར་བསྟན།། སྐྱེ་བ་མི་ལེན་མངོན་སངས་རྒྱས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་རྟོགས་མི་ཟད་རིན་ཆེན་གཏེར།། དེ་ཡི་འབྲས་བུ་ཡོན་ཏན་ནི།། གཟུགས་མེད་རིག་པ་ཡེ་ཤེས་སྐུ། ། ཐ་མལ་རང་སེམས་ང་ཡི་ཐུགས།། སྟོང་རིག་དྲན་པ་ང་ཡི་གསུངས།། རིག་པའི་ཡོན་ཏན་གང་གིས་འགྲུབ།། ཡེ་ནས་ཕྲིན་ལས་རང་བྱུང་བས།། རིག་པ་སྤྲོས་བྲལ་ཆོས་སྐུར་རྫོགས།། ད་ཡང་འདུས་པའི་འཁོར་རྣམས་ཉོན། ། འགྱུར་མེད་ལྷུན་གྱིས་གྲུབ་པའི་གཞི།། ཆོས་ཉིད་བདེ་ཆེན་ཀློང་ཡངས་ལམ།། སྐྱེ་འཆི་མེད་པའི་འབྲས་བུ་སྨིན།། དེ་དག་གཅིག་ཕྱིར་རྒྱལ་བའི་ཐུགས།། གསེར་གླིང་ས་རྡོ་མེད་པ་བཞིན། ། སེམས་ཅན་དུས་ན་སངས་རྒྱས་ལ།། ཡོན་ཏན་མཚན་དང་དཔེ་བྱད་དང།། ཡེ་ཤེས་སྐུ་ལ་ཀུན་ཀྱང་ཐུགས།། དེ་ལྟར་ཐ་མ་ལུས་སེམས་ཀྱིས།། སེམས་ལས་མ་ལུས་སངས་རྒྱས་རྙེད།། རྒྱུ་ལས་མ་བྱུང་འབྲས་བུ་རྟོགས། ། ལུང་ལས་མ་བརྟེན་ཆོས་རྣམས་ཤེས།། ཐེག་དགུའི་ཆོས་རྣམས་གཅིག་ལས་མེད།། དུག་ལྔ་མྱ་ངན་འདས་པ་དག། ཐུགས་ཀྱི་ཀློང་རྡོལ་ཆོས་ཀྱི་སྐུ།། འཁོར་བའི་ནང་གི་ལུས་ཡོད་ཀྱང།། པདྨ་དང་ནི་འདམ་བཞིན་དུ། ། ཉོན་མོངས་ལས་ཀྱིས་གོས་པ་མེད།། དེ་ཕྱིར་སངས་རྒྱས་ཀུན་དང་མཉམ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འཁོར་གྱི་ཐེ་ཚོམ་བསལ་བའི་ཕྱིར།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རང་བྱུང་ཡེ་ཤེས་ངོ་བོ་ལ།། གཞལ་བྱ་མི་དམིགས་དོན་ཅི་ལགས། ། སྣང་བ་མཚན་མ་འདི་ཉིད་ཀྱི།། གཏན་ཚིགས་མ་གྲུབ་གསུངས་པ་ཅི།། དོན་དེ་གང་གིས་རྟོགས་པའི་ཐབས།། བལྟ་མེད་གསུངས་པ་ཅི་ཡི་ཕྱིར།། གོལ་ས་ལྟུང་མེད་བསྟན་པའི་ཕྱིར།། མཐུན་དཔེ་གང་གིས་གང་ལ་མཚོན། ། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དྭངས་གཉིས་ལ་སོགས་ཆོས་རྣམས་ཀུན།། བྱ་བ་མེད་པར་རང་ཤར་ཅིང། ། ཡུལ་མེད་ངོ་བོ་རང་གནས་ཕྱིར།། ཡེ་ནས་མ་བསྒྲིབས་རང་གསལ་བ།། གང་ཡང་གཞན་དུ་མི་དམིགས་ན།། གཞི་ལ་མི་འགྱུར་ངོ་བོར་སོན།། སེམས་ཅན་མེད་པས་གཞལ་བྱ་བྲལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། སྣང་མེད་ཆོས་སྐུར་གསལ་བ་ལ།། ཇི་སྙེད་པ་ཡི་རྣམ་གྲངས་ཀུན།། དགག་སྒྲུབ་བྱ་བ་མེད་པའི་ཕྱིར།། རང་གི་ས་ན་ཡེ་གནས་པས།། གཞན་མ་དག་ཏུ་མི་བསྒྲུབ་པས།། ཕྱོགས་གཉིས་བྲལ་བས་བྱང་ཆུབ་སེམས། ། མཐའ་བཞི་ཐ་སྙད་བྲལ་བ་ལ།། འཇལ་བྱེད་གཏན་ཚིགས་ཅི་ཞིག་དགོས།། འདུས་པའི་རྡོ་རྗེ་སྙིང་པོ་ཉོན།། མཚོན་པའི་ཐ་སྙད་མི་བརྗོད་དེ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ལོག་པའི་རྗེས་སུ་འབྲང་བའི་ཕྱིར། ། ཡུལ་མེད་ཐིག་ལེ་རང་ཤར་བས།། ཇི་བཞིན་མ་ནོར་སྙིང་པོ་ཡིས།། ངེས་པར་གཞན་དུ་ལྟ་ལས་གྲོལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་བརྡལ་ཁྱབ་རང་བཞིན་ལ།། ཐོག་མཐའ་ཆོད་ཕྱིར་གོལ་མེད་པས། ། དེ་ཉིད་ཡེ་ཤེས་རང་ཤར་བས།། གོལ་ས་ཉིད་དང་ཆོས་ཉིད་དག། ཡེ་ཤེས་ངང་དུ་འགྱུར་བའི་ཕྱིར།། དམིགས་ཞེན་མེད་པས་གོལ་མེད་གསུངས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། དཔེ་ནི་གང་གི་མི་ནུབ་ཅིང། ། ནམ་མཁའ་ཉི་མ་རང་གསལ་བཞིན།། རང་བྱུང་ངོ་བོ་ཡེ་ཤེས་བདེ་གསལ་བས།། སྣང་བ་ཕན་མེད་གནོད་མེད་ཕྱིར།། ཕྱོགས་ཀྱི་ཐ་སྙད་བཤད་ཀྱི་དགོས།། རྡོ་རྗེ་སེམས་དཔས་ཡང་གསོལ་པ། ། མ་བསྒོམས་དོན་དང་འབྲལ་མེད་པའི།། དེ་དོན་རྟོགས་ཐབས་གང་གིས་བགྱི།། མ་བསྒོམས་ཀླུངས་སུ་འགྱུར་བ་ཡི།། རང་གི་ཐ་སྙད་གང་