Wylie |
།།། !་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ།། འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། སེམས་ཅན་ཐམས་ཅད་སེམས་མྱ་ངན་ལས་བཟླ་བ་དང། ཐེ་ཚོམ་བཅད་པ་བཅད་པའི་ཕྱིར། རྡོ་རྗེ་སེམས་དཔས་གསོལ་པ། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། འཇིག་རྟེན་པ་ཡི་ཆོས་རྣམས་ལ།། སེམས་ཉིད་མྱ་ངན་ཇི་ལྟར་བཟླ།། རྟག་ཆད་མཐའ་ཉིད་གང་དུ་བསྡུ། ། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་པ་གསན་ནས་ཀྱང།། ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ།། སྣོད་ཀྱི་འཇིག་རྟེན་ཀུན་བཟང་ཟླ།། བཅུད་ཀྱི་འཇིག་རྟེན་སངས་རྒྱས་རྒྱུ།། ཕྱི་ནང་སྣོད་བཅུད་རྣམ་པར་དག། རྟག་ཆད་མཐའ་གཉིས་མྱ་ངན་འདས།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། སྟོན་པ་རྣམ་གསུམ་གང་ལ་བགྱི།། སྡུད་པ་རྣམ་གསུམ་གང་ལ་བགྱི།། གནས་ཞེས་བགྱི་བ་ཇི་ལྟ་བུ།། གནས་ལ་ངེས་པ་དུ་ཞིག་མཆིས། ། དུས་ཞེས་བགྱི་བ་ཇི་ལྟ་བུ།། དུས་ལ་རྣམ་པ་དུ་ཞིག་མཆིས།། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྟོན་པ་རྣམ་གསུམ་རིག་པའི་གཏེར། ། འཕོ་འགྱུར་མེད་པས་གནས་ཞེས་བྱ།། ཡང་དག་དོན་རྟོགས་དུས་ཞེས་བྱ།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ལྷ་ལ་རྣམ་པ་དུ་ཞིག་མཆིས།། འཁོར་ལ་རྣམ་པ་དུ་ཞིག་མཆིས།། ལུང་ལ་རྣམ་པ་དུ་ཞིག་མཆིས། ། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ལྷ་ལ་རྣམ་པ་གསུམ་དུ་བསྟན།། འཁོར་ལ་རྣམ་པ་གསུམ་དུ་བསྟན།། ལུང་ལ་རྣམ་པ་གསུམ་དུ་བསྟན།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ། ། རྒྱུད་ཅེས་བྱ་བ་ཇི་ལྟར་ལགས།། ལུང་ཞེས་བྱ་བ་ཇི་ལྟར་ལགས།། མན་ངག་བགྱི་བ་ཇི་ལྟར་ལགས།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། རྒྱུད་ཅེས་བྱ་བ་འབྲེལ་པའི་དོན།། ལུང་ཞེས་བྱ་བ་སྟོན་པའི་བཀའ། ། མན་ངག་བྱ་བ་ལ་བཟླའོ།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ཡུམ་གྱི་དབྱིངས་ཞེས་གང་ལ་བགྱི།། ཡབ་ཀྱི་མཁའ་ཞེས་གང་ལ་བགྱི།། འཁོར་བའི་གནས་འདི་མི་འཚལ་ན།། ཀློང་ཞེས་བྱ་བ་ཇི་ལྟ་བུ། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། འདུ་འབྲལ་མེད་པ་ཡུམ་གྱི་དབྱིངས།། སྐྱེ་ཤི་མེད་པ་ཡབ་ཀྱི་མཁའ།། བླང་དོར་མེད་པ་བདེ་བའི་ཀློང།། བདེ་བ་ཆེན་པོ་དོན་རྟོགས་ན།། བླང་དོར་མེད་པ་དེ་ཡིས་གྲུབ། ། གཉིས་མེད་དོན་རྟོགས་དེ་ཡི་ངང།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ཆོས་ཉིད་རྟོགས་པ་གཡུང་དྲུང་ལྷ།། སེམས་ཉིད་རྟོགས་པའི་ལ་དོར་བ།། འགྱུར་མེད་དོན་ཆེན་བརྗོད་པ་གང།། དེ་སྐད་གསོལ་པ་གསན་ནས་ཀྱང། ། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཆོས་ཉིད་རྟོགས་པའི་གཡུང་དྲུང་བའི།། སེམས་ཉིད་དོན་གྱི་ངོ་བོ་ལ།། རྫོགས་པའི་ལྟ་བ་ལ་དོར་བའོ།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ། ། མ་ཞེས་བྱ་བ་གང་གི་མཁའ།། མོ་ཞེས་བྱ་བ་གང་གི་ཀློང།། མ་མོའི་གཏན་ཚིགས་ཇི་ལྟར་ལགས།། འབྱུང་བ་ལྔ་པོ་གང་ལས་གྲུབ།། སངས་རྒྱས་རྒྱུ་ཉིད་གང་གིས་གྲུབ།། བདེ་བ་ཆེན་པོ་ངང་ཉིད་ལས། ། རྒྱུ་རྐྱེན་གཉིས་ཀྱིས་བསྐྱེད་ལགས་སམ།། འགྱུར་བ་ལྷ་ཡི་རང་ཉིད་ལས།། འདི་ལ་འཕོ་འགྱུར་མཆིས་ལགས་སམ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཆེ་བས་ཆེ་བ་ཟབ་མོ་འདི།། ཤེས་རབ་ཐབས་ལ་བརྟེན་ཏེ་གྲུབ། ། མ་དང་མོ་ཡི་དོན་རྟོགས་ན།། མ་བགྲོད་ས་རྣམས་ངེས་པར་ཐོབ།། ཡིད་བཞིན་ནོར་བུ་མ་བཙལ་རྙེད།། ཡེ་ཤེས་ཉི་མ་རང་ལ་ཤར།། ཆེན་པོ་ལྔ་ཡི་ངང་ཉིད་དུ།། ཐམས་ཅད་མ་ལུས་སངས་རྒྱས་སོ། ། ཧཱུཾ་ཧཱུཾ་ཧཱུཾ། གསང་བའི་མགུར་ཆེན་པོའི་ལེའུ་སྟེ་དང་པོའོ།།།། ཏིང་འཛིན་དབང་ཆེན་དཀྱིལ་འཁོར་བསྐྱེད།། བདག་ཉིད་ཆེ་མཆོག་སྐུར་བསྒོམས་ལ།། ཐམས་ཅད་མ་ལུས་དབང་དུ་བསྡུ།། མན་ངག་མཛུབ་ཚུགས་དོན་ལ་རྣམ་པ་དྲུག་ཏུ་བསྟན། ། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། སེམས་ཅན་དུས་མིན་འཆི་བ་རྣམས།། དེ་ལ་བཟློག་ན་ཇི་ལྟར་བཟློག། བསྐང་བའི་གནས་ལྔ་ཇི་ལྟར་ལགས། ། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། དེ་སྐད་གསོལ་པ་གནས་[[]གསན་[]]ནས་ཀྱང།། སེམས་ཅན་དུས་མིན་འཆི་བའི་ཚེ།། བསྐང་བའི་གནས་རྣམས་འདི་རྣམས་སོ།། ཧཱུཾ་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་སྟེ། ། དུས་གསུམ་བདེ་གཤེགས་ཡུམ་གྱི་དབྱིངས་ནས་བསྐྱེད།། དབུས་ཀྱི་ཡུམ་དང་ཆེ་མཆོག་ཡབ་ཡུམ་ཚོགས།། མུ་མཁར་ཁྱབ་པའི་ཐུགས་གསུམ་བདག་སྐོང་ན།། ཐམས་ཅད་སྐོངས་ནས་དབང་དང་དངོས་གྲུབ་གསོལ། ། ཧཱུཾ་ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་གཙོ།། རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང།། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ།། རིན་ཆེན་དབྱིངས་ཕྱུག་མི་ཕྱེད་མ།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང། ། ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ།། པདྨ་དབྱིངས་ཕྱུག་མི་ཕྱེད་མ།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང།། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་གཙོ།། ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ། ། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང།། དབྱིངས་ཀྱི་མ་ཆེན་བརྒྱད་རྣམས་དང།། ཡུལ་གྱི་སྲིང་མོ་བརྒྱད་རྣམས་ཀྱང།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང།། བསྐལ་ལེ་ཆུང་ངུ་གསང་བ་མགུར་ཆུང་གི་ལེའུ་སྟེ་གཉིས་པའོ། །།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། བསྟན་པ་གཉེན་པོ་འཇིག་བྱེད་ཅིང།། ལུ་གུ་རྒྱུད་ལས་འགལ་བྱེད་པ།། སེམས་ཅན་ཀུན་ལ་གནོད་བྱེད་པའི།། རྟག་ཏུ་གདུག་པའི་སེམས་ཅན་རྣམས། ། ལུས་སེམས་སོ་སོར་དབྲལ་བའི་ཕྱིར།། ལྷ་དང་དབྱེ་བ་ཇི་ལྟར་ལགས།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང།། ངོ་མཚར་ལྷ་ཡིས་བཀའ་སྩལ་པ།། རྟག་ཏུ་གདུག་པའི་སེམས་ཅན་རྣམས། ། ལུས་སེམས་སོ་སོར་ཕྲལ་བའི་ཕྱིར།། དབྱེ་བའི་ལས་རྣམས་ངས་བསྟན་གྱི།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། འགོ་བའི་ལྷ་དང་བྲལ་བའི་ཕྱིར།། བྱ་རོག་འུག་པའི་དང་རུ་ལ། ། ཨ་དང་ནརྀ་ཡི་ཡི་གེ་བྲི།། དམེ་བ་མགར་གྱི་དྲེག་པས་བསླན།། ཤོག་ཤོག་ཚོན་གང་གྲུ་བཞི་ལ།། ལྷ་དང་མི་ཡི་མིང་བྲིས་ལ།། ཚོན་སྐུད་སྣ་ལྔས་བྱད་དུ་གཞུག། རྐང་དུ་ཛ་དུར་བཅུག་ནས་ནི།། འོག་ཏི་ཕྱིན་ཕྱོགས་དག་ཏུ་བསྟན། ། དུ་ར་ནག་པོའི་རྟ་རྐང་བསྡམ།། གོང་མའི་ལས་རྣམས་བསྐྱར་ལ་བྱ།། དེས་ནི་མཚན་མ་འབྱུང་བར་འགྱུར།། དེས་ཀྱང་མཚན་མ་མ་བྱུང་ན།། འདའ་ར་པ་ཏིའི་སོག་པ་ལ།། མཎྜ་ལ་ཡི་དར་གྱིས་དཀྲི། ། ཨ་ཏི་ར་ཡི་ཐག་པས་བཅིངས།། ད་ར་བ་ཏི་རྒྱུད་པས་གདགས།། སྦ་མ་ཏི་ཡི་དུད་པས་བདུག། འབྲིག་ཤ་ཤིང་ལ་བཏགས་ནས་ཀྱང།། དད་[[]དར་[]]ལ་ཕྱར་ཏེ་སྡང་མིག་བལྟ།། ཨ་ཏ་ར་ཡི་ལྕགས་ཀྱིས་བྲབ། ། རྦ་ན་ཏི་ཡི་དུད་པས་བདུག། ཨ་ར་མ་ཏིའི་མདའ་ཡིས་བརྡེབ།། གུ་པ་ར་ཡི་མགུལ་ཏུ་བཏགས།། མ་ལ་ཏི་ཡི་མདོམས་ནས་དབྱུང།། ས་འབར་མ་ཡི་སྙིང་པོ་བཟླས།། རྣ་མཉན་ཕྲ་མའི་གཟུགས་བྲིས་ལ། ། ལྷ་དང་མི་ཡི་བར་དུ་གཞུག། མ་ར་ཎ་ཡི་སྔགས་ཀྱི་དབྱེ།། མཚོན་མའི་ཕྱག་རྒྱ་བཅས་ནས་སུ།། གཟུགས་ལ་རྣམ་པར་བརྡེག་པར་བྱའོ།། རཀྵ་ཏུའི་དྲག་སྔགས་ཀྱིས་གདབ།། ལྕགས་ཀྱུའི་ཕྱག་རྒྱ་གཉིས་བཅིངས་ནས། ། ཨཾ་ཀུ་ཤ་ཡི་སྔགས་ཀྱིས་དྲང།། ཞགས་པའི་ཕྱག་རྒྱ་གཉིས་བཅིངས་ནས།། པཱ་ཤ་ཧཱུཾ་གི་སྔགས་ཀྱིས་བཅིངས།། ལྕགས་སྒྲོག་ཕྱག་རྒྱ་གཉིས་བཅིངས་ནས།། སྥོ་ཊ་བཾ་གྱི་སྔགས་ཀྱིས་བསྡམ།། དྲིལ་བུའི་ཕྱག་རྒྱ་གཉིས་བཅིངས་ལ། ། གྷཎྜེ་ཧོཿཡི་སྔགས་ཀྱིས་གདབ།། བདག་ཉིད་དབང་ཆེན་སྐུར་བསྒོམས་ཏེ།། སྤྲོ་བ་དྲུག་རྣམས་གནད་ལ་གདབ།། གོང་མའི་ལས་རྣམས་བསྐྱར་ལ་བྱ།། དེས་ནི་མཚན་མ་འབྱུང་བར་འགྱུར། ། དེས་ཀྱང་མཚན་མ་མ་བྱུང་ན།། འདའ་ར་བི་ཏིའི་སོག་པ་ལ།། ནུ་ཏ་མ་ཡི་ཁྲག་གིས་བྲིས།། འདའ་ན་ནག་ནི་ས་དོང་དུ་གཞུག། ཆེ་མཆོག་ཡབ་ཡུམ་བསྒོམས་ནས་ནི།། སྨན་མོའི་སྔགས་དང་ཕྱག་རྒྱས་གདབ། ། བསྐུལ་བའི་ཕྲིན་ལས་གཞུང་བཞིན་བྱ།། ཉེ་འབྱེད་ཀྱི་ལེའུ་སྟེ་གསུམ་པའོ།།།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། བསྟན་པ་གཉན་པོ་འཇིག་བྱེད་ཅིང།། ལུ་གུ་རྒྱུད་ལས་འགལ་བྱེད་པ། ། སེམས་ཅན་ཀུན་ལ་གནོད་བྱེད་ཡིད།། རྟག་ཏུ་གདུག་པའི་སེམས་གྱུར་ལ།། ནན་ཏུར་ལས་རྣམས་ཇི་ལྟར་ལགས།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང།། ངོ་མཚར་ལྷ་ཡིས་བཀའ་སྩལ་པ། ། རྟག་ཏུ་གདུག་པའི་སེམས་གྱུར་ཏེ།། སེམས་ཅན་ཀུན་ལ་གནོད་པ་ལ།། ནན་ཏུར་ལས་རྣམས་ངས་བསྟན་གྱིས།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྲོག་ལུས་རྩ་ནས་སྐམ་པའི་ཕྱིར།། ར་སོག་གྲོ་ག་ཤིང་ཤུན་ནམ། ། གཡམ་པ་སྔོན་པོའི་ངོས་དག་ལ། ཁྱི་ཁྲག་ར་ཁྲག་གསོལ་བ་ཡིས།། དགྲ་བོའི་གཟུགས་དག་བྲིས་ནས་ནི།། ཚེར་མ་ཅན་གྱི་ཤིང་དག་ལ།། རྫས་ཀྱི་བྲྀཀྵའི་ཤིང་བུ་ལ།། དམར་ཏི་དམར་པོའི་ལྕག་འབྲས་གདགས། ། དགྲ་བོའི་གཟུགས་ལ་བརྡེག་པར་བྱའོ།། ཡང་ན་ཀ་སའི་ཤུན་པ་ལ།། ན་ས་ཀུ་རུ་ཏ་ཡིས་ནི།། འགྲོ་བའི་མཁའ་འགྲོ་ལྔ་པོ་ཡང།། ཙ་ར་མ་ཏི་ཏི་ཡིས་ནི།། ལྟེ་བར་ཆགས་འཛིན་སྤུན་གཉིས་བྲི། ། རྐང་པ་གཉིས་ལ་མ་བདུན་ནི།། གཡས་པའི་དུམ་བུ་བཞི་པོ་ལ།། ཕུང་བྱེད་སྦས་པའི་མ་བཞི་ནི།། གཡོན་པ་དུམ་བུ་བཞི་པོ་ལ། ཁྲོས་པའི་དབང་ཆེན་བཞི་པོ་ནི།། གསང་བའི་ཡུམ་བཞི་ཀླད་པ་ལ།། ཉི་ཟླ་ཐོད་ཕྲེང་སྙིང་གི་དཀྱིལ། ། ཕྲ་མེན་རྒྱ་མཚོ་མཁའ་ལའོ།། ཕུང་གི་བདག་མོ་བཞུགས་སུ་གསོལ།། ཕྱི་མའི་དམན་མོ་འཁོར་རྣམས་ཀྱིས།། གུང་རྩིབས་འཁོར་དང་ལོ་རེ་ལའོ།། ཨ་ཕྱི་ཆེན་པོ་གཞུངས་པ་ལའོ།། དུས་དྲུག་རྒྱུ་བའི་དགྲ་བོ་ནི། ། ཤྭ་བ་གཉན་དང་བ་གླང་ངོ།། འདི་རྣམས་ནམ་གྱི་གུང་ལ་རྒྱུ།། རྟ་དང་ལུག་དང་ར་གསུམ་ནི།། འདི་ནི་ཉིན་བཞིན་རྒྱུ་བའོ།། རྗེ་ཁོལ་དྲུག་ཅུ་རྩ་བརྒྱད་དང།། དུས་དྲུག་རྒྱུ་བ་དེ་བཞིན་ནོ། ། མྱུར་དུ་བཟླས་པའི་སྔགས་རྣམས་ནི།། གོང་གི་སྔགས་རྣམས་བཟླས་པ་ཡིན།། སྔགས་ཉུང་དག་ལ་ཁྲི་འབུམ་དུ།། བཟླས་ནས་དགྲ་ལ་བརྡེག་པར་བྱ།། གཡོན་གྱི་དམེ་ལག་བཅད་ནས་ནི།། རང་གི་དཔྲལ་བའི་དབྱེས་སུ་བཞག། བདུད་ཀྱི་ཆས་སུ་ཞུགས་ནས་ནི།། སྐྲ་བཤིག་མི་གནས་མཆི་མ་ཕྱུང།། དེ་ཕྱོགས་ཉིད་དུ་བསྟན་པས་ནི།། ང་རོ་དྲག་ཏུ་བཟླས་ནས་ཀྱང།། གཡས་པའི་ཕྱག་རྒྱ་སྡིགས་མཛུབ་ཀྱིས། ། སྔགས་འདི་དྲག་ཏུ་བཟླས་ལ་བརྡེག། སྙིང་ལ་ཟོ་ཞིང་ལཱ་མཱ་ཤ། རོལ་ཤ་ཁྲག་འཐུང་ཀང་ཀ་ཤ་ཟན། ཡང་ཏ་ས་ར་ལ་ཧོ།། ཤ་ལ་ཀྱི་སྤྱང་ཀྲ་ཧེ་ཀྲ་ཧེ། བཛྲ་བནྡྷ་བྷྱོ་རུ་ལུ་རུ་ལུ། ཤ་ཁྲག་སྐམས་པའི་ལེའུ་སྟེ་བཞི་པའོ།།།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། དམ་ལས་འདས་པའི་སྔགས་གཟེར་དང།། འཇིག་རྟེན་མཚན་མ་བྱོལ་པ་དང།། ལྷ་འདྲེ་རྫུ་འཕྲུལ་དྲག་གཡོས་ན།། ངན་སྔགས་རྫུ་འཕྲུལ་ཇི་ལྟར་བཟློག། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང།། ངོ་མཚར་ལྷ་ཡིས་བཀའ་བསྩལ་པ།། དམ་ལས་འདས་པའི་སྔགས་གཟེར་དང།། འཇིག་རྟེན་མཚན་མ་བྱོལ་བ་དང། ། དྲེགས་མྱོས་པ་ཡི་རྫུ་འཕྲུལ་དག། བཟློག་པའི་ལས་རྣམས་ངས་བསྟན་གྱིས།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ངན་སྔགས་པར་བུ་བཟློག་པའི་ཕྱིར།། གཏན་ཚིགས་མན་ངག་འདི་གསུངས་སོ། ། བ་ཀོ་འདྲ་བའི་མཎྜལ་བྱས།། འཇིག་རྟེན་མཚན་མ་བྱོལ་བ་དང།། མཎྜལ་མཆོད་པ་གཞུང་བཞིན་བྱ།། སཱཙྪ་ཅ་ཏི་མང་དུ་གདབ།། ཕྱི་ཡི་བཤགས་པ་གཞུང་བཞིན་བྱ།། དེ་ནས་གསང་བའི་མཚམས་ཀྱང་བཅད། ། དེ་ནས་དཀྱིལ་འཁོར་གཞུང་བཞིན་བྱ།། ནང་གི་རཱུ་པ་སརྦ་བཏང།། བསྐང་གསོ་སྤང་སྐོང་གྲངས་ཀྱིས་གདོན།། བསྐང་བའི་གནས་ལྔ་གཞུང་བཞིན་བྱ།། མ་ཧཱ་ཤཱནྟིཾ་མཆོད་པར་བྱ།། མ་མོར་གྱུར་པ་ཀུན་ཀྱང་བསྐང། ། ཡོ་བྱད་ནག་པོ་གཞུང་བཞིན་བཏང།། རྟགས་དང་མཚན་མ་ཞིབ་ཏུ་བརྟགས།། རྟགས་དང་མཚན་མ་ཟིན་པ་དང།། སྐོང་ཟློག་ཆོ་ག་གཞུང་བཞིན་བྱ།། དེས་ནི་མཚན་མ་བཟློག་པར་འགྱུར། ། དེ་ནས་བསྐྱར་ཏེ་ཡང་གསུངས་པ།། བསྐང་བ་དེས་ཀྱང་མ་སྐོང་ན།། དབང་གི་རྒྱལ་མོའི་སྐུར་བསྒོམས་ལ།། རྩ་བ་གང་ཡིན་མ་མོ་དེ།། ཀུ་ཤ་ལ་ནི་གཟུགས་བྱས་ལ།། ཡན་ལག་བསྡུས་ཏེ་རྒྱ་ཡིས་བསྡམ། ། སྨན་མོ་ལྔ་བཅུ་རྩ་གསུམ་ཡང།། ཤིང་ཤུན་དག་ལས་གཟུགས་བྱས་ལ།། དར་བ་ཏི་ཡི་རྒྱུད་པས་གདགས།། ཡེ་ཤེས་རྗེ་མོ་བཅུ་བཞི་ཡང།། ཆེ་མཆོག་སྐུ་རུ་བསྒོམས་ནས་ནི།། མགོ་ལུས་བསྣོལ་ཏེ་གདན་དུ་གདིང། ། དེས་ནི་ངན་སྔགས་བཟློག་པར་འགྱུར།། དེས་ཀྱང་ལས་རྣམས་མ་གྲུབ་ན།། བརྟགས་ཏེ་རྩ་བ་གང་ཡིན་ལ།། ཤོག་ཤོག་དག་ལ་གཟུགས་བྱས་ལ།། མཆོག་གི་ཕུར་པ་དག་གི་བརྡེག། སྨན་མོ་ལྔ་བཅུ་རྩ་གསུམ་ཡང།། འཇག་མ་དག་ལ་གཟུགས་བྱས་ལ།། ཟངས་ཀྱི་ཕུར་པ་དམར་པོས་གདབ།། དབུས་ཀྱི་མ་མོ་རྣམ་གསུམ་ཡང།། ཞིང་གི་ཤུན་པའི་རས་མ་ལ། ཁྲག་དང་མཚལ་གྱི་གཟུགས་བྱས་ལ། ། གསེར་རམ་སེར་པོའི་ཕུར་པ་གདབ།། དེས་ནི་ངན་སྔགས་ཟློག་པར་འགྱུར།། གལ་ཏེ་ལས་སུ་མ་གྱུར་ན།། དབུས་ཀྱི་ཆེ་མཆོག་ཡབ་ཡུམ་གཉིས།། སྤྲ་ཚིལ་དག་ལ་གཟུགས་བྱས་ནས། ། ལྕགས་སམ་ནག་པོའི་ཕུར་པ་ཡིས།། ཐུགས་ཀ་ཉིད་དུ་གདབ་པར་བྱ།། ལས་རྣམས་འགྲུབ་པར་གདོན་མི་ཟ།། ཀཱི་ལ་ཡ་ཡི་སྔགས་བརྗོད་ནས།། ཆོས་ཉིད་དབྱིངས་སུ་གདབ་པར་བྱ།། ཆེ་མཆོག་རྟགས་ཀྱི་ཕྱག་རྒྱ་ཡིས། ། འགྱུར་མེད་དབྱིངས་སུ་ཕུར་པས་གདབ།། ངན་སྔགས་པར་བུ་ཟློག་པའི་ལེའུ་སྟེ་ལྔ་པའོ།།།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། དེ་ལྟར་པར་བུ་བཟློག་ནས་ནི།། སྔོན་དུ་སྔགས་ཀྱི་སྔགས་གཟེར་དེས། ། ཚེ་སྲོག་ཉམས་པ་ཇི་ལྟར་གསོ།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། སྔོན་དུ་སྔགས་པའི་སྔགས་གཟེར་དེས།། ཚེ་སྲོག་ཉམས་པ་གསོ་བའི་ཕྱིར།། གསོ་བའི་ཆོ་ག་ངས་བསྟན་གྱིས། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྟེགས་བུ་འདོམ་གང་གྲུ་བཞི་ལ།། འཁོར་ལོ་རྩིབས་བརྒྱད་དེ་དབུས་སུ།། པདྨ་ཆེན་པོ་འདབ་བརྒྱད་བྲི།། པདྨ་ཆེན་པོ་དེ་དབུས་སུ།། རིན་ཆེན་འབར་བ་ཟུར་བརྒྱད་བྲི། ། དེ་དབུས་ཟླ་གམ་ཟླུམ་པོ་ལ།། བྷནྡྷ་མཚན་དང་ལྡན་པ་བཞག། རིན་ཆེན་འབར་བའི་ཟུར་བརྒྱད་ལ།། ལྔ་ལ་རྟགས་པའི་རྒྱལ་མོ་ལྔ།། གཉིས་པ་སྨ་ཤ་པྲ་མོ་ཧ།། གཅིག་ལ་ཚེ་ཡི་སྙིང་པོ་བྲི།། པདྨ་ཆེན་པོའི་འདབ་བརྒྱད་ལ།། ཕྱོགས་བཞིར་ཁྲོས་པའི་དབང་ཆེན་བསྐྱེད།། མཚམས་སུ་གསང་བའི་ཡུམ་བཞི་དགོད།། འཁོར་ལོ་ཆེན་པོ་རྩིབས་བརྒྱད་ལ།། ཕྱོགས་བཞིར་ཕྱག་མཚན་ཆེན་པོ་བཞི།། གཉིས་པར་རྒྱ་མཚོ་ཐོད་ཕྲེང་དགོད། ། གཅིག་ལ་ཚེ་ཡི་སྙིང་པོ་དགོད།། སྨན་མོ་ཕྱི་མ་དོན་གྱིས་སྦྱར།། དཀྱིལ་འཁོར་དེ་ཡི་ཕྱི་རིམ་དུ།། བཀྲ་ཤིས་བརྒྱད་ཀྱང་དགོད་པར་བྱ།། སྒོ་བཞིར་ཁྲོ་བོ་བཞི་ཡང་དགོད།། ཏིལ་ཆེན་མེ་མར་རྒྱུན་མི་གཅད། ། ཡོ་བྱད་ཆེན་པོའི་ཟས་རྣམས་ལ།། རྩ་བའི་སྔགས་ཀྱིས་བཏབ་ལ་བཞག། མ་མོ་བྱོན་གྱིས་སྔགས་རྒྱས་གདབ།། ཨུ་ཏའི་བྱ་བའི་སྔགས་ཀྱིས་གདབ།། དངོས་གྲུབ་རྟགས་དང་སྦྱར་ནས་ནི།། གསོ་བསྐྱེད་བཟང་ཞིང་གཏམས་པར་བྱ།། ཚེ་སྒྲུབ་པའི་རིམ་པ་སྟེ་ལེའུ་དྲུག་པའོ།།།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། དཔའ་བོ་ཐིག་ལེ་ཉམས་པ་དང།། ཐིག་ལེའི་སྤྱོད་པ་ཉམས་པ་རྣམས། ། ལས་དེ་སླར་ལ་ཟློག་པའི་ཕྱིར།། ཉག་གཅིག་ཡབ་ལ་བདག་ཉན་འཚལ།། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། དེ་ལས་སླར་ལ་ཟློག་པའི་ཕྱིར།། ངེས་པའི་མན་ངག་ངས་བསྟན་གྱིས། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། རྟགས་དང་མཚན་མ་བྱུང་བའི་ཚེ།། བསྡམ་པའི་ཕྱག་རྒྱ་བཀྲོལ་ནས་ནི།། དགྲ་བོའི་ཡུལ་ཕྱོགས་བསྟན་པ་ནི།། གྲོ་ག་ཤིང་ཤུན་རས་ལ་སོགས།། མི་དེའི་མིང་རུས་བྲིས་ནས་ནི།། དེ་ཡི་ལག་ཏུ་བསྐུར་བྱའོ།། ཤུགས་སྒྲོལ་མ་ཡི་སྔགས་ཀྱིས་གདབ། ཁྲག་དང་དུག་གི་གཏོར་མ་ཡང།། རབས་ཆད་ཐོད་པར་བཤམས་ནས་ནི།། ཡུལ་སའི་ཕྱོགས་སུ་གཏོར་མ་གཏང། ། སྙིང་གི་ཕུར་པ་ཕྱུང་ནས་ནི།། ཨ་མྲྀ་ཏ་ཡིས་མཆོད་བྱས་ནས།། དམ་རྫས་ཚང་བའི་གཏོར་མ་ལ།། ཀུ་པ་ར་ཡི་རཀྟས་སྦྲེང།། གང་ཡིན་ཕྱོགས་སུ་ཁ་བལྟས་ལ།། གཙོ་བོ་གཞུང་བཞིན་བསྐུལ་ནས་ནི།། ལུས་ཀྱིས་བསིག་ཅིང་ཕྱག་རྒྱས་བསྡམ། བདག་ཉིད་དབང་གི་སྐུར་བསྒོམས་ལ།། དབང་དྲག་ཕྱག་རྒྱ་བཅས་ནས་ནི།། གཟུགས་དེ་ཉིད་ལ་ཚམ་རྔམས་བྱ།། དྲག་ཤུལ་དབང་གིས་བསྐྱོད་ལ་བཏང།། འདི་ལྟར་མ་མོ་དྲག་ཤུལ་གྱི། ། དཔལ་གྱི་དབང་གིས་བསྡུས་ལ་བཏང།། ལས་ཀྱི་མི་འགྲུབ་མི་སྲིད་དོ།། བསྡམས་པའི་ཕྱག་རྒྱས་བཀྲོལ་ནས་ནི།། འབྲིག་ཤའི་ཤིང་གི་ལྕགས་ཀྱིས་བསྡམ།། གོང་མའི་ཕྱག་རྒྱ་བཅས་ནས་ནི།། རྡོ་རྗེ་གནོན་འགྲོས་གོང་མ་ཡིས། ། ཕྱོགས་དེར་གོམ་པ་བདུན་འགྲོའོ།། ཡབ་ཡུམ་སྔགས་ཀྱིས་བཏབ་ནས་ནི།། གོང་གི་ཕྱག་རྒྱ་དྲག་བསྐུལ་ལོ།། དེས་ནི་མོད་ལ་ལས་རྣམས་འགྲུབ།། ལན་གསུམ་བྱས་ན་ན་བར་འགྱུར།། ལན་ལྔ་བྱས་ན་འཆི་བར་འགྱུར། ། སྙིང་གི་ཕུར་པ་ཕྱུང་ནས་ནི།། ལན་གསུམ་དྲག་ཏུ་དྲིལ་ནས་ནི།། སྤྱི་བོའི་གཙུག་ཏུ་གདབ་པར་བྱ།། ལྕགས་སྣ་ལྔ་ཡི་ཕུར་བུ་ལ།། དབང་དྲག་ལས་རྣམས་གཞུང་བཞིན་བྱའོ།། དེས་ནི་འཆི་བར་གདོན་མི་ཟ། ། མོན་ནམ་རབས་ཆད་ཐོད་པ་ལ།། ནང་དུ་མ་བདུན་སྙིང་པོ་བྲི།། སྤྱི་གཙུག་ཉི་ཟླ་ཐོད་ཕྲེང་བྲི།། ཆགས་འཛིན་སྤུན་གཉིས་རྣ་ལྟག་གོ། ཚོན་སྐུད་གཉིས་སུ་མིག་ནས་གདགས།། རག་ཤ་རཱུ་ཧྲའི་སྔགས་ཀྱིས་གདབ།། གོང་གི་ཕྱག་རྒྱ་གཉིས་སྤེལ་ཏེ།། དྲག་ཏུ་བསྐུལ་ཏེ་འཕངས་ལ་གཏང།། ཞིང་གི་ཤ་ཚིལ་རོ་སོགས་ཀྱིས།། མ་མོ་རྣམས་ལ་གཏང་རག་གཏང།། ལས་རྣམས་འགྲུབ་པར་གདོན་མི་ཟ།། ངན་སྔགས་པར་བུས་བསད་པའི་ལེའུ་སྟེ་བདུན་པའོ། །།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། བསྟན་པ་གཉེན་པོ་འཇིག་བྱེད་ཅིང།། ལུ་གུ་རྒྱུད་ལ་འགལ་བྱེད་པ།། སེམས་ཅན་ཀུན་ལ་གནོད་བགྱིད་པ།། རྟག་ཏུ་གདུག་པའི་སེམས་ཅན་ལ། ། ནན་ཏུར་ལས་རྣམས་ཇི་ལྟར་ལགས།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང།། ངོ་མཚར་ལྷ་ཡིས་བཀའ་སྩལ་པ།། རྟག་ཏུ་གདུག་པའི་སེམས་གྱུར་པས།། སེམས་ཅན་ཀུན་ལ་གནོད་གྱུར་དེར། ། ནན་ཏུར་ལས་རྣམས་ངས་བསྟན་གྱིས།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཇི་ལྟར་ཡིད་འཐད་གནས་སུ་ནི།། འབྲུ་སྣ་ཚོགས་པའི་མི་གཟུགས་ལ།། མཁར་ཐབས་མདའ་ཡིས་རབ་བརྒྱན་ནས། ། གླིང་བཟང་དར་དཀར་ཆས་ཀྱིས་བརྒྱན།། ཡོ་བྱད་ཚོགས་པའི་གཏེར་ཆ་དང།། ཟ་འོག་མདའ་ཡིས་རྣམ་པར་བརྒྱན།། ཕྱི་ཡི་མ་ཧཱ་ཤཱནྟིཾ་བྱ།། མ་ཧཱ་ཤཱནྟིང་གཞུང་བཞིན་བརྗོད།། ཕོ་རིགས་རྣམས་ལ་འདི་སྐད་སྐོང། ། སོལ་བའི་དོང་ནི་ཁྲུ་གང་པར།། ནང་དུ་གླུད་ཕྱི་རྒན་དུ་མནན་ལ། དེའི་ནང་དུ་གསེར་རམ་གཡུ་བརྡར་ལ། དགྲ་གང་ཡིན་པར་སོགས་ལ་གཟུགས་བྲིས་ལ་ཁུ་བུབ་ཏུ་མནན་ནོ། ། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་གནོན། དེས་དགྲ་བོའི་གཟུགས་བྲིས་ཏེ་འོ་དོད་བོས་ལ་བཏང། ལས་མྱུར་བར་འགྲུབ་བོ།། སྙུག་རྒོད་ལ་དཔག་བསམ་ཤིང་གི་གཟུགས་བྱས་ལ། ཡང་ན་གྲོ་ག་ལ་མིང་རུས་བྲིས་ལ་སྙིང་གར་གླན། གསེར་གཡུ་གཉིས་སྐོས་རྗེ་དྲང་ཀར་ལ་བསྔོ། དེ་ནས་མན་ད་ལའི་དར་དུ་གཏུམས་ལ་མདའ་སྤ་ཏིས་གདགས་སོ།། ཨ་ཏི་པ་ཏི་ཐག་པས་གདགས་སོ།། འོ་དོད་དྲག་ཏུ་འབོད། དེས་ནི་སྨྱོ་འབོག་དྲག་པོས་འདེབས་པར་འགྱུར་རོ། ། ལྕགས་དང་གསེར་གཡུ་བསྲེས་ལ་ཁོལ་མོ་ཞིག་འཛིན་ལ་བསྔོས་ཏེ། གོང་དུ་བསྟན་པའི་གཟུགས་དང་བསྔོ་བའི་ཡས་སྟགས་བསྲེས་ལ་རུས་སྦལ་ཤུན་པས་གཏུམས་ལ་པ་ར་ཏིའི་དོང་དུ་གཞུག་གོ། ཡེ་ཤེས་མ་མོའི་ཕྱག་རྒྱས་གདབ།། དེ་ཡིས་དབང་པོ་མི་གསལ་བ་དང།། ལྕེ་དིག་པ་དང་ལྐུགས་པར་འགྱུར་རོ།། ལྕགས་དང་གསེར་དང་ཟངས་དང་གསུམ་བརྡར་ལ་ཡ་བདུད་ཆེན་པོ་ལ་བསྔོས་ལ། གོང་དུ་བསྟན་པའི་གཟུགས་དང་བསྔོ་བའི་ཡས་སྟགས་བསྲེས་ལ་མུ་ལའི་དོང་དུ་གཞུག་གོ། ཆེ་མཆོག་རྟགས་ཀྱི་ཕྱག་རྒྱས་གདབ། དེས་ནི་གློ་བུར་དུ་འཆི་བར་འགྱུར་རོ།། འབྲུ་ཟན་བྲེ་གང་ལ་གླིང་ཕྲན་བཅུ་གཉིས་ཀྱི་གཟུགས་བྱས་ལ་དཀོར་ཆས་བརྒྱན་ལ་ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་ལ་བསྔོའོ། ། དེ་ནས་འཇག་མ་ལ་གཟུགས་བྱས་ལ་དགྲ་བོའི་མིང་རུས་བྲིས་ལ་གཟུགས་ཀྱི་སྙིང་གར་གླན་ནོ།། ཟས་ལ་ཟ་བའི་ཚུལ་བྱེད་དུ་གཞུག་གོ། འོ་དོད་དྲག་ཏུ་འབོད་དོ།། དེ་ལྟར་བྱས་ན་གློ་བུར་དུ་འཆི་བར་འགྱུར་རོ།། རུས་པ་སྣ་ཚོགས་བསྡུས་ནས་གཤིན་རྗེ་ལ་བསྔོས་ནས་ཡས་སྟགས་དེའི་གསེབ་ཏུ་ཁམས་ལ་དགྲ་བོའི་གཟུགས་བྱས་ལ་མིང་རུས་བྲིས་ཁ་བུབ་ཏུ་བསྟན་ལ་འདའ་འགེངས་པའི་ཚུལ་དུ་བྱའོ། ། ཅི་ཡང་རུང་བའི་ཞིང་ལྤགས་བསྐོན་ལ་གཤིན་རྗེ་ནག་པོའི་སྔགས་ཀྱིས་གདགས་སོ།། དེས་གྲིར་འཆིའོ།། མི་ནོར་དུ་བཏགས་པའི་གཟུགས་བྱས་ལ། ས་ལ་ཨུ་མ་དེ་ཝའི་གཟུགས་བྱས་ལ། ཨུ་མ་དེ་ཝའི་སྟེང་དུ་བསྐྱོན་ལ་འདོད་ཆགས་སྤྱོད་པའི་ཚུལ་དུ་བྱའོ།། མ་ཨེ་པ་ནི་རྦ་ན་ཙ་མ་ནི་ཕཊ། བྱ་བའི་སྔགས་ཀྱིས་གདབ་པའོ།། མཁལ་སྐེད་ན་བ་དང། ཕོ་མཚན་སྐྲངས་པ་དང། ཆུ་འགགས་ནས་འཆིའོ།། དུང་གསེར་གཡུ་དང་བསྭེ་དང་མཚལ་ལ་སོགས་པའི་ཡས་སྟགས་སྣ་ཚོགས་པ་དང་དགྲ་བོའི་མིང་རུས་བྲིས་ལ། ར་ཏི་ཚ་རའི་པགས་པས་གཏུམས་ལ་ས་ཏི་ས་ལ་མ་རན་བཟླས་ཏེ་དེ་ལ་གདབ་པར་བྱའོ། ། དེས་ནི་མྱུར་དུ་འབོག་པར་འགྱུར་རོ། བསེ་དང་དུང་དང་ལྕགས་དགྲ་བོའི་མིང་བསྲེས་ཏེ་རྫ་ནག་པོའི་ནང་དུ་བཅུག་ལ། བ་ཏ་མ་ནའི་སྔགས་ཀྱིས་བཏབ་ལ་བོས་ཤིང་གཏད་ན་རྦབ་དང་གཡང་དུ་འགྲོའོ། ། ཆོ་ག་བྱེད་པའི་དུས་སུ་མ་བདུན་གྱི་ཆས་སུ་ཞུགས་ལ་ངོ་ཁྲག་གིས་བྱུགས་ཏེ། བདག་ཉིད་དབང་ཆེན་ཏིང་འཛིན་ནམ་ཡུམ་མུ་ཁ་ལེའི་ཏིང་འཛིན་དུ་ཞུགས་ལ། གཞུང་བཞིན་བསྐུལ་ལ་ལས་བཅོལ་ལོ། ། ཕོ་རིགས་ཕྱི་མལ་ལས་བཅོལ་ཞིང་གཏད་པ་ཡོད་ན་འཁུ་ལྡོག་ཆེ་ལ་རྒྱང་འགྱུར་བས་འདིར་མ་གསུངས་སོ།། དགྲ་བོ་བདུད་ནག་པོ་ལ་གཏད་པའི་ལེའུ་སྟེ་བརྒྱད་པའོ།།།། ཆུ་སྲིན་པིར་གྱི་ཁ་ནང་དུ། ། གྲེ་བར་རིན་ཆེན་སོང་བ་ལྟར།། བསྐལ་པར་བཞག་ཀྱང་མི་གཏོང་ངོ།། རྨོངས་པ་འཕྱར་བས་བྱིན་གྱུར་ན།། དུས་མེད་པར་ནི་སྲོག་ཟད་ནས།། བསྐལ་པ་བདུན་དུ་རླག་པར་འགྱུར།། གསང་བ་གཏན་ཚིགས་ཞེས་བྱའོ། ། མ་མོ་འདུས་པའི་ཏནྟྲ་རྫོགས་སོ།།།། རྒྱ་གར་སྐད་དུ། མ་ཏྲཱྀ་ཨ་ལང་བྷ་ར་གུ་ཧྱ་ཏི་ལ་ཀ་ཏནྟྲ། བོད་སྐད་དུ། མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།
CLOSE WINDOW