Wylie |
།།།@#། ། རྒྱ་གར་སྐད་དུ། ཨཱརྱ་རེ་མ་ཏི་མ་ཧཱ་ཨ་ནན་ཏནྟྲ། བོད་སྐད་དུ། འཕགས་མ་ཧེ་སྡུད་འབར་བའི་རྒྱུད་ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ། དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ཤེས་རབ་མའི་དབྱིངས་བྷ་ག་རྣམ་པར་དག་པའི་མཁའ་ལ་བཞུགས་སོ། ། གཞན་ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་རབ་ཏུ་མང་པོ་དང། རྣམ་པར་རོལ་ཅིང་བཞུགས་པ་འདི་ལྟ་སྟེ། རྣལ་འབྱོར་མ་ཧེ་སྡུད་ཆེན་མོ་དང། རྣལ་འབྱོར་མ་དྲི་ཟའི་རྗེ་མོ་དང། རྣལ་འབྱོར་མ་གཤིན་རྗེའི་རྗེ་མོ་དང། རྣལ་འབྱོར་མ་ཀླུའི་རྗེ་མོ་དང། རྣལ་འབྱོར་མ་གནོད་སྦྱིན་གྱི་རྗེ་མོ་དང། རྣལ་འབྱོར་མ་དྲང་སྲོང་གི་རྗེ་མོ་དང། རྣལ་འབྱོར་མ་སྲིན་མོའི་རྗེ་མོ་དང། རླུང་ལྷའི་རྗེ་མོ་དང། དབང་ལྡན་གྱི་རྗེ་མོ་དང། ཉི་ཟླའི་རྗེ་མོ་དང། ས་བདག་གི་རྗེ་མོ་དང། ཐམས་ཅད་ཀྱི་རྗེ་མོ་དང། རྣལ་འབྱོར་མ་དུར་ཁྲོད་ཀྱི་བདག་མོ་ལ་སོགས་པ་དང་ཐབས་ཅིག་གོ། གཞན་ཡང་རྣལ་འབྱོར་མའི་བདག་མེད་དཔལ་ནག་མོ་ཆེན་པོ་ལ་སོགས་པ་རྣལ་འབྱོར་མའི་ཚོགས་དུ་མ་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་འཁོར་གཡོག་སོ་སོ་སྡེ་ཚན་མང་པོས་གཅིག་ཏུ་བསྐོར་ཏེ། རྔམ་པར་རོལ་ཅིང་ཡོངས་སུ་བསྟིམ་ནས་བཞུགས་སོ། ། དེའི་ཚེ་དེའི་དུས་ན་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་ནག་པོའི་གདོང་གི་དཀྱིལ་འཁོར་ལ་རྣམ་པར་གཟིགས་སོ།། དེ་ནས་སངས་རྒྱས་ཀྱི་མཐུས་དཔལ་ནག་པོ་ཆེན་པོ་རང་གི་སྟན་ལས་ལངས་ནས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ལ་གཡས་ཕྱོགས་ནས་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། དམ་པའི་ཆོས་ཞུ་བའི་ཆོ་ག་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་གསུངས་ཏོ།། བཅོམ་ལྡན་འདས་མ་འོངས་པའི་དུས་ན་ཧེ་སྡུད་ཆེན་མོའི་མཐུས། ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་དུས་མཆིས་ཏེ། དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་འདུལ་བ་ཉུང། འཕགས་པ་ཧེ་སྡུད་ཆེན་མོའི་རྣམ་པར་སྤྲུལ་ནས་འདུལ་བ་ནི་ཤིན་ཏུ་ཡང་མང་བར་མཆིས་ཏེ། དེའི་དུས་ན་སེམས་ཅན་དག་ཧེ་སྡུད་ཆེན་མོ་ལ་ལ་ལ་ནི་བལྟ། ལ་ལས་ནི་མཐོང། ལ་ལས་ནི་མི་མཐོང། ལ་ལས་ནི་དག་པར་མཐོང། ལ་ལས་ནི་མ་དག་པར་མཐོང། ལ་ལས་ནི་མཆོད། ལ་ལས་ནི་ཚུལ་དང་མ་ཡིན་པར་མཆོད། ཐམས་ཅད་ཚུལ་དང་མཐུན་པ་མ་ཡིན་པའི་ལས་ཀྱིས། ཧེ་སྡུད་ཀྱི་འཁོར་གཏུམ་པ་རྣམས་ཤིན་ཏུ་མི་དགའ་ཞིང་ཁྲོས་ཚེ་འཇིག་རྟེན་དུ་ཡང་དུས་མ་ཡིན་པའི་བར་ཆོད་མང་དུ་བཏང་བས་སེམས་ཅན་རྣམས་ཉམས་དམན་པར་འཆི་བའི་དུས་མཆིས་པས། དེ་དག་ལ་ཕན་གདགས་པའི་སླད་དུ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས། ཧེ་སྡུད་ཆེན་མོ་འཁོར་དང་བཅས་པ་དགའ་བར་གྱུར་ན་གྲུབ་པ་ཆེན་པོ་ལགས་པས། ཧེ་སྡུད་ཆེན་མོ་འཁོར་དང་བཅས་པ་དགའ་བར་བགྱི་བའི་དོན་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་བོ།། དེ་ནས་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་འདི་སྐད་ཅེས་གསུངས་སོ།། ནག་པོ་ཆེན་པོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། མ་འོངས་པའི་དུས་ན་ཧེ་སྡུད་ཆེན་མོ་དགའ་བ་མ་ཡིན་པ་ལས། སེམས་ཅན་རྣམས་བྱང་ཆུབ་ཀྱི་དམིགས་པའི་ལམ་དང་བྲལ་བར། མུན་སྤྲུལ་དང་བསླུ་བའི་ལས་ལ་འགྲན་དོར་གྱིས་སྟོན་པར་འགྱུར་ཏེ། དེའི་རྐྱེན་གྱིས་ཧེ་སྡུད་ཀྱི་འཁོར་རབ་ཏུ་མི་བསྒྲུངས་པ་རྣམས་ཆེར་འཁྲུག་པར་རྔམ་པར་གྱུར། དྲག་པོའི་མཐུ་ཆེ་བར་གྱུར། ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་དུ་དུས་མ་ཡིན་པའི་གནོད་པ་དུས་མ་ཡིན་པའི་རྐྱེན་གྱིས་འགྲོ་བ་ཉམ་ཐག་པར་འགྱུར་བས། སེམས་ཅན་ལ་སྙིང་བརྩེ་བའི་དོན་གྱིས་ཁྱོད་དེ་ལྟ་བུ་ཞུས་པ་ལེགས་སོ་ལེགས་སོ། ། དེའི་ཕྱིར་ངས་ཁྱོད་ལ་ལེགས་པར་བསྟན་ཉོན་ལ་ཡིད་ལ་ཟུང་ཞིག་ཅེས་གསུངས་སོ།། འཕགས་པ་ཧེ་སྡུད་ཆེན་མོ་དགའ་བར་བྱེད་པའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའི། །།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་ཧེ་སྡུད་ཆེན་མོ་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། ། ཆོས་རྣམས་ཀུན་གྱི་རང་བཞིན་ནི།། ཅི་ཡང་མེད་པའི་ཐིག་ལེ་ལས།། འགྲོ་བ་མཐའ་དག་རྟོག་པ་ཡིས།། བརྟགས་པའི་ཆོས་ནི་ཅིར་ཡང་སྣང།། བདེ་བར་གཤེགས་པའི་ཆོས་རྣམས་ནི།། བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མིན། ། སོ་སོ་རང་རིག་ཏིང་འཛིན་གྱིས།། རྣམ་དག་ཆོས་སྐུ་ཐོབ་པའི་ཚེ།། འཁྲུལ་པ་ཞེས་པ་ཇི་བཞིན་དུ།། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་ནི།། ཆུ་ཀླུང་ནམ་མཁའ་སོགས་དང་མཚུངས།། འགྲོ་བ་རྣམས་ཀྱི་མཚན་ཉིད་ནི། ། མོ་གཤམ་བུ་བཞིན་ཀུན་ཏུ་བརྟགས།། ཐ་མ་ཐ་མའི་དུས་རྣམས་ལ།། ཐ་མ་ཐ་མའི་སེམས་ཅན་རྣམས།། ཐ་མ་ཐ་མའི་སྤྱོད་ལམ་གྱིས།། ཐ་མ་ཐ་མའི་འབྲས་བུར་བཤད།། སྲིད་པ་དགག་པའི་ཚད་མ་ཡང། ། ཧེ་རུ་ཀ་ཡིས་མི་སྤྱོད་དེ།། ཨུ་དུམ་བ་རའི་མེ་ཏོག་བཞིན།། ལོ་དང་ཟླ་བ་ཞག་དང་དུས།། མི་ཤེས་ལས་རྣམས་རྩོམ་པ་ནི།། ཧེ་སྡུད་མ་འོངས་དུས་རྣམས་སུ།། མིག་གིས་ཐོང་བའི་སྤྱོད་ལམ་དང།། དེ་བཞིན་ཤེས་རབ་དབང་པོས་ཀྱང། ། གསལ་ཞིང་མཐོང་བའི་མན་ངག་བྲལ།། བརྟགས་པའི་སྒོ་གསུམ་མཛེས་པས་ཀྱང།། ཇི་བཞིན་མྱང་བའི་སྟོབས་མེད་པར།། ཐོ་འཚམས་ལ་ནི་སྟོན་པ་དང།། ཕྱོགས་གཅིག་པ་ལ་མོས་པ་ཡིས། ། ཧེ་སྡུད་དགའ་བ་མ་ཡིན་པས།། འཁོར་རྣམས་ཀྱིས་ཀྱང་གནོད་པ་སྟོན།། ལོ་ཏོག་རྣམས་ལ་དུས་མེད་པར།། བཅུད་དང་ཁ་དོག་བསད་པ་ལྟར།། ཐམས་ཅད་ཉམས་པར་གྱུར་པ་སྟེ།། དེ་དག་དུས་ལ་ཁུངས་འབྱིན་ནོ། ། དཔེར་ན་ཁ་ཟས་རོ་མཆོག་ནི།། དུ་མའི་ནང་དུ་བཅུད་ཟད་དག། ཆུང་ཡང་ཐམས་ཅད་ཕུང་བ་ལྟར།། སྦྱོར་བ་ཉམས་པ་གཅིག་གིས་ཀྱང།། དངོས་པོ་མང་པོ་རླག་པར་འགྱུར།། ལས་མཐུན་མང་པོས་དཔག་ཏུ་མེད། ། མཚན་རྣམས་རྫོགས་པའི་ཏིང་འཛིན་ནི།། གང་གིས་མཚན་གྱིས་བསྡུས་པའི་ལས།། དེ་དག་རྣམ་པ་འདིར་བཤད་བྱ།། ལྷ་མོ་ཞེས་བྱའི་མཚན་ཉིད་ནི།། དུས་གསུམ་ཀུན་ཏུ་ཞི་བའི་མཚན།། དཔལ་ཆེན་མོ་ཞེས་བྱ་བ་ནི། ། དུས་གསུམ་ཀུན་ཏུ་རྒྱལ་བའི་མཚན།། ཆེན་མོར་གྲགས་པའི་མཚན་གྲགས་པ།། ཡོན་ཏན་སྤྲུལ་པ་གསང་བའི་མིང།། བྱིན་བརླབ་དབང་བསྐུར་སྨོན་ལམ་མོ།། དགའ་བར་བྱེད་པའི་སྦྱོར་བས་ནི། ། གང་གི་ཕུན་སུམ་ཚོགས་པ་རྣམས།། བུམ་པ་ནང་གི་ལག་པ་དང།། དཔག་བསམ་ཤིང་ལ་ཕྲེང་བའམ།། ལག་ན་རིན་ཆེན་ལྟ་བུ་སྟེ།། ཉི་མ་སྤྲིན་ལས་བྱུང་བ་བཞིན།། གང་གིས་ཧེ་སྡུད་དགའ་མི་བྱེད། ། ཅུད་ཟད་ཡོན་ཏན་སྲིད་པ་ཡང།། དུས་ཀྱི་སེམས་ཅན་ཇི་བཞིན་དུ།། སྲོག་དང་འབྱོར་བ་དེ་བཞིན་ནོ།། འཕགས་མ་ཧེ་སྡུད་དགའ་བར་བྱེད་པའི་རྒྱུད་ལས་དགའ་བར་བྱེད་པའི་ཚུལ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ། །།། དམར་ནག་ས་དང་དུར་ཁྲོད་དང།། ཉམས་དགའ་དབེན་པའི་སྒྲུབ་གནས་དེར།། སོང་ནས་བསོད་ནམས་ཚོགས་བསགས་ཏེ།། ཕྱི་ནང་བཤགས་པ་གཞུང་དུ་སྙོགས།། མཎྜལ་བྱི་དོར་ལེགས་བྱས་ལ། ། ཐིག་དང་ཆག་ཆག་ལ་སོགས་པ།། སྤྱི་ཡི་ལས་ཀུན་འདྲ་བར་བྱའོ།། མཐིང་ནག་གྲུ་གསུམ་བྱ་བ་ཡི།། ཟུར་ལ་ལོགས་བསྟས་ཐོད་པའི་ར།། ཕྱི་མཐར་མེ་རི་བཅས་པར་བྲི།། དབུས་སུ་ནག་པོ་རེ་མ་ཏི། ། དེ་མཐའ་གསུམ་དུ་རེ་མ་ཏྲིའི།། སྤྲུལ་པ་སྐུ་གསུང་ཐུགས་ཀྱིའོ།། དེ་མཐའ་ནག་མོ་འབུམ་གྱི་འཁོར།། ཕུར་པ་གསུམ་དང་དབུས་དང་བཞི།། དེ་