ལ་གདགས།། དེ་དོན་བསྒོམ་དུ་མེད་པའི་ཕྱིར།། མཚན་མ་བྱུང་ན་བཅོས་མི་དགོས། ། ལྟ་བ་རང་ཤར་ཆེན་པོ་ལ།། མ་བསྒོམས་གོམས་པར་ཅིས་མི་འགྱུར།། དེ་སྐད་ཞུས་པས་བཀའ་སྩལ་པ།། སྙིང་པོ་རང་གི་སྟོབས་དང་ནི།། མན་ངག་དགོངས་པ་ཐུགས་བརྟོལ་ནས།། ཤེས་རྒྱུད་རྟོགས་པའི་བླ་མ་ཡི། ། ཇི་བཞིན་ཉིད་དུ་ཤར་བ་ལ།། སྣང་མེད་ཆོས[(]ཚ་སྐུ[)]ཉིད་མཚོན་པས།། མཚན་མའི་དངོས་པོར་མི་འབྱུང་ཕྱིར།། སྨན་དང་སྨན་པའི་ཐབས་བཞིན་དུ།། སེམས་མིན་མི་འདོད་ཅི་ཞིག་ལྟར། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཐིག་ལེ་ཆོས་སྐུ་ཁྱབ་པའི་ཕྱིར།། ཇི་བཞིན་ཉིད་དུ་རང་ཤར་བས།། གང་ཡང་དམ་པར་མི་ལྟ་བས།། ཐམས་ཅད་ཇི་བཞིན་རང་སར་གྲོལ།། དེ་ཕྱིར་མཐའ་ལ་མི་གནས་པས། ། གཏང་གཞག་མེད་པའི་ཏིང་ངེ་འཛིན།། མ་བསྒོམས་ཀླུངས་སུ་འགྱུར་བར་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། བསྒོམ་དུ་མེད་པའི་ཆོས་ཉིད་ལ།། རྣམ་རྟོག་མཚན་མ་ཅི་བྱུང་ཡང། ། དམིགས་ནས་གསལ་བ་བསྒྲུབ་མི་བྱ།། དཔེར་ན་ནམ་མཁའ་འདི་ཉིད་ལ།། སྤྲིན་དང་ཁུ་རླངས་ལ་སོགས་པའི།། འཇིག་རྟེན་ཞིག་ནས་མེད་པ་ལྟར།། ཇི་བཞིན་ཉིད་དུ་དང་དྲན་པས།། དུས་མཉམ་གསལ་བས་ཡང་དག་སྟེ། ། དེ་ལ་གཉེན་པོས་བཅོས་སུ་མེད།། ཐ་སྙད་རང་གསལ་བཅོས་པར་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡུལ་མེད་ཐིག་ལེ་རང་ཤར་བས།། ཡང་དག་དོན་ལ་མི་འཇུག་པའི།། ངོ་བོ་ཉིད་དུ་གྱུར་པས་ན། ། དོན་དུ་གཉེར་བ་གང་ཡང་མེད།། སྔ་ཕྱི་གཞན་དུ་གཡོས་མེད་ཕྱིར།། ཆེད་དུ་བསྒོམ་དུ་མེད་པ་སྟེ།། དམིགས་པ་གཏད་པའི་དོན་དང་བྲལ།། དོན་མི་གཉེར་ལ་དགྲ་མེད་འདྲ།། དེ་ཡང་འདུས་པས་ཡང་གསོལ་པ། ། གཏང་གཞག་མེད་པའི་སྒོམ་པ་ལ།། མི་མཐུན་མི་འབྱུང་གསུངས་པ་ཅི།། རྣལ་འབྱོར་པ་དེ་མ་ཡེངས་ན།། བྱར་མེད་འགོག་མེད་གསུངས་པ་ཅི།། དེ་ཉིད་འཆིང་བར་མི་འགྱུར་བའི།། ཕྱོགས་བྲལ་བསྟན་པ་ཇི་ལྟར་ལགས། ། ཀུན་རིག་སྟོན་པས་བཤད་དུ་གསོལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། དུས་གསུམ་རྣམ་པ་ཐམས་ཅད་དུ།། སྐྱེ་འཆི་མེད་པར་ཡེ་འཆར་བ།། སྣང་མེད་ཞེན་རྟོག་ཐམས་ཅད་ཀྱང།། གང་ཡང་ཆོས་སྐུར་གསལ་བ་ལས། ། གཏང་གཞག་རྩོལ་སེམས་ཅི་ལ་འབྱུང།། གཞན་དུ་མི་འགྱུར་ཀླུངས་གནས་པས།། མི་མཐུན་མཚན་མ་གང་ཡང་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབྱིངས་དང་མཚན་མ་ཐམས་ཅད་ཀུན། ། གཞི་ལ་མ་གྲུབ་དོན་ཤེས་ཕྱིར།། རང་གསལ་ཡུལ་ལ་རྟོག་པ་མེད།། དག་དང་མ་དག་ཐམས་ཅད་ཀུན།། གང་ཡང་དགག་སྒྲུབ་མེད་པའི་ཕྱིར།། བཞག་དང་ལོངས་པར་ཡེངས་མེད་དོན། ། འབྱུང་འཇུག་མེད་པས་བསྒོམས་མི་དགོས།། རྩོལ་བ་མེད་ཕྱིར་སྤྱོད་པའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། བདག་གཞན་ཀ་ནས་མ་གྲུབ་ཕྱིར།། བྱ་བྱེད་མ་ལུས་ཐམས་ཅད་ཀུན།། འགྲོ་དྲུག་ལས་དང་བདེ་གཤེགས་མཛད། ། ཅི་སྤྱོད་ཆོས་སྐུར་ཡེ་གནས་པས།། གང་ཡང་མཚན་ཉིད་དབྱེར་མེད་དེ།། བྱེད་པ་ཉིད་ན་གྲོལ་བར་ངེས།། བླང་དང་དོར་བ་ངང་གིས་མེད།། དེ་ཡིས་འཆིང་བར་ག་ལ་འགྱུར།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ཐུགས་རྟོག་བསལ་བའི་ལེའུ་སྟེ་བཅུ་བདུན་པའོ།།།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཏིང་འཛིན་ཉམས་དང་ལྡན་པ་ལ། ། ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མཉམ་བཞག་རྗེས་ཐོབ་བར་དོ་ལ།། སྣང་བ་འོད་དང་གྲག་པ་སྒྲ། ། འཇིགས་པའི་གཟུགས་དང་བསླུ་བ་བརྫུན།། ལྟ་བར་ཤེས་ན་དམ་པའི་ལམ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་དམ་པས་མཉམ་བཞག་ཚེ།། མཚན་མོ་མུན་ནག་སྤྲིན་རུམ་ནས། ། ནམ་ལངས་ཉི་ཤར་ཤིན་ཏུ་གསལ། ཁམས་གསུམ་སེམས་ཅན་དགེ་སྡིག་ལས།། གང་ཡང་མ་ལུས་སྔ་ཕྱི་ཤེས།། དེ་ཚེ་སྙིང་རྗེའི་བདུད་ཞུགས་ཏེ།། སེམས་ཅན་སྙིང་རྗེའི་གདུང་བ་སྐྱེ།། ཏིང་འཛིན་བཏང་ནས་གཞན་དོན་རྩོམ། ། དེ་ཕྱིར་བདུད་ཀྱི་དབང་འགྱུར་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའ་སྟོང་ལ་དགྲ་བྱུང་ནས།། བདེ་གཤེགས་ཆོས་རྣམས་སྣ་ཚོགས་སྟོན།། ཞིང་ཁམས་རྒྱན་གྱིས་བརྒྱན་པ་དང། ། ཡིད་དུ་འོང་བའི་སྒྲ་ཐོས་འགྱུར།། ཏིང་འཛིན་བཏང་ནས་གླུ་གར་བྱེད།། ངམ་ཞིང་ངོ་མཚར་དགའ་སེམས་སྐྱེ།། དེ་ལ་ཞེན་འགྱུར་ཉམས་དང་བྲལ།། དགའ་བྲོད་བདུད་ཀྱིས་རང་བསླུས་ལྟུང།། ང་ཡང་འདུས་པའི་སྙིང་པོ་ཉོན། ། སྒོམ་ཉམས་རྨི་ལམ་གང་ཡང་རུང།། འཇིགས་པའི་གཟུགས་སོགས་མི་དགེ་བས།། ངང་ལ་གནས་པ་སྡིག་འགྱུར་བས།། ཏིང་འཛིན་བོར་ནས་མྱ་ངན་འདུད།། མི་དགའ་སྡུག་བསྔལ་ཉམ་ཐག་འབྱུང། ། དེ་ཚེ་ལས་ལ་ཡི་མུག་སྟེ།། ལྕེབ་དང་གཅིག་པུ་ཕག་ཏུ་འགྲོ།། གཟུགས་ཀྱི་བདུད་ཀྱི་དབང་འགྱུར་ལྟུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་དང་རྨི་ལམ་དག་ཏུ་འང།། ཡིད་དུ་འོང་བའི་གཟུགས་བསྟན་ཏེ། ། དུས་གསུམ་ཉེས་ལེགས་ཐམས་ཅད་སྟོན།། གཞན་ལ་སྨྲས་པས་བདེན་པར་བྱུང།། ངའོ་སྙམ་པའི་བདུད་བཞུགས་ཏེ།། ཏིང་འཛིན་བཏང་ནས་གྲོང་ཁ་ཡན།། བར་དུ་ཕྱེད་བདེན་ཕྱེད་མི་བདེན།། ཐ་མར་སྨྲས་པ་ཐམས་ཅད་རྫུན། ། བསླུ་བ་རྫུན་གྱིས་རང་བསླུ་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་བའི་བདུད་ནི་དེ་དག་དང།། ཡུལ་འདི་གོལ་སར་མ་ཤེས་ཕྱིར།། སྣང་བ་གཟུགས་སོགས་ཞེན་པ་སྟེ།། ཡུལ་སེམས་ཞུག་ལ་ཅི་སྤྱོད་བདུད། ། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྣལ་འབྱོར་ལྟ་བའི་བདུད་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། སྒོ་ལྔ་བྱིང་བ་གསལ་བའི་བདུད།། དྲན་མེད་རྨུགས་པ་བདེ་བའི་བདུད།། རྐྱེན་གྱི་རྒོད་པ་མི་རྟོག་བདུད།། འཕྲོ་བ་མི་གཡོ་བདུད་རྣམས་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཏིང་འཛིན་མྱུར་དུ་གྲུབ་འདོད་ནས། ། ཡུན་རིང་བསྒོམས་པས་ཚད་མ་ཟིན།། མྱོས་པ་བྱང་བའི་བདུད་ཞུགས་ཏེ།། མ་རིག་དབང་གིས་གཉིད་དུ་སོང།། གསལ་བ་བོར་ནས་བྱིང་བ་སོལ།། དེ་ཉིད་རྩོལ་བས་ཏིང་འཛིན་ཉམས།། མ་བཙལ་རྨི་ལམ་བཟང་ངན་བྱུང། ། དེ་ཕྱིར་བྱིང་བའི་བདུད་ཀྱིས་བསླུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཆོས་སྐུར་མ་ཟིན་པས།། མ་རིག་དབང་གིས་ཡེ་ཤེས་བསྒྲིབས།། དྲན་པ་མེད་པའི་བདུད་ཞུགས་ཏེ།། ངང་སྒོམ་རྨུགས་པས་བདེ་བ་ཉམས། ། རང་རིག་མེད་པས་ཞི་གནས་བྱིང།། ལྷག་མཐོང་མེད་པས་དོན་དང་བྲལ།། བསྒོམས་པས་དོན་མེད་བདུད་ཀྱིས་བསླུས།། དེ་ཕྱིར་ལུང་ལྡན་གདམས་ངག་གཅེས།། ད་ཡང་འཁོར་གྱི་སེམས་དཔའ་ཉོན། ། གཅིག་པུར་མི་གནས་འདུས་པ་དགའ།། གཞན་གྱི་རྐྱེན་བྱས་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་ཡིན་མིན་གྱི།། ཡུལ་ལ་ཤེས་པ་སྣ་ཚོགས་ཞེན།། མི་རྟོག་མེད་པས་ཉོན་མོངས་འབྱུང། ། སྤང་སྡུད་ཞེན་པས་རང་རྒྱུད་བྱེད།། དེ་ཕྱིར་གཡེང་བའི་བདུད་ཀྱིས་བསླུས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཡང་ཡང་གོམས་པ་མ་བྱས་པས།། འཕྲོ་བ་རྐུན་བུའི་བདུད་ཞུགས