Wylie |
རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཏཱུ་ཏྲ་མ་ཧཱ་ཤྨཱ་ས་ན་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། ནམ་མཁའ་དང་མཉམ་འཁོར་ལོའི་བདག། ཐུགས་ཀྱི་རྡོ་རྗེ་བརྒྱད་ཀྱིས་བསྐོར།། དེ་སྤྲུལ་ནག་པོ་ཆར་སྤྲིན་མདོག། ལག་ན་གྲི་གུག་ཐོད་པ་འཛིན།། འཁོར་དང་བཅས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེ་ནག་པོར་སྤྲུལ་ནས། འཇིགས་བྱེད་ཆེན་པོའི་སྐུར་མཛད་དེ། ནག་པོ་དྲག་པོ་ཤིན་ཏུ་ཡང་མི་བཟད་པར་མཛད་དེ། དུར་ཁྲོད་ཆེན་པོའི་གནས་མཆོག་ན་བཞུགས་སོ། ། དེའི་ཚེ་ཐུགས་རྡོ་རྗེའི་མཁའ་འགྲོ་མ་དང། དམ་ཚིག་ལས་སྤྲུལ་པའི་མཁའ་འགྲོ་མ་དང། ལས་ལས་ཡོངས་སུ་གྲུབ་པའི་མཁའ་འགྲོ་མ་དང། འཇིགས་བྱེད་དང་འཇིགས་བྱེད་ཆེན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། དེའི་ཚེ་བཅོམ་ལྡན་འདས་གཉིས་སུ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་ནག་པོ་ཆེན་པོར་སྤྲུལ་ཏེ།། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་དང་མཚམས་ཐམས་ཅད་དུ་ཁྱབ་ནས། གནོད་སྦྱིན་གྱི་གདུག་པ་བསལ་ནས། འོད་ཀྱི་ར་བ་དང་གུར་དང་དྲ་བར་གྱུར་ཏེ་གནས་པའི་ཚེ། མཁའ་འགྲོ་མ་དང། ནག་པོ་ཆེན་པོའི་ཚོགས་ཀྱིས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ནག་པོ་དྲག་པོར་ཅི་ཞིག་བཤད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་ནག་པོ་དྲག་པོའི་རྒྱུད།། དུར་ཁྲོད་ཆེན་པོ་ཞེས་བྱ་བའི།། གང་ན་རྣལ་འབྱོར་རད་ཏྱི་གནས། ། རི་རབ་གྲོང་ཁྱེར་སུམ་བརྩེགས་ན།། གནོད་སྦྱིན་ནག་པོ་དྲག་པོ་ཡིས།། རྣལ་འབྱོར་རྒྱུད་ལ་གཟི་བྱིན་བསྐྱེད།། ནག་པོའི་གཟུགས་འཆང་གདུག་པ་ཅན།། ཉ་བའི་གྲི་དང་ཐོད་པ་འཛིན།། དུག་གི་ལ་དུ་རྟག་ཏུ་ཟ། ། དུས་གསུམ་གྲོང་ཁྱེར་སུམ་བརྩེགས་དཀྲུག། ཤ་ཆེན་ཁྲག་དང་ཉ་ཤ་ཆང།། ཉ་བའི་གྲི་ཡིས་ཐོད་པ་རུ།། གཏུབས་ནས་ཤ་ཟ་ཁྲག་འཐུང་བའི།། ཁ་ནས་ཁྲག་འཛག་རྒྱུན་མི་འཆད།། རོ་སྲེག་སྨན་དང་གསུར་དང་ནི། ། དུར་ཁྲོད་ལ་གནས་དྲི་ཡྀ་མཆོག། དུས་གསུམ་དུ་ནི་སྣོམ་བྱེད་ཅིང།། གདུག་པའི་སྤྲུལ་པ་སྣ་ཚོགས་འགྱེད།། དེ་ནི་ནག་པོ་དྲག་པོར་བཤད།། ནག་པོ་ཆེན་པོས་ཡང་གསོལ་པ།། བཅོམ་ལྡན་འདས། ནག་པོ་དྲག་པོ་ཞེས་བྱ་བ། ། འཇིགས་བྱེད་ཆེན་པའི་སྐུར་སྤྲུལ་ནས།། ཞེས་བྱ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི།། ལྷ་ཡི་སྐུ་ནི་རྣམ་པར་དག། གཉིས་སུ་མེད་པར་སྣང་བ་ཡི། ། ཏི་ངེ་འཛིན་ལ་སྙོམས་པར་ཞུགས།། དེ་ལས་ནག་པོ་ཆེན་པོ་ཡི།། ཆ་བྱད་མཐུན་པར་སྤྲུལ་མཛད་ནས།། བདག་གི་ཐུགས་ཀའི་འོད་ཟེར་གྱིས།། གནོད་སྦྱིན་ནག་པོ་དྲག་པོ་ཡི།། གདུག་པ་རྣམས་ནི་འཇོམས་མཛད་དེ། ། འོད་ནི་གྲི་གུག་དྲ་གུར་གྱུར།། ནགས་ཚལ་བསྡུས་པ་གཉིས་མེད་གྱུར།། བདག་གི་ཐུགས་ཀ་ནས་སྤྲོས་པའི།། གསང་བ་གསུམ་ལས་བྱུང་བ་ཡི།། ཁྱོད་ནི་ནག་པོ་ཆེན་པོ་ཡིན།། རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད། ། དེ་ནི་འཇིགས་བྱེད་ཆེན་པོར་བཤད།། ཁྱོད་ཀྱི་རྒྱུད་ནི་རབ་བཤད་བྱ།། དེ་ནས་དཔལ་ནག་པོ་ཆེན་པོ་འོད་ཀྱི་གོང་བུའི་ནང་དུ་སྐུ་མཐོ་གང་གི་ཚད་དུ་གྱུར་ཏེ། རྡོ་རྗེ་འཛིན་པའི་འོད་ཟེར་གྱིས་བརྒྱལ་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོས་གྲི་གུག་ལྕགས་ཀྱུའི་ཚུལ་དུ་བཟུང་ནས། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལྕགས་ཀྱུའི་འོད་ཟེར་དང་བཅས་ནས་བརྗོད་པས། མདུན་གྱི་ནག་པོ་ཆེན་པོ་ཏིང་ངེ་འཛིན་ལས་སད་པར་གྱུར་ཏོ།། དེ་ནས་ནག་པོ་ཆེན་པོ་དགའ་བར་གྱུར་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་གཙོ་བོའི་འོད་ཟེར་གྱིས། ། ཕོག་ནས་ཤིན་ཏུ་བདེ་བར་འགྱུར།། གཙོ་བོ་བཅོམ་ལྡན་ནག་པོ་ཆེ།། བདག་ནི་བདེ་བ་ཆེན་པོར་གནས།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཁྱོད་ནི་གསང་བ་གསུམ་གྱི་བདག། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། བསྟན་པ་བསྲུང་བར་བྱིན་གྱིས་བརླབས།། ཁྱོད་ནི་དཔལ་ལྡན་ནག་པོ་ཆེ།། བསྟན་པ་བསྲུང་བར་ཁས་བླངས་པ།། ཤཱཀྱ་སེང་གེའི་བསྟན་པ་ལ།། དམ་ཚིག་ཆེན་པོར་གནས་པར་གྱིས། ཞེས་བཅོམ་ལྡན་འདས་ཀྱིས་བསྐའ་སྩལ་པས། དཔལ་ནག་པོ་ཆེན་པོ་དང། ཐུགས་རྡོ་རྗེ་ལས་སྤྲུལ་པའི་མཁའ་འགྲོ་མ་དང། དམ་ཚིག་སྤྲུལ་པའི་མཁའ་འགྲོ་མ་དང། ལས་ལས་ཡོངས་སུ་གྲུབ་པའི་མཁའ་འགྲོ་མ་དང། འཇིགས་བྱེད་དང་འཇིགས་བྱེད་མ་ལ་སོགས་པ་རྣམས། ཤིན་ཏུ་འདར་བ་དང། སྐྲག་པ་དང། ཤིན་ཏུ་མི་ཟད་པར་དྲན་པ་ཉམས་པར་གྱུར་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས། ཨོཾ་མ་ཧཱ་ཀཱ་ལ་སུམ་མྲ་ཏི་སྭཱ་ཧཱ། ཧཱུཾ་ཞེས་བརྗོད་པས། དེ་ནས་ནག་པོ་དང་འཁོར་གྱི་ཚོགས་རྣམས་ཀྱིས་དྲན་པ་རྙེད་པར་གྱུར་ཏོ། བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོ་ལ། དཔལ་ནག་པོ་ཆེན་པོ་དང་མཁའ་འགྲོ་མ་རྣམས་ཀྱིས་རང་གི་སྲོག་གི་སྙིང་པོ་ཕུལ་བ། ཨོཾ་མ་ཧཱ་ཀཱ་ལ་ཡ་མུག་ཤཾ་རག་ཏུ་མ་ཧཱ་ཀཱ་ལ་རག་ཏུ་ཨ་པར་བྱི་ཤ་ཧཱུཾ། ཞེས་གསོལ་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འཁོར་གྱི་དབང་ཕྱུག་ལེགས་སོ་ལེགས། ། ནག་པོ་ཆེན་པོ་ལེགས་སོ་ལེགས།། ཁྱོད་ལ་ནག་པོ་ཆེན་པོའི་རྒྱུད།། དུར་ཁྲོད་ཆེན་པོ་ཞེས་བྱ་བཤད་པར་བྱ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོ་དང། འཁོར་གྱི་ཚོགས་ཀྱིས་གསོལ་པ། བཅོམ་ལྡན་འདས། ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་གསུམ་ལོག་པའི་ཕྱོགས་འཛིན་པ།། བདུད་དང་མུ་སྟེགས་སྲིན་པོ་དང། ། ལྷ་མ་ཡིན་དང་གནོད་སྦྱིན་ཚོགས།། ཤཱཀྱ་སེང་གེའི་བསྟན་པ་ལ།། གནོད་ཅིང་འཇིག་པར་བྱེད་པ་རྣམས།། གང་ཞིག་བསྟན་པ་འཇིག་བྱེད་པ།། དེ་དག་འཇོམས་པར་བྱེད་པ་ཡི།། རྒྱུད་ཀྱི་ཆོ་ག་འདི་དག་བཤད། ། དང་པོ་རྒྱུད་ཀྱི་གླེང་གཞི་དང།། གཉིས་པ་སྔགས་ཀྱི་སྦྱོར་བ་དང།། གསུམ་པ་ལྷ་མི་ཆོ་ག་དང།། བཞི་པའི་དཀྱིལ་འཁོར་རབ་གནས་དང།། ལྔ་པར་བུའི་ཆོ་ག་དང།། དྲུག་པ་ལྷ་ཡི་འཁོར་ལོ་དང།། བདུན་པ་མནན་པའི་ཆོ་ག་དང། ། བརྒྱད་པ་སྦྱིན་བསྲེག་ཆོ་གར་བཤད།། དགུ་པ་ཡི་གེ་བཏུ་བ་དང།། བཅུ་པ་དམ་ཚིག་ཆོ་ག་སྟེ། བཅུ་ཡིས་བདག་ཉིད་ཤེས་པར་གྱིས། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་དཔལ་ནག་པོ་ཆེན་པོས། བཅོམ་ལྡན་འདས་ལ་གསོལ་པ། དང་པོའི་རྒྱུད་དོན་དེས་སྒྲུབ་པ། ། ལས་ཀྱི་ཆོ་ག་སྣ་ཚོགས་དང།། དེས་སྒྲུབ་ཐབས་དང་ལྡན་པར་ནི།། སྒྲུབ་པའི་ཆོ་ག་ཇི་ལྟར་ལགས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོར་མཛད་ནས་བཀའ་སྩལ་པ། རྒྱུད་འདི་སྒྲུབ་པར་འདོད་པས་ནི། ། སྔགས་དང་ཆོ་གར་གཅེས་པ་ནི།། རྒྱུད་ཀྱི་ཆོ་གར་ངེས་བཤད་པ།། བསམ་ལྡན་དད་ལྡན་དོན་གྱིས་ཆོག། སྔགས་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར།། དཔལ་ལྡན་ནག་པོ་རྒྱུད་ཀྱི་མཆོག། སྔགས་ཀྱི་རྩ་བ་འདི་དག་བཤད། ཏདྱཐཱ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན། ཨུ་བ་ཧ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། འདི་ནི་རྩ་བའི་དོན་དང་ལྡན།། ལས་རྣམས་ངེས་པར་འགྲུབ་པ་ནི། ། སྔགས་ཀྱི་ཆོ་ག་འདི་དག་བཤད། ཨི་དཾ་དུཥྛན། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞཱ་གྲྀཧྞཱ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ་སྭཱ་ཧཱ། འདི་ནི་ནག་པོ་རྩ་བའི་སྔགས།། ཆོ་གའི་སྔགས་དང་བཅས་པར་བཤད། ། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོ་མཁའ་འགྲོ་མའི་འཁོར་དང་བཅས་པ་གཟི་བརྗིད་དང་ལྡན་པར་གྱུར་ནས།། བཅོམ་ལྡན་འདས་ལ་གསོལ་པ། ། སྔགས་ཀྱི་ཆོ་གའི་རིམ་པ་རྣམས།། སྒྲུབ་པའི་དོན་དང་ལྡན་པར་ནི།། དེ་བཞིན་བདག་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ནག་པོ་དང། མཁའ་འགྲོའི་ཚོགས་ལ་གཟིགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། གང་ཞིག་དཔལ་ལྡན་ནག་པོ་ཆེན་པོ་སྒྲུབ་པར་འདོད་ན། དུར་ཁྲོད་ཆེན་པོའི་གནས་འབྱུང་པོ་དང་རོ་ལངས་འདུ་བའི་གནས་སུ་སོང་ལ།། བདུད་རྩི་རྣམ་པ་ལྔས་ལུས་བྱུགས་ཏེ། ། ཨུ་པཀྵའི་མེ་ཏོག་དང།། དུར་ཁྲོད་སྦྱར་བའི་སྤོས་དང། མར་ནག་ཆེན་པོའི་མར་མེ་དང། ཤ་ཆེན་གྱི་ལྷ་བཤོས་དང། ཁྲག་གི་ཨརྒྷཾ་དང། དེ་དག་བསམ་གཏན་དང་ལྡན་པའི་སྔགས་ཀྱིས་མཆོད་པར་བྱ་སྟེ། གཙོ་བོ་དང་མཁའ་འགྲོ་མའི་སྔགས་བཟླས་ན་དེ་མ་ཐག་ཏུ་བསྙེན་པར་འགྱུར་རོ། དེ་ནས་ཐོད་པ་དུམ་བུ་དྲུག་པའི་ནང་དུ། ནིམ་པའི་འོ་མ་དང་སྤྲེའུ་ཤིང་གི་ཁུ་བ་དང། རྒྱ་སྐྱེགས་ཀྱི་ཁུ་བ་དང། དུར་ཁྲོད་ཀྱི་སྣག་ཚ་དང་སྦྱར་ལ་བདག་ཁ་ལྷོ་ཕྱོགས་སུ་བལྟས་ལ། འུག་པའི་སྒྲོའི་སྨྱུག་གུས་བསྒྲུབ་བྱའི་གཟུགས་བྲིས་ནས། དུར་ཁྲོད་ཀྱི་ཐལ་བ་དང། ཆུ་འགྲམ་གྱི་སས་ཐོད་པ་བཀང་ལ། སྔགས་འདི་བཟླས་ནས་ཤིང་གཅིག་གི་རྩར་སྦས་ན་དེ་མ་ཐག་ཏུ་ཁྲག་སྐྱུགས་པར་འགྱུར་རོ། ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་ཌཱ་ཀི་ནཱི། བུ་ཀ་ལ་བ། དུ་དྷི་རུ་སི་བ་ཧ་ན་ཧ་ཧཱུཾ་ཕཊ་སྭཱ་ཧཱ། གང་ཞིག་ཕྱ་ཚང་ཀུ་བའམ། ས་ཧེའི་རྭ་ལ་བྱས་ཏེ། བདག་ལུས་གུར་གུམ་གྱིས་བྱུག་ལ་ཁ་ནུབ་ཏུ་བལྟས་ཏེ། ར་དཀར་མོ་དང་བ་དམར་མོའི་འོ་མ་བདུད་རྩི་དང་སྦྱར་ནས། དུར་ཁྲོད་ཀྱི་རས་ལ་འུག་པའི་སྒྲོའི་སྨྱུག་གུས་སྦྲུལ་མགོ་གསུམ་པ་བྲིས་ལ། སྙིང་གར་ཕུ་བྲི། དཔྲལ་བར་ཁཾ་བྲིས་ལག་པ་གཉིས་ཀྱི་མཐིལ་དུ་ཧཱུཾ་ཕྱིན་ཕྱོགས་སུ་བྲི། བྱི་ལ་ནག་པོའི་པགས་པ་ལ་བསྒྲུབ་བྱའི་གཟུགས་དུག་དང་སྐེ་ཚེ་དང་བྱ་རོག་གི་ཁྲག་དང་དུར་ཁྲོད་སྣག་ཚས་བདག་ཁ་ཤར་ཕྱོགས་སུ་བལྟས་ལ་བྱ་རོག་གི་སྒྲོས་སྨྱུག་གུ་བྱས་ལ་བྲི། བསྒྲུབ་བྱའི་དཔྲལ་བར་རུས། སྙིང་གར་མིང། རྐང་ཞབས་སུ་ཡཾ་བྲི། ལྟེ་བར་ཛ། ཡན་ལག་བཞི་ལ་ཀླུ་རིགས་བཞི་བྲི། སྙིང་གར་ཀླུ་ནག་པོ་མགོ་བོ་གསུམ་པ་མགོ་བོ་ཕྱེད་ལུས་ལ་ནུབ་པ་བྲི། དེ་ནས་ཟངས་དང་ལྕགས་དང་གསེར་དང་དངུལ་དང། མཚལ་ལ་སོགས་པ་བར་དུ་བཞག་ལ་ཁ་སྦྱར་དུ་བྱའོ། དེའི་ཕྱི་རོལ་དུ་དུར་ཁྲོད་ཀྱི་རས་ཀྱི་སྐུད་པས་བཅོམ་པར་བྱས་དེ། མདུན་དུ་བཞག་ལ། ནི་རང་ཤུའི་ཕུར་བུ་ལ་བསྔགས་ཏེ་གདབ་པར་བྱའོ། དེ་ནས་ཕྱ་ཚང་ཀུ་བའམ་མ་ཧེའི་རྭར་བཅུག་ལ། ཀླུ་གནས་པའི་སར་བཞག་ན་ལུས་པོ་ཨ་རྫ་ཀའི་འབྲས་བུ་ལྟར་འགས་པར་འགྱུར་རོ། ཨོཾ་མ་ཧཱ་ཀཱ་ལ་ཡ། བྷ་བི་ནི་ནཱ་ག་རཱ་ཛ་བཱི་ཤ་མ་ན་ཨ་མུ་ཀ་དུ་ཥྟན་ཙ། མཱ་ར་མཱ་ར། ནི་རི་ནི་རི། བཾ་གུ་ཡ་བཾ་གུ་ཡ། ཛེ་ད་ཡ་ཛེ་ད་ཡ། མ་ཐ་མ་ཐ། དུ་ན་དུ་ན། ནཱ་ག་རཱ་ཛ། བ་ཤ་ཏ་ཡ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཡ་བྷ་བི་སྟུ་ཏི་མ་མ་ན་ག་ཀོ་ཏ་ས་ད་ན་ཡ་ཧཱུཾ། མ་མ་རཀྵ་རཀྵ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གུར་གུམ་ལ་བཟླས་ཏེ། དཔྲལ་བར་ཐིག་ལེ་བྱས་ན་ཐམས་ཅད་དུ་བསྲུང་བར་འགྱུར་རོ། དེ་ནས་གཞན་ཡང་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གང་ཞིག་ཕྱི་རོལ་པ་རྣམས་ཀྱི། ། སྟོབས་ནི་འཇིག་རྟེན་ལྷ་ལས་བྱུང།། དེའི་སྟོབས་ལོག་པར་ཕྱོགས་པའི་ཕྱིར།། རྒྱལ་བའི་བསྟན་པ་འཇིག་པར་འགྱུར།། ཕྱི་རོལ་སྟོབས་དང་དབྱེ་བ་ཡི།། ཆོ་ག་ཅི་ལགས་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་ནག་པོ་ཆེན་པོ་ཁྱོད།། ཕྱི་རོལ་སྟོབས་དང་ལྡན་པ་ཡི།། མྱུར་དུ་དབྱེ་བའི་ཆོ་ག་བཤད།། དབྱེ་དང་བསྐྲད་དང་རྨོངས་བྱེད་དང།། འགུགས་དང་དབང་དུ་བྱེད་པ་དང། ། ཕྱི་རོལ་དམག་གི་དཔུང་རྣམས་དང།། གཅན་གཟན་ལ་སོགས་འཇིགས་པའི་ཚོགས།། དེ་དག་རེངས་པར་བྱེད་པ་ཡི།། ཆོ་ག་བདག་གིས་བཤད་པར་བྱ།། དང་པོ་དབྱེ་བའི་ཆོ་ག་བཤད།། བསྒྲུབ་བྱའི་རྐང་པ་གཡོན་པའི་ས་དང། ། སྐེ་ཚེ་དང་བཙན་དུག་དང་བག་ཟན་དང། ཡུགས་ས་མོའི་སྐྲ་ཤད་རྣམས་ལ་བསྒྲུབ་བྱའི་གཟུགས་སོར་བརྒྱད་པ་བྱས་ལ། སྐེ་ལ་མིའི་ལྟག་རྩ་བསྐོར་བ་བསྐོན་ལ། དེ་ལ་དེ་ཉིད་ཀྱི་འདོད་པའི་ལྷའི་གཟུགས་རྡོ་དཀར་དང་མ་ཆད་པའི་ས་དང་སྤྲ་ཚིལ་ལས་སོར་བརྒྱད་པའི་ཚད་བྱས་ཏེ། སྙིང་གར་ལྷག་གང་དང་གང་གི་སྙིང་པོའམ། མིང་གི་ཡི་གེ་གཞུག་པར་བྱས་ཏེ། བསྒྲུབ་བྱའི་གཟུགས་དང་རྒྱབ་སྤྲོད་དུ་བྱས་ལ་བར་དུ། ཨོཾ་མ་ཧཱ་ཀཱ་ལ། ཨུ་ཥྟ་དེ་བ་ཏ། བྷན་དྷེ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བར་སྣང་གི་ཤིང་ལོ་ལ་བྲིས་ལ་གཞུག། དེ་ནས་མིའི་རྒྱུ་མས་དཀྲིས་ཏེ། རྐང་པ་ལ་བཏགས་ནས་མཆོག་ཕུར་བཞི་ལ་བཏགས་ཏེ་བར་སྣང་ལ་གཞག་པར་བྱའོ། བསྒྲུབ་བྱ་སྟེང་དུ་གནས་པར་བྱའོ། འདོད་པའི་ལྷ་ནི་འོག་ཏུ་གནས་པར་བྱའོ། དེའི་འོག་ཏུ་དུག་དང་སྐྱེ་ཚེ་དང་ལྡོང་རོས་དང་གུར་གུམ་ནག་པོ་དང། དེ་རྣམས་བསྲེགས་ལ་ཆོ་གར་བྱའོ། དེ་ནས་དེའི་སྟེང་དུ་སྐེ་ཚེ་དང་ཡུངས་དཀར་དང་བཙན་དུག་དང་རྡོ་ནག་པོའི་ཕྱེ་མའམ་ཟངས་དང་ལྕགས་ལ་སོགས་པའི་རིན་པོ་ཆེའི་ཕྱེ་མ་བསྲེས་ལ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ལ། ཤིན་ཏུ་དྲག་པོའི་སྟོབས་ཀྱིས་སྔགས་བཟླས་ལ་ཕྱེ་མས་བརྡེག་པར་བྱའོ། ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་དུཥྟན་ཙ། དྷ་ཧ་དྷ་ཧ། ཧཱུཾ་ཨ་མུ་ཀ་བི་དྷེ་ཤ་ཡ་ཨཱ་ར་ཡ་ཧཱུཾ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཞག་གསུམ་དུ་བསྙེན་པ་བྱ་སྟེ། དེ་ནས་ནག་པོ་ཆེན་པོས་གྲི་གུག་གིས་སོ་སོར་ཕྱེ་ལ། འདོད་པའི་ལྷ་ནི་གནན་པར་བྱ། བསྒྲུབ་བྱ་ལ་སྦྱིན་བསྲེག་ཏུ་བྱའོ། དེས་དབྱེ་བའི་སྟོབས་དང་ལྡན་པར་འགྱུར་རོ། དེ་ནས་གཞན་ཡང་ཐོད་པ་དུམ་བུ་གསུམ་པར་རྟ་ནག་པོའི་ཁྲག་དང་དུ་རའི་ཁུ་བ་དང། མ་ཏ་ནའི་ལོ་མ་རྣམས་ཟླ་བ་གཟས་ཟིན་པའི་དུས་སུ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པས་སྣག་ཚ་བྱས་ཏེ། བུས་པ་ལོ་བཅུ་གཉིས་པའི་རྐང་གི་སྨྱུག་གུས་ཐོད་པ་ལ་འཁོར་ལོ་བྲི་བར་བྱའོ། རྩིབས་དྲུག་པ་ལ་འཕར་མ་གཉིས་པར་བྱས་ནས་ཤང་ལ་སོགས་པའི་རིམ་པར་ཨོཾ་མ་ཧཱ་ཀཱ་ལ་ཡ། ནང་གི་རིམ་པ་ལའོ། ཕྱི་རོལ་གྱི་རིམ་པ་ལ་གཡོན་སྐོར་དུ། ཨོཾ་ཨུ་ཙ་ཏ་ན་ཡ། དེ་ནས་ཕྱི་རོལ་གྱི་མུ་ཁྱུད་གཡོན་འཁོར་དུ། ཨོཾ་མ་ཧཱ་ཀཱ་ལ་ཡ། བ་ཏ་ན་ཡ། ཨ་མུ་ཀ་ཨུ་ཙ་ཏ་ན་ཡ། མ་ཧཱ་ཀཱ་ལ་ཡ། ཏ་བའི་ཁ་ན་ལ་ག་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ཡི་ཆོ་ག་བདག་ཉིད་ཀྱི་ལུས་བདུད་རྩིས་བྱུག་ལ། བསྒྲུབ་བྱའི་ཕྱོགས་སུ་ཁ་ལྟས་ཏེ། འཁོར་ལོ་མཎྜལ་གྱི་སྟེང་དུ་ཁ་སྦུབ་ཏུ་བཞག་ལ་མི་ནག་པོ་སྨེ་བ་ཡོད་པའི་སྲེ་ལོང་གི་ཐོ་བ་དང་རྗེ་ངར་གྱི་ཕུར་པས་གདབ་ཅིང་བརྡུང་བར་བྱའོ། དེ་བཞིན་དུ་དཔལ་ནག་པོ་ཆེན་པོའི་སྦྱོར་བས། དུས་གསུམ་དུ་བསྒྲུབ་པར་བྱ་བ་ལ། བསྒྲུབ་བྱའི་ས་ཕྱོགས་སམ་ཁྱིམ་གྱི་སྨད་དུ་སྦ་བར་བྱས་ན་གང་ཞིག་བསྒྲུབ་བྱ་དེ་ཁྱབ་འཇུག་ཡིན་ཡང་སྐྲོད་པར་འགྱུར་རོ།། ཙུ་ཚུན་ད་རའི་པགས་པ་ལ་དུར་ཁྲོད་ཀྱི་སྣག་ཚས་འཁོར་ལོ་བྲིས་ལ། བསྒྲུབ་བྱའི་དྲི་མའི་ས་རིགས་ཤོ་མང་གི་ཁུ་བས་སྤྲུས་ལ་བསྒྲུབ་བྱའི་གཟུགས་བྱས་ནས། སྙིང་གར་མིང་གི་ཡི་གེ་དང་ལྡན་པར་བྱས་ལ། འཁོར་ལོའི་ནང་དུ་གཞུག་པར་བྱ་སྟེ། སྤྲེའུ་རྒྱུས་པས་དཀྲི་བར་བྱའོ། ། དེ་ནས་རང་གི་མདུན་དུ་ཁམ་ཕོར་གྱི་ནང་དུ་བཞག་ལ། སྔགས་ཐལ་ཆེན་དང་ཡུངས་ཀར་ལ་བཟླས་ལ་གདབ་པར་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་པྲ་ཏི། ཨ་མུ་ཀ་མོ་ཧ་ཡ་མོ་ཧ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཆོ་ག་འདི་དུས་གསུམ་བྱས་ལ། བསྒྲུབ་བྱའི་ཉལ་སར་སྦས་ན་རྨོངས་པར་འགྱུར་བའམ།། གཞོགས་ཕྱེད་སྐམ་ནས་འཆི་བར་འགྱུར་རོ།། དེ་ནས་ཡང་ཨུཏྤ་ལའི་མེ་ཏོག་དང་ཙནྡན་དམར་པོ་དང་ཨ་པ་ར་ཛི་ཏའི་ཁུ་བས་སྣག་ཚ་བྱས་ལ་མེ་ཏོག་དམར་པོ་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཥྛི་ད་ན་ཨ་མུ་ཀ་ཨཱ་ཀརཥ་ཡ་ཨཱ་ཀརཥ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྲིས། ཁ་ལྷོ་ནུབ་ཏུ་བལྟས་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ལ་མེ་ཏོག་ལ་མངོན་པར་བསྔགས་ཏེ། སྐྱེས་པའམ་མོ་བཙུན་གྱི་ལུས་སམ་གྲིབ་མ་ཕོག་པ་ཙམ་གྱིས་དེ་མ་ཐག་ཏུ་འགུགས་པར་འགྱུར་རོ།། དེ་ནས་གཞན་ཡང་ཡིད་ལོ་བཅུ་གཉིས་མའི་ཐོད་པ་ཚེས་བཅོ་ལྔའི་ཉིན་པར་བདུད་རྩི་ལྔས་བྱུགས་ལ། ། མེ་ཏོག་དམར་པོའི་ཡུ་བ་ལ་སྨྱུག་གུ་བྱས་ཏེ། རྒྱལ་པོའམ་བློན་པོའི་གྲོང་ཁྱེར་དུ་ཁ་བལྟས་ཏེ། ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ཏེ། ། འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱའོ།། འཁོར་ལོའི་རྩིབས་ལ་ཡི་གེ་ཧྲི་བཀོད་པར་བྱ། དབུས་སུ། ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་པྲ་སུ་ཏཥྨ་དེ་ནད་ད་རེ། ཨ་མུ་ཀ་བ་ཤི་ཀ་རན། བཱ་ཤི་ཀ་ར་ཧཱུཾ་ཧྲི་ཧྲི་སྭཱ་ཧཱ། ཞེས་བྲི་བར་བྱའོ། ། དེ་ནས་མེ་ཏོག་དམར་པོས་ཐོད་པ་བཀང་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས་མངོན་པར་བསྔགས་ན། ཐོད་པའི་མེ་ཏོག་དྲི་དང་ལྡན་ཏེ་གཡོ་བར་འགྱུར་རོ།། དེའི་ཚེ་ཐོད་པའི་མེ་ཏོག་དེ་དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས། རྒྱལ་པོའམ་བློན་པོའི་ལག་ཏུ་བྱིན་པ་ཙམ་གྱིས་དབང་དུ་འགྱུར་རོ།། དེ་ནས་གཞན་ཡང་ལས་ཐམས་ཅད་སྒྲུབ་པའི་ཡུངས་ཀར་གྱི་ཆོ་ག་ལ་བརྩོན་པར་བྱ་སྟེ། དེ་ལ་ཐོད་པ་དུམ་བུ་གསུམ་པར་དུར་ཁྲོད་ནས་ས་བླངས་ལ། ། དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས་བགེགས་བསྐྲད་དེ།། ལྷོ་ནུབ་མཚམས་སུ་ཁ་བལྟས་ཏེ་ཐོད་པ་ལ་འདི་བྲིས་ལ།། ཨོཾ་མ་ཧཱ་ཀཱ་ལ་ཡ། པ་ར་ས་བ་མཱི་ཐཧི་བྷ་བཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ས་གཏིང་ཁྲུ་གང་ཚད་དུ་སྦ། དེའི་སྟེང་དུ་ཁྲུ་གང་ཆོས་འབྱུང་གཟུགས་སུ་འདུག་པར་བྱ། དེ་ནས་ནག་པོ་ཆེན་པོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཡུངས་ཀར་ལ་ཐིམ་པར་བསམ་ལ་སྔགས་འདི་ཡུངས་ཀར་ལ་ལན་བདུན་ནམ་བཅུ་བཞིའམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ལ། ། ཉི་མའི་ཟེར་ལ་གཟུགས་པར་བྱའོ།། དེ་ནས་བསྐོར་བ་ལན་ཉི་ཤུ་རྩ་གཅིག་བྱ་ཞིང་སྔགས་བཟླའོ།། གཏོར་མ་དང་མཆོད་པ་ཡང་བྱ། ཞག་བདུན་བདུན་ཞིང་དེ་ལྟར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨུད་ག་ཏེ་ཧཱུཾ་ཕཊ། ཅེས་བཟླས་ཞིང་ཡུངས་ཀར་སྨིན་པའི་དུས་སུ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པས་ཡུངས་ཀར་བླང་བར་བྱའོ། ། དེ་ནས་དུར་ཁྲོད་ཀྱི་གནས་སུ་མཎྜལ་གྲུ་གསུམ་ཁྲུ་གང་གི་ཚད་དུ་སྦ་བྱས་ཏེ། བདུད་རྩྀ་རྣམ་པ་ལྔས་བྱུགས་ཏེ། དེའི་སྟེང་དུ་ཐོད་པར་ཡུངས་ཀར་བླུགས་ལ་གཞག་པར་བྱ་སྟེ། དེ་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ནས་ཞག་གསུམ་དུ་སྔགས་ཀྱིས་བསྙེན་པ་བྱས་ན། དེས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་ནག་པོ་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་རྣམས་ལ་གཟིགས་ནས་བཀའ་སྩལ་པ།། ཕ་རོལ་དམག་ཚོགས་གཡུལ་རྣམས་དང།། གཅན་གཟན་ལ་སོགས་འཇིགས་པའི་ཚོགས། ། གང་ཞིག་འབྱུང་པོ་སྟོབས་ཆེན་དང།། ལོག་པའི་མཐུ་དང་ལྡན་པ་རྣམས།། དེ་དག་འཇིགས་པར་འགྱུར་བ་ནི།། ཡུངས་ཀར་ཆོ་ག་འདི་ཡིས་སོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། པ་ར་ས་བ་པ་ར་ག་ན། བྷ་དྷ་བྷ་དྷ། ཧ་ཏྲ་ཙཀྲ། ཨ་མུ་ཀ་ན། བྷ་དྷ་བྷ་དྷ། སྟྭམ་བྷ་ནི་སྟྭམ་བྷ་ནི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ཡི་ཆོ་ག་ཡུངས་ཀར་ལ་བྱས་ན་དམག་དཔུང་རེངས་པར་འགྱུར་རོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། སཾ་ག་ན་དྷ། ཧ་ན་ཧ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ཆོ་གས་སེང་གེ་ལ་སོགས་པའི་གཅན་ཟན་གྱི་ཚོགས་འཇིགས་པར་འགྱུར་རོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་བུདྷ་བི་ཤི་མ། པྲེ་ཏ་ཨ་ཏི་ག་ན། སྟྭམ་བྷ་ཡ་སྟྭམ་བྷ་ཡ། ཏྲ་ས་ཏྲ་ས། མཱ་ར་ཡ་མཱ་ར་ཡ། བི་དྷཱཾ་ས་ལ་བི་དྷཱཾ་ས་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ཆོ་གས་བགེགས་ཀྱི་ཚོགས་འཇིགས་པར་འགྱུར་རོ།། དེ་ནས་གཞན་ཡང་བྱི་ལ་ནག་མོའི་རིལ་མ་དང།། མིའི་ལྟག་རྩ་བསྐོར་དང་རྡོ་ཕ་བོང་ལོང་བུ་དང། གུ་གུལ་ནག་པོ་དང། འཆད་པའི་ས་དང་དེ་རྣམས་བསྲེས་ལ་ནད་པའམ། གདོན་གྱིས་ཟིན་པའི་མདུན་དུ་བསྲེག་ལ་བདག་ལག་ཏུ་གྲི་གུག་ཐོགས་ཏེ་བདག་ཉིད་དཔལ་ནག་པོ་ཆེན་པོའི་ང་རྒྱལ་དུ་བྱས་ལ་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་དཔལ་ནག་པོ་ཆེན་པོ་བཀུག་ལ། དེ་ཡང་སྤྲོས་པས་བགེགས་བཀུག་ལ་ནད་པ་ལ་བསྟིམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་པ་ཏ་ཡཱ་པ་ཏ་ཡཱ། སྟྭམ་བྷ་ཡ་སྟྭམ་བྷ་ཡ། སརྦ་བུ་དྷ་མ་ཧཱ་ཀཱ་ལ་ཡ། ཨ་རན་ཛ་ཡ་ཧཱུཾ། དེས་གྲི་གུག་ལ་བཏབ་ལ་ནད་པའི་ཐོག་ཏུ་བཞག་ལ། ཡུངས་ཀར་དང་ལྕགས་ཀྱི་ཕྱེ་མས་ཡང་དང་ཡང་མི་སྨྲ་བའི་བར་དུ་གདབ་བོ།། དེ་ནས་སྨྲ་བར་འགྱུར་ཏེ་རང་གི་འདོད་པ་དྲི་བར་བྱའོ།། དེ་ཡང་དམ་ལ་གདགས་པ་དང་མནའ་བསྒག་པ་དང་གནད་ལ་དབབ་པའི་ཆོ་ག་བྱས་ལ་བསྐུད་པར་བྱའོ། ། ཨོཾ་མ་ཧཱ་ཀཱ་ལ་ཡ། བུས་པ་མི་ཏི་མི་ཏི་ཧཱུཾ། མེ་ཏོག་འགུགས་པའི་སྔགས་སོ།། མ་ཧཱ་ཀཱ་ལ་ཡ། ར་བི་ར་བ་ཡཾ་ཀ། ཨ་མྲྀ་ཏ་ཀུ་རུ་ཀུ་རུ་སྭཱ་ཧཱ། བཅུད་ལེན་བྱིན་གྱིས་བརླབ་པའི་སྔགས་སོ།། མ་ཧཱ་ཀཱ་ལ་ཡ། དྷུ་པ་པྲ་ཏི་གྲྀ་ཧྞ། ཨུ་པཱ་ཡ་པ་རི་ཀྲ་མ། བ་རི་པུ་ར་ར་ནི་དྷུ་པ་ཨ་དྷི་ཥྛ་ན་ཨ་དྷི་ཥྛི་ཏེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཔལ་ནག་པོ་ཆེན་པོའི་སྤོས་སྦྱོར་གྱི་སྔགས་སོ། ། མ་ཧཱ་ཀཱ་ལ་ཡ། པུ་ར་རི་རི། མ་ཡཾ་གུ། མི་ལི་མི་ལི་སུ་ར་ཨ་ཀ་ར་ཥ་ཡ་ན། ནི་ཏུན་དྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གྲོང་ཁྱེད་ཀྱི་ཆང་འགུགས་པའི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། བྷི་ཤ་ཕ་རང་བྷི་ཤ་ཧ་ར་ནི། ཨུ་པ་པྲ་ཏེ་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྦྲུལ་གྱི་དུག་བསལ་བའི་སྔགས་སོ།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས་སྔགས་ཀྱི་ལེའུ་སྟེ་གཉིས་པའོ། །།། དེ་ནས་དཔལ་ནག་པོ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཞིག་སྔགས་ཀྱི་སྦྱོར་བ་རྣམས།། སྟོབས་དང་ལྡན་པའི་སྦྱོར་བ་ཡི།། དེ་ཡི་ཆོ་ག་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་ལྷ་ཡི་རྣལ་འབྱོར་གྱིས།། སྔགས་ཀྱི་སྟོབས་ནི་སྐྱེད་པར་བྱེད།། རྟག་ཏུ་ལྷ་ཡི་རྣལ་འབྱོར་དང།། ལྡན་པས་སྔགས་ཀྱི་ཆོ་ག་རྣམས།། བརྩམས་པ་ཙམ་གྱིས་འགྲུབ་པར་འགྱུར། ། དེ་ཕྱིར་ལྷ་ཡི་རྣལ་འབྱོར་ནི།། རྒྱུད་ཀྱི་དོན་ལྡན་ཡིན་པར་བཤད།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། རྒྱུད་ཀྱི་དོན་དང་ལྡན་པ་ཡི། ། ལྷ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་ས་གཞི་བསྲུང་བ་དང།། བདག་དང་རྣལ་འབྱོར་བསྲུང་བར་བྱ།། དེ་ནས་ལྷ་ཡི་ཆོ་ག་ནི།། རིམ་པ་བཞིན་དུ་རྫོགས་པར་བསྐྱེད། ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་དུར་ཁྲོད་ལ་སོགས་པ་འབྱུང་པོ་འདུ་བའི་གནས་སུ་སོང་ལ།། ལུས་བདུད་རྩི་ལྔས་བྱུགས་ལ་བདེ་བའི་སྟན་ལ་འདུག་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀ་པ་ཙ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་དུ་བསྲུང་བར་བྱའོ།། དེ་ནས་དེ་མ་ཐག་ཏུ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱ་སྟེ། དེའི་སྙིང་གར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ནག་པོ་བསམ་པར་བྱའོ། ། ཧཱུཾ་གི་འོད་ཟེར་གྱིས་སྲིད་པ་གསུམ་གྱི་གདུག་པ་བསལ་བར་བྱས་ནས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཔལ་ནག་པོ་ཆེན་པོའི་རང་བཞིན་དུ་དམིགས་ལ་རང་གི་མདུན་དུ་བཀུག་སྟེ། མེ་ཏོག་དང་སྤོས་ལ་སོགས་པ་མཆོད་པའི་ཁྱད་པར་གྱིས་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། དེ་ནས་དཔལ་ནག་པོ་ཆེན་པོའི་སྟོབས་ཀྱིས་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ལ་དམིགས་པར་བྱ་སྟེ། ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྗེས་སུ་བལྟ་བར་བྱས་ལ་ཇི་ལྟར་བཞིན་གསལ་བའི་ངང་ལ་བཞག་གོ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་ལགས།། རང་བཞིན་གསལ་བས་ཅི་ཞིག་བཤད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཐོག་མར་མ་སྐྱེས་སྐྱེ་བ་མེད།། དངོས་དང་དངོས་མེད་གཉིས་སྤང་ཞིང། ། མཐའ་ལ་མི་གནས་རྣམ་པར་གྲོལ།། སྟོང་དང་མི་སྟོང་རང་བཞིན་གྱིས།། ངོ་བོ་ཉིད་ཀྱིས་རྣམ་པར་དག། དངོས་པོའི་སྙིང་པོ་བསྡུས་པ་ནི།། སྟོང་པ་ཉིད་དོན་གསལ་བར་བྱེད། ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་སྟོ།། ཨོཾ་མ་ཧཱ་ཤུནྟ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། གཉིས་སུ་སྣང་བའི་དངོས་པོ་རྣམས།། གཉིས་མེད་ཡེ་ཤེས་ཆེན་པོ་ཡི།། སྟོང་པ་ཉིད་དུ་བསྒོམ་པར་བྱ།། དེ་ནས་དཔལ་ལྡན་ནག་པོ་བསྐྱེད། ། སྟོང་པ་ཉིད་ལས་ཡི་གེ་བཾ།། སྣ་ཚོགས་པདྨ་ཉི་མར་བཅས།། དེ་ཡི་སྟེང་དུ་ཧཱུཾ་གནས་པ།། འོད་དུ་ཞུ་ནས་གྲི་གུག་གྱུར།། ཡུ་བ་ཉི་མ་ཧཱུཾ་གིས་མཚན།། ཧཱུཾ་གི་འོད་ཟེར་ཕྱོགས་རྣམས་སུ། ། གྲི་གུག་འོད་དང་བཅས་པར་སྤྲོ།། འོད་ཀྱིས་གདུག་པ་བསལ་བྱས་ནས།། གྲི་གུག་གུར་དང་དྲ་བར་གྱུར།། དེ་ཡི་དབུས་སུ་ཆོས་འབྱུང་བསམ།། ནང་དུ་སྣ་ཚོགས་པད་ཉི་མ།། དེ་སྟེང་རོ་ཡི་གདན་ཉིད་དོ།། སྙིང་གར་ཟླ་བ་ཉི་མ་ནི། ། ཨཱ་ལི་ཀཱ་ལིས་རྣམ་པར་བརྒྱན།། ཁ་སྦྱོར་དབུས་སུ་ཧཱུཾ་གནས་པ།། འོད་དུ་ཞུ་ནས་གྲི་གུག་གྱུར།། གྲི་གུག་ལུ་བ་ཧཱུཾ་གིས་མཚན།། སྤྲོ་དང་བསྡུ་བའི་ཆོ་ག་ཡིས།། དཔལ་ལྡན་ནག་པོ་ཆེན་པོར་བཞེངས། ། ཞལ་གཅིག་པ་ལས་ཕྱག་གཉིས་པ།། གྲི་གུག་ཐོད་པ་ལག་ན་འཛིན།། སྤྱན་གསུམ་མེ་མདག་ཕུང་པོ་འདྲ།། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ།། རྔམ་པའི་མཆེ་བ་ཤིན་ཏུ་གཙིགས།། ཁ་ནས་ཁྲག་འཛག་རྒྱུན་མི་འཆད། ། སྟག་གི་ཤམ་ཐབས་རབ་ཏུ་མཛེས།། ཀླུ་ཆེན་བརྒྱད་ཀྱིས་ཡན་ལག་བརྒྱན།། བརྒྱ་ཕྱེད་ཐོད་པའི་ཕྲེང་བས་མཛེས།། དེ་ལྟར་རྫོགས་པར་བསྐྱེད་ནས་ནི།། རང་སྙིང་པད་ཉིར་ཧཱུཾ་གནས་པ།། ཧཱུཾ་ལས་གྲི་གུག་ཧཱུཾ་ཉིད་མཚན། ། དེ་ཡི་འོད་ཟེར་རབ་སྤྲོས་པས།། བླ་མ་སངས་རྒྱས་ཐམས་ཅད་དང།། བྱང་ཆུབ་སེམས་དཔའ་ལ་སོགས་པ།། དཔལ་ལྡན་ནག་པོའི་རང་བཞིན་དུ།། བཀུག་ནས་གཉིས་སུ་མེད་པར་བྱ།། ཛཿཧཱུཾ་བཾ་ཧོཿ། འདི་ཡིས་གཅིག་ཏུ་བྱས་ནས་ནི།། ཐུགས་ཀའི་འོད་ཟེར་ལས་བྱུང་བའི།། ཡེ་ཤེས་ཆུ་ཡི་དབང་བསྐུར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། ལྷ་ཡི་ཆོ་ག་ལྡན་གྱུར་ནས། ། ལས་ཀྱི་སྦྱོར་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འདི་ཡི་ལས་ཀྱི་ཆོ་ག་རྣམས།། ལྷ་ཡི་སྦྱོར་བ་རྫོགས་བྱེད་ཀྱིས།། སྔགས་ཀྱི་མཐུ་དང་ལྡན་གྱུར་ན། ། ལས་ཀྱི་ཆོ་ག་ཐམས་ཅད་འགྲུབ།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས།། ལྷ་ཡི་ཆོ་ག་ལྡན་གྱུར་ནས།། ལས་ཀྱི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཁྱད་པར་ལས་ཀྱི་ཆོ་ག་ནི།། རྣམ་པ་བཞི་རུ་ཤེས་པར་གྱིས།། གནས་དང་ལིངྒ་བཅའ་བ་དང། དུས་དང་གསང་བའི་སྦྱོར་བའོ།། བསམ་གཏན་སྔགས་ཀྱིས་ཤེས་པར་གྱིས། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། དེ་ནས་གཞན་ཡང་བྱང་ཕྱོགས་ཀྱི་ཆུ་འགྲམ་གྱི་དུར་ཁྲོད་དམ། ཤར་ཕྱོགས་ཀྱི་ཤིང་རྐང་གཅིག་གམ། ལྷོ་ཕྱོགས་སུ་རོ་བསྲེགས་པའི་དུར་ཁྲོད་དམ། ནུབ་ཕྱོགས་སུ་མཁའ་འགྲོ་མའི་ཁང་སྟོང་ངམ། ནུབ་བྱང་མཚམས་རྒྱ་མཚོའི་གླིང་ངམ། བྱང་ཤར་མཚམས་རིའི་རྩེ་མོའམ། ཤར་ལྷོ་མཚམས་མ་ཧཱ་དེ་བ་གནས་པའི་སའམ། ལྷོ་ནུབ་མཚམས་གསལ་ཤིང་ཡོད་པའི་ནགས་ཚལ་ལམ། གནས་དེ་དག་ཏུ་ནག་པོ་ཆེན་པོ་བསྒྲུབ་པར་བྱའོ། དེ་ནས་རྣལ་འབྱོར་པ་བསྒྲུབ་བྱའི་ཕྱོགས་སུ་ཁ་བལྟས་ལ་ཚ་བ་གསུམ་དང་བསྒྲུབ་བྱའི་རྐང་པ་གཡོན་པའི་ས་དང། སྤྲ་ཚིལ་དང་བག་ཟན་ལ་སོགས་པ་རྣམས་ལ། བསྒྲུབ་བྱའི་གཟུགས་སོར་བརྒྱད་པའི་ཚད་དུ་བྱས་ལ། དེ་ནས་དུར་ཁྲོད་ཀྱི་སྣག་ཚ་དང་བྱ་རོག་གི་ཁྲག་གིས་མིང་རུས་ཀྱི་ཡི་གེ་དང་ལྡན་པར་བྱའོ།། དེའི་ཚེ་ལུས་ཀྱི་ཐིག་ལེའི་གནས་སུམ་ཅུ་རྩ་གཉིས་སུ་གསལ་ཤིང་གི་ཚེར་མས་དགང་བར་བྱས་ནས། དེའི་སར་སྐེ་ཚེ་དང་ཉུང་དཀར་དང་བཙན་དུག་གིས་ཀྱང་བསྣུན་པར་བྱ་སྟེ།། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་སྔགས་ཀྱིས་གསད་པར་བྱའོ།། དུས་ནི་ཞག་བདུན་ནམ་སུམ་ཅུ་རྩ་གཉིས་ཀྱིས་བསྙེན་པ་དང་ལས་སྦྱོར་ཐུན་མོང་དུ་འགྱུར་རོ། ། དེ་ནས་གཞན་ཡང་དཔལ་ནག་པོ་ཆེན་པོའི་སྐད་ཅིག་མའི་བསམ་གཏན་དུ་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨུ་དུ་ས་རི་ཀྲ་མ། པཱ་བཱ་དྷེ་སིདྡྷི་མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་དུག་གི་ལ་དུ་ལ་གཏོར་མ་བྱ་སྟེ། ཞག་གསུམ་དུ་བསྒྲུབ་ན་དཔལ་ནག་པོ་ཆེན་པོའི་སྟོབས་དང་ལྡན་པར་འགྱུར་རོ།། དེ་ནས་གཞན་ཡང་ཁྲག་དང། དུག་དང་སྒོག་པ་དང་ཡུངས་ཀར་དང། ཤ་ཆེན་དང་གུ་གུལ་ཆེན་པོ་དང་ཆ་བསྙམས་ལ་འོད་ཟེར་ཅན་དང། ལུ་ཏི་དང་དེ་རྣམས་མར་ནག་ཆེན་པོས་བསྲེག་ལ། དཔལ་ནག་པོ་ཆེན་པོའི་མདུན་དུ་བསྲེག་ལ་ཞག་ལྔར་བསྒྲུབ་པ་བྱས་ན་དཔལ་ནག་པོ་ཆེན་པོ་མངོན་སུམ་དུ་འགྲུབ་པར་འགྱུར་རོ། ། དེ་ནས་གཞན་ཡང་དུར་ཁྲོད་ཀྱི་མགལ་པ་དང། དཔལ་ནག་པོ་ཆེན་པོའི་གཟུགས་མཐོ་གང་བའི་ཚད་དུ་བྱས་ཏེ། དུར་ཁྲོད་ཀྱི་ས་ལ་མཎྜལ་གྲུ་གསུམ་པ་བྱས་པའི་སྟེང་དུ་བཞག་གོ། དེ་ནས་རྣལ་འབྱོར་པའི་ཐུགས་ཀའི་འོད་ཟེར་གྱིས་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ཏེ་བསྟིམས་པར་བྱའོ།། དེ་ནས་དེ་ལ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། མདུན་གྱི་ནག་པོ་ཆེན་པོ་དང་བསམ་གཏན་རྩེ་གཅིག་པར་བྱས་ལ། ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། དེ་མ་ཐག་ཏུ་སྟོང་པ་ཉིད་དུ་བསམ་པར་བྱའོ།། སྟོང་པ་ཉིད་ལས་ཆོ་ག་གསུམ་གྱིས་དཔལ་ནག་པོ་ཆེན་པོ་རྫོགས་པར་བསྐྱེད་ལ། དེའི་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྟིམ་པར་བྱའོ།། དེ་ནས་དུར་ཁྲོད་ཀྱི་བིང་གི་ནག་པོ་ཆེན་པོ་དང། དཔལ་ནག་པོ་ཆེན་པོ་གཉིས་སུ་མེད་པར་དམིགས་ལ། མཆོད་པ་དང་གཏོར་མ་ལ་སོགས་པར་བྱ་སྟེ། བསྲེག་པར་བྱ་བའི་རྫས་ཀྱང་བསྲེག་ལ་དབུལ་བར་བྱའོ།། མདུན་གྱི་ནག་པོ་ཆེན་པོ་ནི་བཀའ་སྡོད་ཀྱི་ནག་པོ་ཆེན་པོར་ཤེས་པར་བྱ་སྟེ། ཐུགས་ཀ་ནས་ཐུགས་ཀྱི་སྔགས་ཀྱི་བཟླས་པར་བྱས་ན། དུས་གསུམ་དུ་མཆོད་པ་དང་གཏོར་མ་ལ་སོགས་པ་རྒྱུན་མི་འཆད་པར་བྱས་ལ། ཞག་ཉི་ཤུ་རྩ་གཅིག་ཏུ་བསྒྲུབ་པ་བྱས་ན་དཔལ་ནག་པོ་ཆེན་པོ་མངོན་དུ་འགྱུར་ཏེ། ། སྦྱོར་བ་དེ་དོན་ཐམས་ཅད་དང་ལྡན་པར་འགྱུར་རོ།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་ཞེས་བྱ་བ་ལས། ལྷའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་དཔལ་ནག་པོ་ཆེན་པོས། བཅོམ་ལྡན་འདས་ལ་གསོལ་པ།། རྒྱུད་དོན་སྒྲུབ་པར་བྱེད་པ་ཡི།། ཁྱད་པར་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རྒྱུད་དོན་ངེས་པར་སྒྲུབ་འདོད་པས།། ནག་པོ་ཆེན་པོའི་དཀྱིལ་འཁོར་བྲི་བ་དང།། རབ་ཏུ་གནས་པས་འགྲུབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དཀྱིལ་འཁོར་བྲི་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གནས་དང་དཀྱིལ་འཁོར་བྲི་བ་དང།། སྒྲུབ་པར་བྱེད་དང་དོན་གསུམ་དང། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་གཞན་ཡང་བཤད་བྱ་བ།། དུར་ཁྲོད་ཁ་དོག་ནག་པོ་ཡི།། ཁང་སྟོང་ཟུར་གསུམ་དབྱིབས་གནས་པའི།། ནང་དུ་དཀྱིལ་འཁོར་བྲི་བར་བྱ།། དེ་ལ་བུ་མོ་བཅུ་གཉིས་མ་རྣལ་འབྱོར་མའི་གཟུགས་སུ་འདུག་པ་ཁྲུས་བྱས་ལ། ལུས་ལ་བདུད་རྩི་ལྔ་ཡི་ཐིག་ལེ་བྱས་ནས། རྣལ་འབྱོར་མ་ཐམས་ཅད་ཀྱིས་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་ཡོ་གི་ནཱི། ཀཱ་ཡ་བཱ་ག་ཙིཏྟ། ཏིཥྛ་བཛྲ་པྲ་བེ་ཤ་ཡ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ལྷོ་ནུབ་མཚམས་ནས་ཆུ་འགྲམ་མམ་འཆད་མཆད་པ་ཡང་པའི་ས་བླངས་ནས། ཨོཾ་མ་ཧཱ་ཀཱ་ལ་ཡ། ཧཱུཾ་བི་བི་ཤོ་དྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྔགས་དང་བདུད་རྩིས་བྱིན་གྱིས་བརླབ་པར་བྱའོ། ། དེ་ནས་དུར་ཁྲོད་ཀྱི་ཕ་གུ་ལ་སོགས་པ་དུར་ཁྲོད་ཀྱི་ཚོན་གྱིས་དཀྱིལ་འཁོར་བྲི་བར་བྱ་སྟེ། མི་སྐྲའི་སྐུད་པས་ཐིག་གདབ་པར་བྱའོ།། ཐོད་པ་དཀར་པོ་དང་གྲི་གུག་ནག་པོ་དགོད་པར་བྱ་སྟེ། དེ་ནས་གཞན་ཡ་ཨང་རྣལ་འབྱོར་པ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ནས་ཆོ་ག་གསུམ་གྱིས་ནག་པོ་ཆེན་པོ་དང་མཁའ་འགྲོ་མའི་ཚོགས་དང་བཅས་པའི་དཀྱིལ་འཁོར་བསྐྱེད་ལ་ནམ་མཁའ་ལས་བྱུང་བའི་དཀྱིལ་འཁོར་བསྟིམ་པར་བྱའོ། ། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་ཡང་བྱ་སྟེ། དམ་ཚིག་ལ་སོགས་རྫས་ཀྱི་ཁྱད་པར་གྱི་མཆོད་པ་ཡང་བྱ་སྟེ། དེ་བཞིན་དུ་དུས་གསུམ་དུ་བསམ་གཏན་དང་ལྡན་པར་བྱས་ནས། ཞག་ཉི་ཤུ་རྩ་གཅིག་གིས་དཔལ་ནག་པོ་ཆེན་པོ་མངོན་སུམ་དུ་མཐོང་བར་འགྱུར་རོ།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རྒྱུད་ཀྱི་ཆོ་གའི་རིམ་པ་རྣམས།། ཁྱད་པར་སྒྲུབ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། ས་ལ་དཀྱིལ་འཁོར་བྲི་བ་དང།། དེ་བཞིན་དུར་ཁྲོད་ཆེན་པོའི་རས། ། རོ་བསྲེགས་ཤིང་དང་མཆོད་པའི་ས།། དཔའ་བོ་ཀེང་རུས་ལ་སོགས་པ།། དུར་ཁྲོད་གནས་སམ་བྲག་གི་སྟེང། བསམ་གཏན་སྔགས་ཀྱིས་མཚམས་བཅད་ནས།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྐུ་ཡི་རི་མོ་བྱས་ནས་སུ། ། ཆོ་ག་རབ་ཏུ་གནས་པར་བྱ།། དེ་ལྟར་བྱས་ན་དངོས་གྲུབ་ནི།། དེ་དང་དུས་མཚུངས་ལྡན་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རབ་ཏུ་གནས་པར་འགྱུར་བ་ནི།། ཆོ་གའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོར་རྣལ་འབྱོར་དབང་ཕྱུག་གིས།། བསམ་གཏན་སྔགས་དང་ལྡན་གྱུར་ནས། ། རབ་ཏུ་གནས་པར་བྱ་བ་ཡིན།། ཆོ་ག་འདི་དང་ལྡན་གྱུར་ན།། དཔལ་ལྡན་ནག་པོ་ཆེན་པོ་དང།། གཉིས་མེད་སྟོབས་དང་ལྡན་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་གནས་པར་འགྱུར་བ་ཡི།། རིམ་པའི་ཆོ་ག་ཅི་ཞིག་བཤད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཆོ་གའི་རིམ་པ་རྣམ་པ་བཞི།། རྣལ་འབྱོར་པ་ཡིས་ཤེས་པར་བྱ། ། དང་པོ་སྐུ་ཡི་རབ་ཏུ་གནས།། གཉིས་པ་གྲི་གུག་རབ་གནས་དང།། གསུམ་པ་ཐོད་པའི་རབ་གནས་དང།། བཞི་པ་ཕུར་བུའི་རབ་ཏུ་གནས།། འདི་ཡི་ཆོ་གའི་རིམ་པ་རྣམས།། བསམ་གཏན་སྔགས་དང་ལྡན་གྱུར་ནས། ། རབ་གནས་ཆོ་ག་ཤེས་པར་གྱིས།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རྣལ་འབྱོར་པས་དུར་ཁྲོད་དུ་སོང་ལ་དཔལ་ནག་པོ་ཆེན་པོའི་ང་རྒྱལ་དང་ལྡན་པས་ལུས་ལ་བདུད་རྩི་ལྔས་བྱུགས་ནས། གྲི་གུག་དང་ཐོད་པ་ལག་ཏུ་ཐོགས་ལ། དཔའ་བོ་ཁ་དོག་ནག་པོ་ལུས་ལ་ཐིག་ལེ་ནག་པོ་ཡོད་