མཐར་འཁོར་གྱི་མ་མོ་དགོད།། སྙིང་པོ་བྲིས་ཤིང་གདགས་པར་བྱའོ། ། བྱ་ལུག་ཐུགས་དམ་བསྐང་རྟེན་གཞག། གཏོར་མ་ཤ་ཁྲག་སྤྱི་གཞུང་སྙེགས།། ར་ཁྱི་མི་རྟ་བཞི་སྙིང་གཞག། དཔལ་གཏོར་རྟེན་ནི་བཅས་ལ་གཞག། ནང་ནུབ་ཉིན་མཚན་བཞི་ལ་གཞག། འཛབ་དང་སྙིང་པོ་རྒྱུན་དུ་གཏང། ། བསྟོད་བསྐུལ་ལ་སོགས་ཐང་རེ་བྱ།། དེ་ལྟར་རྟག་ཏུ་བྱས་པ་དང།། རྣལ་འབྱོར་པ་དེ་གཙང་ས་དང།། ལྷ་མོ་ཉིད་ཀྱང་དཀར་མོར་བྱོན།། འབྲིང་ན་དམར་ལ་ཐ་མ་ནག། གང་ལྟར་བྱས་ཀྱང་བྱོན་པར་ངེས། ། འབྲིང་དང་ཐ་མ་བཤགས་ཤིང་བསྐང།། ཏིང་འཛིན་གང་མོས་ལྷ་གསལ་བྱ་བ་གཅེས།། གང་གསལ་བསྒོམ་པའི་ཐུགས་ཀ་ནས།། ཉི་མའི་གདན་ནས་ཀྴི་འཕྲོ་འདུས།། ལྷ་མོ་ཉིད་ཀྱི་སྐུ་བསྐྱེད་པའོ། ཏདྱ་ཐཱ་ཏྲག་ཤག་གྲ་རུ་ནན། མུག་སྟེ་བཾ་མཱ་མཱ་རུ་རུ་ཛ་ཛ་རུ་ལུ་རུ་ལུ་བྷྱོ། ཞེས་བསྐྱེད། མཐིང་ནག་གཅེར་བུ་དྲེའུ་རྟ་རྐང་གསུམ་ཞོན།། ཞིང་ལྤགས་ལ་སོགས་རྒྱན་དང་ལྡན།། གསོད་བྱེད་ཕྱག་ན་ཁ་མེ་འབར།། མིག་ནས་ཁྲག་འཛག་སྣ་ནས་དུད་པ་འཐུལ། ། སྙན་ནས་འབྲུག་སྒྲོགས་ལྗགས་ནས་གློག་འགྱུ་མ།། ལུས་ལས་འོད་འཕྲོ་ཁ་རླངས་ནད་གཏོང་བའོ།། སྤྲུལ་པ་ཁྲག་གི་རལ་ཅན་སྟོང་གསུམ་ཁེངས་པར་འགྱེད།། དེ་ལྟའི་སྤྱི་བོ་ནས་བསྐྱེད་པ། ། པདྨ་ར་ཏི་རུ་ཏི་རེ་མ་ཏ་ཙིཏྟ་སྙིང་ལ་བྷྱོ། ཞེས་པས་སྐུ་དེ་དམར་ནག་རེའུ་ལྡེ་ནག་པོ་གསོལ། ཆུ་གླང་ཞོན་ནས་གོང་བཞིན་བསམ་པར་བྱའོ།། གསུང་ལས་སྤྲུལ་པ་འདི་ལྟའོ།། ཨཱ+ོཾ་རུ་ལུ་ཀཽའུ་འཛུ་སེན་མྱེ་ནན་ཛ་ཛ་ལས་བྱེད་དུན་ཏིང་བྷྱོ། ། ཞེས་པས་སེར་ནག་རྨ་བྱའི་ལའུ་གསོལ།། ཡུ་ཆུང་ཤ་བ་བཅིབས་པ་གོང་དང་འདྲའོ།། ཐུགས་ལས་བསྐྱེད་པ་འདི་ཉིད་དོ།། ཨོཾ་ཨུ་ཏི་དུ་རུ་དུ་རུ་ཚལ་པ་མེ་ཛ་ཛ་ལས་ལ་བྷྱོ།། ལྗང་ནག་དར་ནག་ཐུལ་པ་གསོལ། ། རྔ་མོ་ཞོན་པ་དེ་དེ་འདྲའོ།། སྙིང་པོས་སྤྱན་དྲང་བའོ།། མ་མ་ནག་མོ་བྷྱོ།། ནག་མོ་དུན་ཏིང་ཧེད་མ་ལ་ས་ལ་དུན་དུན་ཛ་ཛ། ནག་མོ་ཧར་ཧོར་བྷྱོ།། ནག་མོ་ཧར་ཧུར་བྷྱོ།། ནག་མོ་དུན་ཏིང་ཧེད་བྷྱོ། ། ནག་མོ་པ་ཤ་དགྲ་བོའི་ཤ་ལ་ཛ་ཛ། ནག་མོ་དགྲ་བོའི་སྙིང་ལ་ཛ་ཛ། ནག་མོ་དགྲ་བོའི་རྩ་ལ་ཛ་ཛ།། ནག་མོ་དགྲ་བོའི་སྲོག་ལ་ཛ་ཛ། ནག་མོ་དགྲ་བོའི་དབུགས་ལ་ཛ་ཛ། ནག་མོ་དགྲ་བོའི་སྙིང་ལ་ཧུར་ཧུར་ཛ་ཛ། རྦད་པ་འདི་ཁོ་ནའོ།། མཱ་བྷྱོ་ཛ་མཱ་བྷྱོ་ཛ། ནག་མོ་བཾཾ་རི་ལི་ལི། ནག་མོ་ཤ་ལ་རི་ལི་ལི། ནག་མོ་ཁྲག་ལ་རི་ལི་ལི། ནག་མོ་རྩ་ལ་རི་ལི་ལི། ནག་མོ་སྙིང་ལ་རི་ལི་ལི། ནག་མོ་སྲོག་ལ་རི་ལི་ལི། བམ་རི་ལི་ལི་ཛ་བྷྱོ། ཨོཾ་ཛ་ཛ་རེ་མ་