Wylie |
།།། རྒྱ་གར་སྐད་དུ། ཀཱི་ལ་ཡ་དྷ་ཤ་དྭ་ཡ་ཏནྟྲ་མ་ཧཱ་ཡཱ་ན། བོད་སྐད་དུ། ཕུར་བུ་བཅུ་གཉིས་འབྱུང་བའི་རྒྱུད་ཆེན་པོ་བསྟན་པའོ།། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་ཁྲོ་བོ་འཇིགས་བྱེད་ཀྱི་རྒྱལ་པོ།། བཛྲ་ཀཱི་ལ་ཡ་དྲག་པོ་མཐིང་ནག་འབར་བའི་གནས་ན་བཞུགས་ནས།། གདུག་པ་ཅན་ཐམས་ཅད་འདུལ་བ། དྲེགས་པ་ཅན་ཐམས་ཅད་ཚར་བཅད་པའི་ཕྱིར། རབ་ཏུ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱིས་བྱིན་རླབ་ལས།། ཀརྨ་ཧེ་རུ་ཀ་ཞེས་བརྗོད་པས།། ཁྲོ་བོ་ཀརྨ་ཧེ་རུ་ཀ། སྐུ་ལྗང་ནག་ཤིན་ཏུ་མི་བཟད་པ་བཏོན་ནས།། བཅོམ་ལྡན་འདས་བཛྲ་ཀཱི་ཀ་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་འདས། ཆོས་ཐམས་ཅད་ཞི་བའི་ཏིང་ངེ་འཛིན་གྱིས་མི་འདུལ་ན། ཐུགས་རྗེ་གང་གིས་འདུལ་བའི་དུས་ལ་བབ་པར་ཤེས་པ་ལགས། གང་གིས་འདུལ་བའི་དུས་ལ་བབ་པར་གཟིགས་པ་ལགས།། ཁྲོ་བོ་ཆེན་པོས་ལུང་བསྟན་དུ་གསོལ།། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ།། ཐབས་མཁས་པའི་བདག་ཉིད་ཅན། དེའི་དུས་ལ་བབ་པ་ལགས་སོ།། ཕྲིན་ལས་ཀྱི་མངའ་བདག་ཅེས་གསོལ་པ་དང། དཔལ་བཛྲཀཱི་ལ་ཡ་ས་ཨེ་ཧྱེ་ཧོ་ཤ་ཧཱུཾ་ཞེས་བརྗོད་པས། ནམ་མཁའི་གཏོས་ཀྱི་ཕྱོགས་རིས་མེད་པ། ། ཆོས་ཉིད་བདེ་བའི་རོ་བདལ་བ་བསྐྱེད་དོ།། ཡཾ་ཀརྨ་རཀྴ་ཧཱུཾ་ཞེས་བརྗོད་པས། རྡོ་རྗེ་རླུང་ནག་འཚུབས་མས་དབང་དུ་བསྡུས་ཤིང་བྱིན་གྱིས་བརླབ་ནས་རྒྱས་བཏབ་པས། ཕྲིན་ལས་ཐོགས་པ་མེད་པའི་དོན་མཛད། མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཞེས་བརྗོད་པས། ཁྲག་གི་རྒྱ་མཚོ་གཏིང་དཔག་མེད་པས། སྡུག་བསྔལ་དབང་དུ་བསྡུས་ནས། འབྲས་བུ་གཅིག་གི་རང་བཞིན་དུ་ཤར་བར་མཛད། ཀེང་ནི་རི་ཛྭ་ལ་མཎྜལ་ཞེས་བརྗོད་པས་འཁོར་བ་གནས་སུ་དག་པ་དང། ཆོ་འཕྲུལ་མངོན་པར་འདུ་མཛད་པའི་ཕྱིར། ཀེང་རུས་གྱི་རི་རབ་ཏུ་གྱུར། བྷན་དྷ་ཛྙཱ་ན་ཙཀྲ་ཛྭ་ལ་མཎྜལ་ཞེས་བརྗོད་པས། བྷན་དྷའི་གཞལ་ཡས་ཁང་གྲུ་གསུམ་མཐིང་ནག་རབ་ཏུ་འབར་བ་གཅིག་ཏུ་གྱུར། དེ་ནས་ཁྲོ་བོ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། བཅོམ་ལྡན་འདས་ཐུགས་རྗེ་དཔྱང་ཐག་ཆད་ཅིང་ངན་སོང་འཁོར་བར་སྐྱེས་ངེས་པ་ལ། འདི་ལྟར་རྫུ་འཕྲུལ་བསྟན་པ་ངོ་མཚར་ཆེའོ། ། འདི་ལྟ་བུའི་ངོ་མཚར་བསྟན་པ་ངོ་མཚར་ཆེའོ།། འདིའི་རྗེས་སུ་སྒྲུབ་པའི་རྣལ་འབྱོར་པས།། གནས་ནི་གང་དང་གང་དུ་བསྟན། དམིགས་པ་ནི་གང་དང་གང་ལ་བགྱི། རྣལ་འབྱོར་རྒྱུ་དང་ལྡན་པར་བྱ། ། ཕུར་པའི་རྒྱུ་ནི་གང་དང་གང་ལགས། ཕུར་པ་བསྒོམ་པ་ཅི་ལྟར་སྒོམ། བྱིན་གྱིས་བརླབ་པ་ཅི་ལྟར་རླབ། བརྡེག་པའི་དུས་ཚོད་གང་ལ་བབ་པ་ལགས། དམ་ཚིག་གང་དུ་བསྟན་པ་ལགས། ལྟ་བ་ཅི་ལ་དམིགས་པ་ལགས། ཡོ་བྱད་དང་རྫས་གང་འཚལ། རྟགས་དུ་ནས་འབྱུང། འདི་བརྩམ་པའི་དགོས་ཆེད་དང། ཡོན་ཏན་ཅི་ཐོབ། བཅོམ་ལྡན་འདས་ཀྱིས་བཤད་ཅིང་ལུང་བསྟན་དུ་གསོལ། ཀཱི་ལ་ཡ་ཡིས་བཀའ་སྩལ་པ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཕུར་པ་བསྒྲུབ་པའི་གནས་རྣམས་ནི།། ཡང་དག་དོན་དུ་བཤད་པར་བྱ།། དང་པོར་གཞུང་དང་ལྡན་བྱས་ནས།། དུར་ཁྲོད་གནས་དང་ཤིང་གཅིག་དྲུང།། རྒྱ་གྲམ་ལམ་དུ་བྱ་བ་དང།། འབྱུང་པོ་མང་པོ་གང་ཡོད་སར། ། དྲག་པོའི་ལས་འདི་བྱ་བར་གྱིས།། ལས་ལ་ཕན་འདོགས་ཡོད་པ་དང།། གྲིམས་འབྱིན་ཤུགས་ཀྱིས་ཏིང་འཛིན་ལེགས།། དེ་ལ་ཐབས་དང་རྟགས་མེད་ན།། བདག་གི་གཟུགས་ཕུང་རླག་པ་དང། ། ཚེ་དང་སྲོག་གི་བར་ཆད་འོང།། ནགས་ཚལ་ཆེན་པོའི་ནང་ན་བ།། དེར་ནི་ལེགས་བར་དཔྱད་པ་ཡིས།། ཀླུ་ཡི་མིག་དང་འབྱུང་པོའི་སྲང།། ས་ཡི་བགེགས་དང་མ་རུངས་པ།། ཚ་སྒོ་དམྱལ་བའི་རྒྱུ་མེད་པར།། ལས་ཀྱི་བྱ་བ་གཞུང་བརྩམས་ནས། ། བཀྲ་ཤིས་དོན་གྱི་གནས་ཡིན་པས།། སྒྲུབ་ཡུན་རིང་ན་བཀྲ་ཤིས་སོ།། མེ་ཏོག་གླིང་དང་རིན་ཆེན་རི།། དཔག་བསམ་ཤིང་དང་སྐད་སྙན་བྱ།། འབྲུ་སྣ་ཚོགས་དང་གནམ་ས་ལེགས། ། དབྱིབས་ལེགས་ལུང་པ་རན་པར་ནི།། བཀྲ་ཤིས་གཞུང་བསྲང་ཡུན་རིང་བས།། གནས་ཀྱི་དམ་པ་ཡིན་ཞེས་བཤད།། དྲག་པོའི་ལས་སུ་བྱ་བ་ལ།། དང་པོར་ཕུར་པ་སྒྲུབ་པའི་གནས།། ནགས་རི་ཚེར་མ་ཅན་གྱི་ཤིང། ། གཅན་གཟན་གདུག་པ་སྣ་ཚོགས་ཡོད།། གནམ་ནི་གྲི་འདྲ་རལ་གྲིའི་ཤུལ།། ས་ནི་གྲུ་གསུམ་མེ་དཔུང་འབར།། ལོགས་ལ་དུར་ཁྲོད་གླིང་ཡོད་པ།། མཁས་པས་བརྟགས་ཏེ་བཙལ་བྱས་ན།། དེ་ནི་ཕུར་པའི་སྒྲུབ་གནས་ཡིན། ། ཚེར་མ་ཅན་གྱི་ཤིང་དག་དང།། དུག་ཤིང་གདུག་པ་ཡོད་པ་དང།། བྲག་ལ་ར་རོད་མང་བ་དང།། གྲོག་པོ་མང་པོ་གཏིང་ཟབས་དང།། སྟག་གི་སོ་འདྲ་སྦྲུལ་གྱི་ལྕེ།། སྡིག་པའི་རཱ་འདྲ་ཆུ་སྲིན་ཁ། ། བན་གླང་སྣང་འཐབ་བྲག་ཆུའི་བར།། རྐང་གཅིག་ཤིང་དང་མ་རུངས་པ།། སྔོན་ཆད་ལྷ་མི་ཕུང་ས་དག། གཡུལ་བཀྱེ་བ་དང་མཚོན་འཐབ་དང།། བསད་བཅད་པ་དང་མ་རུངས་དུས།། སྲིན་པོ་བསྒྲལ་བའི་བཅས་གཞི་དང། ། སྲོག་ཆགས་བསྒྲལ་བའི་ཁྲག་རྗེས་དང།། གཡུལ་ངོ་བགོས་པའི་ས་མཁར་རྙིང།། མང་པོར་བསད་ཅིང་ཕུང་བའི་ས། བྲག་ནི་སྲིན་མོ་ངུས་པ་འདྲ།། རི་ནི་ཐལ་ཕུང་བསྙིལ་བ་འདྲ།། ལུང་པ་མེ་ཡིས་བསྲེགས་འདྲ་བ། ། ཤིང་རྩི་རྐང་ཐང་བྲོས་འདྲ་བ།། སྒང་དེའུ་མི་རོ་སྦས་འདྲ་བ།། འདི་ནི་བརྡེག་ཅིང་བསྒྲལ་གནས་ཡིན།། སེམས་ལ་ཆོས་ཉིད་མི་གསལ་ཞིང།། ཉམས་དང་ཏིང་འཛིན་གཡེལ་བས་ནི།། གནས་འདི་དག་ཏུ་ཡོངས་མི་བྱ། ། ནམ་ཕུགས་རྣལ་འབྱོར་དག་ལ་འགྱོད།། དེ་བས་གཞུང་དང་མཐུན་པ་ཡི།། བཀྲ་ཤིས་པ་ཡི་གནས་དག་ཏུ།། ཡུན་རིངས་བསྲིངས་ན་གནས་རྟོལ་མེད།། དམ་ཚིག་མ་ཉམས་ངེས་ཐུབ་དང།། ཏིང་འཛིན་བརྟན་པའི་བློ་ཆེན་གྱིས། ། གནས་ནི་དེ་དང་དེ་དག་ཏུ།། ཆོ་གའི་ལས་ནི་བརྩམས་བྱས་ན།། ངེས་པར་གྲུབ་ན་གདོན་རྔོལ་མེད།། དེ་ལྟར་བུ་ཡི་ས་རྙེད་ན།། དང་པོར་བྱིན་བརླབས་མཚམས་བཅད་ནས།། མ་རུངས་ཡོད་ན་གཏོར་མ་སྦྱིན། ། དེ་བས་ཞག་གྲངས་འདི་ཙམ་མམ།། དྲག་པོའི་ལས་འདི་མ་འགྲུབ་པར།། གནས་འདིར་རྣལ་འབྱོར་བདག་གནས་པས།། གཏོར་མ་བྱིན་པ་འདི་ལོང་བ།། མ་འགྲུབ་བར་དུ་གཞན་དུ་དེངས།། དེ་སྐད་བྱས་ལ་གཏོར་མ་སྦྱིན། ། བསྒོ་བའི་ཚིག་རྣམས་བསྒོ་བར་བྱ།། དེ་ནས་དཀྱིལ་འཁོར་གཞུང་བཞིན་བརྩིགས།། དམ་རྫས་ཆག་ཆག་གཞུང་བཞིན་གདབ།། ཁ་དོག་ཚོན་རྣམས་དགྱེ་བྱས་ནས།། དབུས་སུ་དྲག་པོ་གྲུ་གསུམ་བྲི། ། མཐའ་མ་མཚོན་གྱི་འཁོར་ལོ་ལ།། ཁྲོ་བོ་རྣམས་ཀྱང་རིམ་བཞིན་དགོད།། དེ་བཞིན་བརྒྱད་དང་བརྒྱད་དུ་བསྟན།། བཞི་པོ་དག་ཏུ་གང་བསྟན་དང།། ཉི་ཤུ་རྩ་བརྒྱད་ལ་སོགས་པ།། མཁས་པས་གཞུང་བཞིན་དགོད་པར་བྱ། ། གཞན་ཡང་ཕུར་པའི་རྫས་དགོད་པ།། འོག་ནས་འབྱུང་བས་ཤེས་པར་བྱ།། དེ་ཕྱི་མཚན་དང་ལྡན་པ་དང།། ཞག་གྲངས་ཚང་བའི་སྒྲུབ་རྫས་བཞི།། ཡོ་བྱད་ཚོགས་པར་མཆོག་ཏུ་བྱ།། གནས་རྣམས་འདི་དག་ཡོན་ཏན་ནི། ། མྱུར་བ་འགྲུབ་དང་ཤུགས་འབྱིན་དང། ངན་པའི་ལས་ཀྱིས་ངན་པ་འགྲུབ།། དོན་ལ་ཐེ་ཚོམ་མེད་པར་ནི།། ངན་པའི་གནས་སུ་འགྲུབ་པར་བཤད།། བཀྲ་ཤིས་བཟང་པོའི་གནས་སུ་ནི། ། ཡུན་རིང་བསྲིང་ན་ཕུང་འཚེངས་མེད།། དོན་ལ་དེས་ཀྱང་འགྲུབ་པར་བཤད།། བཟང་ངན་གནས་ཀྱི་ཆ་དབྱེ་བ།། བདག་གི་རྟོགས་པའི་ཚད་དང་སྦྱར།། རྟོགས་པ་ཆུང་ན་བཟང་པོ་བདམ།། ཏིང་འཛིན་ཟབ་ན་ངན་པ་བདམ། ། མྱུར་བར་ཐོགས་པ་མེད་པར་ནི།། གང་ལ་དམིགས་པ་འགྲུབ་ཅེས་བཤད།། འདི་ནི་ཕུར་པ་གནས་བསྟན་པའི་ལེའུ་དང་པོའོ།།།། བསྒྲལ་བའི་དམིགས་རྣམས་བསྟན་པ་ནི།། ཀུན་ལ་བྱ་བ་གཞུང་ལ་མེད། ། ཉམས་པར་གྱུར་པ་བདུན་ཡོད་དེ།། སྲོག་ལས་ཉམས་དང་དམ་ལས་ཉམས།། བཀའ་ལས་ཉམས་དང་དོན་ལས་ཉམས།། ལས་ཀྱི་ཉམས་དང་མཚན་མས་ཉམས།། འདོད་པ་འགྱུར་བས་ཉམས་པ་ནི།། འདི་ལ་ཉམས་པ་ཞེས་བྱ་སྟེ། ། དེ་དག་སོ་སོའི་མཚན་ཉིད་ནི།། སྲོག་ལས་ཉམས་པའི་མཚན་ཉིད་ནི།། ཕ་དང་མ་དང་མཁན་པོ་གསོད།། སློབ་མ་གསོད་དང་ནང་དམེ་ཅན།། འདི་ནི་ནམ་ཡང་ལྷུང་བས་ན།། བསྒྲལ་བའི་དམིགས་ནི་འདི་ཡིན་ནོ། ། དམ་ལས་ཉམས་པའི་མཚན་ཉིད་ནི།། རྡོ་རྗེ་སློབ་དཔོན་བཀའ་བསླུ་དང།། ངན་སེམས་འཕྱ་སེམས་བྱེད་པ་དང།། སྔགས་དང་ཕྱག་རྒྱ་རྒྱུན་གཅོད་དང།། གསང་བའི་མན་ངག་གཞན་ལ་སྤེལ།། འདི་ནི་ཉམས་པ་ཆེན་པོ་སྟེ། ། འདི་ནི་བསྒྲལ་བའི་དམིགས་གཅིག་ཡིན།། བཀའ་ལས་ཉམས་པའི་མཚན་ཉིད་ནི།། དམ་ལ་བཏགས་ན་རྐུ་མཚང་འབྲུ།། སྒྲུབ་ལ་སྦྲན་ན་ཡ་ག་འདོགས།། མན་ངག་བསྟན་ན་སྐུར་པ་འདེབས། ། བདེན་པར་བསྟན་ན་ལོག་པར་ཁྲིད།། དོན་རྟགས་བསྟན་ན་གོལ་བར་འཛིན།། འདི་ནི་ཉམས་པའི་དམ་པ་སྟེ།། འདི་ལ་བསྒྲལ་བ་ལྷུར་ཡང་བརྩམ།། འདི་དག་བསྒྲལ་བའི་ཕྲིན་ལས་ནི།། གཞུང་ཀུན་ལས་ནི་གསལ་བར་འབྱུང། ། དོན་ལས་ཉམས་པའི་མཚན་ཉིད་ནི།། བྱ་རུ་མི་རུང་སྣ་ཚོགས་བྱེད།། རྫས་དང་ལག་ཆ་མངོན་དུ་འཛིན།། ཏན་གན་སྦྱོར་སྒྲོལ་དངོས་པོར་སྤྱོད།། ལྟ་བའི་ཏིང་འཛིན་རྒྱབ་ཏུ་བོར།། སྤྱོད་པ་དཔའ་བརླངས་དང་དུ་ལེན། ། ཁྲོ་གཏུམ་ང་རྒྱལ་རང་གར་གཏོང།། དོན་གྱི་མནངག་ལོག་པར་གོ། ཕ་རོལ་ལོག་པར་འདྲེན་པའི་ཆོས།། ཕྱིན་ཅི་ལོག་གི་དོན་ལ་མཁས།། བཀའ་གཞུང་བོར་ལ་རྫོབ་པ་ཆེ།། ལོག་པར་སྤྱོད་པ་མཐའ་དག་ཡོད། ། འདི་ནི་རཱུ་ཏྲ་དངོས་ཡིན་ཏེ།། མངོན་སྤྱོད་བསྒྲལ་ཀྱང་མི་སྐྱོན་ནོ།། ལས་ཀྱིས་ཉམས་པའི་མཚན་ཉིད་ནི།། བདག་དང་སྐྱེ་གནས་མི་གཅིག་པར།། བསྒྲལ་བའི་ལས་ཀྱི་གློར་འོངས་ནས།། སྔོན་ཆད་མཁན་འཁོན་ཡོངས་མེད་པར། ། གླགས་ལ་བབ་པར་དྲན་ནས་ཀྱང།། ཞི་བ་དྲང་པོས་མི་ཉན་པར།། ཉེས་མེད་གཞན་ལ་འཛུགས་པ་དང།། དཔུང་པ་སྙོགས་ལ་ཀླན་ཀ་ཚོལ།། ཁ་ལྕེ་རྒོད་ཅིང་བཞིན་མདོག་བཟློག། བརྒལ་ས་མེད་ཅིང་བདག་ལ་རྒོལ།། ཕྲོག་མི་དགོས་པར་དག་ལ་ཕྲོག། བདག་གིས་ཉེས་པར་མ་དྲན་ཞིང།། བདག་གིས་བརྒལ་བར་མ་བསམས་ཀྱང།། ལས་ཀྱིས་བདག་ལ་གནད་འཛུགས་ཤིང། ། བདག་ལ་མཐུ་དང་རྩལ་འདེད་པ།། ལས་ཀྱིས་ཉམས་པ་འདི་ཡིན་ནོ།། གཞན་ཡང་ལས་ཀྱིས་ཉམས་པ་ནི།། གལ་མི་ཆེ་བར་ཀླན་ཀ་ཚོལ།། ཕན་རྒྱུ་མེད་པར་བདག་ལ་འཚེ།། འོང་རྒྱུ་མེད་པར་བསྒྲུབས་སར་འོང། ། ལས་ཀྱི་ཉམས་པའི་རྟགས་ཡིན་པས།། འདི་ནི་ནམ་ཡང་བསྒྲལ་དགོས་པས།། ལས་ཀྱི་འཁོར་བས་སྡིག་མེད་བཤད།། མཚན་མས་ཉམས་པའི་མཚན་ཉིད་ནི།། ཆོས་ལ་ཕྱོགས་ཆར་བཟུང་བས་ཉམས།། ལྟ་བ་སྒོས་ཁུར་བཅས་པས་ཉམས། ། དམ་ཅན་ཡོངས་ལ་ཐུགས་དཀྲུག་ཅིང།། རང་བཞིན་མེད་པའི་ཆོས་བཤད་ཀྱང།། མཚན་མ་ཅན་གྱི་ཆོས་བཟུང་ནས།། ལྷ་སྲིན་བྲན་དུ་ངས་འཁོལ་ལོ།། མཐུ་འགྲན་བྱེད་པ་སུ་ཞིག་ཡོད། ། ང་ཡི་ཉམས་སུ་དཔལ་ཆེན་བྱུང།། ང་ནི་ཁྲོ་བོའི་རྒྱལ་པོ་ཡིན།། གཞན་ལ་ཁྲོ་ཞིང་འཚེ་ལ་སོགས།། འདི་ནི་མཚན་མས་ཉམས་པ་སྟེ།། བསྒྲལ་བ་བྱས་ཀྱང་དམ་མི་ཉམས།། འདོད་པར་གྱུར་པས་ཉམས་པ་ནི།། དེ་ཡི་མཚན་ཉིད་བཤད་བྱ་བ། ། ཉན་པ་གོ་རྟོགས་གསལ་མེད་པར།། ལ་ལར་མཐུ་ཆེན་བཙན་འདོད་པས།། ལས་ཀྱི་དོན་དུ་མཚན་མ་སྤྱོད།། སྡིག་པའི་ཕྱག་རྒྱར་མི་མགོ་ཐོགས།། རལ་པ་བསིག་ཅིང་སོ་གཙིགས་བྱེད། ། དམར་གྱི་གཏོར་མ་གློ་ལ་ཐོགས།། ཞིང་གི་པགས་པ་ཕྲག་ལ་བཀལ།། སྒྲོ་བ་ནག་པོ་ཤ་དང་ཚིལ།། སྣོད་བཀང་ཁུར་ཞིང་ལོག་ཆོས་སྤྱོད།། སྤྱོད་པའི་དོན་ཀུན་གཞུང་བོར་ནས།། བྱ་བ་མི་འཚམ་སྣ་ཚོགས་བྱེད། ། ངོ་དང་གདོང་པ་ཁྲག་གིས་བྱུགས།། ཚུལ་འགལ་དམ་འདྲལ་སྣ་ཚོགས་བྱེད།། ཐོ་ཅོར་སྤྱོད་ཅིང་དམ་མི་བསྲུང།། སྤྱོད་པ་བརླང་པོས་བཀའ་གཞུང་སྨད།། སངས་རྒྱས་ཀུན་གྱི་ཞབས་འདྲེན་བྱས།། རྣལ་འབྱོར་སྔགས་པའི་རྐང་ནས་དྲངས། ། དཔལ་ཆེན་འབར་བ་ཐུགས་ཁྲལ་བསྐྱེད།། མ་མོ་མཁའ་འགྲོ་གཟན་ཚོགས་བཀྲམ།། རྣལ་འབྱོར་ཡོངས་ལ་དམེ་ཚོགས་བྱས།། གཞན་ཡང་མཚན་ཉིད་གང་ཡིན་པ།། འདོད་པས་ཉམས་པའི་མཚན་ཉིད་ནི། ། འདོད་ཆགས་ནོར་གྱིས་བསླུས་པ་དང།། ཤེ་བར་ཤེས་ཀྱང་འདོད་པས་བརྒྱལ།། ཕུང་བར་ཤེས་ཀྱང་སྔགས་འཆང་འཇོམས།། དུག་ཏུ་སྣང་ཡང་ལྟོ་རུ་ཟ།། གཉན་པ་ཡིན་ཀྱང་ཐབས་ཀྱིས་སྨོད། ། བཙུན་པ་ཡིན་ཀྱང་ངམས་པར་ཤོམ།། ཐོབ་ཏུ་འདོད་ན་གསང་སྔགས་རྐུ།། བཟའ་རུ་ཡོད་ན་རྣལ་འབྱོར་ཟ།། ཟས་སུ་སྒྲུབ་པའི་ལོངས་སྤྱོད་རྐུ།། ནོར་དུ་གཞུང་སྤྱོད་རྣལ་འབྱོར་འཇོམས།། འདི་དག་འདོད་པས་ཉམས་པ་སྟེ། ། འདི་དག་བསྒྲལ་ན་རྣལ་འབྱོར་བཙུན།། བཏུལ་ཞིང་ཚར་བཅད་བསྟན་པ་གཉན།། མེད་ཅིང་སྟོངས་ན་བར་ཆད་ཉུང།། འདི་དག་བསྒྲལ་བར་མ་བྱས་ན།། མཐོ་རིས་འགྲིབས་ལ་དམྱལ་ཁམས་འཕེལ། ། རྣལ་འབྱོར་དམ་ཅན་སྒྱིད་ལུགས་ནས།། ཐེག་པ་ཆེན་པོའི་ཆོས་སྒོ་འགག། འདི་དག་བསྒྲལ་བར་བྱས་ན་ནི།། རྣལ་འབྱོར་བསྒྲུབ་ལ་བར་ཆད་མེད།། ཐེག་པ་ཆེན་པོའི