་ཏེ།། གང་ཡང་རུང་བའི་ཚིག་རེ་ཙམ། ། ཡིད་ལ་བྱེད་པས་མི་གཡོ་བྲལ།། ནན་ཏན་ཆུང་བས་ཉམས་མེད་ཕྱིར།། ལོང་ཅན་རྒྱུན་དུ་ཡང་ཡང་ལྡང།། ངེས་པའི་གདེང་དང་མི་ལྡན་པས།། འཕྲོ་བའི་བདུད་ཀྱིས་བསླུས་ཕྱིར་ལྟུང།། དེ་ཡང་འཁོར་ཀུན་ལེགས་པར་ཉོན། ། སྒོམ་པའི་བདུད་ནི་དེ་དག་དང།། གདམས་ངག་མེད་པ་རྣམས་ལ་འབྱུང།། ལུང་ལྡན་རྣམས་ལ་གནོད་མི་ཚུགས།། མ་རྟོགས་ཅི་བསྒོམ་བདུད་དུ་འགྱུར།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྒོམ་ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱ་བ་འདུ་འཛིའི་ལོངས་སྤྱོད་བདུད།། ཉམས་དགའ་ཞེན་པ་གནས་ཀྱི་བདུད། ། བསླབས་པའི་ཡོན་ཏན་ཞེན་པ་གནས་ཀྱི་བདུད།། སེམས་འཁྲུགས་འཁོར་ངན་བདུད་རྣམས་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། དགོན་པར་གནས་ན་དད་ལྡན་སྡུད།། ལོངས་སྤྱོད་འདུ་འཛིའི་བདུད་ཞུགས་ཏེ། ། ཏིང་འཛིན་བཞག་ནས་གཞན་སེམས་འཛིན།། དེ་ཚེ་དོན་བྲལ་ནོར་ཟས་འདོད།། ཀློག་འདོན་མཚན་མའི་ཆོས་ལ་བརྩོན།། སྒོམ་པའི་དོན་པོར་གཡེང་བས་བསླུས།། འཇིག་རྟེན་པ་ལ་ཁ་ལེན་བྱེད། ། འདུ་འཛི་བདུད་ཀྱི་རང་བསླུས་ཕུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་འཐད་པ་ཡི་གནས་པ་ནི།། བཀྲ་ཤིས་འདྲེ་མོད་ལྷ་གཉེན་ཡོད།། རང་བསྟོད་ཞེན་པའི་བདུད་ཞུགས་ཏེ།། ཏིང་འཛིན་ཏང་ནས་ཉམས་དགའ་བརྩིག། སྲུང་མས་གཞན་དུ་འགྲོ་དབང་མེད།། ཟེར་ཞིང་བདག་རྟོགས་དོན་དང་བྲལ།། རང་སེམས་གཞན་པས་བདུད་དུ་ལངས།། གནས་ཀྱི་བདུད་ཀྱིས་རང་བསླུས་ལྟུང།། ད་ཡང་འདུས་པའི་འཁོར་རྣམས་ཉོན། ། རྣལ་འབྱོར་མཁས་པས་བསྒོམ་འདོད་ལ།། གཡེང་བའི་བདུད་ནི་ཁོང་ཞུགས་ཏེ།། གཞན་གྱིས་བསྟོད་པས་ཏིང་འཛིན་བཏང།། ཆོས་འཆད་སྨན་དང་བཟོ་རྣམས་བྱེད།། འདོད་པའི་རྫས་ལ་ཞེན་པ་སྐྱེས། ། གཞན་དོན་བྱང་ཆུབ་ཡིན་ཟེར་ནས།། བྱ་བའི་གཡེང་བ་ཆེད་དུ་བྱེད།། དོན་དང་བྲལ་བས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་འཁོར་ངན་གདུང་དྲགས་པས།། སེམས་འཁྲུགས་བདུད་ནི་ཁོང་ཞུགས་ཏེ། ། འཁོར་ངན་ཆོག་ཤེས་མེད་པར་འདོད།། དྲིན་དུ་མི་ཚོར་ཕྱར་ཁ་བཏང།། དེ་ཚེ་དད་ལོག་མི་རྣམས་འཕྱ།། སྒྲོ་སྐུར་འདེབས་ལ་ཞེ་སྡང་འབྱུང།། འཁོར་ངན་བདུད་ཀྱིས་རང་བསླུས་ལྟུང། ། ད་ཡང་འདུས་པའི་སྙིང་པོ་ཉོན།། སྤྱོད་པའི་བདུད་ནི་དེ་དག་དང།། འཇིག་རྟེན་ཆོས་བརྒྱད་ཞེན་ལས་འབྱུང།། དེ་ཕྱིར་གཡེང་བའི་དོན་དུ་གཉེར།། འཁོར་བ་དང་བླང་རང་བསླུས་ཕུང། ། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྤྱོད་པའི་བདུད་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། ད་ཡང་འདུས་པའི་འཁོར་རྣམས་ཉོན།། འཇིག་རྟེན་མཁའ་འགྲོ་ལུང་བསྟན་བདུད། ། ཉམས་སུ་མྱོང་བ་ཞེན་པའི་བདུད།། ཞེ་འདོད་ཚུལ་འཆོས་བདུད་དང་ནི།། སྒོམ་ཆགས་བདེ་བ་བོགས་འདོན་བདུད།། གདེང་མེད་སྐུར་བདེབས་ཞེ་སྡང་བདུད།། ང་རྒྱལ་སྒྲོ་འདོགས་བདུད་རྣམས་འབྱུང། ། ད་ཡང་འདུས་པའི་འཁོར་རྣམས་ཉོན།། རྣལ་འབྱོར་ལྟ་བ་མཉམ་བཞག་ཚེ།། ལྷ་མོའི་ལུས་སུ་མངོན་ཕྱུང་ཚེ།། ཕུགས་སུ་མ་འདུག་འགྲོ་དོན་གྱིས།། གཞན་དོན་བྱེད་པའི་ཡོན་ཏན་བརྗོད།། དེ་ཚེ་མཁའ་འགྲོའི་བདུད་ཞུགས་ཏེ། ། ཏིང་འཛིན་བཏང་ནས་གཞན་དོན་བརྩོན།། ཆོས་སུ་མི་བཏགས་ཅི་ཡང་བྱེད།། དོན་དང་བྲལ་ཕྱིར་བདུད་བསླུས་འགྱུར།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་དོན་ལྡན་བསྒོམ་པ་ལ། ། ཟབ་ཅིང་ཆ་ཕྲ་ཉམས་མྱོང་བ།། ལྟ་བའི་