པའི་རས། བསམ་གཏན་དང་སྔགས་ཀྱིས་བླང་བར་བྱ་སྟེ། ཐོད་པའི་ནང་དུ་བཞག་ལ་ཡི་གེ་མུཾ་དང་ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱའོ། ། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། དེ་ལྟར་བསྐྱེད་པའི་རིམ་པ་དང་ལྡན་པས། དཔལ་ནག་པོ་ཆེན་པོ་བྲི་བར་བྱའོ།། དེ་ནས་དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་སྔོན་དུ་བསྙེན་པ་བྱ་སྟེ། མཚན་མ་ཐོབ་པའི་རྣལ་འབྱོར་པས། དཔལ་ནག་པོ་ཆེན་པོ་རབ་ཏུ་གནས་པར་བྱའོ།། དང་པོར་གནས་དེ་ཉིད་དུ་བདུད་རྩི་རྣམ་ལྔའི་མཎྜལ་བྱས་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། དེ་ནས་བསྐྱེད་པའི་རིམ་པ་དང་ལྡན་པར་བྱས་ལ། རང་གི་མདུན་གྱི་ཐད་ལ་བཾ་འོད་དུ་ཞུ་བ་ལས་སྣ་ཚོགས་པདྨ་དེ་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་དེ་ལ་ཧཱུཾ་འོད་དུ་ཞུ་གྲི་གུག་གི་ཡུ་བའི་ཉི་མ་ལ་ཧཱུཾ་བསམ་པར་བྱའོ། ། དེ་ནས་དེའི་འོད་ཟེར་སྤྲོ་བ་དང་བསྡུ་བས་རྗེ་བཙུན་ནག་པོ་ཆེན་པོར་བཞེངས་ཏེ། ཞལ་གཅིག་པ་ཕྱག་གཉིས་པ། སྐུ་མདོག་ཆར་སྤྲིན་གྱི་མདོག་འདྲ་བ། ཡན་ལག་ཐུང་བ་གཟི་བརྗིད་ཀྱི་གཟུགས་ཤིན་ཏུ་ཐུང་བ། ཡན་ལག་ཐམས་ཅད་གདུག་པ་སྦྲུལ་གྱིས་བརྒྱན་པ། མཆེ་བ་རབ་ཏུ་གཙིགས་ཤིང་ཁ་ནས་ཁྲག་འཛག་པ་རྒྱུན་མི་ཆད་པར་གནས་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། ཡེ་ཤེས་ཀྱི་མེ་ཆེན་པོ་རབ་ཏུ་འབར་བ། དེ་ལྟར་ཕྱུང་བར་བསྒོམ་པར་བྱའོ། དེ་ནས་རང་གི་ཐུགས་ཀའི་ས་བོན་གྱིས་དེ་བཞིན་གཤེགས་པ་བཀུག་ནས་དབང་བསྐུར་བར་དམིགས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཨ་བྷི་ཥི་ཀ་ས་མ་ཡ་ཤྲཱི་ཡི་ཧཱུཾ། དེ་ནས་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ལ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། སརྦ་བུདྡྷ་ཨ་དྷིཥྛ་ན་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། དེ་ནས་བསྐྱེད་པའི་ནག་པོ་ཆེན་པོར་བསྟིམ་པར་བྱའོ། ཨོཾ་མ་ཧཱ་ཀཱ་ལ་ཡ། པ་རཱུ་བཾ་ཏིཥྛ་ན་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། ཐུགས་ཀའི་འོད་ཟེར་གྱིས་བཟླས་པ་ཡང་བྱའོ། དེ་ནས་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཡང་བསྐོར་བར་བྱ་སྟེ། སྲིད་པ་རང་བཞིན་རྣམ་དག་པས།། སངས་རྒྱས་བསྟན་པ་ལ་གནས་ཕྱིར། སྟོབས་ཆེན་ནག་པོ་ཆེན་པོ་ཡིས།། རབ་ཏུ་གནས་པ་མཛད་དུ་གསོལ། དེ་ནས་ནག་པོ་ཆེན་པོའི་ཐུགས་ཀའི་གྲི་གུག་གི་ཡུ་བ་ལ་སྔགས་འདིས་བསྐོར་བར་བསམ་ལ། རྣལ་འབྱོར་པའི་ཐུགས་གའི་འོད་ཟེར་གྱིས་ནག་པོ་ཆེན་པོ་སྤྱན་དབྱེ་བར་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ནི་ཏྲ་པྲ་ཏིཥྛ་ན། བཛྲ་སྲ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། སྔགས་འདི་ཡོངས་སུ་བཟླས་པ་བྱའོ། དེ་ནས་དཔལ་ནག་པོ་ཆེན་པོའི་མདུན་དུ་སྤོས་བསྲེག་པར་བྱ་སྟེ། མཆོད་པ་དང་གཏོར་མ་ཡང་བྱའོ།། དེ་ནས་ཐུགས་ཀ་ནས་ཐུགས་ཀའི་བཟླས་པ་སྟོང་ཕྲག་གཅིག་བྱས་ན་ནམ་མཁའ་ལས་སྒྲ་འབྱུང་བ་དང། སྐུ་ལས་འོད་འབྱུང་བ་ལ་སོགས་པ་དཔལ་ནག་པོ་ཆེན་པོའི་སྟོབས་རྙེད་པར་འགྱུར་རོ།། དེ་ནས་སྔགས་འདིས་བརྟན་པར་འགྱུར་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨུ་ཏི་པྲ་གྲ་མམ། ཀཱ་ཡ་བཱ་ག་ཙིཏྟ། ཏིཥྛ་བཛྲ་མ་ཧཱ་ས་མ་ཡ་ཧཱུཾ། བརྒྱ་རྩ་བརྒྱད་ཀྱི་བར་དུ་བརྟན་པར་བྱའོ།། དེ་བཞིན་དུ་དུས་གསུམ་བསམ་གཏན་དང་ལྡན་པར་བྱས་ན་རབ་ཏུ་གནས་པར་ཐོབ་པར་འགྱུར་རོ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། དེ་ནས་གཞན་ཡང་དཔལ་ནག་པོ་ཆེན་པོས་གསོལ་པ། གྲི་གུག་རབ་ཏུ་གནས་པ་ཡི།། ཆོ་གའི་རིམ་པ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། འགུགས་དང་གཅོད་པར་བྱེད་པའི་གྲི།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། ཕྱག་རྒྱའི་རབ་གནས་བཤད་པར་བྱ། དཔའ་བོ་སྟོབས་དང་ལྡན་པའི་ལྕགས་ལ་གྲི་གུག་སོར་བཅུ་གཉིས་པའམ་སོར་བཞི་པའི་ཡུ་བ་ལ་ཧཱུཾ་གིས་མཚན་པའོ། དེ་ནས་བདུད་རྩི་ལྔ་ཡིས་མཎྜལ་བྱས་ལ་གྲི་གུག་བདུད་རྩི་ལྔས་བྱུགས་ཏེ། མཎྜལ་པདྨ་དང་ཉི་མའི་ཐོག་ཏུ་གྲི་གུག་བཞག་ལ། ཐུགས་ཀའི་འོད་ཟེར་གྱིས་དག་པར་བྱས་ཏེ། ནག་པོ་ཆེན་པོའི་གྲི་གུག་གི་རང་བཞིན་དུ་བྱས་ལ། ཡུ་བའི་ཧཱུཾ་ལ་སྔགས་འདི་བཟླས་པར་བྱའོ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཀརྟ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། དེ་ནས་མཆོད་པ་དང་གཏོར་མ་ལ་སྤོས་བསྲེག་ཅིང་བཟླས་པ་བྱའོ། ། དེ་ལྟར་དུས་གསུམ་དུ་རབ་ཏུ་གནས་པར་བྱའོ།། དེ་ནས་གཞན་ཡང་ཨ་ལི་དང་ཀ་ལི་དང་ཉི་མ་དང་ཟླ་བའི་དབུས་སུ་ཨ་ལས་ཐོད་པ་དུམ་བུ་གཅིག་པ་ཨ་ལི་དང་ཀ་ལིས་བརྒྱན་པར་བསམ་ལ། བདག་ཉིད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་ནག་པོ་ཆེན་པོ་སྤྱན་དྲངས་ཏེ། མཆོད་པ་དང་གཏོར་མ་བྱས་ལ་ཐོད་པ་ལ་བསྟིམ་པར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཀ་པཱ་ལ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་རུ་ཏ་ཨ་བྷི་ཥིཉྩ་ཧཱུཾ། བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་པ་བྱའོ།། དེ་ནས་གཞན་ཡང་ནི་ར་དཱུ་དཱུ་ཡི་ཕུར་བུ་ལ་སྔགས་བྲིས་ལ་ཐོད་པའི་ནང་དུ་བཞག་སྟེ། བདག་ཉིད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ལ། མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། ཕུར་བུ་ལ་བསྟིམ་པར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀཱི་ལ་ཡ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། ། དེ་བཞིན་དུ་དཔལ་ནག་པོ་ཆེན་པོ་དང། གྲི་གུག་དང་ཐོད་པ་དང་ཕུར་བུ་རྣམས་ལ་རབ་ཏུ་གནས་པར་བྱ་ཞེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས།། རབ་ཏུ་གནས་པར་བྱེད་པ་ཡི།། དུས་ཀྱི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུས་ནི་རྣམ་པ་གཉིས་ཡིན་ཏེ།། ཞིང་དང་དུར་ཁྲོད་ཆེན་པོ་ཡི།། གནས་ན་དཔའ་བོ་མཁའ་འགྲོ་མས། ། ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས།། དེར་ནི་རབ་ཏུ་གནས་བྱས་ན།། དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས།། རྟག་ཏུ་བྱིན་གྱིས་བརླབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། ཐུན་མོང་གི་དུས་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བརྒྱད་དང་བཅུ་བཞི་གནམ་སྟོང་དང།། ཚེས་གཅིག་བཅུ་བདུན་ཉི་ཤུ་གཉིས། ། དུས་དེར་རབ་ཏུ་གནས་བྱས་ན།། ནག་པོའི་སྟོབས་དང་ལྡན་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོ། ། གྲུབ་པའི་རྒྱུ་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བླ་མ་ལ་ནི་གུས་པ་དང།། དཔལ་ལྡན་ནག་པོའི་རྣལ་འབྱོར་བརྩོན།། ཆོ་གའི་ཡན་ལག་ཐམས་ཅད་ལ། ། ཐེ་ཚོམ་མེད་པར་སྒྲུབ་པར་བྱེད།། རྟག་ཏུ་དམ་ཚིག་སྲུང་བྱེད་ན།། དངོས་གྲུབ་གཉིས་ཐོབ་ཐེ་ཚོམ་མེད།། ཅེས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས། བཅོམ་ལྡན་འདས་ལ་གསོལ་པ། ། དཔལ་ལྡན་ནག་པོ་ཆེན་པོ་ནི།། སྒྲུབ་པར་འདོད་པའི་རྣལ་འབྱོར་པས།། ཆོ་གའི་ཁང་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔལ་ལྡན་ནག་པོ་ཆེན་པོ་ལ།། ཆོ་གར་འདོད་པའི་རྣལ་འབྱོར་ལ། ། སྔོན་དུ་གཏོར་མའི་ཆོ་ག་ཡིས།། དངོས་གྲུབ་ངེས་པར་ཐོབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དངོས་གྲུབ་ཉེ་བའི་རྒྱུར་གསུངས་པ།། གཏོར་མའི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འདི་ནི་གཏོར་མའི་ཆོ་ག་ཡི།། ཁྱད་པར་རྣམ་པ་གསུམ་དུ་བཤད།། རླུང་མར་སྟེང་དུ་ཐོད་པ་ལ། ། ཉ་ཤ་དུག་གི་ལ་དུ་དང།། ཤ་དང་ཁྲག་དང་ལ་ཕུག་དང།། ཆང་དང་ཆན་དང་འབྲུ་སྣ་ཚོགས།། ཤ་ལྔ་དང་ནི་བདུད་རྩི་ལྔ།། མིང་གི་ཡི་གེ་ལྡན་པར་བསམ།། དེ་ཡི་སྟེང་དུ་ཉི་མ་ལ།། གྲི་གུག་ལུ་བར་ཧཱུཾ་གནས་པ། ། འོད་ཟེར་རྣམ་པ་གཉིས་སུ་འཕྲོས།། སྟེང་དང་འོག་གི་ཕྱོགས་དག་ཏུ།། རླུང་གིས་མེ་སྤར་ཐོད་པ་དྲོས།། གྲི་གུག་གིས་ནི་དཀྲུག་པར་བསམ།། དྲོས་པས་དམ་ཚིག་བདུད་རྩིར་གྱུར།། སྟེང་གི་འོད་ཀྱིས་ཡེ་ཤེས་ཀྱི། ། བདུད་རྩི་བཀུག་ནས་བསྟིམ་པར་བྱ།། འདི་ཡིས་བྱིན་གྱིས་བརླབ་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡཱ། ཛྙཱ་ན་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུཾ། མདུན་གྱི་ནག་པོ་ཆེན་པོ་ཡི།། ལྕེ་ལ་ཧཱུཾ་གཏོར་ནས་འབྲས་ཙམ།། རྩ་བའི་སྔགས་ཀྱིས་དབུལ་བར་བྱ། ། སྟོབས་ཀྱིས་དུས་མཚུངས་བདུད་རྩི་མྱང།། དེ་ནས་གཞན་ཡང་རབ་བཤད་པ།། ལས་ལ་སྦྱོར་བ་བསྒྲུབ་བྱ་ཡི།། སྙིང་ནང་ས་བོན་ལྕགས་ཀྱུ་བསམ།། ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན།། དེ་ཡི་སྟོབས་ཀྱིས་ཁྲག་འཕེལ་འགྱུར། ། ཞུ་ནས་ནག་པོའི་ཐོད་པར་སོང།། སྔགས་ཀྱི་འོད་ཀྱི་གྲི་གུག་གིས།། ཏིལ་ཙམ་གཏུབས་ནས་འཐུང་བར་བསམ།། སྔགས་བཟླས་དུས་སུ་མིང་ཡིག་གཞུག། མདུན་གྱི་གཏོར་མ་དབུལ་བར་བྱ། ། ཡང་ན་ནག་པོའི་ཐོད་པར་ནི།། བསྒྲུབ་བྱ་བཀུག་ནས་ཁྲག་བསྐྱེད་ལ།། ཁྲག་འཐུང་ཁ་ནས་ཁྲག་འཛག་པ།། རྒྱུན་མི་འཆད་པར་བསྒོམ་པར་བྱ།། འདི་ཡིས་ནག་པོ་ཆེན་པོ་ཡི།། དངོས་གྲུབ་ཉེ་བར་བདག་གིས་བཤད། ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ལས་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་དཔལ་ནག་པོ་ཆེན་པོ་དང། མཁའ་འགྲོ་མའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྟོབས་ཀྱིས་གདུག་པ་འདུལ་བྱེད་ཅིང།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ་སྲུང་བར་བྱེད་པ་ཡི། ། ཆོ་གའི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བདུད་ཀྱི་ཚོགས་རྣམས་སེལ་བྱེད་ཅིང།། སངས་རྒྱས་བསྟན་པ་སྲུང་བྱེད་པ།། ཁྱད་པར་མ་འོངས་འཇིག་པའི་དུས། ། དཔལ་ལྡན་མགོན་པོ་ཆེན་པོ་ཡིས།། བསྟན་པ་བསྲུང་བར་ཁས་བླངས་པས།། གསང་བའི་པར་བུ་ཆེན་པོ་ཡི།། ཆོ་ག་བདག་གིས་བཤད་པར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་དཔལ་ལྡན་ནག་པོ་ཡི།། གསང་བའི་པར་བུ་ཞེས་བྱ་བའི།། དེ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསང་བའི་པར་བུ་ཆེན་པོ་ཡི། ། ཆོ་ག་རྣམ་པ་བཞི་ཡིན་ཏེ།། གནས་དང་པར་བུ་བཅའ་བ་དང།། ཁྱད་པར་སྒྲུབ་པའི་ཆོ་ག་དང།། དུས་ཀྱི་ཆོ་ག་འགྲུབ་པར་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། ། བཅོམ་ལྡན་འདས།། སྒྲུབ་པའི་གནས་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལྷོ་ནུབ་མཚམས་ཀྱི་རྡོ་རྗེ་བྲག། སྲིན་པོའི་གདོང་འདྲ་འཇིགས་པ་ཡི།། སྟེང་དུ་པར་བུ་སྒྲུབ་པའི་གནས། ། བསམ་གཏན་སྔགས་ཀྱིས་བརྩམ་པར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེ།། རྔམ་པའི་ཞལ་གདངས་འཇིགས་པའི་སྐུ།། དྲག་པོའི་སྟོབས་ཀྱིས་འདི་སྐད་གསོལ། ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྒྲུབ་པའི་གནས་ནི་ཅི་ཞིག་བཤད།། བསམ་གཏན་སྔགས་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུར་ཁྲོད་ཀྱི་ནི་ཕ་གུ་དང།། དཔའ་བོ་གྲིར་ཤིའི་ཀེང་རུས་ལ། ། སྒྲུབ་པའི་ཁང་པ་ཟུར་གསུམ་བྱ།། ཐོད་པའི་ནང་དུ་འཁོར་ལོ་བྲི།། ཆོ་གས་ཁང་པའི་ཟུར་དུ་གཞུག། སྟེང་དུ་དུར་ཁྲོད་ཤིང་དང་ནི།། མཆོད་པའི་ས་ཡིས་བླ་གབ་བྱ།། སྒོ་ནི་བསྒྲུབ་བྱའི་ཕྱོགས་སུ་བསྟན། ། བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས།། དུས་གསུམ་མཆོད་དང་གཏོར་མ་བྱས།། འདི་ཡི་སྔགས་ཀྱི་སྦྱོར་བ་ཡིས།། སྒྲུབ་པའི་གནས་ནི་བྱིན་གྱིས་བརླབ།། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཥི་ཁ་རཥྟ་ན་ཨདྷིཥྛ་ན། གི་རི་གི་རི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། ཆོ་གའི་གནས་དང་ལྡན་གྱུར་ན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྒྲུབ་པའི་གནས་དེ་ལྟར་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གསང་བའི་པར་བུ་ཆེན་པོ་ཡི།། བཅའ་བའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། པར་བུ་བཅའ་བའི་རིམ་པ་ནི།། རྣམ་པ་གསུམ་དུ་ཤེས་པར་གྱིས།། དཀྱིལ་འཁོར་དག་ནི་པར་བུའི་རྒྱུ།། དཔལ་ལྡན་ནག་པོ་ཆེན་པོའི་སྐུ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་དཔལ་ལྡན་ཆེན་པོས་གསོལ་པ།། དཀྱིལ་འཁོར་དང་ནི་པར་བུའི་རྒྱུ།། ནག་པོའི་སྐུ་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཆུ་འགྲམ་ས་དང་དུར་ཁྲོད་ས། ། རི་ཡི་རྩེ་མོ་གསུམ་གྱི་ས།། བདུད་རྩི་ལྔ་ཡིས་བསྲེས་ནས་སུ།། དཀྱིལ་འཁོར་ཟུར་གསུམ་ཁྲུ་དོའི་ཚད།། དབུས་སུ་ཁྲུ་གང་བརྐོ་བར་བྱ།། སྐེ་ཚེ་ཡུངས་ཀར་བཙན་དུག་དང།། ཁྱི་ཡི་ཁྲག་དང་དུར་ཁྲོད་ཀྱི།། སོལ་བ་ལ་སོགས་སྣག་ཚ་བྱ། ། དཀྱིལ་འཁོར་སྣག་ཚས་ནག་པོར་བྱ།། དེ་ཡི་དབུས་སུ་གྲི་གུག་དང།། ཐོད་པ་འབུར་དུ་བཏོད་པར་བྱ།། སྟེང་དུ་ཞིང་གི་བླ་རེ་དགོད།། ཁང་པའི་ཕྱི་ནང་བདུད་རྩིས་བྱུགས།། དཀྱིལ་འཁོར་ཟུར་ལ་མཆོག་ཕུར་གསུམ། ། བཙུགས་ལ་མི་སྐྲའི་སྐུད་པས་བསྐོར།། ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་ཟུར།། དཔལ་ལྡན་ནག་པོ་ཆེན་པོའི་སྐུ།། ཞིང་གི་གདན་ལ་བཞུགས་པར་བྱ།། ཤར་གྱི་དཀྱིལ་འཁོར་ཟུར་ལ་ནི། ། ཐོད་པ་དུམ་བུ་གཅིག་པ་རུ།། ཤ་ཆེན་ཁྲག་དང་ཉ་ཤ་ཆང།། དུག་གི་ལ་དུ་ལ་སོགས་པ།། མཐུན་པའི་དམ་རྫས་གཞག་པར་བྱ།། ནུབ་བྱང་དཀྱིལ་འཁོར་ཟུར་ལ་ནི།། གྲི་དང་ཐོད་པ་སྲེག་རྫས་དང།། ནི་རང་སུ་ཡི་ཕུར་བུ་བཞག། དཀྱིལ་འཁོར་ཟུར་གསུམ་འགྲམ་ལོགས་སུ།། ཐོད་པ་ཁྲག་གིས་བཀང་བ་བཞག། དཔལ་ལྡན་ནག་པོ་ཆེན་པོ་ཡི།། པར་བུའི་དཀྱིལ་འཁོར་དེ་ལྟར་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་གཞན་ཡང།། མཆད་པའི་ས་དང་དུར་ཁྲོད་ས།། རོ་བསྲེགས་ཐལ་བ་འགགས་པའི་སྐྲ།། དུག་ཆུས་བསྲེས་ལ་པར་བུ་བྱ།། ཚ་ཤིང་ཁང་པའི་མེ་ཡིས་བསྲེགས།། མི་ཡི་ཁྲག་དག་དྷ་དུ་ར།། ཚ་བ་གསུམ་ལ་སོགས་པ་ཡིས། ། ཕྱི་རོལ་བྱུགས་ལ་པར་བུའི་ནང།། འཁོར་ལོ་བྲིས་ལ་ཡི་གེ་དགོད།། ཐོད་པ་དུམ་བུ་བཞི་པ་གཉིས།། བདུད་རྩི་ལྔས་བྱུག་འཁོར་ལོ་བྲི།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྟོབས་ཀྱི་པར་བུ་རབ་བཤད་པ། ། ལྕགས་ཀྱི་གྲུ་གསུམ་ཁ་སྦྱོར་བྱ།། དེ་ཡི་ནང་དུ་བསྒྲུབ་བྱ་ཡི།། ལིངྒ་ཆོ་གས་གཞག་པར་བྱ།། ཚ་བ་གསུམ་དང་བསྒྲུབ་བྱ་ཡི།། རྫས་ཀྱི་ས་དང་ཕྱེ་མ་གསུམ།། བག་ཕྱེ་དུག་གི་ཕྱེ་མར་བསྲེ།། ལིངྒ་སོར་བཞིའི་ཚད་དུ་བྱ། ། བདག་ཉིད་ལྷོ་ནུབ་ཁ་བལྟས་ལ།། ལིངྒ་མིང་གི་ཡི་གེ་རྣམས།། དཔལ་ལྡན་ནག་པོའི་བསམ་གཏན་གྱིས།། མི་སྨྲ་བར་ནི་བྲི་བར་བྱ།། ལྷོ་ནུབ་ཚུགས་མའི་ཤིང་ལོ་ལ།། ཉི་ཤུ་རྩ་གཅིག་གྲངས་ཀྱི་ཚད། ། འཁོར་ལོའི་རྫས་ཀྱི་མིང་ཡིག་གཞུག། ལིངྒ་ཡི་གེ་གཅིག་ཏུ་བྱ།། དེ་ཉིད་མི་ཡི་རྒྱུས་པས་དཀྲིས།། དཔལ་ལྡན་སྟོབས་ཀྱི་པར་བུར་གཞུག། མི་སྐྲའི་སྐུད་པས་བཅིང་བར་བྱ།། དེ་ནས་ཐོད་པའི་པར་བུར་གཞུག། ཐོད་པ་ཁ་སྦྱོར་བྱས་ནས་སུ།། དུག་དང་ཏིལ་ཕྱེ་ཚ་བ་གསུམ།། བསྲེགས་ལ་མཚམས་རྣམས་དགག་པར་བྱ།། ཐོད་པ་པར་བུའི་ནང་དུ་གཞུག། པར་བུའི་དཀྱིལ་འཁོར་དབུས་སུ་བཞག། དཔལ་ལྡན་ནག་པོའི་བསམ་གཏན་གྱིས།། མཆོད་རྟེན་ནག་པོ་ཟུར་གསུམ་བརྩེགས།། བུམ་པ་འཁོར་ལོ་གཞུག་པར་བྱ།། དུར་ཁྲོད་སོལ་བ་སྐེ་ཚེ་དུག། མཆོད་རྟེན་ཕྱི་རོལ་བྱུག་པར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་ཡི། ། པར་བུ་བཅའ་བ་དེ་ལྟར་བཤད།། ཙེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རབ་བཤད་པ།། ལྷོ་ནུབ་དུར་ཁྲོད་རོ་བསྲེག་ཅིང།། ཁ་དོག་ནག་པོའི་ཚོགས་སྤྲོ་བ།། དཔལ་ལྡན་ནག་པོ་ཆེན་པོ་ཡི། ། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཁྲུ་གང་ཚད་དམ་ཁྱད་པར་དུ།། མཐོ་གང་ནག་པོའི་སྐུ་གཟུགས་བྱ།། རྣལ་འབྱོར་སྟོབས་དང་ལྡན་པ་ཡིས།། སྔོན་དུ་བསྙེན་པ་བྱས་ནས་ནི།། དེ་ལ་རབ་ཏུ་གནས་པར་བྱ། ། མཆོད་པ་གཏོར་མ་ལ་སོགས་བྱ།། ཁྱད་པར་ཆོ་ག་ཀུན་ཀྱང་བྱ།། དཀྱིལ་འཁོར་ལྷོ་ནུབ་ཟུར་ལ་ནི།། ཞིང་གི་སྟེང་དུ་བཞུགས་སུ་གསོལ།། ཐུན་པའི་དམ་རྫས་ལ་སོགས་པ།། མཆོད་པའི་ཁྱད་པར་ཀུན་གྱིས་མཆོད། ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྐུ་ཡི་ཆོ་ག་ཤེས་པར་གྱིས། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དཔལ་ལྡན་ནག་པོ་ཆེན་པོ་ཡི། ། གསང་བའི་པར་བུའི་ཆོ་ག་མཆོག། སྒྲུབ་པའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། པར་བུ་སྒྲུབ་པའི་རྣལ་འབྱོར་པས།། ཡན་ལག་བདུད་རྩི་ལྔས་བྱུག་ལ།། སྐྲ་བརྫེས་གྲི་གུག་ཐོད་པ་འཛིན། ། ཁ་དོག་ནག་པོ་དུར་ཁྲོད་གོས།། རྣལ་འབྱོར་པ་ཡིས་གོན་པར་བྱ།། དེ་ནས་རྣལ་འབྱོར་དབང་ཕྱུག་གིས།། ལྷོ་ནུབ་མཚམས་སམ་བསྒྲུབ་བྱའི་ཕྱོགས།། ཁ་བལྟས་ཞིང་གི་གདན་ལ་འདུག། དེ་ནས་དཔལ་ལྡན་ནག་པོ་ཡི། ། བསམ་གཏན་སྔགས་ཀྱིས་མཚམས་བཅད་ལ།། མཆོད་པ་གཏོར་མ་ལ་སོགས་པ།། མཆོད་པའི་ཁྱད་པར་ཀུན་ཀྱང་བཤད།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། ཏིང་ངེ་འཛིན་གྱི་རིམ་པ་རྣམས། ། ཐོག་མར་བདག་ཉིད་ལྡན་པར་བྱ།། མདུན་གྱི་དཀྱིལ་འཁོར་ལྷོ་ནུབ་ཀྱིས།། ཟུར་ལ་དཔལ་ལྡན་ནག་པོའི་སྐུ།། གང་དུ་གནས་པར་བྱ་བ་ལ།། རྣལ་འབྱོར་སྟོབས་དང་ལྡན་པ་ཡིས།། ནག་པོ་ཆེན་པོ་བསྐྱེད་པར་བྱ། ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས།། བླ་མ་སངས་རྒྱས་ཐམས་ཅད་དང།། དཔལ་ལྡན་ནག་པོ་ཆེན་པོ་དགུག། ཆོ་ག་བཞི་ཡིས་གཉིས་མེད་བྱ།། མཆོད་པ་གཏོར་མ་ལ་སོགས་པ།། རྣལ་འབྱོར་པ་ཡིས་བརྩོན་པར་བྱ། ། དཔལ་ལྡན་ནག་པོ་ཆེན་པོ་དང།། རྣལ་འབྱོར་པ་ཡི་ཐུགས་ཀ་ནས།། སྔགས་ཀྱི་ཕྲེང་བས་བསྐོར་བས་བསམ།། ཤིན་ཏུ་དྲག་པོའི་སྟོབས་ཀྱིས་ནི།། བསམ་གཏན་སྔགས་ཀྱི་བཟླས་པ་བྱ།། དེ་ནས་ཉིན་མཚན་དུས་གསུམ་དུ། ། དཔལ་ལྡན་ནག་པོ་ཆེན་པོ་ལ།། མཐུན་པའི་དམ་རྫས་དབུལ་བྱས་ན།། དེས་ནི་ནག་པོ་ཆེན་པོ་ཡི།། མཚན་མ་རྙེད་པར་རབ་ཏུ་བཤད།། རྣལ་འབྱོར་མཚན་མ་ཐོབ་པ་ཡིས། ། པར་བུའི་ཆོ་ག་བརྩམ་པར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། པར་བུའི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། པར་བུ་ནག་པོ་ཆེན་པོར་བསྐྱེད།། དེ་ཡི་ལྟོ་བར་གནས་པ་ནི།། པར་བུ་ཁ་སྦྱོར་རིམ་པ་གསུམ།། དེ་ཡི་དབུས་སུ་བསམ་པ་ནི།། པདྨའི་སྟེང་དུ་ཉི་མ་ཧཱུཾ།། ཧཱུཾ་ལས་གྲི་གུག་ཐོད་པར་གྱུར།། ཆོ་ག་གསུམ་གྱིས་ནག་པོར་བསྐྱེད། ། དེ་ཡི་ཐུགས་ཀའི་གྲི་གུག་གི། ཡུ་བའི་ཧཱུཾ་ལས་གྲི་གུག་སྤྲོས།། ཕྱི་རོལ་བསྒྲུབ་བྱ་འགུགས་པར་བསམ།། དབུས་ཀྱི་ནག་པོ་ཆེན་པོ་ཡིས།། ལྟོ་བར་བསྒྲུབ་བྱ་གནས་པར་བྱ།། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། ། པར་བུ་ནག་པོ་ཆན་པོ་ལ།། མཆོད་པ་གཏོར་མ་ལ་སོགས་པ།། མཐུན་པའི་དམ་རྫས་དབུལ་བར་བྱ།། རྣལ་འབྱོར་ནག་པོའི་བསམ་གཏན་ལ།། ཞུགས་ནས་དྲག་པོའི་བསམ་གཏན་གྱིས། ། སྔགས་ཀྱི་འོད་ཟེར་སྤྲོ་བར་བྱ།། ཞགས་པ་ལྕགས་ཀྱུའི་གཟུགས་ཀྱིས་ནི།། བཀུག་ལ་པར་བུའི་ནང་དུ་བསྟིམ།། དེ་ནས་འདི་དག་བརྗོད་པར་བྱ།། བླ་མ་རྡོ་རྗེ་འཛིན་པ་དང།། འཁོར་ལོའི་བདག་པོ་ལ་སོགས་པ། ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། འཁོར་གྱི་ཚོགས་དང་བཅས་པ་རྣམས།། དེ་བཞིན་བདག་ལ་དགོངས་སུ་གསོལ།། ཐམས་ཅད་བདག་ལ་དགོངས་སུ་གསོལ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ་འཇིག་པར་བྱེད་པ་རྣམས། ། དུས་གསུམ་རྣལ་འབྱོར་པ་རྣམས་ཀྱི།། སྐུ་ལ་བསྡོ་བར་བྱེད་པ་ཡིན།། དཀོན་མཆོག་རིན་ཆེན་རྣམ་པ་གསུམ།། དེ་ཡི་དབུས་འཕང་སྨོད་བྱེད་པ།། བསྒྲུབ་བྱ་འདི་ཞེས་བྱ་བ་ནི།། དཔལ་ལྡན་ནག་པོ་ཆེན་པོ་དང། ། ཆོས་སྐྱོང་མཁའ་འགྲོ་མ་ཡི་ཚོགས།། པར་བུའི་བསྲུངས་མར་བཞུགས་པ་རྣམས།། འདི་ལ་བསད་པའི་ལས་མཛོད་ཅིག། ཅེས་བརྗོད།། ཉེས་པ་བརྗོད་ཅིང་དཔང་གཟུ་དང།། དེ་ནས་དཔལ་ལྡན་ནག་པོ་ཡི། ། དྲག་པོའི་བསམ་གཏན་ལྡན་གྱུར་ནས།། གྲི་གུག་ཐོད་པ་ཐོགས་ནས་ནི།། ཕྱིན་ཕྱོགས་འཁོར་ཞིང་བསད་པ་ཡི།། བསམ་གཏན་སྔགས་ཀྱི་སྦྱོར་བ་དང།། དུས་གསུམ་མཐུན་པའི་དམ་རྫས་ནི། ། མཆོད་པ་རྒྱུན་མི་འཆད་པར་བྱ།། དེ་ལྟར་ཞག་གསུམ་བྱས་གྱུར་ན།། འགྲུབ་འགྱུར་འདི་ལ་ཐེ་ཚེམ་མེད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། མཆོད་པའི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། མཆོད་པའི་ཁྱད་པར་རྫས་རྣམས་ནི།། མཐུན་པའི་དམ་རྫས་ཐམས་ཅད་ལ།། བསྒྲུབ་བྱ་ཉིད་དུ་དམིགས་ལ་དབུལ།། དེ་ཡི་སྔགས་ནི་རབ་བཤད་པ། ། ཨོཾ་མ་ཧཱ་ཀཱ་ལ་ཡ། གུ་ཎ་ཧྲི་ད་ཡ་ཧཱུཾ། ཨི་དཾ་དྷཱུ་པ་པུཥྤེ་དཱི་པ་གྷན་དྷ། བྷ་ག་དྷ་དྷི། ཨི་དཾ་བ་ལིཾ། གྲྀ་ཧྞ་ཧཱུཾ་ས་མ་ཡ། ཨ་ཏི་ཀྲ་མ་ཡ། མ་ཧཱ་ཀཱ་ལཱ་ཡ། པཱུ་ཛ་ས་མ་ཡ། སྭ་ཧཱུཾ་ཧཱུཾ། མཚན་མོའི་དུས་སུ་བརྗོད་པར་ནི།། མཐུན་པའི་དམ་རྫས་གཏོར་མ་བཅའ།། དེ་ཡི་སྔགས་ནི་རབ་བཤད་པ།། ཨོཾ་མ་ཧཱ་ཀཱ་ལ་ཡ། མ་མ་སརྦ་ཤ་ཏྲུཾ་མཱཾ་ས་རཀྟ་ཀེཾ་ནི་རུ་མེ་དཱ་མེ་ཛྙཱ། བ་སུ་ཏ། ཨ་མུ་ཀ་ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གསང་བའི་པར་བུ་ཆེན་པོ་ཡི།། དེ་ཡི་སྔགས་ནི་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཨོཾ་མ་ཧཱ་ཀཱ་ལ་ཡ། སྨྲི་ཏུ་ཀཱ་ལ་ཡ། མ་ཧཱ་ཀྵ་ཤཱ་ས་ན་ཀཱ་ལོ་ཨ་ཡཾ། ཨ་མུ་ཀ་བྷ་ཤི་ར། མཱ་ར་ཡ་མཱ་ར་ཡ་ཨ་མ་ཀ་ཙྪེ་ཙིཏྟ་ཡ། ཙྪ་ཏ་ཀ་ཙྪ་ར་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་པར་བུ་ཆེན་པོ་ལ།། འཁོར་ལོ་ཡི་གེ་དགོད་པར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། གསང་བའི་པར་བུ་ཆེན་པོ་ཡི།། ཁྱད་པར་སྔགས་ནི་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྲོག་གི་སྙིང་པོ་བསད་པ་དང།། རྩ་བའི་སྔགས་ལ་སོགས་པ་ཡི།། ཤམ་བུ་འདི་ནི་གདགས་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་བྷ་ཙིཏྟ་ཡ། ཨ་མུ་ཀ་ཧསྟ་ཙ་ར་ཡ། མ་མ་ཤ་ཏྲུཾ་རཀྟ་ཙ་ར་ཡ་ཙིཏྟ། ཙྪིནྡ་ཙྪིནྡ། བྷིན་དྷ་བྷིན་དྷ། པ་ཙ་པ་ཙ། ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། གསང་བའི་པར་བུ་ཆེན་པོ་ཡི།། སྒྲུབ་པའི་གནས་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མར་ངོའི་ཚེས་གཅིག་ནག་པོའི་དུས།། དང་པོ་པར་བུ་བཅའ་བར་བྱ།། གཉིས་པ་ལྷ་ལ་བསྙེན་པར་འགྱུར། ། གསུམ་པ་བསྒྲུབ་བྱ་དགུག་པར་བྱ།། བཞི་པ་བསྒྲུབ་བྱ་མྱོས་པར་བྱེད།། ལྔ་པ་བསྒྲུབ་བྱ་གསོད་པར་བྱེད།། དྲུག་པ་ལྡོག་པ་མེད་པར་བྱེད།། བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས།། ཕུང་པོ་རྣམ་ཤེས་ཕྲལ་བྱས་ཏེ། ། བདུན་པས་དགའ་ལྡན་གནས་སུ་བསྐྱལ།། དེ་རྗེས་ཚོགས་ཀྱི་འཁོར་ལོ་དང།། འབྲས་བུ་ཆེན་པོ་ཉིད་ལ་སྦྱར།། དེ་ལྟར་ཞག་བདུན་བྱས་གྱུར་ན།། དབང་ཕྱུག་ཆེན་པོ་ལ་སོགས་པའི།། ལྷ་ཆེན་ཀུན་ཀྱང་བསད་པར་ནུས། ། གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས།། ཞེས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། གསང་བའི་པར་བུ་ཆེན་པོའི་ལེའུ་ཞེས་བྱ་བ་སྟེ་ལྔ་པའོ། །།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། དཔལ་ལྡན་ནག་པོ་ཆེན་པོ་ཡི།། གསང་བའི་པར་བུ་ཞེས་བྱ་བ།། འཁོར་ལོ་ཉིད་དུ་ཅིས་མི་སྨོས།། དེ་ཕྱིར་འཁོར་ལོས་བསད་པ་ཡི། ། ཆོ་ག་བདག་ལ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སངས་རྒྱས་བསྟན་པ་འཇིག་བྱེད་པ།། གང་ཞིག་འབྱུང་པོ་མཐུ་ཆེན་དང།། ལོག་པའི་སྟོབས་དང་ལྡན་པ་རྣམས། ། དེ་དག་གསད་པར་བྱ་བ་ཡི།། འཁོར་ལོའི་ཆོ་ག་འདི་དག་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། འཁོར་ལོས་བསད་པའི་རིམ་པ་ཡི། ། དེ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། དང་པོ་འཁོར་ལོ་བཅའ་བ་དང།། གཉིས་པ་ལིངྒ་བཅའ་བ་དང།། གསུམ་པ་གསང་བར་བྱ་བའོ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། འཁོར་ལོ་ལིངྒ་བཅའ་བ་དང།། བསད་པའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོར་རྣལ་འབྱོར་དབང་ཕྱུག་གིས། ། ནག་པོས་བསམ་གཏན་ལྡན་བྱས་ནས།། དུར་ཁྲོད་གནས་སུ་མཚམས་བཅད་ལ།། དེར་ནི་འཁོར་ལོ་བྲི་བར་བྱ།། དུར་ཁྲོད་རས་ལ་བྱ་རོག་གི།། ཁྲག་དང་དུར་ཁྲོད་སོལ་བ་དང།། ཚ་བ་གསུམ་དང་བསྲེས་ལ་ནི། ། ཆོ་གས་ནག་པོའི་སྣག་ཚ་བྱ།། ལྷོ་ནུབ་མཚམས་སུ་ཁ་བལྟས་ལ།། མི་མཐུན་སྒྲོ་ཡི་སྨྱུག་གུས་ནི།། འཁོར་ལོ་བཞི་རིམ་བསྐོར་བར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། འཁོར་ལོ་སྐུ་དང་བཅས་པ་བྲི། ། འཁོར་ལོའི་དབུས་སུ་སྙིང་པོ་ནི།། ཕྱོགས་གཉིས་སུ་ནི་རྣམ་པར་དགོད།། དབུས་སུ་བསྒྲུབ་བྱའི་མིང་ཡིག་གཞུག། དེ་ཡི་ཕྱི་རོལ་ལེའུ་ཚེ་བརྒྱད།། དཔལ་ལྡན་ནག་པོའི་སྙིང་པོ་དགོད།། དེ་ཡི་ཕྱི་རོལ་ལེའུ་ཚེ་བརྒྱད། ། རྩ་བའི་སྔགས་ནི་དགོད་པར་བྱ།། དེ་ནས་དེ་ཡི་ཕྱི་རོལ་དུ།། ལས་ཀྱི་སྔགས་ནི་དགོད་པར་བྱ།། བར་དུ་བསྒྲུབ་བྱའི་མིང་ཡིག་གཞུག། དབུས་སུ་མཉམ་པའི་སྨྱུག་གུ་གཞུག། འོག་མ་གཡས་སུ་འཁོར་བར་བྱ། ། སྟེང་གི་འཁོར་ལོ་གཡོན་དུ་བསྐོར།། བཅའ་སྟེ་རིམ་པས་དགོད་པར་བྱ།། འཁོར་ལོ་ནག་པོ་ཆེན་པོ་ནི།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། གྲི་གུག་ཐོད་པ་ལག་ན་འཛིན།། ཞལ་གདངས་མཆེ་བ་གཙིགས་པར་བྲི། ། ཞག་བདུན་བསྒྲུབ་བྱའི་མིང་ཡིག་དགོད།། དེ་ལྟར་འཁོར་ལོའི་རིམ་པ་བཤད།། དེ་ནས་གཞན་ཡང་རབ་བཤད་པ།། ཚ་བ་གསུམ་དང་བསྒྲུབ་བྱ་ཡི།། རྐང་གཡོན་ས་དང་བ་གཟན་ལ།། བསྒྲུབ་བྱའི་གཟུགས་ནི་སོར་གསུམ་པ། ། བྱས་ལ་སྙིང་གར་སྔགས་འདི་གཞུག། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་པ་ར་བྷི་ཤ་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། གྲོ་ག་ལ་ནི་བྲིས་ལ་གཞུག། ལིངྒ་འཁོར་ལོའི་བར་དུ་གཞུག། དེ་ནས་མཉམ་པར་དྲིལ་བར་བྱ། ། མི་སྐྲའི་སྐུད་པས་འཁོར་ལོ་བཅིངས།། དོམ་མམ་ཁྱི་ནི་ནག་པོ་ཡི།། ཐོད་པར་འཁོར་ལོ་གཞུག་པར་བྱ།། དམར་ནག་སྐུད་པས་ཕྱི་རོལ་བཅིང།། ཁ་དོག་ནག་གམ་སྨེ་བ་ཡོད།། དེ་ལྟའི་ཐོད་པ་གཉིས་ལ་ནི། ། དུར་ཁྲོད་སོལ་བ་ཁྱི་ནག་པོའི།། སྙིང་ཁྲག་དུར་ཁྲོད་སོལ་བ་གསུམ།། བསྲེས་ལ་ཐོད་པའི་འཁོར་ལོ་ཡི།། ཕྱི་རོལ་ཚ་བ་གསུམ་གྱིས་བྱུགས། ཐོད་པའི་ནང་དུ་འཁོར་ལོ་ནི།། ཁྱིའམ་དོམ་གྱི་ཐོད་པ་གཞུག། ནི་རངྴུ་ཡི་ཕུར་བུ་བརྒྱད།། སོར་ནི་བཞི་ཚད་རབ་གནས་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་ར་བི་ཤ་བཛྲ་ཀཱི་ལ་ཡ། ཨ་མུ་ཀ་ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ། ཕུར་བུ་བརྒྱད་ལ་བྲི་བར་བྱ།། འཁོར་ལོ་མནྜལ་སྟེང་བཞག་ནས། ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ།། མཆོད་པ་དང་གཏོར་མ་ལ་སོགས་པ།། བསམ་གཏན་སྔགས་ཀྱིས་བརྩོན་པར་བྱ།། དེ་ནས་ཐུགས་ཀའི་འོད་ཟེར་ནི།། ལྕགས་ཀྱུའི་ཚུལ་དུ་རབ་སྤྲོས་པའི། ། བསྒྲུབ་བྱ་གསལ་བར་འདུག་ནས་ནི།། འོད་ཀྱི་ཞགས་པས་བཅིང་བར་བྱ།། དེ་ནས་རྣལ་འབྱོར་པའི་མདུན་དུ་ནི།། བསྒྲུབ་བྱ་གཅེར་བུ་མགོ་མཇུག་བཟློག། དཔལ་ལྡན་ནག་པོའི་ཁ་སྦྱོར་གྱི། ། བར་དུ་བསྒྲུབ་བྱ་གཞུག་པར་བྱ།། བསྒྲུབ་བྱ་གསལ་བའི་སྙིང་གི་དཀྱིལ།། གྲི་གུག་འོད་དང་བཅས་པར་བསྒོམ།། སྲོག་བཅད་ནང་ཁྲོལ་གཉོགས་ནས་ནི།། བསྒྲུབ་བྱའི་ན་ས་གཡས་གཡོན་ནས།། དཔལ་ལྡན་ནག་པོ་ཆེན་པོ་ཡིས། ། སྙིང་གི་ཁྲག་ནི་འཐུང་བར་བསམ།། དེ་ནས་ཐུགས་ཀའི་འོད་ཟེར་གྱིས།། བསྒྲུབ་བྱ་ལན་བདུན་དགུག་པར་བྱ།། ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ནི།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་ཨཱ་ཀར་ཤ་ཡ་ཛ་ཛ་ཧཱུཾ་ཧཱུཾ་ཕཊ། བསམ་གཏན་སྔགས་དང་ལྡན་གྱུར་ནས།། བསྒྲུབ་བྱ་རྟག་ཏུ་དགུག་བྱ་སྟེ།། སྔོན་དུ་རབ་གནས་བྱས་པ་ཡི།། ཕུར་བུ་དང་ནི་ཡུངས་ཀར་གྱིས།། གསད་པའི་སྔགས་ཀྱིས་བརྡེག་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཛ་ཡི་ཛ་ལན་ཏ་ཧ། ཨཥྟ་ག་ཏྲ། དྷ་ཧ་ན་དྷ་ཧ་ན། ཕོ་རན་ཨོཾ་ཡང་མ་ཧཱ་ཀཱ་ལ་ཡ། བྷ་ར་བྷ་ག་ར། བུ་ཏ་ན་པ། ཨ་མུ་ཀ་པ་ཧ་ར་ན། བ་ཧ་རི་བཾ། ག་ར་བ་ཕཊ། ཧཱུཾ་སུ་དྷ། ཨ་ན་ལ་ཨ་ན་ལ། བཱ་རི་ཡ་བཱ་རི་ཡ། འབྲས་སྨ་མ་རི། བྷི་སྣུ་ནི་ཝ་རཾ། ཨ་མུ་ཀ་ནི་ཡཾ། བཛྲ་མུ་ཧ་བི་རཾ། དྷ་ལ་འུ་དྷ་ལ་འུ། ཨ་མུ་ཀཙྪ་ཀ་ནི། མཱ་ར་ཡ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ལས་ཀྱི་ཐིག་ལེའི་གནས།། སུམ་ཅུ་རྩ་གཉིས་དམིགས་ནས་སུ།། ཕུར་བུ་ཡུངས་ཀར་གདབ་པར་བྱ། ། ཐོད་པའི་འཁོར་ལོ་ཁ་སྦྱར་ལ།། དཔའ་བོ་སྐྲ་ཡི་སྐུད་པ་ཡི།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཐོད་པ་རྒྱ་གྲམ་བཅིང་བར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ། བྷན་དྷ་བྷན་དྷ། ཧཱུཾ་ཧཱུཾ་ཕཊ། དེ་དག་བཟླས་ལ་འཁོར་ལོ་བཅིང།། འཁོར་ལོ་མཆོད་རྟེན་ནག་པོ་ཡི།། ནང་དུ་བཅུག་ནས་དུར་ཁྲོད་ཀྱི།། མེ་ཐབ་ཏུ་ན་གནན་བྱས་ན།། ཚ་བའི་ནད་ཀྱིས་འཆི་བར་འགྱུར། ། ཡང་ན་ཆུ་དོང་རྙིང་པ་ཡི།། ནང་དུ་གནན་པར་བྱས་གྱུར་ན།། བསྒྲུབ་བྱ་རྒྱུན་ནི་འགག་ནས་འཆི།། ཡང་ན་དུར་ཁྲོད་ཁང་སྟོང་དུ།། སྦས་ན་མཁའ་འགྲོ་མ་རྣམས་ཀྱིས།། ཚོགས་ཀྱི་འཁོར་ལོ་བསྐོར་བྱས་ཏེ། ། བསྒྲུབ་བྱ་ཁྲག་ནི་སྐྱུག་པར་འགྱུར།། ཡང་ན་མཆོད་རྟེན་ལྷ་ཁང་གི། ཐེམ་པའི་འོག་ཏུ་གནན་བྱས་ནས།། ཁ་ལྐུགས་མིག་ནི་ལོང་བ་དང།། གཞོགས་ཕྱེད་སྐམ་ནས་འཆི་བར་འགྱུར།། ཡང་ན་འཁོར་ལོ་བསྒྲུབ་པར་བྱ། ། རང་གི་ལུས་ལ་བརྟེན་བྱས་ལ།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། གང་ཞིག་བསྒྲུབ་བྱ་དམིགས་ལ་དེ།། ཞག་བདུན་གྱིས་ནི་གསོད་པར་བྱེད།། འདིས་ནི་ལས་རྣམས་ཐམས་ཅད་ཀྱི། ། བསད་པའི་སྦྱོར་བར་ཤེས་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། རབ་ཏུ་སྨྱུག་ཤ་མ་རག་ཏུ།། མ་ཧཱ་ཀཱ་ལ་ཡ་ཨ་མུ་ཀ་མཱ་ར་ཡ་ཨ་བ་རི་བྷི་ཤ་ཧཱུཾ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། ། བཅོམ་ལྡན་འདས། གཞན་ཡང་འཁོར་ལོ་ཅི་ཞིག་བཤད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུར་ཁྲོད་ཀྱི་ནི་གཡམ་པ་ལ།། གུར་གུམ་གོ་རོ་ཙ་ན་དང།། བནྡྷུའི་མེ་ཏོག་ལ་སོགས་པས། ། པདྨ་འདབ་བརྒྱད་བྲི་བར་བྱ།། དེ་ལ་སྦྲུལ་བརྒྱད་དགོད་པར་བྱ།། མེ་ཏོག་ལུ་དའི་ཁུ་བ་དང།། དུར་ཁྲོད་སྣག་ཚས་སྦྱར་ནས་སུ།། དབུས་སུ་གྲི་གུག་ཐོད་པ་བྲི།། རྣལ་འབྱོར་ནུབ་ཏུ་ཁ་བལྟས་ལ།། བསམ་གཏན་སྔགས་དང་ལྡན་གྱུར་ནས། ། ནག་པོ་སྦྲུལ་དང་བཅས་པར་བསྐྱེད།། དེ་ལ་མཆོད་པར་བྱས་ནས་ནི།། བསམ་གཏན་སྔགས་ཀྱི་བཟླས་པ་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་ར་ནཱ་ག་གུ་རུ་ནི་ཤིག་ནི་རི་ནི་རི། མ་ཐ་ནི་ཤིག། མཥྟི་དྷ་རི་ནཱ་ག་རཱ་ཛ། དེ་བ་བྷ་རི་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དུས་གསུམ་དུ་ནི་བསྙེན་པར་བྱ།། འཁོར་ལོ་འདི་ཡི་ཆོ་ག་ནི།། ཆུ་མིག་ཤིང་ངམ་རི་ཡི་རྩེ།། གང་ཞིག་ཀླུ་ནི་གནས་པའི་ས།། དེར་ནི་ཆོ་ག་འདི་བརྩམས་ན། ། ཀླུ་ཡི་རྒྱལ་པོ་ནོར་བུ་ཅན།། ཆོ་ག་འདི་དང་དུས་མཚུངས་སུ།། ཆར་གྱི་རྒྱུན་ནི་འབེབས་པར་བྱེད།། གལ་ཏེ་དེས་ཀྱང་མ་ཕེབས་ན།། ནག་པོའི་སྤོས་དང་གུ་གུལ་གྱིས།། འཁོར་ལོ་བདུག་པར་བྱས་གྱུར་ན།། ཆར་ནི་ཤིན་ཏུ་འབབ་པར་འགྱུར། ། འཁོར་ལོ་བཟློག་པ་བྲིས་ནས་ནི།། དེ་ཡི་སྟེང་དུ་སྦྱིན་བསྲེག་བྱ།། སྔགས་ནི་བཟློག་ནས་རབ་བཟླས་ནས།། བསྒྲུབ་བྱ་ཤིན་ཏུ་མི་བསྲུན་པས།། རྡོ་ཡི་སེར་བ་འབེབས་པར་འགྱུར། ། ཡང་ན་ཀླུ་རྣམས་ཐམས་ཅད་ནི།། ཨརྫ་ཀ་ཡི་འབྲས་བུ་ལྟར།། མགོ་བོ་ལུས་པོ་འགས་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རབ་བཤད་པ།། ཐོད་པ་དུམ་བུ་གཅིག་པ་ལ། ། ཁ་ཏི་ཁ་ཡི་འཁོར་ལོ་བྲི།། དེ་ཡི་ཕྱི་ནི་བདུད་རྩིས་བྱུག། ཐོད་པའི་ནང་དུ་ཡུངས་ཀར་དང།། སྦྱིན་བསྲེགས་ཐལ་བ་བསྔགས་ནས་ནི།། ཐོད་པ་རབ་ཏུ་གནས་པར་བྱ།། རྩ་བའི་སྔགས་ནི་བཟླས་པ་ཡི། ། འདི་ནི་ཤམ་བུར་གདགས་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤ་ར་ཛ་རཾ་པད་ཐ་ར། བྷི་དྷ་ར་ཚིནྡྷ་ཚིནྡྷ་ཚིནྡྷ་ཧཱུཾ་ཧཱུཾ་ཕཊ། འདི་ཡི་བསྙེན་པ་བྱས་ནས་ནི།། གང་ཞིག་ཡུལ་སྲུང་བྱེད་པ་ཡི།། དེ་ཡི་ཕྱོགས་བཞི་གཞག་པར་བྱ། ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། མཆོད་དང་གཏོར་མ་ལ་སོགས་བྱ།། ཀླུ་དང་གནོད་སྦྱིན་ལ་སོགས་པ།། གདུག་པའི་སེར་བ་སྲུང་བར་འགྱུར།། དེ་ནས་གཞན་ཡང་རབ་བཤད་པ། ། བདུད་རྩི་བ་ཡི་རྣམ་ལྔ་ལ།། ཆོ་གས་མནྜལ་བྱས་ནས་ནི།། པདྨ་འདབ་མ་བརྒྱད་པ་བྲི།། དེར་ནི་དཔལ་ལྡན་ནག་པོ་དང།། ཛམ་བྷ་ལ་ནི་གསལ་བསྐྱེད་དེ།། སྒྱུ་སྐར་རྒྱལ་ནས་དབུ་བཙུགས་ལ། ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ།། མེ་ཏོག་ཆུ་དང་དྲི་ཞིམ་སྤོས།། གཡོན་པའི་ཁྱོར་བས་དབུལ་བར་བྱ།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཉིན་རེ་ཞིང་ནི་དུས་གསུམ་དུ།། གཙང་མའི་ཆུ་ཡིས་མཆོད་པར་བྱ། ། ཨོཾ་མ་ཧཱ་ཀཱ་ལ་ཡ། སིདྡྷི་དྷ་ན་མེ་དྷི། ཧཱུཾ་ཛམ་བྷ་ལ་ཛ་ལན་དྲཱ་ཡ་སྭཱ་ཧཱ། ཆོ་ག་འདི་ཡི་སྟོབས་ཀྱིས་ནི།། འཇིག་རྟེན་གནོད་སྦྱིན་ཐམས་ཅད་ཀྱིས།། ནོར་དང་རིན་པོ་ཆེ་ཡི་གཏེར།། རྟག་ཏུ་དེ་ལ་སྦྱིན་པར་བྱེད། ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲཽད་ཆེན་པོ་ཞེས་བྱ་བ་ལས། འཁོར་ལོའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། འཁོར་ལོའི་ཆོ་ག་རབ་བཤད་པ།། གནན་པས་གསད་པར་གསུངས་པ་ཡི།། དེ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གནོད་སྦྱིན་སྟོབས་དང་ལྡན་པ་དང། ། གང་ཞིག་འབྱུང་པོ་མཐུ་ཆེན་དང།། འཇིག་རྟེན་ལྷ་ཆེན་ལ་སོགས་པའི།། ལོག་པའི་མཐུ་དང་ལྡན་པ་རྣམས།། གནན་པར་བྱ་བའི་ཆོ་ག་འདིས།། ཁྱད་པར་དུ་ཡང་གསད་པ་ཡི།། ཆོ་གའི་རིམ་པ་འདི་དག་བཤད། ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས།། སངས་རྒྱས་བསྟན་པ་འཇིག་པ་དང།། ནག་པོའི་ཕྱོགས་ནི་འཛིན་པ་རྣམས། ། གནན་པས་གསད་པའི་སྦྱོར་བ་ཡི།། དེ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུར་ཁྲོད་དབེན་པའི་ས་ཕྱོགས་སུ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། ཏིང་ངེ་འཛིན་དང་ལྡན་གྱུར་ནས། ། བསམ་གཏན་སྔགས་ཀྱིས་མཚམས་བཅད་ལ།། ཐོད་པ་དུམ་བུ་དྲུག་པ་གཉིས།། བདུད་རྩིས་ཕྱི་ནང་བཀྲུ་བར་བྱ།། སྐེ་ཚེ་ཉུང་དཀར་བཙན་དུག་དང།། མིན་པའི་ཁུ་བ་ཁྭ་ཡི་ཁྲག། དུར་ཁྲོད་སྣག་ཚས་སྦྱར་ནས་སུ། ། ཐོད་པའི་ནང་དུ་འཁོར་ལོ་བྲི།། དཔའ་བོ་གྲིར་ཤིའི་རོ་རས་ལ།། དུར་ཁྲོད་སྣ་ཚོགས་བསྒྲུབ་བྱ་ཡི།། མིང་དང་ཡི་གེ་ལྡན་པར་བྲི།། བྲི་དུས་གནམ་སྟོང་ཉིན་ནམ་ཕྱེད།། འཁོར་ལོའི་ནང་དུ་གཞུག་པར་བྱ། ། ཕྱི་རོལ་དུར་ཁྲཽད་རས་ཀྱིས་གཏུམ།། མཆད་པའི་ས་དང་མཚོ་འགྲམ་ས།། རི་ཡི་རྩེ་མོ་གསུམ་གྱི་ས།། བསྲེས་ལ་ནག་པོའི་སྐུ་གཟུགས་བྱ།། མི་ཡི་རུས་པ་སྐྲ་ཤད་ཀྱིས།། ནག་པོའི་གཟུགས་སྐུའི་རུ་ཤིང་བྱ། ། ཞལ་གཅིག་ཕྱག་གཉིས་ཁྲུ་གང་ཚད།། ལྟོ་བར་འཁོར་ལོ་གཞུག་པར་བྱ།། ལུས་ནི་དུར་ཁྲོད་སྣག་ཚ་ཡིས།། ཁ་དོག་ཤིན་ཏུ་གནག་པར་བྱ།། མདུན་གྱི་ནག་པོའི་གཟུགས་སྐུ་ལ།། དཔལ་ལྡན་ནག་པོ་ཆེན་པོ་ཡི། ། བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམས།། བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས།། བླ་མ་སངས་རྒྱས་ཐམས་ཅད་དང།། བྱང་ཆུབ་སེམས་དཔའ་ལ་སོགས་པ།། ནག་པོ་ཆེན་པོའི་རང་བཞིན་དུ། ། བཀུག་ལ་ནག་པོའི་གཟུགས་ལ་བསྟིམ།། ནག་པོ་ཉིད་ཀྱང་བཀུག་ལ་བསྟིམ།། དེ་ནས་བདག་ཉིད་རྣལ་འབྱོར་པ།། ནག་པོའི་བསམ་གཏན་ལྡན་གྱུར་ནས།། མཐུན་པའི་དམ་རྫས་ལ་སོགས་པའི།། མཆོད་པའི་གཏོར་མ་དབུལ་བར་བྱ། ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས།། བསམ་གཏན་སྔགས་ཀྱི་བཟླས་པ་བྱ།། བཟླས་པ་རྫོགས་དང་ཐུགས་ཀ་ཡི།། འོད་ཟེར་ལྕགས་ཀྱུའི་ཚུལ་དུ་སྤྲོ།། བསྒྲུབ་བྱ་གསལ་བར་བཀུག་ནས་ནི། ། ནག་པོའི་ལྟོ་བར་གཞུག་པར་བྱ།། ལྕགས་ཀྱུའི་ཕྱག་རྒྱ་སྔགས་དང་བཅས།། ཐུན་རེར་བརྒྱ་ནི་རྩ་བརྒྱད་དུ།། བཀུག་ལ་ནག་པོའི་ལྟོ་བར་བཞུག། གྲི་གུག་ཐོད་པ་ཐོགས་ནས་ནི།། ཐུན་མཚམས་ཕྱིན་ཕྱོགས་བསྐོར་བར་བྱ། ། ཉིན་མོ་མཚན་མོ་དུས་དྲུག་ཏུ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། རྣལ་འབྱོར་ཉིད་ལ་བརྩོན་པར་བྱ།། དེ་ནས་དུར་ཁྲོད་དབུས་སུ་ནི།། ཁྲུ་དོ་ཚད་དུ་བརྐོ་བར་བྱ།། ནང་དུ་ནག་པོའི་སྐུ་གཟུགས་བཞག། དེ་ཡི་སྟེང་དུ་འཁོར་ལོ་ནི།། དུར་ཁྲོད་ཀྱི་ནི་ཕ་གུ་ལ།། ཨུ་ཙིན་ཏི་ཡི་ཁུ་བས་བྲིས།། སྔགས་ནི་དུར་ཁྲོད་སྣག་ཚས་དགོད།། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཙཀྲ་བར་ར་ཏི། ཨ་མུ་ཀ་སྟྭཾ་བྷ་ནི་སྟྭཾ་བྷ་ནི། མོ་ཧ་ནི་མོ་ཧ་ནི། ཁེ་ཙ་རཱི་བྷན་དྷཾ། བྷུ་ཙ་རཱི་བྷན་དྷཾ། པཱ་ཏཱ་ལ་བྷ་ས་ནི་བྷན་དྷཾ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་འཁོར་ལོར་དགོད་པར་བྱ།། དེ་སྟེང་སྦྱིན་སྲེག་ཐལ་བས་དགང།། དེ་ལྟར་ཞག་བདུན་བྱས་གྱུར་ན།། གནན་པས་གསད་པའི་སྦྱོར་བ་རྫོགས། ། ཁྱབ་འཇུག་མ་ཧཱ་དེ་བ་དང།། ཚོགས་ཀྱི་བདག་པོ་ལ་སོགས་པའི།། འདོད་པའི་ལྷ་རྣམས་མནན་ནུས་ན།། གཞན་དག་སྨོས་ཀྱང་ཅི་ཞིག་དགོས།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། མནན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། མཚམས་མེད་ལ་སོགས་བྱེད་པ་དང། ། གདུག་པ་ཐམས་ཅད་བསྒྲལ་བ་ཡི།། ཆོ་གའི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྦྱིན་སྲེག་ལས་རྣམས་ཀུན་གྱི་མཆོག། ཁྱད་པར་དུ་ནི་གསད་པ་ཡི།། སྦྱིན་སྲེག་འདི་ནི་ཤེས་པར་གྱིས། ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། གསད་པར་བྱ་བའི་སྦྱོར་བ་ཡི།། སྦྱིན་སྲེག་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། སྦྱིན་སྲེག་ཆོ་གའི་རིམ་པ་ནི།། ཁྱད་པར་བདུན་དུ་ཤེས་པར་གྱིས།། བདག་དང་གནས་དང་མཆོད་གཏོར་དང།། ཐབ་དང་ལྷ་དང་རྫས་དང་དུས།། རྣམ་པ་བདུན་དུ་རབ་ཏུ་བཤད། ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། ཆོ་ག་འདི་ཡི་རིམ་པ་ཡིས།། བསྒྲུབ་པར་བྱ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དང་པོ་བདག་ཉིད་རྣལ་འབྱོར་ནི།། བསྲུང་བའི་འཁོར་ལོ་བསྒོམ་པར་བྱ།། ཆོས་འབྱུང་ནང་དུ་རྡོ་རྗེ་བྲག། པད་ཉིའི་སྟེང་ན་རོ་ཡི་གདན།། དེ་སྟེང་ཧཱུཾ་ལས་གྲི་གུག་གྱུར།། དེ་ལས་ནག་པོ་ཆེན་པོ་བསྐྱེད། ། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ།། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས།། སྤྱན་གསུམ་སྡང་མིག་མེ་ཡི་འོད།། གཡས་ན་གྲི་གུག་གཡོན་ཐོད་པ།། དོ་ཤལ་ཐོད་པའི་ཕྲེང་བས་བརྒྱན།། བརྐྱང་བསྐུམ་རོ་ཡི་གདན་ལ་འགྱིང། ། མེ་དཔུང་དབུས་ན་དམ་ཚིག་བསྐྱེད།། ཡེ་ཤེས་སྤྱན་དྲང་གཉིས་མེད་བྱ།། དབང་བསྐུར་མི་བསྐྱོད་དབུ་ལ་བརྒྱན།། མདུན་གྱི་ནག་པོ་ཆེན་པོ་ཡང།། དེ་ལྟར་དུས་མཚུངས་རྫོགས་པར་བསྐྱེད། ། མཆོད་དང་གཏོར་མ་བྱས་ནས་སུ།། གཉིས་མེད་ཐུགས་ཀའི་བཟླས་པ་བྱ།། དེས་ནི་ནག་པོའི་མཚན་མ་རྙེད།། དེ་ནས་སྦྱིན་བསྲེག་བརྩམ་བྱ་ཞེས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རབ་བཤད་པ། ། གནས་ནི་དུར་ཁྲོད་ཆེན་པོ་ཡི།། རོ་སྲེག་མེ་ཐབ་ཁར་སྟོང་རམ།། རྡོ་རྗེའི་བྲག་ལ་སོགས་པ་ཡི།། འཇིགས་པའི་གནས་སུ་སྦྱིན་བསྲེག་བྱ།། མཆོད་པ་གཏོར་མ་སྲེག་པའི་རྫས།། དེ་དག་ཚོགས་པར་བྱས་ནས་ནི། ། མེ་ཏོག་སྤོས་དང་མར་མེ་དྲི།། ཤ་ཆེན་ལྷ་བཤོས་སྲེག་པའི་རྫས།། ཁྱད་པར་གྱི་ནི་མཆོད་པར་བྱ།། ཆན་དང་དུག་གི་ལ་དུ་དང།། སྦྲང་རྩི་རྒུན་འབྲུམ་སེ་འབྲུའི་ཆང།། ཤ་ཆེད་ཉ་ཤ་བདུད་རྩི་ཁྲག། འདི་ནི་དཔལ་ལྡན་ནག་པོ་ཡི།། ཁྱད་པར་གཏོར་མ་ཡིན་པར་བཤད།། དེ་ནས་གཞན་ཡང་རབ་བཤད་པ།། དུར་ཁྲོད་ས་དང་ཆུ་འགྲམ་ས།། མེ་ཐབ་ས་ལ་ཐབ་ཁུང་བྱ།། ཐབ་ནི་མཐིང་ནག་ཨེ་ཡི་དབྱིངས། ། རྒྱ་ལ་ཁྲུ་གང་ཟབས་སུ་ཕྱེད།། སུམ་རིམ་དཔངས་ལ་སོར་གསུམ་སྟེ།། མོ་འོད་གྲི་གུག་ཐོད་པས་བརྒྱན།། དབུས་སུ་གྲི་གུག་ནག་པོ་བྲི།། ཐབ་ཀྱི་རིམ་པས་དེ་ལྟར་བཤད།། དེ་ནས་གཞན་ཡང་རབ་བཤད་པ། ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཐབ་ཀྱི་ནང་དུ་པད་ཉི་ཧཱུཾ། རཾ་ལས་མེ་ལྷ་བསྐྱེད་པར་བྱ།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། ཕྱག་གཉིས་མེ་ཏོག་བགྲང་ཕྲེང་འཛིན། ། མདོག་དམར་སྤྱན་བགྲད་ཞལ་གདངས་པ།། ཁྲོ་གཉེར་མཆེ་བ་གཙིགས་པའོ།། རང་བཞིན་མེ་དང་ཡེ་ཤེས་མེ།། ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ།། གཉིས་མེད་གྱུར་པའི་ལྕེ་ལ་ཧཱུཾ།། བསམ་ནས་ལིངྒ་བསྲེག་རྫས་རྣམས། ། ལན་བདུན་རབ་ཏུ་ཁྲོས་པས་དབུལ།། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀྲོ་དྷ་ཨག་ན་ཡེ། ཧཱུཾ་མ་མ་སརྦ་ཤ་ཏྲུཾ་ཨ་མུ་ཀཾ།། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མུ་ཀ་མཱ་ར་ཡ་ཕཊ། དེ་ནས་འབར་བའི་ངོ་བོར་བརྟག། མེ་ཡི་གཞལ་ཡས་ཁང་དུ་བསམ།། དེ་ནས་དཔལ་ལྡན་ནག་པོ་ནི།། ཆོ་ག་ལྔའམ་གསུམ་གྱིས་བསྐྱེད།། བདག་དང་དམ་ཚིག་ཐུགས་ཀ་ཡི།། འོད་ཟེར་ཕྱག་རྒྱ་བཞི་དང་ལྡན།། དཔལ་ལྡན་ནག་པོ་ཆེན་པོ་ཡི། ། དེ་ཡི་ཆོ་གས་བཀུག་ལ་བསྟིམ།། ཛཿཧཱུཾ་བཾ་ཧོཿ། ཧཱུཾ་སྲིད་གསུམ་འཇིགས་པར་བྱེད་པ་ཡི།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། བསྟན་པ་བསྲུང་བར་ཁས་བླངས་པའི།། དམ་ཚིག་ཆེན་པོའི་སྟོབས་ཀྱིས་ནི། ། འབར་བ་ཆེན་པོའི་དཀྱིལ་འཁོར་དུ།། དྲག་པོའི་སྟོབས་ཀྱིས་གཤེགས་སུ་གསོལ།། མེ་ཡི་དཀྱིལ་འཁོར་འདིར་བཞུགས་ལ།། གདུག་པའི་དགྲ་བགེགས་བསྒྲལ་དུ་གསོལ།། དེ་ནས་བདུད་རྩི་རཀྟ་ཡིས། ། དཔལ་ལྡན་ནག་པོའི་ཞལ་དུ་དབུལ།། མཆོད་དང་གཏོར་མའི་རིམ་པ་རྣམས།། དབུལ་བའི་དམ་རྫས་ལ་སོགས་པའི།། མཆོད་པའི་ཁྱད་པར་ཀུན་ཀྱང་དབུལ།། དེ་ནས་ལིངྒ་བསྲེག་རྫས་རྣམས། ། རྩ་བའི་སྙིང་པོ་སྔགས་ལ་ནི།། བསད་པའི་ཡི་གེ་གཞུག་པར་བྱ།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། སྦྱིན་སྲེག་ནག་པོའི་ཞལ་དུ་དབུལ།། ལྷ་ཡི་ཆོ་ག་དེ་ལྟར་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་གཞན་ཡང་རབ་བཤད་པ།། ལིངྒ་རྫས་ཀྱི་རིམ་པ་ནི།། རྐང་རྗེས་ས་དང་སྐྲ་ཤད་དང།། རོ་བསྲེགས་ཐལ་བ་དྲི་ཆེན་ཁྲག། བདུད་རྩི་ལྔ་དང་ཆུས་སྤྲུས་ལ།། བསྒྲུབ་བྱའི་གཟུགས་ནི་སོར་བརྒྱད་ལ། ། སྙིང་གར་མིང་ཡིག་གཞུག་པར་བྱ།། མགོ་ལུས་ཚ་བའི་རྫས་ཀྱིས་བྱུགས།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། བསྒྲུབ་བྱ་བཀུག་ནས་དེ་ལ་བསྟིམ།། སྔགས་ཀྱིས་དབྱེ་བའི་ཆོ་ག་བྱ།། མགོ་ནས་རྐང་པའི་མཐིལ་གྱི་བར། ། བསད་སྔགས་ཆོར་མས་འབུམ་ཕྲག་བརྡེག། དེ་ནས་ནག་པོ་ཆེན་པོ་ཡི།། གྲི་གུག་རབ་གནས་བྱས་པ་ཡི།། མགོ་ནས་ཞབས་སུ་ཏིལ་གྱི་ཚད།། གཏུབ་ནས་ནག་པོའི་སྦྱིན་བསྲེག་བྱ།། རྫས་ནི་མི་རྐང་ལས་བྱུང་བའི། ། ཆོ་དགང་གང་གཟར་བླུག་གཟར་བྱ།། དུར་ཁྲོད་ལས་བྱུང་ཚ་ཤིང་ཁ།། ཚེར་མ་སྣ་ཚོགས་དྲི་ང་བའི།། ཡམ་ཤིང་སོར་ནི་བཅུ་གཉིས་ཚད།། ཡང་ན་སོར་དྲུག་ཤེས་པར་བྱ།། ཡུངས་ཀར་ལ་དུ་ནག་པོ་དང། ། ཤ་ལྔ་ཉ་ཤ་ཆང་དང་ནི།། ཡུངས་ནག་ལ་ཕུག་ལྕགས་ཕྱེ་དང།། ཁྲག་དང་བདུད་རྩི་དབུལ་བར་བྱ།། རིགས་ངན་ཤན་པ་ལས་བྱུང་བ།། སྦྱིན་སྲེག་མེ་ནི་ཡིན་པར་བཤད།། རྫས་ནི་འདི་དག་ལྡན་གྱུར་ན། ། སྦྱིན་སྲེག་ཆོ་ག་ཉེས་པ་མེད།། ཅེས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རབ་བཤད་པ།། དུས་ཀྱི་ཆོ་གས་འགྲུབ་པར་འགྱུར།། མང་པོའི་ཚེས་གཅིག་ལ་སོགས་པ།། ནག་པོའི་ཕྱོགས་ནི་ཐམས་ཅད་ལ། ། སྦྱིན་སྲེག་ཆོ་ག་བརྩམ་པར་བྱ།། ཉི་མ་ཕྱེད་དང་ནམ་གྱི་གུང།། བསད་པའི་དུས་ནི་ཡིན་པར་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། ། མྱུར་བར་བསད་པའི་རིམ་པ་ཡི།། ཆོ་གའི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མྱུར་བར་བསད་པའི་རིམ་པ་ནི།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། གསང་བའི་སྦྱིན་སྲེག་ཡིན་པར་བཤད། ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། གསང་བའི་སྦྱིན་སྲེག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དང་པོ་མེ་ཐབ་ས་བླངས་ལ།། ཐབ་ནི་མཐོ་གང་ཚད་དུ་བྱ།། ཏིལ་མར་གྱི་ནི་མེ་ཡིས་བསྲེག། ཟུར་གསུམ་སེང་ལྡེང་གསལ་ཤིང་ལ།། སོར་ནི་བཅུ་གཉིས་བརྒྱ་རྩ་བརྒྱད།། དཔལ་ལྡན་ནག་པོའི་ཡམ་ཤིང་བཤད། ། དེ་ནས་ཐོད་པ་དུམ་བུ་དྲུག། ནང་དུ་དུག་གི་ལ་དུ་བྱ།། ལིངྒ་ཚེར་མེའི་མེ་ཡིས་བསྲོས།། རྣལ་འབྱོར་ཐུགས་ཀའི་འོད་ཟེར་གྱིས།། བསྒྲུབ་བྱ་བཀུག་ལ་ལིངྒ་བསྟིམ།། ཨོཾ་མ་ཧཱ་ཀཱ་ལ་ཡ།། ཨ་མུ་ཀ་ཏ་བ་ཏ་བ་ཧཱུཾ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། གྲི་གུག་རབ་གནས་ལྡན་པ་ཡི།། བསྒྲུབ་བྱའི་མགོ་ནས་རྐང་མཐིལ་བར།། ཏིལ་གྱི་ཚད་དུ་གཏུབ་པར་བྱ།། དེར་ནི་རཾ་ལས་མེ་ཐབ་བམ།། དཔལ་ལྡན་ནག་པོ་ཆེན་པོ་ནི། ། མེ་ཐབ་ནང་དུ་བསྐྱེད་པར་བྱ།། སྣ་ཚོགས་པདྨ་ཉི་མར་བཅས།། རོ་ཡི་གདན་ལ་གནས་པ་ནི།། དཔལ་ལྡན་ནག་པོ་ཆེན་པོར་བསམ།། ཞལ་ནས་སྣ་ཚོགས་མེ་ཡི་འོད།། དྲག་པོའི་དབྱིབས་སུ་འབར་བར་བསམ། ། བདག་གི་ཐུགས་ཀའི་ས་བོན་ལས།། འོད་ཟེར་ནག་པོའི་གཟུགས་སུ་སྤྲོ།། དེ་ཡིས་བསྒྲུབ་བྱ་དགུག་བྱས་ནས།། རྐང་པ་གཉིས་ནས་བཟུང་ནས་ནི།། དུག་གཏོར་དུ་ནི་སྤྲུགས་བྱས་ཏེ།། གཞན་ཡང་ནག་པོའི་ཞལ་དུ་སྤྲུགས། ། དེ་ལ་བདག་ཉིད་རྣལ་འབྱོར་པས།། རོ་ཡི་གདན་ལ་འདུག་ནས་ནི།། མིག་ནི་ཟུར་གསུམ་མི་བཟད་པར།། བྱས་ནས་སོས་ནི་སོ་འཆར་ཞིང།། བདག་ཉིད་ཐུགས་ཀའི་འོད་ཟེར་གྱི།། རྣོ་བའི་གཟུགས་ཀྱིས་བསྒྲུབ་བྱ་བཀུག། མེ་ཐབ་ནང་དུ་གནས་པ་ཡི།། དཔལ་ལྡན་ནག་པོ་ཆེན་པོ་ལ།། སྙིང་པོའི་སྔགས་ཀྱིས་དབུལ་བར་བྱ།། དེ་ལྟར་བརྒྱ་ནི་རྩ་བརྒྱད་བར།། མདུན་དུ་བྱས་ན་བསྒྲུབ་བྱ་ནི།། དེ་མ་ཐག་ཏུ་གསོད་པར་ནུས། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། སྦྱིན་སྲེག་གི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རྒྱུད་འདི་ངེས་པར་གསལ་བའི་ཕྱིར།། སྔགས་ཀྱི་དོན་དང་ལྡན་པ་ཡི།། ཡི་གེའི་དབྱེ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི།། ཡི་གེ་རྣམས་ཀྱི་མཆོག་ཏུ་འགྱུར།། རྩ་བ་སྙིང་པོར་ངེས་བཤད་པ།། སྔགས་དང་རྒྱུད་ཀྱི་དོན་གྱི་ཕྱིར།། ཡི་གེ་བཏུ་བ་བཤད་པར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། ཡི་གེ་བཏུ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོར་རིག་བྱེད་རྒྱལ་པོ་ལ།། དང་པོར་ལྔ་པ་ཡན་ལག་རིང། ། གཉིས་པའི་ལྔ་པས་སྣ་ལྡན་མཆོད།། དང་པོ་ཐིག་ལེ་བཅས་པར་བཞག། གཉིས་པའི་ལྔ་པའི་ལྔ་པ་ནི།། སྣ་ལྡན་རིང་དང་བཅས་པར་གནས།། དེར་ནི་བརྒྱད་མཐར་གཞག་པར་བྱ། ། གཉིས་པའི་དང་པོ་མིང་དང་ལྡན།། གཉིས་པའི་དྲུག་པའི་གསུམ་པ་ལ།། གཉིས་པའི་དྲུག་པའི་དང་པོ་བཞག། བརྒྱད་མཐའ་གཉིས་ནི་སྒྲ་ལྡན་མཆོག། དང་པོའི་གསུམ་པ་གདགས་པར་བྱ།། གཉིས་པའི་དང་པོའི་མཐའ་ཅན་ནི། ། དང་པོ་གཉིས་དང་བཅས་པར་བཞག། གཉིས་ནི་རིང་ཐུང་སྒྲ་ཡིས་བརྗོད།། བསད་ན་ཚེག་དྲག་ལྡན་པར་བྱ།། གཉིས་པའི་ལྔ་པའི་གཉིས་པ་ལ།། གཉིས་པའི་གསུམ་པའི་དང་པོར་བཅས།། དྲག་པོའི་སྒྲ་དང་བཅས་པར་བཤད། ། བརྒྱད་པ་ཡི་ནི་གསུམ་པ་ལ།། གཉིས་པའི་ལྔ་པའི་གསུམ་པ་གདགས།། དེར་ནི་བརྒྱད་པའི་མཐའ་ཅན་ནི།། རིང་པའི་སྒྲ་དང་ལྡན་པར་བཞག། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དཔལ་ནག་པོ་ཆེན་པོ་དང།། མཁའ་འགྲོ་མ་དང་བཅས་པ་ཡི།། རང་གི་དོན་དང་ལྡན་པའི་སྔགས།། དེ་ཡི་ཡི་གེ་རྣམས་ཀྱི་མཆོག། བཏུ་བའི་རིམ་པ་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་དོན་གྱི་ཡི་གེ་ལ།། དང་པོ་ལྔ་པས་ཡན་ལག་བརྒྱན།། གཉིས་པའི་ལྔ་པའི་ཐིག་ལེ་དང།། དང་པོ་ཐུང་ངུ་གཞག་པར་བྱ།། གཉིས་པའི་ལྔ་པ་མཐར་ལྡན་པ། ། རིང་བའི་སྒྲ་དང་བཅས་པར་གནས།། བརྒྱད་པའི་མཐའ་ཅན་ཡི་གེ་ནི།། ཅུང་ཟད་རིང་དང་བཅས་པར་བརྗོད།། གཉིས་པའི་དང་པོ་མིང་དང་ལྡན།། གཉིས་པའི་དྲུག་པའི་གསུམ་པ་ལ།། གཉིས་པའི་དྲུག་པའི་དང་པོ་གདགས། ། རིག་བྱེད་སྒྲ་དང་ལྡན་པར་ནི།། ཅུང་ཟད་འཐུག་དག་བཅས་པར་བརྗོད།། ལྔ་པའི་ལྔ་པ་སྣ་ལྡན་མཆོག། བརྒྱད་པའི་མཐའ་ཅན་གདགས་པར་བྱ།། དང་པོ་གསུམ་པས་རབ་ཏུ་བརྒྱན།། ཚེག་དྲག་འཐུག་དང་བཅས་པར་བརྗོད། ། གཉིས་པའི་བདུན་པའི་གཉིས་པ་ནི།། རིག་བྱེད་མདའ་དང་ལྡན་པར་བརྗོད།། གཉིས་པའི་ལྔ་པའི་མཐར་ལྡན་པ།། ཟླ་བ་མིག་དང་བཅས་པར་བཞག། གཉིས་ཀའི་འབྲེལ་པར་གནས་པ་ཡི། ། ཆགས་པའི་ཡི་གེ་བདག་ཉིད་ཅན།། གཉིས་པའི་གསུམ་པ་གཞག་པར་བྱ།། གཉིས་པའི་བཞི་པ་དང་པོ་ལ།། དང་པོ་གསུམ་པ་གདགས་པར་བྱ།། གཉིས་པའི་ལྔ་པའི་མཐར་ལྡན་པ།། རིང་བའི་སྒྲ་དང་བཅས་པར་གནས། ། སྡེ་ཚད་བརྒྱད་པའི་མཐར་གནས་པ།། ཅུང་ཟད་རིང་བའི་སྒྲ་དང་ལྡན།། གཉིས་པའི་དང་པོ་མིང་དང་ལྡན།། གཉིས་པའི་དྲུག་པའི་གསུམ་པ་ལ།། འཐུག་པའི་སྒྲ་དང་ལྡན་པར་བྱ། ། གཉིས་པའི་དྲུག་པའི་དང་པོ་ནི།། གཡོ་བྱེད་སྒྲ་དང་བཅས་པར་གནས།། སྡེ་ཚན་གཉིས་པའི་དབུ་མ་ནི།། ཆགས་པའི་ཡི་གེ་རབ་ལྡན་པ།། གཉིས་པའི་གསུམ་པ་འཐུག་པོར་ལྡན།། གཉིས་པའི་བཞི་པའི་དང་པོ་ནི། ། དང་པོའི་གསུམ་པས་ཡན་ལག་བརྒྱན།། དང་པོའི་དང་པོ་ཡན་ལག་རིང།། གཉིས་པའི་ལྔ་ཡི་དང་པོ་ནི།། ཅུང་ཟད་འཐུག་པ་དག་དང་ལྡན།། གཉིས་ཀའི་འབྲེལ་པ་ཆགས་པར་གནས།། གཉིས་པའི་ལྔ་པའི་གསུམ་པ་ལྔ། ། དང་པོ་གཉིས་པས་གནན་པར་བྱ།། ཅུང་ཟད་རིང་དང་བཅས་པར་གནས།། མཐའ་ཡི་བརྒྱད་པའི་གཉིས་པ་ནི།། ཅུང་ཟད་ལོག་པའི་ཤུགས་དང་ལྡན།། སྡེ་ཚད་བརྒྱད་པའི་མཐར་ལྡན་པ།། ཐིག་ལེ་ཟླ་བ་མིག་དང་བཅས། ། དང་པོ་ཡི་ནི་གསུམ་པ་ནི།། རིང་བའི་སྒྲ་ཡི་སྟོབས་དང་ལྡན།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རྒྱུད་ཀྱི་རྩི་བར་བཀོད་པ་ཡི། ། དེ་ཡི་སྔགས་ཀྱི་ཁྱད་པར་ནི།། ཡི་གེ་བཏུ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྔགས་ཀྱི་དོན་རྣམས་གསལ་བྱེད་པ།། དེ་ཡི་མཚན་ཉིད་དང་པོར་བཤད།། གཉིས་པའི་བཞི་པ་དང་པོ་ལ། ། གཉིས་པའི་བཞི་པའི་གསུམ་པ་བཞག། གཉིས་པའི་དྲུག་པའི་དང་པོར་གནས།། གཉིས་པའི་བཞི་པའི་གཉིས་པ་ནི།། དེ་ཉིད་དྲག་པོའི་ཚིག་དང་ལྡན།། དང་པོ་ཡིག་འབྲུ་རྣམས་ཀྱི་མཆོག། དང་པོ་ལྔ་པས་ཡན་ལག་དགོད། ། གཉིས་པའི་ལྔ་པས་སྣ་ལྡན་མཆོག། རིག་བྱེད་ཐུང་ངུ་ཐིག་ལེར་བཅས།། གཉིས་པའི་ལྔ་པ་ལྔ་པར་ནི།། སྣ་དང་རིང་དང་བཅས་པར་གནས།། དེར་ནི་བརྒྱད་མཐའ་གཞག་པར་བྱ། ། གཉིས་པའི་དང་པོ་མིང་དང་ལྡན།། གཉིས་པའི་དྲུག་པའི་གསུམ་པ་བརྗོད།། གཉིས་པའི་དྲུག་པའི་དང་པོ་ནི།། ཤིན་ཏུ་རིང་བའི་སྒྲ་དང་ལྡན།། བརྒྱད་མཐའི་གཉིས་པའི་གཉིས་ཀྱི་སྒྲ།། ཅུང་ཟད་འཐུག་དང་རིང་པོར་བརྗོད། ། གཉིས་པའི་བཞི་པའི་མཐར་གནས་དང།། གཉིས་པའི་དྲུག་པའི་དང་པོར་བཤད།། དང་པོའི་དང་པོ་ཐུང་ངུའི་སྒྲ།། གཉིས་པའི་ལྔ་པའི་དང་པོར་གནས།། གཉིས་པའི་དང་པོ་གཞག་པར་བྱ། ། གཉིས་ཀ་འབྲེལ་པ་མ་ནི་ཞེས།། ཆགས་པའི་སྒྲ་ཡི་ཡི་གེར་བརྗོད།། དང་པོ་གཉིས་པས་གནན་པར་བྱ།། གཉིས་པའི་གསུམ་པའི་ལྔ་པ་ཐིག་ལེར་བཅས།། ཅུང་ཟད་རིང་བའི་སྒྲ་དང་ལྡན།། དང་པོ་བཞི་པ་རིང་པོར་གནས། ། བརྒྱད་པའི་མཐའ་ཅན་དང་པོ་ལ།། གཉིས་པའི་ལྔ་པ་ཐིག་ལེར་བཞག། ཚེག་དྲག་དྲག་པོའི་སྒྲ་དང་ལྡན།། དང་པོའི་དང་པོ་གཞག་པར་བྱ།། གཉིས་པའི་ལྔ་པའི་དང་པོ་ནི།། བརྒྱད་པའི་གསུམ་པའི་འབྲེལ་པར་བཞག། ཅུང་ཟད་འཐུག་པའི་སྒྲ་དང་ལྡན།། གཉིས་པའི་གཉིས་པ་དང་པོ་ལ།། དང་པོར་རིག་བྱེད་གཉིས་པར་མནན།། གཉིས་པའི་ལྔ་པའི་ལྔ་པ་ལ།། དང་པོ་ལྔ་པས་ཡན་ལག་བརྒྱན། ། གཉིས་པའི་དང་པོ་རབ་ཏུ་བཞག། གཉིས་པའི་དྲུག་པའི་གསུམ་པ་ནི།། དང་པོའི་ལྔ་པས་ཡན་ལག་བཀོད།། གཉིས་པའི་དྲུག་པའི་དང་པོ་ལ།། གཉིས་པའི་ལྔ་པ་ཐིག་ལེར་བཞག། གཉིས་པའི་གསུམ་པའི་དང་པོ་ལ། ། ཆགས་པའི་ཡི་གེ་ཡན་ལག་ལྡན།། དང་པོའི་གཉིས་པས་གནན་པར་བྱ།། མ་ནིང་ཆགས་པའི་སྒྲ་ལ་ནི།། གཉིས་པའི་བཞི་པའི་གསུམ་པ་བཞག། གཉིས་པའི་བཞི་པའི་མཐར་ལྡན་དགོད།། གཉིས་པའི་བཞི་པའི་དག་པོ་ལ། ། ཡན་ལག་ཆགས་པའི་སྒྲ་དང་ལྡན།། ཅུང་ཟད་རིང་བའི་ཡི་གེ་བརྗོད།། གཉིས་པའི་དྲུག་པའི་དང་པོར་ནི།། བྱེ་བྲག་གཉིས་ཀྱི་སྒྲ་དང་ལྡན།། ཐུང་དང་རིང་དུ་རྣམ་པར་བཤད།། གཉིས་པའི་དྲུག་པའི་དང་པོ་ལ། ། ཚེག་དྲག་གིས་ནི་བཀོད་པར་བྱ།། གཉིས་པའི་བཞི་པའི་དང་པོ་ལ།། དང་པོ་གཉིས་པས་གནན་པར་བྱ།། གཉིས་པའི་ལྔ་པའི་དང་པོ་ལ།། ཆགས་པའི་ཡི་གེ་གདགས་པར་བྱ།། གཉིས་པའི་བཞི་པའི་དང་པོ་ལ། ། དང་པོའི་གཉིས་པས་གནན་པར་བྱ།། གཉིས་པའི་གཉིས་པའི་བཞི་པ་ལ།། གཉིས་པའི་ལྔ་པ་ཐིག་ལེར་བཞག། ཤུགས་ཀྱི་རིང་བའི་སྒྲ་དང་ལྡན།། བརྒྱད་པའི་མཐར་ལྡན་གསུམ་པ་བཞག། གཉིས་པ་ཡི་ནི་ལྔ་པ་ནི།། ཅུང་ཟད་རིང་བ་ཤེས་པར་བྱ།། དེར་ནི་ཆགས་པའི་ཡི་གེ་དགོད།། བརྒྱད་པའི་མཐའ་ཅན་གསུམ་པ་ལ།། དང་པོ་གཉིས་པས་གནན་པར་བྱ།། གཉིས་པའི་བཞི་པའི་གསུམ་པའི་གཉིས། ། མཐུག་དང་ཤིན་ཏུ་མཐུག་པར་བརྗོད།། འདིར་ནི་དང་པོར་བཞི་པ་བཞག། གཉིས་པའི་བཞི་པའི་གསུམ་པ་ལ།། གཉིས་པའི་ལྔ་པ་ཐིག་ལེར་བཞག། གཉིས་པའི་བཞི་པའི་གསུམ་པ་ལ།། དང་པོ་གསུམ་པའི་ཡན་ལག་གདགས། ། བརྒྱད་པའི་མཐའ་ཅན་གཉིས་པ་ལ།། གཉིས་པའི་གསུམ་པའི་དང་པོ་གདགས།། གཉིས་པའི་གཉིས་པ་དྲག་པོའི་སྒྲ།། ཚེག་དྲག་གིས་ནི་ཤེས་པར་བྱ།། སྡེ་ཚན་བརྒྱད་པོ་མཐའ་ལྡན་པ། ། དང་པོའི་གཉིས་པས་གནན་པར་བྱ།། སྟོབས་པར་བྱེད་པའི་སྒྲ་གཉིས་ལྡན།། རིང་དང་ཤིན་ཏུ་རིང་བར་བརྗོད།། གཉིས་པའི་ལྔ་པའི་ལྔ་པ་གཉིས།། བར་དུ་ཆགས་པའི་ཡི་གེ་ནི།། ཤིན་ཏུ་དྲག་པ་གཉིས་སུ་བཤད། ། གཉིས་པ་ཡི་ནི་བཞི་པ་ལ།། ཆགས་པའི་ཡི་གེས་ཡན་ལག་དགོད།། དང་པོ་གཉིས་པས་གནན་པར་བྱ།། ཤིན་ཏུ་དྲག་པོ་སྒྲ་གཉིས་ལྡན།། བརྒྱད་མཐའ་ཡི་ནི་གཉིས་པ་ལ།། གཉིས་པའི་གསུམ་པའི་ལྔ་པ་གདགས། ། ཚེག་དྲག་བཀོད་པའི་སྒྲ་གཉིས་ནི།། ཤིན་ཏུ་དྲག་པོ་གཉིས་སུ་བཤད།། གཉིས་པའི་ལྔ་པའི་བཞི་པ་ལ།། གཉིས་པའི་བཞི་པའི་ལྔ་པ་བཞག། གཉིས་པའི་སྒྲ་དང་ལྡན་པར་བརྗོད།། གཉིས་པའི་བཞི་པའི་བཞི་པ་ནི། ། ཤིན་ཏུ་རིང་བ་གཉིས་སུ་བཤད།། བརྒྱད་པའི་མཐའ་ཅན་གཉིས་པོ་ནི།། ཚེག་དྲག་ལྡན་པ་གཉིས་སུ་བཤད།། གཉིས་པའི་གསུམ་པའི་ལྔ་པ་ནི།། འཐུག་པའི་སྒྲ་ལྡན་གཉིས་སུ་བཤད། ། གཉིས་པའི་བཞི་པའི་གསུམ་པ་གཉིས།། ཤིན་ཏུ་རིང་བའི་སྒྲ་ལྡན་གཉིས།། བརྒྱད་པའི་མཐའ་ལྡན་སྒྲ་གཉིས་ནི།། ཤིན་ཏུ་དྲག་པའི་སྒྲ་དང་ལྡན།། གཉིས་པའི་ལྔ་པའི་དང་པོ་གཉིས།། ཐུང་བའི་སྒྲ་དང་ལྡན་པར་བཤད། ། གཉིས་པའི་དང་པོ་དང་པོ་གཉིས།། ཅུང་ཟད་དྲག་པོའི་སྒྲ་དང་ལྡན།། འདི་ནི་འཁོར་ལོར་རབ་བཤད་པ།། དེ་ཡི་ཡེ་གེ་བཏུ་བར་བྱ།། གཉིས་པ་བཞི་པའི་གསུམ་པ་ལ།། དང་པོ་གཉིས་པ་གནན་པར་བྱ། ། གཉིས་པའི་བཞི་པའི་ལྔ་པ་བཞག། གཉིས་པའི་ལྔ་པའི་ལྔ་པ་ལ།། དང་པོའི་བཞི་པས་ཡན་ལག་དགོད།། གཉིས་པ་ཡི་ནི་གསུམ་པ་ལ།། དང་པོའི་བཞི་པ་དགོད་པར་བྱ།། གཉིས་པའི་བཞི་པའི་ལྔ་པ་བཞག། བརྒྱད་པ་ཡི་ནི་མཐར་ལྡན་པ།། དང་པོའི་གསུམ་པས་ཡན་ལག་བརྒྱན།། དང་པོ་ཐུང་ངུ་ཟླ་བའི་མིག། གཉིས་པའི་ལྔ་ལས་ཐིག་ལེར་བཞག། ཅུང་ཟད་རིང་བའི་སྒྲ་དང་ལྡན།། གཉིས་པའི་ལྔ་པའི་གཉིས་པ་ལ། ། གཉིས་པའི་གསུམ་པའི་དང་པོ་བཞག། ཤིན་ཏུ་དྲག་པོའི་སྒྲ་དང་ལྡན།། བརྒྱད་པའི་མཐའ་ཅན་གསུམ་པ་ལ།། གཉིས་པའི་ལྔ་པའི་གསུམ་པ་གདང།། སྡེ་ཚན་བརྒྱད་པའི་མཐའ་ལྡན་པ།། ཅུང་ཟད་རིང་བའི་སྒྲ་དང་ལྡན། ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། ཡི་གེ་བཏུ་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། དངོས་གྲུབ་ངེས་པར་འགྲུབ་པ་དང།། ཆོ་གའི་ལས་རྣམས་རྫོགས་པ་ཡི།། འགྲུབ་པའི་རྒྱུ་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། དངོས་གྲུབ་ཉེ་བར་འགྲུབ་པའི་རྒྱུ།། དམ་ཚིག་ཆོ་ག་འདི་དག་ལ།། གནས་པར་བྱེད་པའི་རྣལ་འབྱོར་པས།། དང་པོ་བསམ་གཏན་ཐོབ་པར་འགྱུར། ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། དམ་ཚིག་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། བླ་མ་སངས་རྒྱས་ཐམས་ཅད་དང།། དཔལ་ལྡན་ནག་པོ་ཆེན་པོ་ནི།། རྟག་ཏུ་ཡིད་ལ་གནག་པར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྔགས་དང་ཕྱག་རྒྱ་བསམ་གཏན་ལ།། ཡིད་ཀྱིས་སོམ་ཉི་མེད་པར་བྱ། ། ཡོངས་སུ་མ་སྨིན་སེམས་ཅན་དང།། བླ་མ་རྡོ་རྗེ་འཛིན་སྤོང་བ།། དམ་ཚིག་འདྲལ་བར་བྱེད་པ་དང།། རྒྱལ་བའི་བསྟན་པ་འཇིག་བྱེད་པ།། དཔལ་ལྡན་ནག་པོ་ཆེན་པོ་ཡི། བསམ་གཏན་སྔགས་དང་ལྡན་འགྱུར་ནས། ། སྙིང་རྗེས་བསྒྲལ་བར་མ་བྱས་ན། རྣལ་འབྱོར་ངེས་པར་ལྷུང་བར་བཤད།། དཔལ་ལྡན་ནག་པོ་སྒྲུབ་པ་དེས།། སྐུ་དང་གྲི་གུག་ཐོད་པ་དང། མཐུན་པའི་དམ་རྫས་ལ་སོགས་པ། དེ་དག་རྟག་ཏུ་སྦ་བར་བྱ། སྔགས་དང་རྒྱུད་ཀྱི་དོན་རྣམས་དང།། ནག་པོའི་བསམ་གཏན་ཆོ་གར་བཅས།། ཀུན་ལ་བསྟན་པར་མི་བྱ་སྟེ།། བདུད་རྩི་ལྔ་དང་བསྲེག་རྫས་དང།། ཤ་ཆེན་ཉ་ཤ་ཆང་དང་ནི།། དུག་གི་ལ་དུ་ལ་སོགས་པ། ། མཐུན་པའི་དམ་རྫས་ཐམས་ཅད་ནི།། རྟག་ཏུ་རྣལ་འབྱོར་པ་ཡིས་བསྟེན།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྐུ་དང་གྲི་གུག་ཐོད་པ་དང།། ནི་རང་སུ་ལ་སོགས་པ་ནི།། བླ་མས་རབ་ཏུ་གནས་བྱ་ཏེ། དུག་གསུམ་མཐུན་པའི་རྫས་ཀྱི་མཆོད། ། རྟག་ཏུ་ཚོགས་ཀྱི་འཁོར་ལོ་མཆོད།། དཔལ་ལྡན་ནག་པོ་སྒྲུབ་འདོད་པས།། བླ་མས་རྗེས་སུ་གནང་བར་བྱ།། དེས་ནི་དཔལ་ལྡན་ནག་པོ་འགྲུབ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། བསྟན་པ་གནས་པར་བྱེད་པ་ནི།། དམ་ཚིག་ཆེན་པོར་རབ་ཏུ་བཤད།། ཀུན་ལ་བསྟན་པར་མི་བྱ་སྟེ།། གལ་ཏེ་རྨོངས་པར་བསྟན་གྱུར་ན།། ཨརྫ་ཀ་ཡི་འབྲས་བུ་ལྟར།། མགོ་དང་ལུས་པོ་འགས་འགྱུར་ཏེ། ། དམྱལ་བར་ངེས་པར་ལྟུང་བར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། དམ་ཚིག་གི་ལེའུ་སྟེ་བཅུ་པའོ།།།། དཔལ་ནག་ཆེན་པོའི་རྒྱུད་དྲག་པོ་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བ་རྫོགས་སོ། ། སྣ་ནམ་རྡོ་རྗེ་བླ་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།།
CLOSE WINDOW