CLOSE WINDOW

Gpb030.007: བྱང་སྐོར་གྱི་རྒྱུད་ཕྱི་མ
Wylie

!་བྱང་སྐོར་གྱི་རྒྱུད་ཕྱི་མ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། སྲིད་པ་ཐམས་ཅད་ཀྱི་སེམས་ཅན་མྱ་ངན་ལས་འདའ་བ་དང། ཐེ་ཚོམ་བཅད་པའི་ཕྱིར་རྡོ་རྗེ་སེམས་དཔས་ཞུས་པ། རྡོ་རྗེ་སེམས་དཔས་ཡང་གསོལ་པ་དང། འཇིག་རྟེན་པ་ཡི་ཆོས་རྣམས་ལས།། སེམས་ཅན་མྱ་ངན་ཇི་ལྟར་འདའ།། རྟག་ཆད་མཐའ་གཉིས་གང་དུ་བསྡུ།། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་པ་གསན་ནས་ཀྱང།། ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྣོད་ཀྱི་འཇིག་རྟེན་ཀུན་བཟང་ཀློང།། བཅུད་ཀྱི་འཇིག་རྟེན་སངས་རྒྱས་རྒྱུ། ། ཕྱི་ནང་སྣོད་བཅུད་རྣམ་པར་དག། རྟག་ཆད་མཐའ་གཉིས་མྱ་ངན་འདས།། གཡུང་དྲུང་ལྷ་ཡིས་ཡང་གསོལ་པ།། སྟོན་པ་རྣམ་གསུམ་གང་ལ་བགྱི།། སྡུད་པ་རྣམ་གསུམ་གང་ལ་བགྱི།། གནས་ཞེས་བགྱི་བ་ཇི་ལྟ་བུ། ། གནས་ལ་ངེས་པ་དུ་ཞིག་མཆིས།། དུས་ཞེས་བགྱི་བ་ཇི་ལྟ་བུ།། དུས་ལ་རྣམ་པ་དུ་ཞིག་མཆིས།། ཡང་དག་རྫོགས་ཀྱི་བཀའ་སྩོལ་ཅིག། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྟོན་པ་རྣམ་གསུམ་ཡེ་ཤེས་སྐུ། ། སྡུད་པ་རྣམ་གསུམ་རིག་པའི་གཏེར།། འཕོ་འགྱུར་མེད་པས་གནས་ཞེས་བྱ།། ཡང་དག་དོན་རྟོགས་དུས་ཞེས་བྱ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ལྷ་ལ་རྣམ་པ་དུ་ཞིག་མཆིས།། འཁོར་ལ་རྣམ་པ་དུ་ཞིག་མཆིས། ། ལུང་ལ་རྣམ་པ་དུ་ཞིག་མཆིས།། ཡང་དག་རྫོགས་ཀྱིས་བཀའ་རྩོལ་ཅིག། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ལྷ་ལ་རྣམ་པ་གསུམ་དུ་བསྟན།། འཁོར་ལ་རྣམ་པ་གསུམ་དུ་བསྟན།། ལུང་ལ་རྣམ་པ་གསུམ་དུ་བསྟན། ། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། རྒྱུད་ཅེས་བགྱི་བ་ཇི་ལྟར་ལགས།། ལུང་ཞེས་བགྱི་བ་ཇི་ལྟར་ལགས།། མན་ངག་ཞེས་བགྱི་ཇི་ལྟར་ལགས།། ཉོན་ཅིག་གཡུང་དྲུང་ཡང་དག་པ། ། རྒྱུད་ཅེས་བྱ་བ་འབྲེལ་པའི་དོན།། ལུང་ཞེ་བྱ་བ་སྟོན་པའི་བཀའ།། མན་ངག་ཅེས་བྱ་ལ་ལྔའོ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཡུམ་གྱི་དབྱིངས་ཞེས་གང་ལ་བགྱི།། ཡབ་ཀྱི་མཁའ་ཞེས་གང་ལ་བགྱི། ། བླང་དོར་མེད་པ་གང་གིས་འགྲུབ།། འཁོར་བ་གནས་འདི་མི་འཚལ་ན།། ཀློང་ཞེས་བགྱི་བ་ཇི་ལྟ་བུ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། འདུ་འབྲལ་མེད་པ་ཡུམ་གྱི་དབྱིངས།། སྐྱེ་འཆི་མེད་པ་ཡབ་གྱི་མཁའ། ། བླང་དོར་མེད་པ་བདེ་ཆེན་ཀློང།། བདེ་བ་ཆེན་པོའི་དོན་རྟོགས་ན།། བླང་དོར་མེད་པ་དེ་ཡི་འགྲུབ།། གཉིས་མེད་དོན་རྟོགས་དེ་ཡི་ངང།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཆོས་ཉིད་རྟག་པའི་གཡུང་དྲུང་ལ། ། སེམས་ཉིད་དོན་གྱི་ལ་དོར་ན།། རྟོག་པའི་ལྟ་བ་ལ་དོར་རོ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། མ་ཞེས་བགྱི་བ་གང་གི་དབྱིངས།། མོ་ཞེས་བགྱི་བ་གང་གི་ཀློང།། མ་མོའི་གཏན་ཚིགས་ཇི་ལྟར་ལགས། ། འབྱུང་བ་ལྔ་པོ་གང་ལས་གྲུབ།། སངས་རྒྱས་རྒྱུ་ཉིད་གང་ལས་གྲུབ།། བདེ་བ་ཆེན་པོའི་ངང་ཉིད་ལས།། རྒྱུ་རྐྱེན་གཉིས་ཀྱིས་བསྐྱེད་ལགས་ན།། འབྱུང་བ་གཉིས་ཀྱི་ངང་ཉིད་ལས།། འདི་ལ་འཕོ་འགྱུར་མཆིས་ལགས་སམ། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཆེ་བས་ཆེ་བའི་ཟབ་མོ་འདི།། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ལ་བརྟེན་པས་འགྲུབ།། མ་དང་མོ་ཡི་དོན་རྟོགས་ན།། མ་སོང་བ་ན་ངེས་པར་ཐོབ། ། ཡིད་བཞིན་ནོར་བུ་མ་བཙལ་རྙེད།། ཡེ་ཤེས་ཉི་མ་རང་ལས་ཤར།། ཆེན་པོ་ལྔ་ཡི་ངང་ཉིད་དུ།། ཐམས་ཅད་མ་ལུས་སངས་རྒྱས་སོ།། ཧཱུཾ་ཧཱུཾ་ཧཱུཾ། ཏིང་འཛིན་དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྐྱེད། ། བདག་ཉིད་དབང་ཆེན་སྐུར་བསྒོམས་ཐམས་ཅད་དབང་དུ་བསྡུས།། དབུ་དགུ་བཅོ་བརྒྱད་ཕྱག་སྟེ་ཞབས་ཀྱང་བརྒྱད་དུ་བསྟན།། མན་ངག་མཛུབ་ཚུགས་དྲུག་གིས་དོན་རྣམས་ཚང་བར་སྟོན།། རྡོ་རྗེ་སེམས་དཔས་ཡང་གསོལ་པ། ། སེམས་ཅན་དུས་མིན་འཆི་བ་རྣམས།། དེ་ལས་ཟློག་ན་ཇི་ལྟར་བཟློག། བསྐང་བའི་གནས་ལྔ་ཇི་ལྟར་ལགས།། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་པ་གསན་ནས་ཀྱང། ། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། སེམས་ཅན་དུས་མིན་འཆི་བ་དེ།། བསྐང་བའི་གནས་ལྔ་འདི་རྣམས་སོ།། ཧཱུཾ་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་སྟེ།། དུས་གསུམ་བདེ་གཤེགས་ཡུམ་གྱི་གྲོང་ནས་བསྐྱེད། ། དབུས་ཀྱི་ཆེ་མཆོག་སྐུ་དང་གཉིས་མེད་བཞུགས།། མུ་མཐར་ཁྱབ་པའི་ཐུགས་དམ་བདག་སྐོང་ན།། ཐུགས་དམ་སྐོངས་ནས་དབང་དང་དངོས་གྲུབ་སྩོལ།། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་གཙོ། ། རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང།། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ།། རིན་ཆེན་དབྱིངས་ཕྱུག་མི་ཕྱེད་མ།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང།། ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ། ། པདྨ་དབྱིངས་ཕྱུག་མི་ཕྱེད་མ།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང།། བྱང་ཕྱོགས་ལས་རབ་རིགས་ཀྱི་གཙོ།། ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང། ། དབྱིངས་ཀྱི་མ་ཆེན་བརྒྱད་རྣམས་དང།། ཡུལ་གྱི་སྲིང་མོ་བརྒྱད་རྣམས་ཀྱང།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང།། བསྐང་བའི་ལེའུ་སྟེ་དང་པོའོ།།།། རྡོ་རྗེ་སེམས་དཔས་ཡང་གསོལ་པ། ། བསྟན་པ་གཉན་པོ་འཇིག་བྱེད་ཅིང།། ལུ་གུ་རྒྱུད་ལ་འགལ་བྱེད་དང།། སེམས་ཅན་ཀུན་ལ་གནོད་བྱེད་པའི།། རྟག་ཏུ་གདུག་པའི་སེམས་འཆང་རྣམས།། ལུས་སེམས་སོ་སོར་དབྲལ་བའི་ཕྱིར།། ལྷ་དང་དབྱེ་བ་ཇི་ལྟར་ལགས། ། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང།། ངོ་མཚར་ལྷ་ཡིས་བཀའ་སྩལ་པ།། བསྟན་པ་གཉན་པོ་འཇིག་བྱེད་ཅིང། ལུ་གུ་རྒྱུད་ལ་འགལ་བྱེད་དང། སེམས་ཅན་ཀུན་ལ་གནོད་བྱེད་པའི། ། རྟག་ཏུ་གདུག་པའི་སེམས་འཆང་རྣམས།། ལུས་སེམས་སོ་སོར་དབྲལ་བའི་ཕྱིར།། དབྱེ་བའི་ལས་རྣམས་ངས་བསྟན་གྱི།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། འགོ་བའི་ལྷ་དང་ཕྲལ་བའི་ཕྱིར། ། བྱ་རོག་འུག་པའི་གུང་རུ་ལ།། ཨ་དང་ནརྀ་ཡི་ཡི་གེ་བྲི།། རྨེ་བ་རྐང་གི་དྲེག་པས་སླན།། ཤོག་ཤོག་གྲུ་བཞི་ཚོན་རེ་ལ།། ལྷ་དང་མི་ཡི་མིང་བྲིས་ལ།། ཚོན་སྐུད་སྣ་ལྔས་བྱད་དུ་གཞུག། རྐང་དུ་རྩ་དུར་བཅུག་ནས་ནི། ། འོག་གི་ཕྱིན་ཕྱོགས་དག་ཏུ་བསྟན།། དུ་ར་ནག་པོས་རྐང་དུར་བསྡམ།། བནྡྷ་ལི་ཡི་དར་གྱི་གྲིལ།། ཨ་ཏྲི་ས་ལའི་ཐག་པས་བཅིང།། འདའ་ར་པ་ཏིའི་རྒྱུས་པས་གདགས།། པ་ར་མ་ཏིའི་དུ་བས་གདུག། སྲི་ཤའི་ཤིང་ལ་བཏགས་ནས་ཀྱང། ། ཐང་ལ་ཕྱར་ཏེ་སྡང་མིག་བལྟ།། ཨ་ཏ་བ་ཡི་ལྕགས་ཀྱིས་བརྡེག། རྦ་ན་ཏ་ཡི་དུ་བས་བདུག། ཙ་ར་ཏ་ཡི་མདའ་ཡིས་བརྡེག། གུ་པ་ཏའི་སར་ཡང་མགུལ་དུ་གདགས།། མ་ལ་ཏ་ཡི་སྒྲོ་ནས་དབྱུང། ། མེ་ལྕེ་འབར་བའི་སྙིང་པོ་བཟླས།། རྣར་ཉན་ཕྲ་མའི་གཟུགས་བྲིས་ལ།། ལྷ་དང་མི་ཡི་བར་དུ་གཟུག། མཱ་ར་ཎ་ཡི་སྔགས་ཀྱིས་དབྱེ།། མཚོན་ཆའི་ཕྱག་རྒྱ་བཅས་ནས་ནི།། གཟུགས་ཀྱི་བར་དུ་བརྡེག་པར་བྱ། ། རཀྴ་རུ་པའི་སྔགས་ཀྱིས་གདབ།། ལྕགས་ཀྱུའི་ཕྱག་རྒྱ་གཉིས་བཅིངས་ནས།། ཨངྐུ་ཤ་ཡི་སྔགས་ཀྱིས་དྲངས།། ཞགས་པའི་ཕྱག་རྒྱ་གཉིས་བཅིང་ལ།། པཱ་ཤ་ཧཱུཾ་གི་སྔགས་ཀྱིས་བཅིང།། ལྕགས་སྒྲོག་ཕྱག་རྒྱ་གཉིས་བཅིངས་ལ། ། སྥོ་ཊ་བཾ་གྱི་སྔགས་གྱིས་བསྡམ།། དྲིལ་བུའི་ཕྱག་རྒྱ་གཉིས་བཅིངས་ལ།། གྷཎྜེ་ཧོ་ཡི་སྔགས་ཀྱིས་སྤར།། བདག་ཉིད་དབང་ཆེན་སྐུར་བསྒོམས་ཏེ།། ཕོ་ཉ་དྲུག་ཅུས་རྟེན་ལ་དབབ། ། གོང་གི་ལས་རྣམས་སྦྱར་ལ་བྱ།། དེས་ནི་མཚན་མ་འབྱུང་བར་འགྱུར།། དེས་ནི་མཚན་མ་མ་བྱུང་ན།། འདའ་ར་པ་ཏིའི་སོབ་པ་ལ།། མ་ལ་ཏི་ཡི་ཁྲག་གིས་བྲིས།། གདང་ཏ་ག་ནའི་དོང་དུ་གཞུག། ཆེ་མཆོག་ཡབ་ཡུམ་བསྒོམས་ནས་ནི། ། སྨན་མོའི་སྔགས་དང་ཕྱག་རྒྱས་གདབ།། སྒྲུབ་པའི་ཕྲིན་ལས་གཞུང་བཞིན་བྱ།། ཉེ་འབྱེད་ཀྱི་ལེའུ་སྟེ་གཉིས་པའོ།།།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། དམ་ཚིག་འདས་པའི་སྔགས་ཟེར་དང། ། འཇིག་རྟེན་མཚན་མའི་བྱོལ་པོ་དང།། ལྷ་འདྲེ་དྲག་པོར་གཡོས་པ་ཡི།། ངན་སྔགས་རྫུ་འཕྲུལ་ཇི་ལྟར་ཟློག། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང། ། ངོ་མཚར་ལྷ་ཡིས་བཀའ་སྩལ་པ།། དམ་ཚིག་འདས་པའི་སྔགས་ཟེར་དང།། འཇིག་རྟེན་མཚན་མའི་བྱོལ་པོ་དང།། དྲག་པོར་གཡབ་པའི་རྫུ་འཕྲུལ་རྣམས།། བཟློག་པའི་ལས་རྣམས་ངས་བསྟན་གྱིས། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ངན་སྔགས་པར་བུས་ཟློག་པའི་ཕྱིར།། གཏན་ཚིགས་མན་ངག་འདི་གསུངས་སོ།། བ་ཀོ་འདྲ་བའི་མཎྜལ་གཞུང་བཞིན་བྱ། སྭཙྪ་ཅ་ཏི་མང་དུ་གདབ།། ཕྱི་ཡི་བཤགས་པ་གཞུང་བཞིན་བྱ། ། དེ་ནས་གསང་བའི་མཚམས་བཅད་དོ།། ལས་ཀྱི་དཀྱིལ་འཁོར་གཞུང་བཞིན་བྱ།། ནང་གི་སརྦ་རུ་པ་གཏོང།། བསྐང་གསོ་སྤང་སྐོང་གྲངས་ཀྱི་གདོན།། བསྐང་བའི་གནས་ལྔ་བཞིན་དུ་བསྐང།། མ་ཧཱ་ཤཱནྟིའི་ཆོ་ག་བྱ། ། མ་མོར་གྲགས་པ་ཀུན་ཀྱང་བསྐང།། ཡོ་བྱད་ནག་པོ་གཞུང་བཞིན་གཏང།། རྟགས་དང་མཚན་མ་ཞིབ་ཏུ་བརྟགས།། རྟགས་དང་མཚན་མ་ཟིན་པ་དང།། བསྐང་བཟློག་ཆོ་ག་བརྩམ་པར་བྱ། ། དེས་ནི་མཚན་མ་ཟློག་པར་འགྱུར།། བཟློག་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བསྐྱར་ཏེ་ཡང་གསུངས་པ།། བསྐང་བ་དེས་ཀྱང་མ་བསྐངས་ན།། དབང་གི་རྒྱལ་པོའི་སྐུར་བསྒོམས་ཏེ།། རྩ་བ་གང་ཡིན་མ་མོ་དེ། ། ཀུ་ཤ་ལ་ལ་གཟུགས་བྱས་ཏེ།། ཡན་ལག་བསྡུས་ལ་རྒྱ་ཡིས་གདབ།། དམན་མོ་ལྔ་བཅུ་རྩ་གསུམ་ཡང།། ཤིང་ཤུན་དག་ལ་གཟུགས་བྲིས་ལ།། ཏ་ར་བ་ཏིའི་སྐུད་པས་གདགས།། ཡེ་ཤེས་མ་མོ་བཅུ་བཞི་ཡང། ། ཆེ་མཆོག་སྐུ་རུ་བསྒོམ་ནས་ནི།། མགོ་ལུས་བསྣོལ་ཏེ་གདན་དུ་གདིང།། དེས་ནི་ངན་སྔགས་ཟློག་པར་འགྱུར།། གལཏེ་ལས་སུ་མ་གྲུབ་ན།། བརྟགས་ཏེ་རྩ་བ་གང་ཡིན་པ།། ཤོག་ཤོག་དག་ལ་གཟུགས་བྱས་ལ། ། མཆོག་གི་ཕུར་བུ་གཡས་པས་བརྡེག། སྨན་མོ་ལྔ་བཅུ་རྩ་གསུམ་ཡང།། འཇག་མ་དག་ལ་གཟུགས་བྱས་ལ།། ཟངས་ཀྱི་ཕུར་བུ་དམར་པོས་གདབ།། དབུས་ཀྱི་མ་མོ་བཅུ་གསུམ་ཡང།། ཞིང་གི་ཤུན་མའི་རས་མ་ལ། ཁྲག་དང་མཚལ་གྱིས་གཟུགས་བྱས་ལ།། གསེར་རམ་སེར་པོའི་ཕུར་བུས་གདབ།། དེས་ནི་ངན་སྔགས་ཟློག་པར་འགྱུར།། གལ་ཏེ་ལས་སུ་མ་གྲུབ་ན།། དབུས་ཀྱི་ཆེ་མཆོག་ཡབ་ཡུམ་གཉིས། ། སྤྲ་ཚིལ་དག་ལ་གཟུགས་བྱས་ལ།། ལྕགས་སམ་ནག་པོའི་ཕུར་པ་ཡིས།། ཐུགས་ཀ་ཉིད་དུ་གདབ་པར་བྱ།། ལས་རྣམས་འགྲུབ་པར་གདོན་མི་ཟ།། ཀཱི་ལ་ཡ་ཡི་སྔགས་བརྗོད་པས།། ཆོས་ཉིད་དབྱིངས་སུ་གདབ་པར་བྱ། ། ཆེ་མཆོག་རྟགས་ཀྱི་ཕྱག་རྒྱ་ཡིས།། འགྱུར་མེད་དབྱིངས་སུ་རྒྱས་གདབ་བོ།། ངན་སྔགས་ཕུར་བུས་བཟློག་པའི་ལེའུ་སྟེ་བཞི་པའོ།།།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། དེ་ལྟར་ངན་སྔགས་བཟློག་ནས་ནི། ། སྔོན་དུ་སྔ་མའི་སྔགས་ཟེར་དེས།། ཚེ་སྲོག་ཉམས་ན་ཇི་ལྟར་གསོ།། རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག། སྔོན་དུ་སྔ་མའི་སྔགས་ཟེར་དེས། ཚེ་སྲོག་ཉམས་ན་གསོ་བའི་ཕྱིར།། གསང་བའི་ཆོ་ག་ངས་བསྟན་གྱི། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྟེགས་བུ་འདོམ་གང་གྲུ་བཞི་ལ། འཁོར་ལོ་རྩིབས་བརྒྱད་དེ་དབུས་སུ།། པདྨ་ཆེན་པོ་འདབ་བརྒྱད་བྲི།། པདྨ་ཆེན་པོ་དེ་དབུས་སུ།། རིན་ཆེན་འབར་བ་ཟུར་བརྒྱད་བྲི། ། དེ་དབུས་ཟླ་གམ་ཟླུམ་པོ་ལ།། བྷནྡྷ་མཚན་དང་ལྡན་པ་བཞག། རིན་ཆེན་འབར་བ་ཟུར་བརྒྱད་ལ།། ལྔ་ལ་རྟག་པའི་རྒྱལ་མོ་ལྔ།། གཉིས་ལ་སྨེ་ཤ་པྲ་མོ་ཧ།། གཅིག་ལ་ཚེ་ཡི་སྙིང་པོ་བྲི།། པདྨ་ཆེན་པོ་འདབ་བརྒྱད་ལ། ། ཕྱོགས་བཞིར་ཁྲོས་པའི་དབང་ཆེན་བསྐྱེད།། མཚམས་བཞིར་གསང་བའི་ཡུམ་བཞི་དགོད།། ཕྱོགས་བཞིར་ཕྱག་རྒྱ་ཆེན་པོ་བཞི།། གཉིས་ལ་ཐོད་ཕྲེང་རྒྱ་མཚོ་གཉིས།། གཅིག་ལ་ཚེ་ཡི་སྙིང་པོ་བྲི། ། སྨན་མོ་ཕྱེ་མ་དོན་གྱིས་སྦྱར།། དཀྱིལ་འཁོར་དེ་ཡི་ཕྱི་རིམ་དུ།། བཀྲ་ཤིས་བརྒྱད་ཀྱང་དགོད་པར་བྱ།། སྒོ་བཞིར་ཁྲོ་བོ་བཞི་ཡང་དགོད།། ཚིལ་ཆེན་མར་མེ་རྒྱུན་མི་གཅད།། ཡོ་བྱད་ཚོགས་པའི་ཟས་རྣམས་ལ། ། རྩ་བའི་སྔགས་ཀྱིས་བཏབ་ལ་བཞག། མ་མོ་སྤྱི་ཡི་ཕྱག་རྒྱ་བཅོས།། ཨཱ་ཡུཿབྱ་བའི་སྔགས་ཀྱིས་གདབ།། དངོས་གྲུབ་རྟགས་དང་སྦྱར་ནས་ནི།། གསོ་བསྐྱེད་བཟླས་ཤིང་བསྟིམ་པར་བྱ། ཚེ་སྒྲུབ་པའི་ལེའུ་སྟེ་ལྔ་པའོ། །།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཐིག་ལེའི་སྤྱོད་པ་ཉམས་པ་དང།། དཔའ་བོའི་ཐིག་ལེ་ཉམས་པ་དང།། ལས་དེ་སླར་ལ་ཟློག་པའི་ཕྱིར།། ཉག་གཅིག་ཡབ་ལ་བདག་ཉན་འཚལ།། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། ། ལས་དེ་སླར་ཡང་ཟློག་པའི་ཕྱིར།། ངེས་པའི་མན་ངག་ངས་བསྟན་གྱི།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། རྟགས་དང་མཚན་མ་བྱུང་བའི་ཚེ།། བསྡམས་པའི་ཕྱག་རྒྱ་བཀྲོལ་ནས་ནི། ། དགྲ་ཡི་ཡུལ་ཕྱོགས་བལྟས་ནས་ནི།། གྲོ་ག་ཤིང་ཤུན་རས་སོགས་ལ།། མི་དེའི་མིང་སྨྲས་བྱང་བུར་བྲིས་ནས་ནི།། དེ་ཡི་ལག་ཏུ་བསྐུར་ནས་ནི།། ཤུགས་སྒྲོལ་མ་ཡི་སྔགས་ཀྱིས་གདབ། ཁྲག་དང་དུག་གི་གཏོར་མ་ཡང། ། རབས་ཆད་ཐོད་པར་བཤམས་ནས་ནི།། ཡུལ་ས་དེ་ཡི་ཕྱོགས་སུ་གཏོར།། ལས་རྣམས་ངེས་པར་གདོན་མི་ཟ།། སྙིང་གི་ཕུར་བུ་ཕྱུང་ནས་ནི།། ཨ་མྲྀ་ཏ་ཡིས་མཆོད་བྱས་ནས།། དམ་རྫས་གཙང་མའི་གཏོར་མ་ལ། ཁུ་ས་ར་ཡི་ཁྲག་གིས་སྦྲེང།། གང་ཡིན་དེ་ཕྱོགས་ཁ་བལྟས་ཏེ།། གཙོ་འཁོར་ཚུལ་བཞིན་བསྐུལ་ནས་ནི།། ལུས་ཀྱང་གསིག་ཅིང་ཕྱག་རྒྱ་བསྡམ།། བདག་ཉིད་དབང་གི་བསྐུར་བསྒོམ་ཏེ།། དབང་དྲག་ཕྱག་རྒྱ་བཅས་ནས་ནི། ། གཟུགས་དེ་ཉིད་ལ་ཚམ་རྔམས་བྱ།། དྲག་ཤུལ་དབང་གིས་བསྐྱོད་ལ་གཏང།། དེ་ལྟར་སྨན་མོ་རྣམས་དྲག་ཤུལ་གྱིས་དབང་དུ་བསྡུས་ལ་གཏོང། ལས་མི་འགྲུབ་མི་སྲིད་དོ།། འདི་ནི་རོམྦུ་གུ་ཧྱ་ཙནྡྲའི་མན་ངག་གི་ལེའུ་སྟེ་དྲུག་པའོ། །།། བསྡམས་པའི་ཕྱག་རྒྱ་བཀྲོལ་ནས་ནི།། བྲིག་ཤའི་ལྕགས་ཀྱིས་སྡོམ་ནས་ནི།། བིང་གི་ཕྱག་རྒྱ་བཅས་ནས་ནི།། རྡོ་རྗེ་གནོད་འགྲོས་གོང་མ་ཡིས།། ཕྱོགས་དེར་དྲག་ཏུ་བཏུད་འགྲོའོ། ། ཡབ་ཡུམ་སྔགས་ཀྱིས་བཏབ་ནས་ནི།། བིང་གི་ཕྱག་རྒྱ་དྲག་བསྒྱུར་ན།། དེས་ནི་མོད་ལ་ལས་རྣམས་འགྲུབ།། ལན་གསུམ་བྱས་ན་ན་བར་འགྱུར།། ལན་ལྔ་བྱས་ན་འཆི་བར་འགྱུར།། སྙིང་གི་ཕུར་བུ་ཕྱུང་ནས་ནི། ། ལན་གསུམ་དྲག་ཏུ་དྲིལ་བྱས་ཏེ།། སྤྱི་བོ་དག་ཏུ་གདབ་པར་བྱ།། ལྕགས་སྣ་ལྔ་ཡི་ཕུར་པ་ལ།། དབང་དྲག་ལས་རྣམས་གཞུང་བཞིན་བྱ།། དེས་ནི་ངེས་པར་གདོན་མི་ཟ།། མོན་ནམ་རབས་ཆད་ཐོད་པ་ལ། ། ནང་དུ་མ་བདུན་སྙིང་པོ་བྲི།། སྤྱི་གཙུག་ཉི་ཟླ་ཐོད་ཕྲེང་བྲི།། ཆགས་འཛིན་སྤུན་གཉིས་རྣ་ལྟག་གོ། ཚོན་སྐུད་གཉིས་ཀྱིས་མིག་ནས་གདགས།། རཀྴ་རུ་ཏྲའི་སྔགས་ཀྱིས་གདབ།། བིང་གི་ཕྱག་རྒྱ་གཉིས་བསྒྲིལ་ཏེ། ། དྲག་ཏུ་བསྐུལ་ཏེ་འཕངས་ལ་བཏང།། ཞིང་གི་ཤ་ཚིལ་རས་མ་ཡིས།། མ་མོ་རྣམས་ལ་གཏང་རག་གཏོང།། ལས་རྣམས་འགྲུབ་པར་གདོན་མི་ཟ།། སློབ་དཔོན་པདྨ་སམྦྷ་བའི་མན་ངག་གོ། ངན་སྔགས་པར་བུས་བསད་པའི་ལེའུ་སྟེ་བདུན་པའོ། །།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། བསྟན་པ་གཉན་པོ་འཇིག་བྱེད་ཅིང།། ལུ་གུ་རྒྱུད་ལས་འགལ་བྱེད་དང། སེམས་ཅན་ཀུན་ལ་གནོད་བྱེད་པ།། རྟག་ཏུ་གདུག་པའི་སེམས་གྱུར་ན། ། ནན་ཏུར་འོག་ཏུ་ཇི་ལྟར་བཅའ།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང།། ངོ་མཚར་ལྷ་ཡིས་བཀའ་སྩལ་པ།། བསྟན་པ་གཉན་པོ་འཇིག་བྱེད་ཅིང། ། ལུ་གུ་རྒྱུད་ལས་འགལ་བྱེད་དང།། སེམས་ཅན་ཀུན་ལ་གནོད་བྱེད་པ།། རྟག་ཏུ་གདུག་པའི་སེམས་གྱུར་ན།། ནན་ཏུར་ལས་རྣམས་ངས་བསྟན་གྱི།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྲོག་གི་རྩ་རྣམས་སྐམ་པའི་ཕྱིར། ། ར་སོག་གྲོ་ག་ཤིང་ཤུན་ནམ།། གཡམ་པ་སྔོན་པོའི་ངོས་དག་ལ། ཁྱི་ཁྲག་ར་ཁྲག་གསོལ་བ་ཡིས།། དགྲ་བོའི་གཟུགས་སུ་བྲིས་ནས་ནི།། ཚེར་མ་ཅན་གྱི་ཤིང་རྣམས་སམ།། པྲིག་ཤ་བ་ཡི་ཤིང་བུ་ལ།། ར་ཏི་དམར་པོའི་འདྲེ་ལྕགས་གདབ། ། དགྲ་བོའི་གཟུགས་ལ་བརྡེག་པར་བྱ།། ཡང་ན་ཏ་ཀའི་ཤུན་པ་ལ།། ན་པ་གུ་ཏིའི་ཡི་གེ་བྲིས།། མགོ་ལ་མཁའ་འགྲོ་ལྔ་པོ་ཡང།། ཙ་ར་མ་ཏི་ཏ་ཡིས་བྲི།། ལྟེ་བར་ཆགས་འཛིན་སྤུན་གཉིས་བྲི། ། རྐང་པ་གཉིས་ལ་མ་བདུན་བྲི།། གཡས་པའི་དུམ་བུ་བཞི་པོ་ལ།། ཕུང་བྱེད་སྦས་པའི་མ་བཞི་བྲི།། གཡོན་པའི་དུམ་བུ་བཞི་པོ་ལ། ཁྲོས་པའི་དབང་ཆེན་བཞི་པོ་བྲི།། གསང་བའི་ཡུམ་བཞི་ཀླད་པའི་རྒྱས། ། ཉི་ཟླ་ཐོད་ཕྲེང་སྙིང་གི་དཀྱིལ།། ཕྲ་མེན་རྒྱལ་མཚོ་མཁལ་མའི་དཀྱིལ།། ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནི།། ཕུད་ཀྱི་གཙོ་མོར་བཞུགས་སུ་གསོལ།། ཕྱི་ཡི་སྨན་མོ་འཁོར་རྣམས་ནི།། གདུགས་རྩིབ་ཁར་དང་ཕྱུག་རེའོ། ། ཡང་ཕྱིན་ཆེན་མོ་རྒྱུས་པའོ།། དུས་དྲུག་རྒྱུ་བའི་དགྲ་བོ་ནི།། ཤ་བ་གཉན་དང་བ་གླང་ངོ།། འདི་ནི་ནམ་གྱི་གུང་ལ་རྒྱུ།། རྟ་དང་ལུག་དང་ར་གསུམ་ནི།། འདི་ནི་ཉིན་བཞིན་རྒྱུ་བའོ།། རྗེ་ཁོལ་དྲུག་ཅུ་རྩ་བཞི་ཡང། ། དུས་དྲུག་རྒྱུ་བ་དེ་བཞིན་ནོ།། མྱུར་དུ་བསྒྲལ་བའི་སྔགས་རྣམས་ནི།། གོང་མའི་སྔགས་རྣམས་བསྟན་པ་ནི།། སྔགས་ཡུང་དཀར་ལ་ཁྲི་འབུམ་དུ།། བཟླས་པས་གཟུགས་ལ་བརྡེག་པར་བྱ།། གཡོན་གྱི་རྨེ་ལག་གཅད་ནས་ནི། ། རང་གི་དཔྲལ་བའི་དབྱེས་སུ་གཞག། བདུད་ཀྱི་ཆས་སུ་ཞུགས་ནས་ནི།། སྐྲ་བཤིག་མིག་གནས་མཆིལ་མ་དབྱུང།། དེ་ཕྱོགས་ཉིད་དུ་བལྟས་ནས་ནི།། ང་རོ་དྲག་པོ་བསྒྲགས་ནས་ཀྱང། ། གཡས་པའི་ཕྱག་རྒྱ་སྡིགས་འཛུབ་ཀྱིས།། སྔགས་འདི་དྲག་ཏུ་བཟླས་ལ་བརྡེག། སྙིང་ལ་ཟླ་བ་ཙི་མ་ཤ། རོ་ལ་ཁྲག་འཐུང་ཀངྐ་ཤ་ཟན། ཡང་ཏང་བར་ལ་ཏོ། ཤ་ལ་ཁྱི་སྤྱང། ཀྲ་ཧེ་ཀྲ་ཧེ། བཛྲ་བྷནྡྷ་བྷྱོ། རུ་ལུ་རུ་ལུ། ཁྲག་སྐེམས་ཀྱི་ལེའུ་སྟེ་བརྒྱད་པའོ།།།། ཤྲཱི་ཛྙཱ་ནའི་མན་ངག་འདི་སྲོག་དང་འདྲའོ།། དགེ་སྡིག་ལུས་ལ་དྲི་མ་དང་འདྲའོ།།།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། བསྟན་པ་གཉན་པོ་འཇིག་བྱེད་པ། ། ལུ་གུ་རྒྱུད་ལས་འགལ་བྱེད་ཅིང།། སེམས་ཅན་ཀུན་ལ་གནོད་བགྱིད་པའི།། རྟག་ཏུ་གདུག་པའི་སེམས་གྱུར་ན།། ནན་ཏུར་ལས་རྣམས་ཇི་ལྟར་འཚལ།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང། ། ངོ་མཚར་ལྷ་ཡིས་བཀའ་སྩལ་པ།། བསྟན་པ་གཉན་པོ་འཇིག་བྱེད་པ།། ལུ་གུ་རྒྱུད་ལས་འགལ་བྱེད་ཅིང།། སེམས་ཅན་ཀུན་ལ་གནོད་བྱེད་པའི།། རྟག་ཏུ་གདུག་པའི་སེམས་གྱུར་ན། ། ནན་ཏུར་ལས་རྣམས་ངས་བསྟན་གྱི།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཇི་ལྟར་ཡི་དམ་གནས་གསུམ་ནི།། འབྲུ་སྣ་ཚོགས་པའི་མི་གཟུགས་ལ།། མཁར་ཐབས་མདའ་ཡིས་བརྒྱན་ནས་ནི།། སླེའུ་བཟང་དར་དཀར་ཆས་ཀྱིས་བརྒྱན། ། ཡོ་བྱད་ཚོགས་པའི་སྡེར་ཆས་དང།། ཟ་འོག་དག་གིས་རྣམ་པར་བརྒྱན།། ལེའུ་བཟང་སླེ་འུ་དགྲ་ཡི་རྐྱེན།། རིན་ཆེན་སྣ་བདུན་རྒྱན་གྱི་བརྒྱན།། མ་ཧཱ་ཤནྟིཾ་གཞུང་བཞིན་བརྗོད།། ཕོ་རིགས་རྣམས་ལ་གཞུང་བཞིན་བསྔོ། ། དེ་ནས་གཞུང་བཞིན་བསྔོས་པ་དང།། སོལ་བའི་དོང་གྲུ་གསུམ་ཀྱི་ནང་དུ་གླུད་ཕྱི་རྒན་དུ་མནན་ལ། དེའི་སྟེང་དགྲ་གང་ཡིན་པའི་གཟུགས་ར་སོག་ལ་བྲིས་ལ་ཁ་སྦུབ་ཏུ་མནན་ཏེ། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི་མནན་ནོ།། དེ་ནས་དགྲ་བོའི་མིང་བྲིས་ཏེ། འོ་དོད་བོས་ལ་གཏད་དོ།། ལས་མྱུར་དུ་འགྲུབ་བོ།། སྨྱུག་རྒོད་ལ་དཔག་བསམ་ཤིང་གི་གཟུགས་བྱས་ལ། གྲོ་གའང་ཤིང་ཤུན་ལ་གཟུགས་བྱས་ཏེ། སྙིང་གར་ཁྲག་གིས་མིང་བྲིས་ལ་གསེར་གཡུ་གཉིས་བཏགས་ལ་སྐོས་རྗེ་དྲང་དཀར་ལ་བསྔོས་ལ། དེ་ནས་མནྟ་ལིའི་དར་དུ་གཏུམས་ལ། འདའ་ར་པ་ཏིས་གདགས་སོ།། ཨ་ཏི་པ་ཏའི་ཐག་པས་བཅིང་ངོ། ། འོ་དོད་དྲག་དུ་འབོད་དོ།། དེས་དམོད་མོ་དྲག་པོས་ཐེབས་ཏེ་འོང་ངོ།། ལྕགས་དང་གསེར་གཡུ་བསྲེས་ལ། ཁོལ་པོ་སྲིད་པ་ཞིག་འཛིན་ལ་བསྔོས་ལ། གོང་དུ་བསྟན་པའི་གཟུགས་དང་ཡས་སྟགས་བསྲེས་ལ། རུས་སྦལ་གྱི་ཤུན་པར་གཏུམས་ལ་ཡར་ལ་ཏའི་དོང་དུ་གཞུག་གོ། ཡེ་ཤེས་ཚོགས་ཀྱི་རྗེ་མོའི་ཕྱག་རྒྱས་གདབ་བོ།། དེས་ནི་དབང་པོ་མི་གསལ་བ་དང། དིག་པ་དང་ལྐུགས་པར་བྱེད་དོ།། ལྕགས་དང་གསེར་དང་ཟངས་དང་གསུམ་བརྡར་ལ་ཡ་བདུད་ཆེན་པོ་ལ་བསྔོས་ལ། གོང་དུ་བསྟན་པའི་གཟུགས་ལ་སྔ་མའི་ཡས་སྟགས་བསྲེ་ལ་མུ་ལའི་དོང་དུ་གཞུག་གོ། ཆེ་མཆོག་རྟགས་ཀྱི་ཕྱག་རྒྱས་གདབ་བོ།། དེ་ལྟར་བྱས་ན་གློ་བུར་དུ་འཆི་བར་འགྱུར་རོ། ། གླུད་ཟན་བྲེ་གང་བ་གཅིག་ལ་གླིང་ཕྲན་བཅུ་གཉིས་ཀྱི་གཟུགས་བྱས་ལ། དཀོར་ཆས་བརྒྱན་ལ་ཡར་ལ་ཤོད་ཀྱི་སྐྱེས་ཏེ་རེ་ལ་བསྔོས་ལ། དེ་ནས་འཇམ་མ་ལ་མིའི་གཟུགས་བྱས་ལ། གྲོ་ག་ལ་དགྲ་བོའི་མིང་བྲིས་ལ་གཟུགས་ཀྱི་སྙིང་གར་བླན་ནོ།། ཟན་ཟ་བའི་ཚུལ་བྱེད་དུ་གཞུག་གོ། འོ་དོད་དྲག་པོ་འབོད་དོ།། དེ་ལྟར་བྱས་ན་གློ་བུར་དུ་ཐུམ་བུར་འོང་ངོ།། རུས་པ་སྣ་ཚོགས་པ་སྤུངས་ནས་གཤིན་རྗེའི་རྒྱལ་པོ་ལ་བསྔོས་ལ། ཡས་སྟགས་དེའི་གསེབ་ཏུ་ཁམས་ལ་དགྲ་བོའི་གཟུགས་བྱས་ལ།། སྙིང་གར་མིང་རུས་བྲིས་ལ་ཁ་ནུབ་ཕྱོགས་སུ་བསྟན་ལ། མདའ་བཀང་བའི་ཚུལ་དུ་བྱའོ།། ཅི་ཡང་རུང་བའི་ཞིང་ལྤགས་ཡང་བསྐོན་ནོ། ། གཤིན་རྗེ་ནག་པོའི་སྔགས་ཀྱིས་གདབ་བོ།། མི་ནོར་དུ་མིང་བཏགས་པ་སྣ་ཚོགས་པའི་དཀྱིལ་དུ་རྩཝ་ལ་གཟུགས་བྱས་ལ། གྲོ་ག་ལ་མིང་བྲིས་ལ། ས་ལ་ཨུ་མ་དེ་ཝའི་གཟུགས་བྱས་ལ། ཨུ་མ་དེ་བཱིའི་སྟེང་དུ་བསྐྱོན་ལ། འདོད་ཆགས་སྤྱོད་པའི་ཚུལ་དུ་བྱོན།། མ་ཧཱ་དེ་ཝ་ནི་བྷན་ཛ་མཱ་ར་ཡ་ཕཊ། ཅེས་པའི་སྔགས་ཀྱིས་གདབ་བོ།། དེ་ལྟར་བྱས་ན་མཁལ་སྐེད་ན་བ་དང། ཕོ་མཚན་སྐྲངས་པ་དང། ཆུ་འགག་ནས་འཆིའོ། ། དུང་དང་གསེར་གཡུ་དང་བསེ་དང་མཚལ་ལ་སོགས་པ་ཡས་སྟགས་སྣ་ཚོགས་དང། དགྲ་བོའི་མིང་བྱང་བྲིས་ལ། ར་ཏི་དམར་པོའི་པགས་པར་གཏུམས་ལ། པ་ཏི་པ་ལ་མ་ནཿ་ཞེས་བཟླས་ཏེ་དེ་ལ་གདབ་པར་བྱའོ། ། དེས་ནི་མྱུར་དུ་འབོག་པར་འགྱུར་རོ།། གསེར་དང་དུང་དང་ལྕགས་གསུམ་ལ། དགྲ་བོའི་མིང་བྲིས་ཏེ་བསྲེས་ལ། རྫ་མ་ནག་པོའི་འོག་ཏུ་བཅུག་ལ། བ་ཏི་ཙ་ར་ནའི་སྔགས་བཏབ་ལ་བོས་ཤིང་གཏད་ན་རྦབ་དང་བྲག་གཡང་དུ་འཆིའོ། ། ཆོ་ག་བྱེད་པའི་དུས་སུ་མ་མོའི་བདུད་ཆས་སུ་ཞུགས།། ངོ་ལ་ཁྲག་གིས་བྱུག་ལ། བདག་ཉིད་མུ་ཁ་ལེའམ་དབང་ཆེན་གྱི་ས་མཱ་ཏིར་ཞུགས་ལ། གཞུང་བཞིན་དུ་ལས་བཅོལ་ལོ། ། ཕོ་རིགས་ཕྱི་མ་ལ་ལས་གཏད་ཅིང་ལས་བཅོལ་བ་ནི། ཡོད་ན་འཁུ་ལྡོག་ཆེ་ལ་རྒྱབ་འགྱུར་ཆེ་བས་འདིར་མ་གསུངས་སོ།། དགྲ་བོ་བདུད་ལ་གཏད་པའི་ལས་སོ།། གྲགས་པ་གཞོན་ནུའི་གདུང་རབས་ནི། ། ཉི་ཤུ་རྩ་གཉིས་བརྒྱུད་པ་ཡི།། དྲག་པོའི་ངན་སྔགས་བདུན་པོ་ནི།། ཆུ་སྲིན་གྲེ་བར་རིན་ཆེན་སོང་བ་བཞིན།། བསྐལ་པར་ཡང་ནི་མི་གཏང་ངོ།། རྨོངས་ལ་འཆལ་བས་བྱིན་གྱུར་ན།། དུས་མིན་བར་ནི་སྲོག་ཟད་ནས། ། བསྐལ་པ་བདུན་དུ་བརླག་པར་འགྱུར། གསང་བ་གཏན་ཚིགས་ཀྱི་ལེའུ་སྟེ་དགུ་པའོ།།།། གཡུང་དྲུང་ལྷ་ཡིས་ཡང་གསོལ་པ།། མ་མོ་གསང་ཆེན་དཀྱིལ་འཁོར་དུ།། སྒྲུབ་པའི་རྩལ་གྱིས་དབང་བསྐུར་བ། ། བདག་གིས་ནན་ཏན་ཇི་ལྟར་བསྐྱེད།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང།། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ། ། བསྒྲུབ་པའི་ལས་ཀྱི་དབང་རྣམས་ནི།། ངས་གསུང་པ་ལ་ཐེ་ཚོམ་མེད།། ངས་གསུང་པ་ལ་ནན་ཏན་བསྐྱེད།། ཅེས་བཀའ་སྩལ་པས། གཡུང་དྲུང་ལྷ་ཡིས་ཡང་གསོལ་པ།། ཕྱི་དབང་ཆེན་པོ་བདག་ལ་སྩོལ།། ནང་དབང་ཆེན་པོ་བདག་ལ་སྩོལ། ། གསང་དབང་ཆེན་པོ་བདག་ལ་སྩོལ།། སྤྱི་དབང་ཆེན་པོ་བདག་ལ་སྩོལ།། དེ་སྐད་ཞུས་པ་གསན་ནས་ཀྱང།། རྫོགས་སངས་རྒྱས་ཀྱི་བཀའ་སྩལ་པ།། ཕྱི་ནང་གསང་བའི་དབང་རྣམས་ནི། ། ང་ཡི་རྒྱུད་ཀྱི་ཐུགས་ལ་གནས།། ང་ཡི་ཐུགས་ཀྱི་གསང་རྒྱུད་ནི།། གཏིང་ནས་གཟུངས་ལ་ཁྱོད་ལ་གཏད། ཁྱོད་ཀྱི་སེམས་ལ་བརྣག་པར་གྱིས།། ལྕང་ལོར་བཅས་པའི་བྷནྡྷ་འདི།། ང་ཡི་ལག་ཏུ་གཟུང་ནས་ནི། ། སྣོད་ལྡན་ཁྱོད་ལ་དབང་བསྐུར་རོ།། བྷནྡྷ་མཛེས་པའི་དཀྱིལ་འཁོར་དུ།། བདེ་ཆེན་གསང་བའི་དབང་བསྐུར་བ།། ལྟག་སྤྲོད་ཟུར་གསུམ་བདེ་ཆེན་འདིས།། མ་མོ་ཐམས་ཅད་བསྒྲུབ་བྱའི་ཕྱིར།། བདུད་རྣམས་ཐམས་ཅད་ཟིལ་གྱིས་གནོན། ། རྐྱེན་དྲུག་དབང་དུ་བསྡུ་བའི་ཕྱིར།། སྒྲོལ་བྱེད་དག་གིས་དབང་ཐོབ་ཤོག། དུང་ཆེན་དག་གིས་དབང་བསྐུར་བས།། སྣང་སྲིད་ཐམས་ཅད་བསྒྲགས་པ་བཞིན།། དེང་གི་ཡོན་བདག་བུ་ཁྱོད་ཀྱང། ། ཆོས་ཀྱི་དབྱིངས་ཀྱི་སྒྲ་སྒྲོགས་ཤོག། མ་མོ་སྒྲུབ་པའི་དབང་ཐོབ་ཤོག། ཞིང་ཆེན་དག་གིས་དབང་བསྐུར་བས།། ཞིང་གི་ཁྱད་པར་བྲེས་པ་བཞིན།། བདུད་བཞི་གཡབ་ཀྱི་བོར་ནས་ནི།། ཧཱུཾ་གི་མེ་ཆེན་འབར་བ་ཡིས། ། བདུད་བགེགས་ཞི་བར་བསྲེགས་པ་བཞིན།། འབར་བྱེད་ཆེན་པོའི་དབང་ཐོབ་ཤོག། རྔ་ཆེན་དག་གིས་དབང་བསྐུར་བས།། རྔ་ནི་གསང་བ་ཡུམ་གྱི་ངང།། ཤེས་རབ་ཐབས་ཀྱི་སྒྲ་སྒྲོགས་པས། ། ཐབས་ཀྱི་ཕྱག་རྒྱ་བསྐྱོད་ནས་ནི།། རྔ་ཡི་བྱེ་བྲག་འདི་ལས་བྱུང།། གསང་བ་རྔ་ཡི་དབང་ཐོབ་ཤོག། ཞིང་མཆོག་དག་གིས་དབང་བསྐུར་བས།། ཐོར་ཐོ་རྒྱ་མདུད་ཁྲོ་བོ་བརྒྱད།། ཐུགས་ཀྱི་སྤྲུལ་པའི་གྲ་ཡང་འགྱེད། ། སྐེད་པའི་རྒྱ་མདུད་གྲ་བརྒྱད་ལ།། གསང་བའི་མ་མོ་བརྒྱད་ཕྱུང་ཞིང།། ཐུགས་ཀྱི་འོད་ཟེར་ཕྱོགས་བཅུར་འགྱེད།། རྩེ་མོ་དག་ནི་ཟུར་གསུམ་ལ།། སྲིད་པའི་མ་མོ་དབང་དུ་བསྡུ། ཁམས་གསུམ་ཐམས་ཅད་དབང་དུ་སྡུད། ། ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག། རཀྟ་མཱཾ་སས་དབང་བསྐུར་བས།། མ་མོ་གསང་ཆེན་དགྱེས་པ་འདིར།། སྒྲོལ་གིང་ཆེན་པོ་སྐར་ལྟར་བཀྲམ།། རཀྟའི་རྒྱ་མཚོ་མཚོ་ལྟར་རླབས།། མ་མོ་སྒྲུབ་པའི་དབང་ཐོབ་ཤོག། ཚིལ་ཆེན་གསུར་གྱིས་དབང་བསྐུར་བས།། སྲིད་པ་ཐམས་ཅད་དྲི་སྣོམ་ཞིང།། དྲི་ཡི་མཆོད་པ་དམ་པ་འདིས།། གསང་བའི་མ་མོ་དྲི་ལ་དད།། གསུར་དང་དྲི་ལ་སྣོམ་པ་མོ།། ཇི་ལྟར་གོང་དུ་བཅོལ་བ་བཞིན། ། བསྒྲུབ་པའི་ལས་རྣམས་བསྒྲུབས་པ་བཞིན།། ལས་ཀྱི་དབང་རྣམས་བསྒྲུབས་ནས་ནི།། དཔའ་བོ་ཆེན་པོའི་སྤྱན་སྔ་རུ།། འཁུ་ལྡོག་བྲན་ལྟར་མི་བྱེད་ཅིང།། སེམས་ཀྱི་དག་པ་ཉེར་བཞག་ཅིང།། མ་མོའི་ལས་དབང་འདི་བསྐུར་བས། ། སྒྲུབ་པའི་བྲན་ཕོ་བྲན་མོ་བཞིན།། ལས་དབང་ཆེན་པོ་ཐོབ་པར་ཤོག། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཨཱཏྨ་ཀོུ྅ཧ~ཾ། སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧ~ཾ། སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧ~ཾ། སརྦ་ཏ་ཐཱ་ག་ཏ་པཱུ་ཙ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧ~ཾ། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅་ཧ~ཾ། མ་མོ་གསང་ཆེན་འདུས་པ་འདིར།། སྙིང་པོ་ལྔ་ཡིས་དབང་བསྐུར་བས།། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། ། ཚེ་ཡང་ཤིན་ཏུ་རིང་བ་དང།། དངོས་གྲུབ་གཟི་ཆེན་ཐོབ་པའི་ཕྱིར།། རང་རྟགས་གསང་བའི་དབང་བསྐུར་རོ།། འདི་ནི་མ་མོ་རང་རྟགས་ཀྱི།། དབང་ཆེན་ལགས་ཏེ་དབང་གི་མཆོག། སྒྲོལ་མ་ཆེན་མོའི་དྲག་ཤུལ་གྱིས། ། བདུད་བཞི་ཟིལ་གྱིས་གནོན་པ་དང།། རྐྱེན་དབང་ཐབས་ཀྱིས་འདུལ་བ་དང།། དེ་བཞིན་གསང་ཆེན་དཀྱིལ་འཁོར་དུ།། མན་ངག་རྒྱུད་ཀྱི་དོན་བསྟན་པ།། ཀུན་གྱི་ཐུན་མོང་མ་ལགས་ཏེ། ། འདི་བསྟན་གཞན་ལ་བཤད་གྱུར་ན།། ས་བོན་མེས་ཚིག་བཞིན་དུ་འགྱུར།། སྣོད་ངན་ཞབས་སུ་ཟགས་པ་ན།། ནས་ངན་ཚིགས་པ་བཞིན་དུ་འགྲོ།། དོན་འདི་གཞན་ལ་མི་སྤེལ་ཏེ།། རང་གི་སེམས་ལ་འཆང་བ་ན། ། དངོས་གྲུབ་དམ་ཀྱང་རྟག་ཏུ་ཐོབ།། མཐུ་དང་གཟི་བརྗིད་ཐམས་ཅད་འཕེལ།། དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར།། ཅེས་བཀའ་སྩལ་ཏོ། མན་ངག་དབང་གི་ལེའུ་སྟེ་བཅུ་པའོ།།།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ། ། མ་མོ་ངོས་འཛིན་ཇི་ལྟར་བཟུང།། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། མ་མོ་ངོས་བཟུང་འདི་ལྟར་བཟུང།། སེམས་ཉིད་མ་བཅོས་མུ་ཁ་ལེ།། སེམས་ལས་བསྐྱེད་པའི་བུ་མོ་བཅུ་གསུམ་དང། དབྱིངས་ཀྱི་མ་མོ་བཅུ་བཞི་དང། ཡེ་ཤེས་མ་མོ་ཉི་ཤུའོ།། སྣང་སྲིད་ཀུན་ཁྱབ་ཤྭ་རེ་མ།། ཐུགས་དམ་བསྐང་བའི་ཡུམ་ཆེན་ལྔ།། དགྲ་རྣམས་བསྒྲལ་བའི་ཤུགས་སྒྲོལ་དྲུག། དྲག་ཤུལ་དབང་ཆེན་མ་མོ་བདུན། ། གནོད་བྱེད་སྙིང་གཅོད་སྲིན་མོ་བརྒྱད།། བཀའ་སྡོད་ལས་ཀྱི་བློན་མོ་དགུ།། ཡང་དག་དབང་གི་རྒྱལ་མོ་བཞི།། སེམས་ལས་སྐྱེས་པའི་མ་མོ་བཞི།། དམ་ལ་གནས་པའི་སྲིང་མོ་བཞི།། ཡིད་ལ་གཞུང་པའི་མཛའ་མོ་བཞི། ། ལུས་ལས་བསྐྱེད་པའི་བུ་མོ་བཞི།། མ་མོ་ཀུན་གྱི་གཙོ་མོ་བཞི།། བདུད་རྩི་སྦྱོར་བའི་རྒྱལ་མོ་བཞི།། ཕུར་བུ་བསྒྲུབ་པའི་བློན་མོ་བཞི།། མ་མོ་ཀུན་གྱི་བདག་མོ་བཞི།། ལས་ལ་ཤིས་པའི་བྲན་མོ་བཞི། ། ད་ལྟ་དབུགས་འཕྲོག་ལྷ་མོ་བཞི།། མ་མོ་རྩ་ཁྲོ་བདག་མོ་བཞི།། དགྲ་བོའི་སྙིང་འཕྲོག་ལྷ་མོ་བཞི།། ཀུན་གཞི་གནས་བསྒྱུར་བུ་གཅིག་མ།། གླིང་བཞི་གནས་བསྒྱུར་གྲགས་མོ་རྒྱལ།། སྟོང་གསུམ་དབང་བསྒྱུར་བཛྲ་ཤྭ་རཱི་མ། ། དགྲ་བོ་དབང་བསྒྱུར་དཔལ་ལྡན་རེ་མ་ཏི།། འཇིག་རྟེན་དབང་ཆེན་སྨན་མོའི་ཚོགས།། གཤིན་རྗེའི་གཙོ་མོ་ཉི་ཤུ་གཅིག། ལས་མཁན་མ་མོ་བརྒྱད་བཅུ་གཅིག། བྱང་ཤར་མཚམས་ཀྱི་སྙིང་གཅིག་མ། ། ཐུགས་ཀྱི་སྤྲུལ་པ་ནག་མོ་བདུན།། ནག་མོབདུན་ཚོགས་ནག་མོ་ཉི་ཤུའི་ཚོགས། སྐུའི་སྤྲུལ་པ་དམར་མོ་བདུན་ཚོགས། དཀར་མོ་ཉི་ཁྲིའི་ཚོགས། གསུང་གི་སྤྲུལ་པ་དམར་མོ་བདུན་ཚོགས། དམར་མོ་ཉི་ཁྲི་ཚོགས། ཐུགས་ཀྱི་སྤྲུལ་པ་སྨུག་མོ་བདུན་ཚོགས། སྨུག་མོ་ཉི་ཁྲིའི་ཚོགས། ཡོན་ཏན་མ་མོ་སེར་ནག་བདུན་ཚོགས། སེར་མོ་ཉི་ཁྲིའི་ཚོགས། ཕྲིན་ལས་སྤྲུལ་པ་ལྗང་ནག་བདུན་ཚོགས། ལྗང་ནག་བདུན་ཅུའི་ཚོགས། མ་མོ་ངོས་འཛིན་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། གཡུང་དྲུང་ལྷ་ཡིས་ཡང་གསོལ་པ།། སྣང་སྲིད་ཐིག་ལེ་ཇི་ལྟར་བསྡུ།། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། སྣང་སྲིད་ཐིག་ལེ་འདི་ལྟར་བསྡུ། དེ་ཡང་གང་ཞེ་ན། ཡིད་དང་ཀུན་གཞི་དང། རྣམ་པར་ཤེས་པ་ལས། མ་མོ་ཐིག་ལེ་རྒྱུར་གསལ་ཏེ། མ་མོ་ལྷུན་གྱིས་རྫོགས་པའི་ཐིག་ལེ་དང། མ་མོ་གནས་ཀྱི་ཐིག་ལེ་དང། མ་མོ་ལུང་གི་ཐིག་ལེ་དང། མ་མོ་སྒྲུབ་པའི་ཐིག་ལེ་དང། མ་མོ་སྤྲུལ་པའི་ཐིག་ལེ་དང། མ་མོ་ཐབས་ཀྱི་ཐིག་ལེ་དང། མ་མོ་ཤེས་རབ་ཀྱི་ཐིག་ལེ་དང། མ་མོ་སྐུ་གསུང་ཐུགས་ཀྱི་ཐིག་ལེ་དང། བྱང་ཆུབ་སེམས་ཀྱི་ཐིག་ལེ་དང། ཀུན་ནས་ཟླུམ་པའི་ཐིག་ལེ་ཞེས་ཀྱང་བྱ། ཀློང་ཡང་པའི་ཐིག་ལེ་ཞེས་ཀྱང་བྱ། བརྗོད་དུ་མེད་པའི་ཡེ་ཤེས་ཀྱི་ཐིག་ལེ་ཞེས་ཀྱང་བྱ། མ་ནོར་བ་ཞེས་ཀྱང་བྱ། གཏན་ལ་འབེབས་པ་ཞེས་ཀྱང་བྱ། མ་བཅོས་པ་ཞེས་ཀྱང་བྱ། རྒྱུ་རྐྱེན་མེད་པ་ཞེས་ཀྱང་བྱ། མ་འགགས་པ་ཞེས་ཀྱང་བྱ། ཡེ་གནས་ཆེན་པོར་གནས་སོ།། མ་མོ་སྣང་སྲིད་ཐིག་ལེའི་ལེའུ་སྟེ་བཅུ་གཉིས་པའོ།། བྱང་བསྐོར་གྱི་རྒྱུད་ཕྱི་མ་རྫོགས་སོ།།།།

CLOSE WINDOW