དོན་ཆེན་མ་ཟིན་པས།། ཞི་གནས་ཞེན་པའི་བདུད་ཞུགས་ཏེ།། རྐྱེན་མ་ཐུབ་ཅིང་འཕེལ་འགྲིབ་ཡོད།། བག་ལ་ཉལ་བའི་མ་རིག་པས།། མ་རིག་ཡེ་ཤེས་མ་ཤེས་ཕྱིར། ། ལྟ་མེད་ཞེན་པས་བདུད་བསླུས་ཕུང།། ད་ཡང་འདུས་པའི་འཁོར་རྣམས་ཉོན།། དོན་མེད་བསྒོམ་པའི་གང་ཟག་ཀུན།། གདེང་མེད་ཚུལ་འཆོས་གསོག་ཅན་ཏེ། ཁ་འཇམ་གཏིང་འཁྲལ་བདུད་ཞུགས་ཏེ། ། གཞན་དག་བྲིད་ཕྱིར་དགེ་ལ་བརྩོན།། མན་ངག་མེད་ཕྱིར་གསང་བ་སྐད།། རང་ཉིད་བསླུས་པའི་བདུད་ཞུགས་ལྟུང།། ཕྱི་མར་ཡི་དྭགས་ལྟེ་འཕྱོར་སྐྱེ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ལྟ་བ་ཐབས་ཀྱི་རྣལ་འབྱོར་པས། ། དབང་གསུམ་པ་ཡི་བདེ་བ་ལ།། དགའ་བ་བཞི་ལ་ཞེན་པ་ཡིས།། འདོད་ཆགས་སྲིད་པའི་བདུད་ཞུགས་ཏེ།། བྱི་བཤུག་ཕོ་མོ་ཀུན་བསགས་ནས།། འདོད་ཆགས་སྤྱད་པས་ཏིང་འཛིན་འཕེལ།། དེ་ཕྱིར་དབང་ལ་བརྟེན་དགོས་ཟེར། ། ཆགས་པའི་བདུད་ཞུགས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་དོན་ལྡན་རྣལ་འབྱོར་པས།། མཉམ་དུ་རེ་ནས་འགྲན་པའི་ཕྱིར།། སྨད་སེམས་ཞེ་སྡང་བདུད་ཞུགས་ཏེ། ། རང་ཉམས་ཞེན་པས་གཞན་དག་ལ།། གདམས་ངག་ཅན་ལ་སྐུར་པ་འདེབས།། རྣལ་འབྱོར་པ་ལ་གནོད་མི་ཚུགས།། དེ་ཕྱིར་རང་ཉམས་རང་ཉིད་ལྟུང།། ཕྱི་མར་ཚ་བའི་དམྱལ་བར་སྐྱེ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ངེས་པའི་དོན་ལྡན་རྣལ་འབྱོར་གྱིས།། ངེས་དོན་ཡང་དག་བཀའ་ལ་ནི།། གང་ཟག་སྨད་ཕྱིར་སྒྲོ་བཏགས་ཏེ།། མི་ཚིག་ཡིན་ཟེར་ཕྱར་ཀ་གཏོང།། ང་རྒྱལ་བདུད་ནི་ཁོང་ཞུགས་ཏེ། ། བཀའ་རྐུན་དྷརྨ་འོག་འབྲུ་བྱེད།། ཞེ་ལ་འདོད་ཕྱིར་ཆེས་ཆུང་བྱེད།། དེ་ཕྱིར་བདུད་བསླུས་དམྱལ་བར་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ཀྱང།། སོ་སོར་སྣང་བ་མ་ཡིན་ཏེ། ། ལྷ་ཡི་བུ་བདུད་གཅིག་པུ་ཡིན།། དེ་ཕྱིར་ལྟ་བ་དམན་པའི་བདུད།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས།། ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། དེ་དག་ཟིལ་གྱིས་ཇི་ལྟར་མནན།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། ཞུས་པས་དོན་གསན་བཀའ་སྩལ་པ།། ཕྱི་ནང་ཆོས་ཀུན་རང་བྱུང་སྐུ། ། བདུད་ཉིད་རྟོགས་ན་ཆོས་ཉིད་རང།། དེ་ཕྱིར་ལུང་ལྡན་པ་ལ་ཞུས།། རང་སེམས་རྟོགས་ན་བདུད་མེད་དོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་ནོར་དོན་ལ་བསྒོམས་པའི་ཚེ།། སྣང་བ་འོད་ཀྱི་བདུད་བྱུང་ན། ། ཆོས་སྐུ་ཁ་དོག་བྲལ་བའི་ཕྱིར།། གསལ་ལ་མི་རྟོག་ཟིལ་གྱིས་མནན།། གྲག་པ་དགྲ་ཡི་བདུད་བྱུང་ན།། ཆོས་ཉིད་སྒྲ་དང་བྲལ་བའི་ཕྱྀར།། རྗེས་སུ་འབྲལ་མེད་རང་བཞིན་ནི།། ལྟ་བའི་རིག་པས་ཟིལ་གྱིས་མནན། ། འཇིགས་པ་གཟུགས་ཀྱི་བདུད་ཞུགས་ན།། གཞི་ལ་སྣང་བ་མེད་པའི་ཕྱིར།། ལྟོས་མེད་རྟོགས་པའི་ཤེས་རབ་ཀྱིས།། གཟུགས་ཅན་མཚན་མ་ཟིལ་གྱིས་མནན།། བསླུ་བ་རྫུན་གྱི་བདུད་བྱུང་ན། ། ཆོས་ཉིད་ཚིག་ལས་འདས་པའི་ཕྱིར།། བདེན་པར་འཛིན་པའི་སྐྱོན་བྲལ་བས།། བདེན་པར་འཛིན་མེད་ཟིལ་གྱིས་མནན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱིང་བ་གསལ་བའི་བདུད་བྱུང་ན།། ཉིད་གསུམ་གཅིག་པའི་མན་ངག་གིས། ། གཏི་མུག་ཆོས་སྐུར་རང་ཐིམ་པས།། ཡེ་ནས་ལྟ་བ་ཟིལ་གྱིས་མནན།། རྨུགས་པ་བདེ་བའི་བདུད་བྱུང་ན།། འཕེལ་འགྲིབ་མེད་པའི་དོན་ཤེས་ཕྱིར།། རང་བྱུང་བདེ་བའི་ལྟ་བ་ལ།། མཉམ་ཉིད་རིག་པས་ཟིལ་གྱིས་མནན། ། རྒོད་པ་མི་རྟོག་བདུད་བྱུང་ན།། སྣང་བ་བག་ཆགས་བརྟས་པ་ལ།། རང་རིག་བག་ཆགས་མེད་པའི་ཕྱིར།། སྤང་སྡུད་ཞེན་མེད་ཟིལ་གྱིས་མནན།། འཕྲོ་བ་མི་གཡོའི་བདུད་བྱུང་ན། ། ཡེ་ནས་མི་གཡོའི་རང་བྱུང་ལ།། གོམས་པའི་དབང་གིས་ཏིང་འཛིན་གསལ།། མི་བརྗེད་གཟུངས་ཀྱིས་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་སྒོམ་བདུད་ནི་དེ་དག་དང།། རང་བྱུང་ཆོས་སྐུའི་དོན་རྟོགས་པས། ། གང་བྱུང་ཟིལ་གནོན་རང་བརླག་པས།། འབྲས་བུ་ཡེ་ཤེས་ལྷུན་གྱིས་གྲུབ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ལྟ་སྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་གཉིས་པའོ། །།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡི་ངང་ལ་གནས་པའི་ཚེ།། འདུ་འཛི་ལོངས་སྤྱོད་བདུད་བྱུང་ན།། ཏིང་འཛིན་དགྲ་རུ་ཤེས་པའི་ཕྱིར།། འདོད་ཆུང་ཆོག་ཤེས་ཟིལ་གྱིས་མནན། ། ཞེན་པ་གནས་ཀྱི་བདུད་བྱུང་ན།། ཡུལ་ལ་ངེས་མེད་མ་ཆགས་པས།། ལྟ་བ་རང་རིག་ཡུལ་མེད་ཕྱིར།། ཞེན་པ་མེད་པའི་ཟིལ་གྱིས་མནན།། ཡོན་ཏན་གཡེང་བའི་བདུད་བྱུང་ན། བདག་དོན་མ་འགྲུབ་བར་དུ་ཡང། ། མི་དབང་མི་གཏང་དོན་དྲན་པས།། གཞན་དོན་མི་བྱ་ཟིལ་གྱིས་མནན།། འཁོར་ངན་སེམས་འཁྲུགས་བདུད་བྱུང་ན།། མཐར་ཐུག་འབྲེལ་བ་མེད་པའི་ཕྱིར།། གནས་སྐབས་འབྲེལ་པ་ཏིང་འཛིན་དགྲ། ། གདུང་སེམས་བསྐྱུངས་ལ་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཟིལ་གྱིས་མནན་ཐབས་དེ་དག་ཀྱང།། སྤང་ལེན་དགག་སྒྲུབ་མེད་པར་དགོས།། ངེས་དོན་སྤྱོད་པ་གཅིག་གི་ངང།། དེ་ཕྱིར་འབྲས་བུ་ལྷུན་གྱིས་གྲུབ། ། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས།། སྤྱོད་པའི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མཁའ་འགྲོས་ལུང་བསྟན་བདུད་བྱུང་ན།། རང་རིག་འགྱུར་མེད་རྟོགས་པ་ལ།། གཞན་དུ་སྟོན་ན་བསླུ་བར་ཤེས།། རེ་དོགས་མེད་པར་ཟིལ་གྱིས་མནན།། ཉམས་མྱོང་ཞེན་པའི་བདུད་བྱུང་ན།། སྔ་ཕྱི་མེད་པ་ཆོས་སྐུ་ནི། ། ཏིང་འཛིན་རྐྱེན་གྱིས་མི་འགྱུར་ཕྱིར།། ཞེན་མེད་ལྟ་བས་ཟིལ་གྱིས་མནན།། ཞེན་འདོད་ཚུལ་འཆོས་བདུད་བྱུང་ན།། གང་ཡང་མ་བཅོས་དོན་དྲན་པས།། རང་བྱུང་ངེས་སྐུ་གདེང་ལྡན་ཕྱིར། ། རྟོགས་པ་དྲང་པོའི་ཟིལ་གྱིས་མནན།། བདེ་བ་བོགས་འདོད་བདུད་བྱུང་ན།། རང་བྱུང་ཡེ་ཤེས་རྟེན་མེད་ཕྱིར།། དབང་ལ་མི་ལྟོས་འཕེལ་འགྲིབ་མེད།། རྒྱུ་རྐྱེན་འབྱུང་འདོད་ཟིལ་གྱིས་མནན།། གདེང་མེད་སྐུར་འདེབས་བདུད་བྱུང་ན། ། ངེས་དོན་སྒྲོ་སྐུར་བྲལ་བའི་ཕྱིར།། ལུང་ལྡན་ཅན་ལ་གནོད་མི་ནུས།། ལྟ་སྤྱོད་ཁམས་ཀྱིས་ཟིལ་གྱིས་མནན།། ང་རྒྱལ་སྒྲོ་འདོགས་བདུད་བྱུང་ན།། རང་བྱུང་དོན་ལ་སྒྲོ་འདོགས་བྲལ། ། དེ་དོན་ངེས་པའི་གདམས་ངག་འདི།། སྣོད་ངན་སྤངས་ལ་ཟིལ་གྱིས་གནན།། ད་ཡང་འདུས་པའི་འཁོར་རྣམས་ཉོན།། དེ་དག་ཉམས་ཀྱི་བདུད་རྣམས་ཀྱང།། རྟོགས་ན་རྣལ་འབྱོར་དམ་པའི་ལམ།། དེ་ཕྱིར་སྒོམ་པ་བརྗོད་མི་བྱ། ། དེ་དོན་སངས་རྒྱས་དགོངས་པ་ཡིན།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཉམས་ཀྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་བཞི་པའོ། །།། རྡོ་རྗེ་སེམས་དཔས་ཡང་གསོལ་བ།། རང་སེམས་རྟོགས་པས་ཟིལ་མནན་པའི།། འབྲས་བུ་ཐོབ་དུས་སངས་རྒྱས་ནམ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ། ། རྣལ་འབྱོར་རྟོགས་པའི་གདེང་ལྡན་པས།། ཚེ་ཡི་ཐ་མ་འཆི་ཁའི་དུས།། ས་ཆུ་མེ་རླུང་རིམ་ཐིམ་སྟེ།། དབུགས་བརྩེགས་ཐུམ་ཐུམ་བྱེད་པའི་ཚེ།། འདི་