CLOSE WINDOW

Gpb029.006: ཨེ་ཀ་ཛ་ཊི་སྦས་པ་ནག་མོའི་རྒྱུད
Wylie

། འདི་བསྒྱུར་བསོད་ནམས་ཆེན་པོས་ནི།། ཕྱི་རབས་བསྟན་པ་སྲུང་བར་ཤོག། ཡོན་ཏན་རྒྱ་མཚོ་གར་གནས་པར།། བསྟན་པ་རྒྱ་མཚོ་ཚུགས་པར་ཤོག། འགྲོ་བ་ཡོངས་ཀྱིས་ཁུར་བར་ཤོག། །། རྒྱ་གར་སྐད་དུ། ཙིར་མ་ནི་ཤ་པྲ་ཏི་ཏནྟྲ། བོད་སྐད་དུ། ཨེ་ཀ་ཛ་ཊི་སྦས་པ་ནག་མོའི་རྒྱུད། དཔལ་ཁྲག་འཐུང་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལྕང་ལོ་ཅན་གྱི་ཕོ་བྲང་ནས། ཀུན་བཟང་ལྷའི་རྒྱལ་པོའི་ཕྱོགས་ཀྱི་རི་མ་ལ་ཡའི་བྲག་ཕུག་ཏུ། དཔལ་ཆེན་པོ་ཧཱུཾ་སྒྲའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལས། འཁོར་གྱི་ཨེ་ཀ་ཛ་ཊི་དང། རེ་མ་ཏི་དང། རེ་མ་ཊི་དང། རེ་མ་ཛ་དང། རེ་མ་ཛུ་དང། ནག་མོའི་ཚོགས་དང། དམར་མོའི་ཚོགས་དང། ཁྲོ་གཉེར་རླབས་ཅན་མའི་ཚོགས་དང། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་རྐང་མགྱོགས་ཀྱི་རྫུ་འཕྲུལ་བསྟན་པས། བཅོམ་ལྡན་འདས་དཔལ་ཆེན་པོས། དབུ་དགུ་ཕྱག་བཅོ་བརྒྱད་དུ་སྤྲུལ་ཏེ། དུར་ཁྲོད་ཀྱི་ཆས་བརྒྱད་སྐུ་ལ་བརྒྱན་ནས། བསྐལ་པའི་མེ་རི་འབར་བའི་ཀློང་ན་བཞུགས་ཏེ། སྡིགས་འཛུབ་མེ་འབར་བ་མ་མོའི་ཚོགས་ལ་བསྟན་པས། མ་མོའི་ཚོགས་འདར་ཞིང་བརྒྱལ་ནས་རྡོག་ས་ལ་འགྱེལ་ཏོ། ། བརྒྱལ་བ་སངས་ནས་སྲོག་གི་སྙིང་པོ་འདི་ཕུལ་ལོ།། མ་མ་ཏྲག་རཀྴ་ཨ་ཙ་ཏི་ཨ་པ་ར་ཙི་ཏ། ཅེས་ཕུལ་ལོ།། དེ་ནས་ཁྲག་འཐུང་གི་རྒྱལ་པོས་ནག་མོའི་ཚོགས་ལ། ཡུམ་ཨེ་ཀ་ཛ་ཏི་དང། མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་ནས། དབང་མོ་དང་སྦོས་མོས་གསང་བའི་དབང་བསྐུར་ཏེ། མ་མོའི་ཚོགས་ལ་བཀའ་སྒོས་སོ།། དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོས་འཇིགས་བྱེད་འབར་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། མ་མོའི་ཚོགས་རྦད་དོ།། སྦས་པ་ནག་མོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཁྲག་འཐུང་གི་རྒྱལ་པོས་ནག་མོའི་དཀྱིལ་འཁོར་འདི་གསུངས་སོ། ། དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ།། གྲུ་གསུམ་དབུས་ནི་ནག་པོར་བྲི།། ཟླ་གམ་གསུམ་ནི་དམར་པོར་བྱ།། ཐ་མ་རྡོ་རྗེ་རྭ་བས་བསྐོར།། ཟླ་གམ་གསུམ་ལ་གཏོར་མ་གསུམ།། ཤ་སྣ་སྣ་ཚོགས་གཏོར་མར་བྱ། ། མཐའ་མ་མེ་རི་རྩང་གིས་བསྐོར།། བལ་ཚོན་སྔོན་དམར་བྲུངས་ཀྱིས་དགབ།། རྨ་བྱའི་གདུགས་ཀྱང་སྟེང་དུ་དབུབ།། ལུག་ནག་དཔྱིད་ཀར་རྟེན་དུ་བཅའ།། ལུག་ནག་སྤྱི་བོ་དཀར་པོ་ལ།། མ་མོའི་སྐུ་ཡི་སྙིང་པོ་བྲི། ། མགྲིན་པར་སྲོག་གི་སྙིང་པོ་བྲི།། དྲག་པོ་ཐུན་ཐུན་ཞེས་བྱ་བ།། བྲིས་ལ་དེ་ཉིད་རྟེན་དུ་གཟུག། བདག་ཉིད་རྡོ་རྗེ་གཞོན་དུ་ཡི།། ཏིང་ངེ་འཛིན་ལ་ཞུགས་ནས་ནི།། རེ་ནག་གོས་ཟུ་བརྩམ་བྱས་ནས། ། ཟ་འོག་ནག་ཁྲའི་ཕུ་དུང་བྱ།། ཕྱག་རྒྱ་བཅས་ལ་བཟླས་པར་བྱ།། ཡུངས་ཀར་ཁྲག་སྐམ་ཕུལ་གང་ལ།། བསད་པའི་རྫས་ནི་སེང་ལྡེང་ཕུར་པ་དང།། མ་མོའི་གཟུགས་ནི་ཞི་བའི་ཞལ་གསུམ་མ། ཁ་ནས་ཁྲག་འཛག་མིག་གསུམ་གཅེར་བུར་བྲི། ། སྙིང་ལ་གྲུ་གསུམ་འབར་བ་བྲི།། བི་ཏ་མཱ་ར་ཡ་ཕཊ། སྔགས་དང་དགྲ་བོའི་མིང་བྱང་སྤེལ།། མཐའ་མར་མ་མོའི་དྲག་སྔགས་འདོན།། སྦས་པ་ནག་མོའི་རྒྱུད་ལས་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཁྲག་འཐུང་གི་རྒྱལ་པོས་སྲོག་གི་སྙིང་པོ་འདི་རྣམས་དྲངས་ཏེ། མ་མ་ཏྲག་རཀྴ་དྷ་དྷ་དྷ་པ་མི་མ་ཧ་མ་མ་ཤ་ཏྲུཾ། ཨ་མུ་ཀ་ཤ་ཧཱུཾ། རུ་ཀུ་རུ་ཀུ། ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་ཨོཾ་སྲོག་ལ་མྱུར། རག་མོ་ཡག་མོ་ཀ་ལ་དུམ་པ་སྙིང་རྩ་ཤ་ལ་མ་ཡཾ་སརྦ་བིགྷྣཱན་བཾ་ཧཱུཾ་ནི། སྲོག་ལ་ཡཾ་རྦད། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། མ་ར་ས་ན་ས་པ་ཡར་ཏ་ན་ཡེ་ཧཱུཾ་ཕཊ། སྙིང་ཕྲིལ་ཕྲིལ། སྲོག་ཡམ་ཡམ། ཆུ་མ་ཏ་ཡ་ཧཱུཾ་ཕཊ། སྙིང་ལ་ཟ་བ་མ་ཏེ་ཤ་ཡ་ཧཱུཾ་ཕཊ། རྟགས་ཐོན་སྙིང་ཏྲག་ཤ་ཛ། ཙིཏྟ་སྲོག་ཏུད་ཏུད། ཐུམ་རིལ་ཤམ་ཁྱེར་བྷྱོ།། ལས་ཀྱི་མཐའ་བརྟུལ་ཕྲིན་ལས་ཤམ་ཁྱེར་བྷྱོ། ཞེས་ནག་མོའི་ཚོགས་ཀྱི་སྐུ་གསུང་ཐུགས་དང། སྲོག་གི་སྙིང་པོ་དང། འགུགས་བྱེད་ཀྱི་སྙིང་པོ་དང། དྲིལ་དེ་གཙོ་བོ་ལ་ཕུལ་བས་ཁྲག་འཐུང་གི་རྒྱལ་མོ་ཞལ་མངོན་སུམ་དུ་ཁུགས་པར་གྱུར་ཏོ།། ནག་མོའི་ཚོགས་ཀྱིས་ཀྱང་ལས་མངོན་དུ་བྱེད་པར་གྱུར་ཏོ།། སྦས་པ་ནག་མོའི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཁྲག་འཐུང་གི་རྒྱལ་པོས་རྦད་པའི་བྱ་ཐབས་འདི་གསུངས་ཏེ། དཔལ་ཆེན་ཏིང་འཛིན་མངོན་ཞུགས་ནས།། ཐུགས་ཀའི་ཛཿལས་ལྕགས་ཀྱུ་འཕྲོས། ། དགྲ་བགེགས་ཤེས་པ་བཀུག་ནས་ནི།། ཨཱ་བེ་ཤ་ཡིས་བསྟིམ་པར་བྱ།། གྲོ་ག་ཤིང་ཤུན་གྲོག་མཁར་ས།། གནས་ལྔའི་རྫས་ནི་སྤྲུ་བར་བྱ།། ལིངྒ་བཅས་ལ་མིང་རུས་བྲི།། མོན་པ་ནག་པོའི་ཐོད་པར་གཞུག། ཡུངས་ཀར་བྲབ་ཅིང་དགུག་གཞུག་བྱ།། བི་ཏ་ཡ་དང་ལྷ་མོའི་སྲོག་སྙིང་སྤེལ།། འབུམ་ཚོ་གཉིས་སུ་བཟླས་པར་བྱ།། ཡུངས་ཀར་བཟླས་ཤིང་ལིངྒ་བྲབ།། ཆེ་གེ་གྲུབ་པའི་རྟགས་འོང་སྟེ།། ལྷ་མོའི་སྐུ་ནི་མངོན་དུ་སྟོན། ། ཡང་ན་འོད་དང་སྒྲ་དང་དྲི་འབྱུང་ངོ།། དེ་ཚེ་དམོད་སྔགས་རྦད་ཅིང་བཟླས།། ཀི་ན་མུ་ཀ་ཤ་ནག་པས་ཏ་པ་ལི་ད་ཏི། ར་ལ་མུར་ཏི་ཙ་མ་བ་ལ། མཱ་ར་ཡ་ཕཊ། ཅེས་བཟླས་ཤིང་ཡུངས་ཀར་གྱིས་བྲབ་བོ། ། སྦས་པ་ནག་མོའི་རྒྱུད་ལས་ལས་སྦྱོར་རྟགས་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་མ་མོའི་ཚོགས་རྣམས་ཀྱི།། བྲུབ་ཁུང་ལས་ཀྱི་ཧོམ་བྱས་ཏེ།། གྲུ་གསུམ་ཁྲུ་ཕྱཻད་ཐུར་དུ་བྲུ། ཁྲུ་ཕྱེད་འདག་པས་གྱེན་དུ་བརྩིགས། ། མཐའ་མ་རྡོ་རྗེའི་ར་བས་བསྐོར།། དེ་ཡི་མཐའ་མ་མེ་རིས་བསྐོར།། གདུག་པ་ཚེར་མ་ཅན་གྱི་ཤིང་རྣམས་ལ།། སྐྱེ་ཚེར་བྲ་མ་གང་རུང་གིས།། ཆག་གང་བ་ཡི་ཧོམ་བྱས་ལ།། ཧོམ་ཁུང་ནང་དུ་ལྷ་མོ་བསྐྱེད། ། ཛྭ་ལ་རཾ་གྱིས་མེ་འབར་གྱིས།། ཀྲི་ན་མུ་ཀའི་སྔགས་རྣམས་དང།། བི་ཏ་ཡ་ཡི་སྔགས་སྤེལ་ལ།། སྦྱིན་བསྲེག་བྱ་ཞིང་ལིངྒ་དབུལ།། ཐལ་བ་བསྡུས་ལ་རྒྱ་གྲམ་སར།། གནན་པ་བྱ་ཞིང་དམོད་སྔགས་བཟླས། ། ཕྱིན་མ་ཐག་ཏུ་འཆི་བར་འགྱུར།། སྦས་པ་ནག་མོའི་རྒྱུད་ལས་སྦྱིན་བསྲེག་གི་ལེའུ་སྟེ་ལྔ་པའོ།།།། རྫོགས་སོ།། རྒྱ་གར་སྐད་དུ། ཤྭ་ན་པྲ་མ་རཱ་ཛ་ཀཱ་ལཱི་ཏནྟྲ་ནཱ་མ། བོད་སྐད་དུ། མ་མོ་ཨེ་ཀ་ཛ་ཏི་ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ཅེས་བྱ་བ།

CLOSE WINDOW