ཏི་པ་ཤ་ཙ་ལ་ཛ་ཛ། སྙིང་རྒྱུད་ཙ་ལ་ཛ་ཛ། རྩ་རྒྱུད་སྲོག་ལ་ཛ་ཛ། ཤ་རྒྱུད་སྙིང་ལ་ཛ་ཛ། སྙིང་རྒྱུད་དབུགས་ལ་ཛ་ཛ། ཛ་ཛ་རེ་མ་ཏི་པ་ཤ་ཙ་པ་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཛྷ་ཛྷ། བསྟོད་བསྐུལ་མཚང་འབྲུ་གཞུང་ལྟར་རོ།། སྲོག་ལ་གཅོད་པའི་སྙིང་པོའོ།། མཆེད་བཞི་ཟེར་ཡང་མ་ཡིན་ཏེ།། མ་མོ་ཀུན་གྱི་ལས་མཁན་མ།། རེ་མ་ཏི་ཞེས་བྱ་བར་གྲགས།། དེ་ཡི་ལས་མཁན་མ་མོ་གསུམ།། སྐུ་གསུང་ཐུགས་ལས་སྤྲུལ་པར་ཕྱུང། ། མ་ཉིད་ཀྴ་ལས་བསྐྱེད་པ་ཡིན།། གསུམ་པོ་རུ་ལས་བསྐྱེད་པ་སྟེ།། སྲིན་མོ་ཡིན་ཕྱིར་རུ་ལས་བསྐྱེད།། མིང་ཡང་དེ་ལས་ཟུར་བཏགས་པའོ།། གསོད་པ་མོ་དང་འགུགས་པ་མོ། ། སྟོབ་བྱེད་མ་དང་གསུམ་དུ་བསྟན།། འཛུགས་བྱེད་མ་ནི་རྡེག་པ་ཡིན།། འཛུམ་མེད་མ་ནི་འགུགས་པ་ཡིན།། བསྲཻལ་བྱེད་མ་ནི་ལྷ་མོ་ཡིན།། གཅོད་བྱེད་མ་ནི་གསོད་པ་ཡིན།། གནོད་སྦྱིན་སྲིང་མོ་བཙན་གསུམ་ལ། ། ད་ནི་སྨྲེ་སྔགས་འདི་ལྟར་འཐོན་ཏེ། ཧཱུ~ཾ། མ་སྲིང་གཉེན་གྱི་མཐུ་མོ་ཆེ།། དབྱིངས་ལས་བསྐྱེད་པའི་མ་མོ་ནི།། མ་མོ་ཀུན་གྱི་གཙོ་མོ་སྟེ།། དམ་ལ་གནས་པའི་སྲིང་མོ་ཡིན།། ཡིད་ལ་གཞུངས་པའི་གྲོགས་མོ་ཡིན། ། ལུས་ལ་བསྐྱེད་པའི་བུ་མོ་ཡིན།། བདུད་རྩི་བསྒྲུབ་པའི་རྒྱལ་མོ་ཡིན།། ཕུར་བུ་བསྒྲུབ་པའི་བློན་མོ་ཡིན།། ལས་ལ་གཤིན་པའི་བྲན་མོ་ཡིན།། མ་མོ་ཀུན་གྱི་བདག་མོ་ཡིན།། དམ་ཚིག་ཅན་གྱིས་བསྐུལ་བའི་ཚེ། ། འགྲོ་བའི་ཚེ་སྲོག་སྲིད་གསུམ་འཁྱམས།། ད་ནི་ནམ་མཁའི་གུང་ལ་བབ།། ད་ནི་ཆུ་བོའི་གཞུང་ལ་བབ།། དགྲ་སྲོག་ཁོག་ནས་ཕྱུང་ལ་ཤོག། མ་སྲིང་ཆེན་མོ་མཐུ་མོ་ཆེ།། དམག་དཔུང་བསྐྱེད་ལ་བདུད་དཔུང་ཆོམས། ། རུ་མཚོན་ཕྱོར་ལ་བགེགས་དཔུང་ཆོམས།། དམ་ལ་གནས་པའི་མ་སྲིང་ཚོགས།། མིང་པོ་རྡོ་རྗེ་བདག་འབོད་ཚེ།། བདུད་རྩི་སྨན་གྱིས་གཡབ་འདོར་ན།། མིང་པོའི་ལྟངས་མ་འཛིན་དུ་སྤྱོན།། བདུད་སྲིང་གཏིང་ནས་གཡོས་པའི་ཚེ། ། ཅི་ལ་ཡང་ནི་རྟགས་ཕྱིན་ཡང།། རྣལ་འབྱོར་དགྲ་ལ་རྟགས་མ་ཕྱིན།། མ་སྲིང་ཆེན་མོ་དགྲ་ལ་ཆེམ།། མ་སྲིང་ཁྲོལ་ཁྲོལ་དགྲ་ལ་ཁྲོལ།། ཅེས་བསྐུལ་ལོ།། དེ་ལྟར་གདུང་ཞིང་གཏོར་མ་གཏང། ། རང་ཉིད་ལྷ་ཡི་ང་རྒྱལ་བྱ།། གཏོར་མ་རྟག་པར་སྦྱིན་པར་བྱ།། ཡཾ་ལས་རླུང་གི་དཀྱིལ་འཁོར་བྱ།། གཞུ་བདུངས་འདྲ་བའི་བ་དན་ཕྱར།། རཾ་ལས་མེ་ཡིས་མཎྜལ་བྱ།། གྲུ་གསུམ་མེ་རིས་མཚན་པའོ། ། པཾ་ལས་པདྨའི་བྷན་དྷ་རུ།། རྫས་ལྔའི་སྟེང་དུ་ལྕགས་ཀྱུ་ལྔ་བསམ་སྟེ།། དེ་སྟེང་ཨོཾ་ཨཱཿཧཱུ~ཾ་སྭཱ་ཧཱ་བསམ།། ལྕགས་ཀྱུས་བཀུག་ནས་རྫས་ལྔ་འོད་ཞུ་ནས།། འབྲུ་ལྔས་འཕྲོ་འདུས་རྫས་ལྔ་འོད་ཞུ་ནས།། བདུད་རྩིའི་གོང་བུ་གཅིག་ཏུ་གྱུར་པར་བསམ། ། མདུན་དུ་ལྷ་མོ་ལྕགས་ཀྱུས་དགུག། མདུན་དུ་གནས་བསམ་བ་ལིཾ་དབུལ།། ཨོཾ་རུ་རུ་རག་མོ་མ་ཤ་མ་ནི་ཙ་པ་ལ་ལྷ་མོ་ཡང་མ་མ་དུང་ཧྲིང་ཡག་དུམ་ཛ་ཛ། མ་མ་ཤ་ཏྲུ་མེ་མེ་དྷ་ཛི་བཾ་རུ་ཏི་ར་བྲཱི་ཡ་བྷཀྵ་ནི་ཨི་དམ་བ་ལིཾ་གྲྀ་ཧྞ་གྲྀ་ཧྞ་ཁཱ་ཧི་ཁཱ་ཧི། ཕུལླ་ཧོ་བྷུཉྫ་ཧོ་ཕི་བ་ཧོ་ཧྲྀ་ད་མ་ཨ་མྲྀ་ཏ་མ་ཧཱ་སྭཱ་ཧཱ། ཧཱུ~ཾ་ས་མ་ཡ་ཁཱ་ཧི། ཞེས་གཏོར་མ་དབུལ། དུས་དྲུག་ཏུ་ནི་གཏང་བར་བྱའོ།། གསྭར་[[]གསོར་[]]་ཞག། འཕགས་མ་ཧེ་སྡུད་དགའ་བར་བྱེད་པའི་རྒྱུད་ལས་དཀྱིལ་འཁོར་རྫས་དང་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།།།། དེ་ལྟར་བསྒྲུབས་ཤིང་བྲུབ་ཁུང་ཐུན་བྱ་སྟེ།། ལིངྒ་མཚན་ཉིད་གཞུང་དང་མཐུན་པར་བྱ་སྟེ། བསྐུལ་ཞིང་བརྡེག་པ་དང་གསད་པའི་ལས་བྱའོ།། རང་ཉིད་བདུད་ཀྱི་བུ་མོར་བསམ།། སྤྱི་བོར་སྐྲ་བཅིངས་གདོང་མ་[[]ལ་[]]ཁྲག་གིས་བསྐུས།། བདུད་ཀྱི་བུ་མོ་ཉིད་བསྐུལ་བ་འདི་སྐད་དོ།། བྷྱོ་བྷྱོ། མ་བདུད་ཀུན་གྱི་གཙོ་མོ་སྟེ། ། ནག་མོ་ཆེན་མོ་དྲེའུ་ཞོན་མ། ཁྱོད་ནི་མ་བདུད་རྒྱལ་མོ་སྟེ། ཁམས་གསུམ་སྲིད་གསུམ་ཟས་སུ་ཟ། ཁམས་གསུམ་སྲིད་གསུམ་སྐོམ་དུ་འཐུང།། དམ་ཉམས་ཤ་ཁྲག་ཟས་སྐོམ་ཡིན།། དཔལ་གྱི་བཀའ་ལས་མ་འདའ་བར། ། དམ་ཉམས་སྙིང་ནས་དྲོངས་ཤིག་ཁུག། ཨཾ་ཀུ་ཤ་ཛཿ་པཱ་ཤ་ཧཱུ~ཾ། སྥོ་ཊ་བཾ། གྷཎྜེ་ཧོཿ་ཏྲག་ཤ་དགྲ་བོ་ནི་ཛཿ་ནག་མོ་ཧར་ཧུར་ནི་ཆེ་གེ་མོ་ནི་འུས་འུས་ཆེ་གེ་མོ་ནི་ཛ་ཛཿ་བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། ། སྐྱེ་འགྲོ་ཀུན་གྱི་སྲོག་གཅོད་མ།། གནས་ནི་ཁྲག་གི་མཚོ་ལ་གནས།། མི་ཐོད་སྤུངས་པའི་མཁར་ན་བཞུགས།། སྐུ་ལ་རེ་ལྡེ་ནག་པོ་གསོལ། ཁྲག་གི་རལ་པ་ཉི་ལི་ལི།། རལ་པ་དམར་པོའི་སྐྲ་གསེབ་ན།། ཞེ་སྡང་མེ་སྟག་ཐ་ར་ར། ། དཔྲལ་བའི་དབྱིངས་ན་མིག་གཅིག་གིས། ཁམས་གསུམ་མི་མཐོང་གཅིག་ཀྱང་མེད།། དགྲ་བོ་གང་ཡིན་རྟགས་ལ་ཕོབ།། སྤྱན་མིག་བཟློག་པའི་རྫི་མ་ལ།། ལྕགས་ཀྱི་ཚ་ཚ་སྐར་ལྟར་འཁྲུག། དམ་ཉམས་སྙིང་ནས་དྲོངས་ཤིང་ཁུག། སྣ་ནི་དྲི་རྣམས་སྣོམ་བྱད་སྟེ།། དམ་ཉམས་དྲི་དག་ཚོར་བ་ན།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང།། ཡུན་ཙམ་གྱིས་ནི་འཁོར་བར་རྒྱུག། ཞལ་ནས་ཚེམས་ཆེན་གཙིགས་པ་ཡིས། ། དམ་ཉམས་ཆེམ་ཆེམ་གསོལ་བར་མཛད།། མཆེ་བ་ཟུར་གསུམ་ཕུར་པ་འདྲ།། དམ་ཉམས་སྲོག་རྩ་སྙིང་རྩ་ཆོད།། བྲང་ནས་ནུ་མ་གཅིག་གིས་ཀྱང།། རྣལ་འབྱོར་ཡོངས་ཀྱི་གསོས་མཛད་མ། ། གཡས་ན་ཤང་ལམ་ནག་པོ་ཡིས།། དམ་ཉམས་རྩད་ནས་གཅོད་པར་མཛད།། གཡོན་ན་ཏྲི་ཤཱུལ་རྩེ་གསུམ་གྱིས།། སྲིད་གསུམ་དགྲ་བོ་ཐལ་བར་རློགས། ཁྲག་གི་ལྕགས་ཀྱུ་འབར་བ་ཡིས། ། དཀར་ནག་མཚམས་ནས་དྲོངས་ཤིག་ཁུག། དམ་ཉམས་རྩད་ནས་གཅོད་པར་མཛད།། ནད་ཀྱི་རྐྱལ་པ་སྔོན་དམར་གྱིས།། དམ་ཉམས་དགྲ་ལ་ནད་ཀ་ཐོང།། སྐུ་ལ་བུས་པའི་ཐོད་པས་བརྒྱན།། ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བཅིབས། ། ཚོན་གྱི་གྲུ་གུ་སྔ་ཤད་བཏགས།། ཁྲམ་བམ་མང་པོ་ཕྱི་ཤད་བཏགས།། མཚན་ན་རྒྱུ་ཞགས་དམར་པོ་བསྡོག། རྒྱུ་ནི་ནམ་གྱི་གུང་ལ་རྒྱུ།། འཁོར་ནི་བདུད་མོ་འབུམ་གྱིས་བསྐོར།། བདུད་ནི་མི་ཕྱུགས་ཀུན་གྱི་བདུད། ། མཚན་ནས་བུ་སྡུག་ཕྲོལ་ལ་ཤོག། མ་མ་ཏྲག་རཀྴ་ཕཊ། ཆེ་གེ་མོ་ནི་ཛ་མཱ་ར་ཡ་ནི་ཛ། སྙིང་ཁ་རག་མ་བྷྱོ་ཛ་ཛ། ཆེ་གེ་མོ་ནི་ཛ་མཱ་ར་ཡ་ནི་ཛ། སྙིང་ཁ་རག་མོ་བྷྱོ་ཛ་ཛ། བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། ཁྱོད་ཀྱི་ཁ་རླངས་སེར་པོ་བཏང་བའི་ཚེ།། བུད་མེད་སེར་མོའི་སྤྲུལ་པ་བསམ་མི་ཁྱབ། ནད་དང་མཁྲིས་པ་སྣ་ཚོགས་གཏོང། བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། ཁྱོད་ཀྱི་ཁ་རླངས་དམར་པོ་བཏང་བའི་ཚེ། ། བུད་མེད་དམར་མོའི་སྤྲུལ་པ་བསམ་མི་ཁྱབ། ཁྲད་ནད་རྒྱུ་གཟེར་སྣ་ཚོགས་གཏོང། བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། ཁྱོད་ཀྱི་ཁ་རླངས་སྔོན་པོ་བཏང་བའི་ཚེ།། བུད་མེད་སྔོན་མོའི་སྤྲུལ་པ་བསམ་མི་ཁྱབ། ། དབྱིག་དུག་མིག་སྔོན་སྣ་ཚོགས་གཏོང།། བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། ཁྱོད་ཀྱི་ཁ་རླངས་སྨུག་པོ་བཏང་བའི་ཚེ།། བུད་མེད་སྨུག་མོའི་སྤྲུལ་པ་བསམ་མི་ཁྱབ། འབྲུམ་ནད་ཤར་པོ་སྣ་ཚོགས་གཏོང།། བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི།། ཁྱོད་ཀྱི་ཁ་རླངས་ནག་པོ་བཏང་བའི་ཚེ།། བུད་མེད་ནག་མོའི་སྤྲུལ་པ་བསམ་མི་ཁྱབ།། བལ་ནད་སྨོར་བུག་ར་ཐོར་ལྷོག་པ་སྣ་ཚོགས་གཏོང།། བྷྱོ། སྐུ་ཡི་སྤྲུལ་པ་རེ་མ་ཏི།། འཇིག་རྟེན་ཁམས་ཀྱི་དཔལ་མོ་བཙན། ། བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས།། རྒྱུ་བ་ཕྱོགས་བཅུར་རྒྱུ་མཛད་མ།། རལ་པ་སེར་པོས་སྟོང་གསུམ་ཁེངས།། སྲིན་མོ་རེ་བཤལ་ཆེན་མོའི་གཟུགས།། ཆུ་རིས་ཨག་ཚོམ་སེར་ནག་ལ། ། མི་རུས་ཕྲེང་བ་གླད་ལ་བསྐོར།། གླང་ཆེན