ཡི་སྣང་བ་ནུབ་ཀ་དང།། ཕྱི་མའི་སྣང་བ་འཆར་ཀ་རུ། ། རྣམ་ཤེས་སྣང་བ་སྐྱེས་བའི་ཚེ།། དུ་བ་སྨིག་རྒྱུ་ལྟ་བུར་མཐོང།། འབྱུང་བ་དངོས་མེད་ཞིག་པ་སྙམ།། དེ་ཚེ་སྣང་བ་འདི་ནུབ་ནས།། རང་སྣང་མཆེད་པས་སྲིན་བུ་མེ།། བག་ཙམ་གསལ་བའི་དོན་མཐོང་སྟེ། ། སྣང་བ་ཐོབ་པའི་དུས་སུ་ནི།། མར་མེའི་རྩེ་ལྟར་བརྟག་པར་དཀའ།། དེ་ཡང་ཡེ་ཤེས་བརྟན་པའི་དུས།། ནམ་མཐོངས་ཉི་མ་ཤར་བ་ལྟར།། རང་རིག་ཆོས་སྐུ་ཝལ་གྱིས་གསལ།། ཡུལ་མེད་རིག་པ་རང་བྱུང་ཐུགས། ། ས་ཟིན་ངེས་པའི་ཡེ་ཤེས་ཏེ།། སྔར་གོམས་དབང་གིས་སྒྱུར་མེད་དེ།། དཔེར་ན་ཁབ་ལེན་ལྕགས་སྡུད་བཞིན།། རང་རིག་ཆོས་སྐུ་ངོས་ཟིན་པས།། སངས་རྒྱས་ཡོན་ཏན་ཐམས་ཅད་འདུས།། དེ་ཡང་རང་རིག་ཡེ་ཤེས་ནི། ། སང་ངེ་སལ་ལེ་ཡེར་རེ་གསལ།། དེ་ཕྱིར་རང་བྱུང་ཡེ་ཤེས་སྐུ།། ཕྱིས་ནི་བར་དོར་ལུས་མི་ལེན།། ཡུལ་ལ་མི་འཇུག་ཆགས་པ་མེད།། མངལ་དུ་མི་འཇུག་སྐྱེ་ཤི་ཆོད།། སངས་རྒྱས་ཞེས་ནི་དེ་ལ་བྱ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཟའ་སྐར་གཟུགས་བརྙན་རྒྱ་མཚོ་བཞིན།། དུས་གཅིག་བྱེ་བ་ཕྲག་བརྒྱ་རུ།། འགྲོ་དོན་གཟུགས་སྐུ་རྣམ་གཉིས་འབྱུང།། ཅི་རིགས་པ་ཡི་ཆོས་རྣམས་སྟོན།། རང་གི་ངོ་བོ་ཆོས་ཀྱི་སྐུ། ། དཔེ་ནི་སྤྲིན་མེད་ནམ་མཁའ་འདྲ།། རྟགས་ནི་སངས་རྒྱས་ཆོས་སྐུ་མཁྱེན།། དེ་ཡི་ཡོན་ཏན་བརྗོད་མི་ལང། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་དུས་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ། །།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། མ་རྟོགས་འཁོར་བར་འཁྱམས་པ་ཡི།། དེ་ཡི་ལྟུང་སྒོ་གང་དུ་ལྟུང།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྒྱུད་ལུང་མན་ངག་ཆོས་རྣམས་ཀུན།། སྣང་ཞིང་རུ་བཟློག་བྱས་པ་དང།། སྒྲོ་སྐུར་གཉིས་སུ་ཞེན་པའི་ཕྱིར།། བྱས་ལ་དོན་མེད་སྡུག་བསྔལ་འབྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དཔེར་ན་བྱ་སྒྲོ་རླུང་ཁྱེར་བཞིན།། ངེས་མེད་བཞི་ལ་བློ་གཏད་པས།། མ་རྟོགས་རྩོལ་སྒྲུབ་ཅི་སྤྱད་ཀྱང།། མི་གྲོལ་དུག་ལྔ་རྒྱས་པར་འགྱུར།། དམུས་ལོང་བྱང་ཐང་འཁོར་བ་བཞིན།། ངེས་དོན་མ་རྟོགས་འཆིང་སྒོམ་དང། ། ཤེས་རབ་མིག་མེད་བག་ཆགས་རྟགས།། གོལ་ས་མ་ཆོད་ནོར་བའི་ལམ།། དཔེར་ན་འདབ་ཆགས་གཤོག་ཆག་ལྟར།། ལྟ་སྤྱོད་གཅིག་ཏུ་མ་ཤེས་པས།། རེས་འཇིག་བླང་དོར་བློས་བྱས་ཕྱིར། ། མ་རྟོགས་ཆོས་སྤྱོད་ལས་རྣམས་འཁྲུལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རྟོགས་དབྱིག་གི་ཐུན་ཚེ་ཡིས།། མདོ་སྡཻ་ཁ་ཏོན་བཏོན་གྱུར་ཀྱང།། བདག་བསྟོད་གཞན་ལ་སྨོད་པ་ཡིས།། ངན་སོང་སྒོ་རུ་ངེས་པར་ལྟུང། ། གཞན་གྱིས་བསམ་སྦྱོར་བཟང་པོ་ལ།། བར་ཆོད་བྱེད་པ་བདུད་ཡིན་ཏེ།། མ་རྟོགས་སེར་སྣ་བྱེད་པ་ནི།། བདུད་ཀྱི་སྒོར་ལྟུང་འཁོར་བར་འཁྱམས།། གཞན་གྱི་ཆོས་ལ་ཕྲག་དོག་པས། ། ཡོན་ཏན་མང་དུ་ལྡན་གྱུར་ཀྱང།། རང་སེམས་སྙིང་པོ་མ་རྟོགས་ཕྱིར།། གནོད་སྦྱིན་སྒོར་ལྟུང་འཁོར་བར་འཁྱམས།། མཉམ་ཉིད་མ་རྟོགས་རང་རྒྱུད་དུ།། ཆགས་སྡང་ཕོ་ཚོད་པ་ཡི་ལས།། དུག་ལྔ་རང་དགར་སྤྱད་ཉེས་པས། ། སྲིན་པོའི་སྒོར་ལྟུང་རྟག་ཏུ་འཁོར།། རང་དབང་ཏིང་འཛིན་མ་ཐོབ་པར།། འཁོར་དང་རིས་སུ་བཅད་བསམས་པས།། བདག་ཉིད་ཆེ་འདོད་འཁོར་སྡུད་པས།། ཤོ་ཁམས་བརྩན་ཆེན་རྟག་ཏུ་འཁོར། ། ཇི་བཞིན་མ་ནོར་མ་རྟོགས་པས།། ལྟ་ལོག་གཞན་གྱིས་སློབ་དཔོན་བྱེད།། རང་ཉིད་མ་ཤེས་གཞན་སྒྲོལ་བ།། རཱུ་ཏྲའི་སྒོར་ལྟུང་རྟག་ཏུ་འཁོར།། ཚིག་གི་ཕྲིན་ལས་ཅི་མཁས་ཀྱང།། མ་རྟོགས་དངོས་པོར་འཛིན་པ་ཡིས། ། རང་རྒྱུད་དམ་རྫས་མངོན་ཞེན་ཕྱིར།། བགེགས་དང་བྱ་རོག་སྒོར་ལྟུང་འཁོར།། ཐབས་ལམ་དབང་ལ་ཁུངས་ཕྱུང་ནས།། འདོད་ཆགས་རང་དགར་རྟག་སྤྱད་པས།། ལྟ་བས་མ་ཟིན་བདེ་ལ་ཞེན།། ལྷ་ཆེན་སྒོར་ལྟུང་འཁོར་བར་འཁྱམས། ། མ་རྟོགས་པ་དང་བདག་འཛིན་པས།། གསང་སྔགས་ལྟ་སྤྱོད་ཡིན་ཟེར་ནས།། སེམས་ཅན་སྲོག་ལ་བརྩེ་མེད་སྤྱོད།། མུ་སྟེགས་རྟག་ཆད་སྒོར་ལྟུང་འཁྱམས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མ་རྟོགས་དབང་གིས་སྤྱོད་རྩིངས་པ།། ལུས་ངག་ཅན་གྱི་ལམ་པའི་ཕྱིར།། ལས་ངན་དགུ་པོ་གང་སྤྱད་ཀྱང།། དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས།། རྫོགས་པ་ཆེན་པོའི་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རྟོགས་ལྟུང་བའི་སྒོར་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཐེག་པའི་རྒྱལ་པོ་ལྷུན་རྫོགས་འདི། ། དད་ལྡན་འཁོར་རྣམས་ཁྱེད་ཀྱིས་ཀྱང།། རྒྱུད་འདི་ཡིད་ལ་བཅང་བར་གྱིས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣོད་དང་མི་ལྡན་སྐལ་ངན་ནི།། ཚུལ་འཆོས་བྱེད་ཅིང་བླ་མ་སྨོད།། ནོར་ཕངས་ཆོས་འདོད་ཐབས་ཀྱིས་འབྲུ། ། དེ་ལྟའི་སྣོད་ངན་གང་ཟག་རྣམས།། ཡེ་ཤེས་ལྟ་བ་རྒྱུད་ཆེན་འདི།། ནམ་ཡང་བསྟན་པར་མ་གསུངས་སོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཞུང་བཞིན་མ་བྱས་ངེས་དོན་ཆོས། ། ནོར་འདོད་ཕྱིར་དུ་འདི་བསྟན་ན།། སངས་རྒྱས་བཀའ་ཆད་འབྱུང་བའི་ཕྱིར།། མཁའ་འགྲོ་ཆོས་སྐྱོང་དགྲར་ལངས་ནས།། སྲིན་པོས་སྲོག་གཅོད་མནར་མེད་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། བསྟན་པ་འཇིག་པའི་དུས་འདི་ན།། རྫོགས་པ་ཆེན་པོའི་བསྟན་པ་འབྱུང།། སྣོད་ལྡན་རྣམས་ལ་བསྟན་པ་ལས།། དད་མེད་ཀུན་གྱི་སྤྱོད་ཡུལ་མིན།། ཀུན་ཀྱང་ངེས་པ་དེ་ལྟར་ཞོག། ལན་ཅིག་དུས་ཀྱི་དེ་སང་ན། ། གསང་སྔགས་རྣལ་འབྱོར་ཁས་འཆེས་ཏེ།། ངེས་དོན་ཉམས་སུ་ལེན་པ་དཀོན།། དོན་མེད་ཆོས་སྤྱོད་མི་དགོས་ཟེར།། བསོད་ནམས་འདོད་ཕྱིར་ཆོས་འཆད་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། གང་ཞིག་རྣལ་འབྱོར་ལས་ཅན་ཆོས།། གཞུང་འདི་དོན་ལས་མི་འདའ་བར།། དཀའ་དགུ་བསྔོས་ནས་འདི་ཚོལ་བ།། དེ་ཚེ་དོན་དུ་རྒྱུད་འདི་ནི།། སྦས་སྐྱིབས་མི་བྱ་ལྷུག་པར་བསྟན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། སྣོད་ལྡན་མ་འཕྲད་དུས་ཉེ་ན།། ཆོས་སྐྱོང་ཡོད་པའི་ལྷ་ཁང་ངམ།། ལྷ་འདྲེ་ཡོད་པའི་བྲག་དཀྱིལ་དུ།། སྨོན་ལམ་བཏབ་ལ་སྦས་ལ་བཞག། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་ཉེར་བདུན་པའོ།།།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་གསེར་གྱི་དྲིལ་ཤིང་ཅན་ཞེས་བྱ་བ་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། ཉང་ཏིང་འཛིན་བཟང་པོ་ལ་བཤད། དེས་གཏེར་དུ་མན་ངག་དང་བཅས་པ་བཅུག། མགོན་པོ་ནག་པོ་དང་རྡོ་རྗེ་ལེགས་པ་དང། རྡོ་རྗེ་རྒྱན་གཅིག་མ་ལ་གཏད། དབུ་རུ་བཟང་ཕུག་མོའི་བྲག་ལ་སྦས། འབྲོམ་ཡེ་ཤེས་སྙིང་པོས་བཏོན་ནས། སྲས་དབང་ཕྱུག་རྒྱ་མཚོ་ལ་བཤད། དེས་སྲས་ཡེ་ཤེས་སེང་གེ་ལ་གཏད། དེས་རྔོག་སྟོན་འོད་འབར་ལ་གཏད། དེས་རོང་པ་གནུབས་ཆུང་བ་དང། ཉང་བན་རིན་ཆེན་གཙུག་ཏོར་ལ་གཏད་པའོ།།།། རྒྱ་གར་སྐད་དུ། སནྟི་མ་ཧཱ་ས་མནྟ་བྷ་དྲ་ཙི་ཏ་གུ་ཧྱ་ནཱ་མ་ཏནྟྲ།
CLOSE WINDOW