་ཀོ་རློན་སྐུ་ལ་གསོལ།། གཅན་གཟན་སྟག་གི་ཤམ་ཐབས་ཅན།། གཡས་ཀྱི་ལྕགས་མདུང་དམར་པོ་འབར་བ་ཡིས།། ཉམས་པའི་དགྲ་ལ་གདབ་པར་བྱའོ།། བྷྱོ། གསུང་ལས་སྤྲུལ་པའི་རེ་མ་ཛ།། བར་སྣང་ཁམས་ཀྱི་བོ་དེ་མ།། དམར་ནག་མི་སྲུན་མཆེ་བ་ཅན།། རལ་པ་གཡས་ནས་གཡོན་དུ་འཁྱིལ།། སྡང་མིག་དགྲ་ལ་འབྲུ་ཚུགས་བལྟ།། མཆེ་བ་ཟླ་ཚེས་གཙིགས་པ་ཡིས། ། ནག་པོ་ཤ་ལ་ཆེམ་ཆེམ་ཟ།། སྡང་མིག་དམར་ཟློག་དགྲ་བོ་འདུལ།། མི་ལྤགས་རློན་པ་སྐུ་ལ་གསོལ།། སྨྱུག་མའི་རེ་ལྡེས་སྐུ་སྨད་དཀྲིས།། བུས་པའི་ཐོད་པ་སྙན་ཆ་བྱས།། སྦྲུལ་ནག་སྟོང་གི་སྐེ་རགས་ཅན། ། མདུང་ཐུང་ཟླ་མེད་རུ་མཚོན་གྱིས།། དགྲ་བོའི་སྙིང་ལ་གཟེར་བར་བྱེད།། ནད་ཀྱི་རྐྱལ་པ་ཁ་ཐོང་ལ།། དགྲ་ལ་ནད་ཀ་དལ་ཀ་ཕོབ།། གློག་དམར་ཞོན་ལ་ལྕགས་བརྡབས་ཏེ།། དམ་ཉམས་ཁུག་ལ་སྙིང་ནས་དྲོངས། ། བྷྱོ། ཐུགས་ལས་སྤྲུལ་པའི་རེ་མ་ཛ།། འཇིག་རྟེན་ཁམས་ཀྱི་གློག་མ་སྲིན།། སྔོ་སྐྱ་མི་སྲུན་མཆེ་བ་ཅན།། རལ་པ་ཁམ་ནག་གྱེན་དུ་འཁྱིལ།། གཏི་མུག་མུན་ནག་ཚུབས་མར་འཚུབས།། རལ་གསེབ་མེ་སྟག་ཚ་ཚ་འཕྲོ། ། རྣོ་དབལ་མཆེ་བ་གཙིགས་པ་ཡིས།། དམ་ཉམས་སྙིང་རྩ་གཅོད་མཛད་མ།། ཆུ་དར་ཁྲ་བོ་སྐུ་ལ་གསོལ།། རིན་ཆེན་སྣ་ལྔའི་དབུ་རྒྱན་ཅན།། ཐོད་སྐམ་ཕྲེང་བ་དབུ་ཡི་ཐོད།། རྡོ་རྗེ་འབར་བ་རྩེ་དགུ་བསྣམས། ། དམ་ཉམས་དགྲ་བོ་རྡུལ་དུ་རློགས། ཁྲག་སྐམ་ལྕགས་ཀྱུ་མང་པོ་ཡིས།། དམ་ཉམས་དགྲ་བོའི་སྙིང་ནས་དྲོངས།། བོང་བུ་གྭ་བ་བསྐྱོན་ནས་ཀྱང།། དམ་ཉམས་དགྲ་བོ་འདིར་ཁུག་ཅིག། སྙིང་ནས་དྲོངས་ཤིག་ཨཾ་ཀུ་ཤ། མགུལ་ནས་ཆིངས་ཤིག་པཱ་ཤ་ཧཱུ~ཾ།། དབང་དུ་སྡུས་ཤིག་སྥོ་ཊ་བཾ།། ཐལ་བར་རློག་ཅིག་གྷན་ཌེ་ཧོཿ། ཏྲག་རཀྴ་དགྲ་བོ་ནི་ཛ། ནག་མོ་ཧར་ཧུར་ནི།། ཆེ་གེ་མོ་ནི་འུབ་འུབ་ཛ་ཛ། འཕགས་མ་ཧེ་སྡུད་དགའ་བར་བྱེད་པའི་རྒྱུད་ལས་སྐུ་གསུང་ཐུགས་ཀྱི་ཕོ་ཉའི་ལེའུ་སྟེ་བཞི་པའོ། །།། གསང་བ་ལས་ཀྱི་ཧོམ་ལས། མ་ཏང་མགོ་བྱང་ཤར་དུ་བསྟན། སྙིང་གར་ཧོམ་ཁུང་ཟུར་གསུམ་བྲུ།། སེ་བ་དབུས་ལ་སྐྱེར་བ་དང། ། མཛོ་མོ་བྲ་མས་མཐའ་མ་བསྐོར།། བྲ་མེས་རླུང་བུས་མེ་བུས་ལ།། རཾ་ཡཾ་ཁཾ་གསུམ་བསྐྱེད་པར་བྱ།། ཡཾ་གིས་བུས་ལ་རཾ་གྱིས་བསྲེག། དང་པོ་འབར་བའི་སྔགས་འདིས་བསྲེག། རཾ་རཾ་བཛྲ་ཛྭ་ལ་རཾ་རཾ། མེ་སྦར་དེར་ནི་མིང་བྱང་དང། ། ཉུང་དཀར་ཤ་སྣ་དབུལ་ཞིང་བཟླས།། ཧཱུ~ཾ་ནརྀ་ནརྀ་མ་མ་ཡ་ཕྲ་ཤ་བུ་ཤ་ཀུ་རུ་རག་ཏ་ཁམ། ཏྲི་རུ་རྩ་ཤིང་རཾ་ཞེས་བསྲེག་གསང་སྔགས་མཐའ་དག་དང། ཐུན་སྔགས་མཐའ་དག་བཟླས་པར་བྱ།
CLOSE WINDOW