་མཐུ་ངར་བས།། ལེགས་པའི་ཡོན་ཏན་བརྗོད་ལས་འདས། ། ཐབས་ཀྱི་ཐ་མའི་ཐ་མ་ནི།། ཏིང་ངེ་འཛིན་གྱི་རྩལ་ཆུང་ན།། འདི་དག་བསྒྲལ་བར་བྱས་ན་ནི།། དམྱལ་བའི་གནས་སུ་ཡུན་ཐུང་འགྱུར།། འདི་ནི་བསྒྲལ་བ་དམིགས་བསྟན་ལེའུ་གཉིས་པའོ། །།། རྣལ་འབྱོར་གང་དག་གིས་བྱ་བ།། འདི་དག་ཉིད་དུ་བཤད་པ་སྟེ།། དང་པོ་ཤེས་རབ་རྣམ་གསུམ་གྱིས།། གཏན་ཚིགས་དོན་ལ་ཡིད་ཆེས་ནས།། དེ་ནས་ངེས་པར་དབང་ཐོབ་སྟེ།། སྙིང་རྗེའི་སེམས་དང་ལྡན་པ་ཡིས། ། ཁམས་གསུམ་འཁོར་བ་གཟུང་བར་བྱ།། དོན་འདི་དག་དང་མི་ལྡན་ཞིང།། ངེས་པའི་ལུང་རྣམས་མ་ཐོབ་དང།། མཁས་ལ་སྒྲོ་སྐུར་འདོགས་པ་དང།། གསང་སྔགས་ཐེག་ཆེན་སྐུར་འདེབས་དང། ། རང་ཤེས་སྤྱད་ཚིག་ཚུལ་གནས་དང།། དམ་ཚིག་ཉམས་པར་གྱུར་པ་དང།། དོན་མེད་ཕྱལ་བར་གཏོང་བ་རྣམས།། འདི་ནི་རྣལ་འབྱོར་མ་ཡིན་ཏེ།། ལོག་པའི་ལམ་དུ་ཤེས་པར་བྱ།། དེ་ཡིས་སྤྱད་ཀྱང་ཡོང་མི་གྲུབ། ། སླར་ལ་རང་སེམས་རླག་པ་དང།། འབྲས་བུ་མནར་མེད་དམྱལ་བར་སྐྱེ།། འདི་དག་རྩོམ་པའི་རྣལ་འབྱོར་པས།། རིགས་ཀྱི་རྣལ་འབྱོར་གྲལ་དུ་སྨོས།། ཐེག་པ་བསམ་ཡས་སེམས་ལ་གསལ།། བལྟ་བ་ཕྱོགས་མེད་གདེང་དུ་འཇོག། བསྒོམ་པ་མ་ཡེངས་གསེར་ཕུར་འདེབས།། དམ་ཚིག་ཉན་ཐོས་ཁྲིམས་བཞིན་བསྲུང།། རྒྱུ་དང་སྒྲུབ་ཐབས་མཐའ་དག་འཆང།། ཕྱོགས་སུ་འཇིག་རྟེན་མཁས་པ་བརྟེན།། རྫས་དང་ལག་ཆ་རྟགས་སུ་འཆང། ། དོན་དང་མན་ངག་གཞུང་དུ་བསྒྲུབ།། ཚུལ་ལྡན་ངང་ཚུལ་བཟང་ལ་ཤིས།། སྦྱོར་སྒྲོལ་མཆོད་པ་རྒྱུན་ཆད་མེད།། ཕུང་པོ་ལྷ་དང་གཉིས་མེད་མཆོད།། སེམས་ནི་ཆོས་ཉིད་ངང་ལ་གནས།། རྣལ་འབྱོར་རྟགས་ལྡན་དམ་པ་དེས། ། ལས་སུ་བྱ་བ་ཀུན་རྫོགས་ནས།། འཛབ་བཟླས་གྲངས་མེད་རྒྱུན་འདོན་པས།། སྔགས་དང་ཕྱག་རྒྱ་མཐུ་ཕྱིན་ཆེ།། ལས་དང་བྱ་བ་གདོན་མི་ཟ།། ངེས་པར་བརྩམས་པས་དགོས་པ་འགྲུབ། ། དམར་གྱི་གཏོར་མ་གཞུང་བསྲང་ཞིང།། ཅིབ་གྱི་བཀའ་ཉན་འཁོལ་མཁས་པས།། དགར་ཞིང་དགུག་པ་བྱ་བར་ཤིས།། དྲག་ཤུལ་ཐབས་ཀྱི་ཕོ་ཉ་ནི།། རྫུ་འཕྲུལ་ཤུགས་ལས་ཐབས་ཀྱིས་འགྱེད།། རྣམ་རྟོག་མཚན་མ་ལས་ཀྱིས་འགྲུབ། ། དེ་དག་བྱས་ན་ཆུད་མི་ཟ།། ཤེས་པའི་ནང་ན་དམ་པ་ནི།། རྒྱུད་ལ་བློ་ཞེན་སྒྲུབ་ལ་ཞུགས།། ཡི་དམ་ལྷ་ལ་རྟགས་གནས་ན།། དེ་ལ་བར་ཆད་ཡོངས་མི་འབྱུང།། གལ་ཏེ་འབྱུང་བར་གྱུར་ན་ཡང། ། དེ་ལ་རེག་པ་ཙམ་གྱིས་འགྲུབ།། གཞན་གྱི་ལས་འདི་བརྩམ་པ་ཡི།། རྣལ་འབྱོར་པ་ནི་གང་ཡིན་ན།། ཕྲིན་ལས་བྱེ་བྲག་ཕྱེད་པ་དང།། རྣམ་རྟོག་མཚན་མ་སྤངས་པ་དང།། གཙང་སྨེ་མེད་པར་སྤྱོད་པ་དང།། བླང་དོར་མེད་པར་སྒྲུབ་པ་ཡིས། ། གང་ལ་དམིགས་པ་འགྲུབ་པར་བྱེད།། ཕུན་སུམ་ཚོགས་པ་གསུམ་ལྡན་ཞིང།། དུས་ཚོད་གྲངས་སུ་བསྟན་པ་ཤེས།། ཉ་དང་ཤི་ཀ་ཚེས་བརྒྱད་ལ།། དྲག་པོའི་ལས་ལ་རབ་བརྩོན་པས། ། ལས་སུ་བྱ་བ་དེ་བྱས་ཏེ།། མ་མོ་མཁའ་འགྲོ་བཀའ་ཉན་ཚོགས།། དེ་ཡིས་བཀོལ་ན་བྲན་བཞིན་ཉན།། དེ་ཡིས་བཀོལ་ན་བུ་བཞིན་སྒྲུབ།། དེ་ཡིས་བྱ་བ་ཆུད་མ་ཟོས།། ཚེ་དང་ལོངས་སྤྱོད་འབྱོར་པ་དང། ། ལེགས་པ་ཀུན་རྫོགས་དངོས་གྲུབ་སྟེར།། དེ་ཡིས་ཡིད་ལ་བསམས་པ་བཞིན།། ཅི་འདོད་རང་ལ་འབྱུང་བར་འགྱུར།། གཞན་ཡང་འཇིག་རྟེན་བསམ་པ་དག། ཕན་པ་དང་ནི་གནོད་པ་གཉིས།། གཞན་ལ་ཕན་ཅིང་སྒྲུབ་འདོད་ན། ། སད་དང་སེར་བ་བཅད་པ་དང།། ཆར་ཆུ་དུས་སུ་ཕེབས་པ་དང།། མི་ནད་ཕྱུགས་ནད་ཆད་ལ་སོགས།། དེ་ཡི་གཏན་ཚིགས་འདི་ལ་གནས།། གཞན་ལ་གནོད་པའི་རྒྱུ་བཙལ་ན།། དབྱར་སྟོན་གཉིས་ལ་གནོད་བྱ་བ། ། སད་དང་སེར་གཏོང་གཏན་ཚིགས་དང།། ཤྭ་དང་ཆུ་དང་ཐོག་བཏིང་བ།། དབྱར་དགུན་མི་ནད་རིམས་གཏོང་བ།། བུ་ཚ་རབས་ཆད་ཚེ་ཐུང་བ།། དེ་ཡི་གཏན་ཚིག་འདི་ན་ཡོད།། དེ་ལྟར་གཏན་ཚིགས་སུས་ཤེས་པ། ། རྣལ་འབྱོར་དོན་དང་ལྡན་པ་སྟེ།། འདི་ནི་བརྩམ་པར་བྱ་བར་གསུངས།། རྣལ་འབྱོར་ཅི་ལྡན་བརྩམ་པའི་ལེའུ་གསུམ་པའོ།།།། ཀཱི་ལ་ཡ་ཡི་རྒྱུད་རྣམས་ནི།། གང་དང་གང་ལ་བྱ་བ་དང།། དོན་དང་གཏན་ཚིགས་འདིར་ཞིབ་སྟེ། ། མཆོག་ཏུ་བསྔགས་པ་འདི་ལས་འབྱུང།། ལྕགས་སམ་ཟངས་སམ་གང་རྙེད་པ།། དྲག་པོའི་ལྕགས་ཀྱི་ཕུར་པ་ལ།། གྲི་ལྕགས་མདེའུ་རྙིང་རྟགས་ཕྱིན་དང།། གནམ་ལྕགས་ཐོག་གི་ལྕགས་དག་དང། ། གཅོད་དང་རྣོ་དང་སྲ་ལ་སོགས།། ལྕགས་སྣ་ལྔ་པོ་དག་ལས་ནི།། ཁྲོ་རྒྱལ་གནས་པའི་རྒྱ་མདུད་དང།། གཞལ་ཡས་ཁང་གི་རྟགས་སུ་བྱ།། ལོགས་བརྒྱད་ཁྲོ་མོ་བརྒྱད་པོ་ལ།། བར་གྱི་རྒྱ་མདུད་བརྩེག་པ་ལ། ། ཐབས་དང་ཤེས་རབ་དབྱེར་མེད་དོ།། གཞལ་ཡས་ཁང་རང་བརྩེག་མར་གནས།། རྩེ་མོ་ཟུར་གསུམ་འཇོམས་པའི་ཚུལ།། དྲག་པོ་རྐྱེན་གྱིས་ཡང་དག་བཤད།། དབང་ལ་ཟངས་ཀྱི་ཕུར་པ་དང།། རྒྱས་པ་གསེར་ལ་སོགས་པ་དང། ། ཞི་བ་ཙནྡན་དཀར་པོ་དག། རྩེ་མོ་དབྱིབས་ནི་སོ་སོར་འབར།། བྱ་བའི་ཚད་རྣམས་མཐུན་པར་བཤད།། གཞན་ཡང་ཚེར་མ་ཅན་གྱི་ཤིང།། རབ་ཏུ་མི་སྲུན་གནས་དག་ནས།། གང་དག་སྐྱེད་པ་གང་ཡིན་དང། ། དུག་དང་གཅན་གཟན་གདུག་པ་དང།། རབ་ཏུ་གཏུམ་པའི་གནས་དག་ནས།། སྐྱེས་པའི་ཤིང་མཆོག་ཚེར་མ་ཅན།། སྐྱེར་པ་དང་ནི་སིང་ལྡིང་དང།། གང་དག་སྐྱེར་ལྡིང་མཛོ་མོ་ཤིང།། རྩ་བའི་ལོགས་སུ་རྒྱ་མདུད་བྱ། ། རྩེ་མོའི་ལོགས་སུ་ཟུར་གསུམ་བྱ།། དབྱིབས་དང་ཁ་དོག་གོང་དང་མཐུན།། གཞན་ཡང་གདུག་པའི་ཚེར་མ་ཅན།། གོང་མ་དེ་དག་མ་འབྱོར་ན།། གང་རྙེད་པ་ལ་བྱ་བར་བཤད།། གཞུང་དང་མཐུན་པ་རྙེད་ན་ལེགས། ། དེ་དག་གང་ཡང་མ་རྙེད་ན།། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་ལྷ།། ཡིད་ལ་དྲན་ཞིང་གསལ་བསྒོམ་ནས།། སྔགས་དང་བྱ་བ་མ་ནོར་ན།། དེས་ཀྱང་བྱ་བར་གཞུང་ལས་བཤད། ། དེ་དག་རིང་ཐུང་ཚད་བསྟན་པ།། སོར་བཞི་པ་དང་སོར་བརྒྱད་པ།། བཅུ་གཉིས་དག་ཏུ་བཤད་པ་སྟེ།། དེ་ལས་ཐུང་བར་མ་གསུངས་ཤིང།། དེ་ལས་རིང་བར་ཡང་མ་བསྟན།། སོར་བཞི་འབྱུང་བ་བཞི་ཡི་ཚད། ། སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད།། བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཏེ།། རྟགས་དང་སྦྱར་ཏེ་དེ་རྣམས་བསྟན།། རྟགས་ཕྱིན་པ་ཡི་ལྕགས་རྣམས་ཀྱིས།། དེ་ཡི་ཡོན་ཏན་བཤད་པ་ནི།། དཔེར་ན་ནགས་ཀྱི་སྡོང་པོ་ལ། ། སྔོན་ཆད་བཅད་པའི་སྟྭ་རེ་དག། དེ་དག་ཡོད་པར་གྱུར་ན་ནི།། ཆོད་མི་ཆོད་ཀྱི་ཐེ་ཚོམ་མེད།། དེ་དག་སྔོན་ཆད་མ་བཅད་པས།། ཆོད་དམ་མི་ཆོད་ཡོངས་མ་ངེས།། དེ་བཞིན་རྒྱུ་ཡང་དེ་དང་འདྲ།། མདོར་ན་རྣལ་འབྱོར་རྩལ་མཆོག་གཅེས། ། རེ་ཞིག་དེ་ཡང་སྐྱོན་མེད་དེ།། ཡོན་ཏན་ཡོད་པར་འདི་ལས་བསྟན།། ནག་པོའི་ཤིང་གི་དུག་ཅན་ལས།། ཕུར་པ་བྱས་པའི་ཕན་ཡོན་ནི།། ནག་པོ་གཞན་གྱིས་མི་ཚུགས་ལ།། དུག་གིས་ཕ་རོལ་གསོད་པར་བྱེད། ། ཚེར་མ་ཅན་གྱི་ཤིང་རྣམས་ནི།། སྐྱེར་པས་ཚེ་དང་ལོངས་སྤྱོད་འཕེལ།། མཛོ་མོས་དབང་དུ་བྱ་བ་འགྲུབ།། གཞན་ཡང་ཁ་དོག་རིགས་སུ་སྦྱར།། མདོར་ན་བདེ་གཤེགས་ས་བོན་གྱིས། ། བྱིན་གྱིས་བརླབ་པ་གཅེས་བར་བཤད།། དེ་བས་ཀྱང་ནི་དམ་ཚིག་གཙོ།། རྣལ་བྱོར་རྣམས་ལ་དམ་པར་བསྔགས།། དང་པོར་གཞུང་ལས་བསྟན་པ་བཞིན།། དེ་དག་མ་ནོར་བཤམ་པར་བྱ།། ཚོགས་པས་ཐེ་ཚོམ་མེད་ཅེས་བྱ། ། བཤམས་པས་བྱ་བ་ཆུད་མི་ཟོས།། ཀུན་གྱི་རྒྱུ་ནི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་བསྔགས་པ་སྟེ།། རྒྱུ་ནི་རྒྱལ་པོར་རང་ཤར་བའོ།། གཞན་ཡང་ཕུར་པའི་རྒྱུ་བསྟན་པ།། ཟངས་ལྕགས་འཁར་བ་གང་ཡོད་པར། ། དེ་ཡང་དོད་ཅིང་ལེགས་པར་བྱ།། མ་དོད་པ་ཡི་སྐྱོན་རྣམས་ནི།། གང་དགར་བྱས་ན་ཚུལ་ལས་ཉམས།། སྟམ་ཅོལ་བྱས་ན་བཀའ་ལས་འགལ།། རྙེད་བཙན་བྱས་ན་བྱིན་རླབ་ཆུང།། ཡོད་བཙན་བྱས་ན་སྒོམ་མི་བདེ། ། ངན་དགུར་བཤམས་ན་རྟོག་པར་འགྱུར།། ལེགས་པར་བྱས་ན་ཡི་རང་ཞིང།། ཚོགས་པར་བསགས་ན་གཞུང་དང་མཐུན།། དད་པར་བྱས་ན་དང་བ་སྐྱེ།། བཀའ་བཞིན་བྱས་ན་བྱིན་རླབས་ཡོད། ། མདོར་ན་རྟོགས་པ་གཙོ་བོ་ཡིན།། རྟོགས་པའི་དོན་ལ་མཐར་ཕྱིན་ན།། རྣམ་རྟོག་ལས་འདི་ཡོངས་མི་དགོས།། མ་རྟོགས་པ་ལ་འདི་དགོས་པས།། ལོག་པའི་ཕྱོགས་རྣམས་འདུལ་སླད་དུ།། འདི་ལ་རྒྱུ་བཤམ་འབྱུང་བ་ཡིན། ། མི་རྟོག་པ་ལ་རྟོག་མི་དགོས།། རྣམ་པར་རྟོག་ལ་ཁྲོ་འདུལ་བཟང།། ཉོན་མོངས་པ་ལ་གཉེན་པོ་འཇེབས།། རྟོག་པ་བསལ་བར་བཤམ་པ་གཅེས།། གཞན་ལ་ཚུགས་ན་གྲངས་མང་ཟློས། ། རྟགས་ཕྱིན་འདོད་ན་ཡུན་དུ་བསྲིང།། དོན་ལ་རུབ་ན་མ་ཡེངས་ཀྱིས།། རིངས་པར་འདོད་ན་བརྩོན་འགྲུས་སྐྱེད།། དོན་འདི་ཡིད་ལ་བཞག་ནས་ཀྱང།། སྔགས་པས་དེ་ལ་ནན་ཏན་སྐྱེད།། འདི་ནི་ཕུར་པའི་རྒྱུ་བསྟན་པའི་ལེའུ་སྟེ་བཞི་པའོ། །།། ཕུར་པ་ཇི་ལྟར་བསྒོམ་པ་ཡི།། དོན་འདི་ཡང་དག་བསྟན་པ་ནི།། ངེས་པ་ཉིད་དུ་བཤད་བྱ་སྟེ།། བྱིན་གྱིས་བརླབ་པས་ཐབས་ལ་ནི།། ངེས་པར་རྣམ་པ་ལྔ་ཡོད་དེ། ། གཉིས་སུ་མེད་པར་བྱིན་བརླབ་དང།། ཁྲོ་བོ་ཆེན་པོར་བྱིན་བརླབ་དང།། ཤིན་ཏུ་བརྗིད་ཆེ་བྱིན་བརླབ་དང།། ཕུར་པ་རྫས་སུ་བྱིན་བརླབ་དང།། མཐུ་དཔུང་ཆེ་བར་བྱིན་བརླབ་པའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱི་ལ་ཡ། ཧཱུཾ་ཧཱུཾ་ཧ་ཧེ་ཕཊ། ཛཿབྷྱོ་རུ་ལུ་མཱ་ར་ཡ་ཕཊ། དེ་ལ་ལག་པ་གཏིང་སྦྱར་ནས།། སོར་བཅུའི་བར་དུ་ཕུར་པ་བཅུག། བཅུ་ཡིས་བྱིན་བརླབ་ཚུལ་བཞིན་བྱ།། ཧཱུཾ་ཧཱུཾ་ཀཱི་ལ་ཡ་སརྦ་བི་ནཱ་ཡ་ཀ་སརྦ་ཏ་ཐཱ་ག་ཏ་ཧ་ཧི་ཁཱ་ཧི་ཧཱུཾ་ཕཊ། ། དེ་ནས་བྱིན་གྱིས་བརླབ་པར་བྱ།། ལྕགས་སམ་ཤིང་ངམ་གང་ཡིན་པ།། ཁྱི་ཁྲག་ར་ཁྲག་གིས་བྱུགས་ལ།། དུག་དང་མ་རུངས་པས་ཀྱང་བྱུག། ཧཱུཾ་དང་ཛཿ་དང་ཕཊ་ལ་སོགས།། སྤྲོ་བསྡུ་ཚུལ་བཞིན་བྱས་ནས་ཀྱང། ། བྱིན་བརླབ་བསམ་རྒྱུད་ངེས་པ་བཞག། ཡང་ན་བྱིན་བརླབ་ངེས་པ་ནི།། དབུ་ཡི་རྒྱ་མདུད་ཆོས་ཀྱི་སྐུ།། བར་གྱི་རྒྱ་མདུད་ལོངས་སྤྱོད་རྫོགས།། རྩེ་མོ་སྤྲུལ་པའི་སྐུ་ཡིན་ཏེ།། ཁྲོ་རྒྱལ་དཔལ་ཆེན་ཡབ་ཡུམ་དང། ། འཁོར་གྱི་དཀྱིལ་འཁོར་གསལ་བཀོད་དང།། ཕོ་ཉ་ཡང་སྤྲུལ་ལ་སོགས་པ།། ཅི་བགྱི་ལ་སོགས་རིམ་བཞིན་སྤྲོ།། འབར་འཐུང་སྔགས་ཀྱི་རྒྱལ་པོ་ཡིས།། ངེས་པར་ལེགས་པའི་ཕུར་པ་ལ།། ཡང་དག་བརྟན་པས་བྱིན་གྱིས་བརླབས། ། རྣལ་འབྱོར་སྔགས་ཀྱི་བློ་ལྡན་པས།། དམ་པའི་དོན་དུ་གཞུང་བསྲང་ནས།། དྲག་པོས་བཟླས་ལ་ཡིད་རྩོམ་བྱ།། ངེས་པར་སྙིང་པོ་འབྲུ་བཀོད་དེ།། ཆོ་ག་གསུམ་གྱི་སྦྱོར་བ་ཡིས།། ཙ་ན་ཀ་ཙམ་དགོད་པར་བྱ། ། རིམ་པས་འཕྲོ་བ་མང་པོ་ཡིས།། སྟོང་གསུམ་འཇིག་རྟེན་ཕུར་པས་བརླབ།། མཐའ་ཡས་སེམས་ཅན་ལ་སོགས་པ།། བསྒྲལ་བའི་དངོས་པོ་གང་ཡིན་པ།། རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ནས། ། རྣམ་ཤེས་སྙིང་གི་དཀྱིལ་འཁོར་དུ།། བྱང་ཆུབ་སེམས་ཀྱི་རྩེ་གཏད་དེ།། དཀར་ནག་མཚམས་སུ་བརྒྱབ་ནས་ཀྱང།། དགེ་སྡིག་ལས་ཀྱི་གཤག་ཕྱེ་སྟེ།། རྣམ་པར་རྟོག་པའི་སྡིག་སྦྱངས་ནས།། མཎྜལ་འོད་ཀྱི་འདུལ་སྦྱོང་གིས། ། དུག་གསུམ་རིམ་པར་བཅོམ་ནས་ཀྱང།། ཧ་ཏ་ཁ་ཡིས་བརྔམ་པ་བྱས།། གསེར་ཞུན་བཞིན་དུ་སེམས་གནས་པ།། འཕྲོ་བའི་དགོངས་པས་བཏེགས་ནུས་ཀྱང།། གཉིས་མེད་ཡུམ་གྱི་མཁའ་ལ་བསྟིམ། ། ངེས་པར་རིམ་གྱིས་སྲས་བྱས་ལ།། ཨོཾ་ཨཱཿཧཱུཾ་གིས་བྱིན་བརླབས་ཏེ།། སྐུ་གསུང་ཐུགས་སུ་གསལ་བྱས་ནས།། ཕྱིར་ཡང་ངན་སོང་སྒོ་གསུམ་བཅད།། རྣམ་རྟོག་བསྒྲལ་བའི་ཞིང་བཅུར་བརླགས།། བསྒྲལ་བ་དབྱིངས་དང་ཡེ་ཤེས་ཏེ། ། དོན་དུ་ཐབས་དང་ཤེས་རབ་ལ།། ཆོས་ཀྱི་སྐུ་ཡི་བྱིན་རླབས་ཀྱིས།། རྣམ་པར་དག་པའི་ངང་དུ་བསྒོམ།། འདི་ནིཕུར་པ་བསྒོམ་པའི་ལེའུ་ལྔ་པའོ།།།། བྱིན་གྱིས་བརླབ་པ་བསྟན་པ་ནི། ། རྒྱ་མདུད་རྩ་བའི་ལོགས་སུ་ནི།། ཆོས་ཀྱི་སྐུ་ཡི་ཁྲོ་བོར་བརླབ།། ལོགས་བརྒྱད་ཁྲོ་མོ་བརྒྱད་ཡིན་ཏེ།། བར་ཀྱི་རྒྱ་མདུད་ལོངས་སྤྱོད་རྫོགས།། རྩེ་མོ་སྤྲུལ་པའི་སྐུར་བརླབ་སྟེ།། དོན་དུ་མངའ་གསོལ་འདི་སྐད་དོ། ། ཧཱུཾ་བཞི་གསལ་འཕྲོ་ཧཱུཾ་ལས་བཞི་ཚོགས་བརྒྱད།། དབུ་ལ་རྒྱ་མདུད་བསྟན་པས་ཁྲོ་རྒྱལ་བཅུ།། རྩིབས་ལ་ལོགས་བརྒྱད་པ་བསྟན་པས་ཁྲོ་མོ་བརྒྱད།། རྩེ་མོ་ཟུར་གསུམ་བསྟན་པས་སྐུ་གསུང་ཐུགས། ། ཁོང་སྟོང་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས།། ཁྲོ་རྒྱལ་འདས་པའི་སྲས་མཆོག་ཀཱི་ལ་ཡ།། ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ།། མ་གཡོས་ཆོས་མཆོག་སྐུ་གསུང་ཐུགས་ཀྱི་བདག། སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས། ཐུགས་རྗེས་བྱེ་བྲག་དབྱིངས་སུ་སྒྲོལ་མཛད་པ།། ཐབས་ཀྱིས་བསྒྲལ་བའི་སྐལ་དང་མི་ལྡན་ཡང། ཤུགས་ཀྱི་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ།། ཨོཾ་བཛྲ་གྷ་གྷ་གྷཱ་ཏ་ཡ། ། སརྦ་པཱ་པཾ་ཀཱི་ལ་ཡ་དྷ་རོ། ཨཱ་ཛྙཱ་པཱ་ཡ་ཏི།། ཀཱ་ཡ་ཝཱཀ་ཙིཏྟ་ཧཱུཾ་ཧཱུཾ་ཕཊ་ཕཊ།། བྱིན་རླབས་མཚམས་བཅད་དྲག་པོ་ཡིས།། དབང་བསྡུས་ཡོངས་སུ་སྤང་བར་བྱ།། ཐབས་ལ་མཁས་པའི་བྱིན་རླབས་ཀྱིས།། ཡོངས་ཀྱིས་བསྡུ་ཞིང་གཟིར་བ་དང། ། ཐབས་ཀྱི་དབང་དུ་བྱ་བའི་ཕྱིར།། འབར་བའི་ཐུགས་རྗེས་མཚམས་བཅད་དོ།། འདི་ནི་ཕུར་བུ་བྱིན་རླབས་ལེའུ་དྲུག་པའོ།།།། བརྡེག་པའི་དུས་ཚོད་བསྟན་པ་ནི།། གནམ་སྟོང་དང་ནི་ཚེས་བརྒྱད་ལ། ། བཅོ་ལྔ་ཉི་ཤུ་གཉིས་ལ་བྱ།། མིག་དམར་ཕུར་བུ་གཟའ་རྣམས་ཀུན།། བརྡེག་པའི་དུས་ལ་འབབ་པར་ཤེས།། དང་པོ་དཀྱིལ་འཁོར་གཞུང་བཙུགས་ཏེ།། བསྙེན་བསྒྲུབ་ཆོ་ག་ཚང་བྱས་ནས། ། འཛབ་གྲང་བསྙེན་པ་འབུམ་དུ་གདོན།། བཟླས་བརྗོད་ཉིན་མཚན་བར་མི་གཅད།། རྟགས་དང་མཚན་མ་ཕྱིན་པ་དང།། བརྡེག་པའི་དུས་ལ་བབ་པར་ཤེས།། ནམ་གྱི་གུང་དང་ཉི་མ་དྲོས།། དེ་ལ་བརྡེག་པའི་རབ་ཏུ་ཤིས། ། དུར་ཁྲོད་ཆེན་པོ་གང་ན་བར།། བསྒྲལ་བ་ལ་སོགས་ཚུལ་བཞིན་བྱ།། རྒྱ་གྲམ་ལམ་གྱི་གང་ན་བར།། བརྡེག་པ་ལ་སོགས་ཚུལ་བཞིན་བྱ།། འདི་དག་བརྡེག་པའི་དུས་ཚོད་ཀྱང།། སྲོད་ལ་ཞུགས་པས་ཐོ་རངས་ཁ། ། འདི་དག་བརྡེག་པར་ཡོང་མི་བྱ།། འདི་དག་བརྡེག་པར་བྱ་བ་ནི།། ཡུན་ནི་ལོ་དང་ཟླ་ཙམ་ནི།། གྲངས་ནི་བྱེ་བ་འབུམ་དུ་བཟླས།། མཆོད་པ་དུས་དྲུག་རྒྱུན་མི་གཅོད།། ཆོ་ག་བཟླས་བརྗོད་ཚང་བྱས་ནས། ། དབང་པོ་མངོན་པར་ཁུག་ན་རབ།། ཐ་ན་མིག་རྣོན་ལ་སོགས་པས།། དེར་ནི་ངེས་པར་འོང་བ་ཡིན།། བྱ་བ་ལ་སོགས་མཚན་མ་ལ།། བརྡེག་པའི་དུས་ཚོད་ཡིན་པར་ནི།། རྣལ་འབྱོར་པས་ནི་ཤེས་པར་བྱ། ། གཞན་ཡང་བརྡེག་པའི་དུས་ཚོད་ནི།། དང་པོར་བསྒྲུབ་པ་ཁས་བླངས་པ།། མ་ཐོན་བར་དུ་དུས་ཚོད་མིན།། ཚང་ནས་བརྡེག་པའི་དུས་ཚོད་ནི།། བླ་དགུག་པ་ཡི་ཕོ་ཉ་ལ།། འདི་དག་བཏང་ནས་བརྡེག་བྱ་སྟེ། ། ཧཱུཾ།། དཔལ་གྱི་ཕོ་ཉ་ལས་མཁན་མོ།། དམར་དཀར་ཡངམོ་དུང་གི་མཆེ་བ་ཅན།། མཁའ་ལ་འབྱུང་བའི་མཛོད་བསྐྱིལ་མ།། ལག་ན་སེམས་ཅན་སྲོག་གཅོད་མ།། ཞལ་ནི་སེམས་ཅན་ཡོངས་སུ་གསོལ། ། བསྐལ་པའི་ཐོག་ཐོག་ཆར་བར་འབེབས།། བསྐལ་པ་བརྒྱད་ཀྱི་ཕ་རོལ་ན།། དམ་ཉམས་དགྲ་བོའི་བླ་འདྲེན་མ།། དགྲ་བོའི་བླ་ལ་ནན་མ་ཆུང།། ནག་མོ་ལྕགས་ཀྱི་ལན་ཚར་ཅན།། ཁྱུང་གི་ཁ་ཐོགས་གཡས་པ་ན། ། བྷནྡྷ་གྲི་ཐོགས་གསོད་ལ་རྔམས།། ཚངས་པ་བསྐྱིལ་བའི་ཆ་ལུགས་ཅན།། མི་སྡུག་མགོ་ལ་གཅེར་བུའི་ལུས།། བསྐལ་པ་བརྒྱད་ནས་བླ་ཚོལ་ཚོལ།། དཔག་ཚད་བརྒྱད་ནས་སྲོག་འགུགས་འགུགས། ། དགྲ་བོའི་བླ་དང་སྲོག་ལ་ཡ།། དམར་མོ་ཆེན་མོ་མེ་འགྲོ་མ།། གདུག་པ་འདུལ་བ་གང་བ་ལས།། གསོད་ལ་རྔམས་པ་ལས་ལ་བཙོན།། མཆེ་གཙིགས་གཡང་གཞི་གོས་སུ་གྱོན།། རབ་ཏུ་མི་སྲུན་བླ་འགུགས་པ། ། དམ་ཉམས་དགྲ་ལ་ས་མ་ཡ།། ལྗང་ནག་བསྒྱིངས་པའི་ཐོད་གདེངས་ཅན།། སེར་མོ་རལ་ཅན་འབུམ་གྱིས་བསྐོར།། སྔོན་ནས་དགྲ་བོའི་བླ་འགུགས་མ།། གང་ལ་བྱ་བ་གྲུབ་པར་བྱོས།། ནམ་མཁའི་ལྷ་མོ་ཕུར་པའི་ལྷ། ། ལག་བརྒྱ་གཟུགས་ཀྱི་ཕུར་པ་འདྲིལ།། སྤྱན་བརྒྱ་ཁྲག་གིས་མཆི་མ་འཛག། ཞལ་བརྒྱ་གདུག་པའི་སྔགས་ཟོར་ཟློ།། ཚེམས་ཀྱིས་སྐྱེ་ཤི་རྩད་ཀྱང་ཆོད།། ཕུར་པའི་ལས་མཁན་ཆེན་མོ་ལ།། རབ་ཏུ་མི་སྲུན་ལས་ལ་བརྩོན། ། གང་ལ་བྱ་བ་གྲུབ་པར་བྱོས།། གཞན་ཡང་ཕོ་ཉ་གྲངས་མེད་ཀུན།། དེ་དག་ལས་ལ་གཏང་བར་བྱ།། དེ་དག་མངོན་པར་ཁུགས་པ་དང།། ཏིང་འཛིན་རབ་འབྲིང་གསུམ་དུ་བྱ། རབ་ཀྱིས་མངོན་དུ་ཁུག་པར་བྱ། ། འབྲིང་གིས་ལངྒི་འགུལ་བར་བྱས།། ཐ་མས་ཉམས་དང་རྟགས་ཙམ་འོང།། གཟོད་ཅིག་བརྡེག་པའི་དུས་ཚོད་ཡིན།། དེ་རྣམས་མེད་པར་དུས་ཚོད་མིན།། ཆོ་ག་ཚང་བར་གྱུར་ན་ནི།། བརྡེག་པའི་དུས་ཚོད་ཡིན་པར་ནི། ། དུས་ལ་བབ་པར་ཤེས་པར་བྱ། འདི་ནི་བརྡེག་པའི་དུས་ཚོད་ལེའུ་བདུན་པའོ།།།། དམ་ཚིག་གང་ཡིན་བསྟན་པ་ནི།། གཞི་ནི་དམ་ཚིག་གཙོ་བོ་སྟེ།། དམ་ཚིག་མ་ཉམས་གཞུང་ཚུགས་ན། ། འདི་དག་འགྲུབ་པར་འགྱུར་བར་བཤད།། ཉམས་པ་འགྱུར་པས་མི་འགྲུབ་སྟེ།། སླར་ལ་རང་ཉིད་རླག་པར་འགྱུར།། སྐུ་ཡི་དམ་ཚིག་འདའ་དཀའ་བའི། གསུང་གི་དམ་ཚིག་བར་མི་གཅད།། ཐུགས་ཀྱི་དམ་ཚིག་གསང་ཐུབ་པས། ། ལས་ནི་བརྩམས་ནས་འགྲུབ་ཅེས་ནི།། དཔའ་བོ་ཁྲོ་བོས་ཡང་དག་བཤད།། དམ་ཚིག་དག་པ་འདི་ཡིས་ནི།། རྒྱལ་བ་མཉེས་ཏེ་དངོས་གྲུབ་ཐོབ།། བཀའ་བཞིན་སྤྱོད་ལ་གཞུང་བཞིན་བསྒྲུབ། ། ངེས་པའི་དམ་ཚིག་དམ་པ་ཡིན།། ངེས་པའི་དམ་ཚིག་བསྟན་པར་ནི།། ཡང་དག་རྒྱལ་པོས་ཡང་དག་གསུངས།། འདི་ནི་དམ་ཚིག་བསྟན་པའི་ལེའུ་བརྒྱད་པའོ།།།། ལྟ་བ་ཅི་ལ་དམིགས་པ་ནི། ། ཡང་དག་ཉིད་དུ་བསྟན་བྱ་སྟེ།། ལྟ་བའི་རྒྱལ་པོ་ངེས་པའི་དབྱིངས། གཟོད་ནས་མ་སྐྱེས་སེམས་ཀྱི་དབྱིངས།། རྣམ་པར་དག་པ་ཡུམ་གྱི་ཚུལ།། མ་སྐྱེས་མི་འགག་ཐབས་ཀྱི་སྐུ།། རིགས་པའི་རྒྱལ་པོ་རང་བྱུང་བས། ། ཐམས་ཅད་མ་ལུས་དབང་དུ་སྡུད།། ཐབས་ཀྱི་རྒྱལ་པོར་བདག་གནས་པས།། འགྲོ་ཀུན་བླ་ན་མེད་པར་སྒྲོལ།། ཆོས་ཀྱི་རྩ་བ་སེམས་ཡིན་པས།། བརྟག་པའི་དོན་དུ་རང་སེམས་བཟང།། རང་གི་སེམས་ཀྱི་དོན་རྟོགས་ཤིང། ། མཉམ་པའི་རྒྱལ་པོ་ཀློང་གྱུར་ན།། ཞལ་ནས་གསུངས་པ་ཐམས་ཅད་དང།། ཚིག་ཏུ་བརྗོད་པ་བསྙེན་པ་ལ།། ཐུགས་ལ་དགོངས་པ་ཏིང་འཛིན་ཏེ།། ཕྱག་གིས་བསྒྱུར་བ་ཕྱག་རྒྱ་སྟེ། ། ཕུར་པའི་ཕྱག་རྒྱ་ལྔ་རུ་བཤད།། ཕུར་པ་དམ་ཚིག་ཕྱག་རྒྱ་ནི།། ལག་པ་གཉིས་ཀྱི་རྟིང་སྦྱར་ནས།། གུང་མོ་རྩེ་སྤྲད་དྲག་ཏུ་གཟིར།། དེ་ནི་ཕུར་བུའི་དམ་ཚིག་རྒྱ།། ཆང་བས་སོར་བརྒྱད་རིམ་པས་བཟུང།། གུང་མོ་རྩེ་མོ་མན་ཆད་ལ། ། ཕུག་པ་བརྡེག་པའི་ཕྱག་རྒྱ་ཡིན།། ལག་པ་གཉིས་ནི་ཐལ་སྦྱར་ནས།། གུང་མོ་རྩེ་སྤྲད་མཐེའུ་ཆུང་བརྒྱད།། སྲིན་ལག་འཛུབ་མོ་རྒྱབ་བསྣོལ་ཏེ།། མཐེ་བོང་གཤིབས་ཏེ་རབ་ཏུ་དྲིལ།། འདི་ནི་ཕུར་པ་དྲིལ་བའི་རྒྱ། ། ལག་པ་གཉིས་ཀྱི་རྟིང་སྤྲད་ནས།། སོར་བཅུ་ཁྲོ་བཅུར་བྱིན་རླབས་ཏེ།། སྲས་མཆོག་དཀྱིལ་དུ་གཞག་ནས་ནི།། བྱིན་གྱིས་བརླབ་པ་བྱས་ན་ནི།། ཕུར་པ་བྱིན་གྱིས་བརླབས་པའི་རྒྱ།། མཐེབ་མཛུབ་གཉིས་ཀྱི་བར་དུ་ནི། ། ཕུར་པ་བཅུག་ལ་ཡར་འཕངས་པས།། བབས་པས་བརྡེག་པའི་གཟུགས་ལ་བསྐུལ།། འདི་ནི་ཕུར་པ་བསྐུལ་བའི་རྒྱའོ།། དོན་དུ་ཕྱག་རྒྱ་ལ་སོགས་པ།། ཡང་དག་རྟོགས་ན་ཀུན་ཡང་རྒྱ། ། མ་རྟོགས་མཚན་མས་རྟོག་པའི་ཞིང། རྟོག་པའི་རྒྱུ་ཉིད་ཆོས་ཉིད་ལ། འཁོར་བའི་རྒྱུ་ཉིད་བྱང་ཆུབ་སྟེ།། བསད་པ་འབའ་ཞིག་ལས་སུ་རུང།། རྣམ་རྟོག་སེམས་ཅན་ཀུན་བསད་ན།། དམ་པའི་བདེ་གཤེགས་ཀུན་མཉེས་ཏེ། ། ངེས་པར་ལེགས་པའི་དགོངས་པ་འཕེལ།། སངས་རྒྱས་བཀའ་ལས་དེ་ལྟར་འབྱུང།། དམ་པ་སེམས་ཀྱི་རང་བཞིན་པའོ།། ལྟ་བ་འདི་ལ་དམིགས་པས་བྱ། འདི་ནི་ལྟ་བ་དམིགས་པའི་ལེའུ་དགུ་པའོ། །།། ཡོ་བྱད་རྫས་རྣམས་བསྟན་པ་ནི།། སྦྱང་དུག་ལ་སོགས་དུག་རྣམས་ཀྱི།། དྲག་པོས་བསྒྲལ་ཕྱིར་བསད་པར་འབྱུང།། ཁྱད་པར་ལ་སོགས་གཏོར་མ་ནི།། མཁའ་འགྲོ་སྐུལ་ཕྱིར་དགོད་པར་འབྱུང། ། ཟངས་ལྕགས་མཆོག་ཏུ་ཚེར་མ་ཅན། དྲག་པོས་གདུལ་ཕྱིར་གོང་བཞིན་བཤམ།། རྐང་རྗེས་ས་དང་དྲི་མ་རྣམས།། ངེས་པར་ཡོད་ན་བཟང་བར་བསྟན།། གཞན་ཡང་ཕུར་པའི་རྫས་རྣམས་ཀུན།། གོང་ནས་འབྱུང་བ་དེ་ཤེས་བྱ། ། འདི་ནི་ཡོ་བྱད་རྫས་ཀྱི་ལེའུ་བཅུ་པའོ།།།། རྟགས་ཀྱི་ཞགས་གྲངས་བསྟན་པ་ནི།། ཁྱད་པར་བསྙེན་པ་གཞུང་བཙུགས་ཏེ། བཀའ་ཡི་སྒྲུབ་པ་ཚུལ་བཞིན་དུ།། གཞུང་ལས་འབྱུང་བ་དེ་བྱས་ན། ། རབ་ཀྱིས་ཟླ་བ་གཅིག་གིས་འགྲུབ།། རྟགས་ནི་ཞག་བདུན་ཉིད་ཀྱིས་འགྲུབ།། འབྲིང་པོས་ལོ་གཅིག་བྱས་ན་འགྲུབ།། རྟགས་ནི་ཟླ་བ་ཕྱེད་ན་ཕྱིན།། ཐ་མས་ལོ་གསུམ་ཚུན་ཆད་ཀྱིས།། འགྲུབ་པར་འགྱུར་ཏེ་གདོན་མི་ཟ། ། རྟགས་ནི་ལོ་དུས་དག་ན་འགྱུར།། ཡན་ལག་བསྐུམས་པའི་ནད་ལ་སོགས།། རྟགས་རྣམས་ཀུན་ནི་ཚུལ་བཞིན་འབྱུང།། འདི་ནི་ཕུར་པ་རྟགས་བསྟན་པའི་ལེའུ་བཅུ་གཅིག་པའོ། །།། འདི་བརྩམས་དགོས་ཆེད་ཡོན་ཏན་ནི།། སེམས་ཅན་གང་ཟག་ཕལ་པ་དག། རས་ཆོད་བྱེད་པའི་ཚུལ་ལས་ཉམས།། བཀའ་འགལ་བྱེད་ཅིང་དཀྱིལ་འཁོར་འདྲལ།། མ་ཉེས་འཇོམས་ཤིང་སྐུར་པ་འདེབས། ། དེ་ལ་འདི་བརྩམས་དགོས་ཆེད་ཡོད།། དོན་འདི་མ་ནོར་གང་སྤྱོད་པ།། ཀཱི་ལ་ཡ་ཡི་ཡོན་ཏན་ནི།། ཚེ་རིང་ནད་ཀྱང་མེད་པ་དང།། དཔལ་དང་འབྱོར་པ་འཕེལ་བ་དང།། གདོན་དང་འབྱུང་པོ་ཐུལ་བ་དང། ། ལྷ་སྲིན་མཐུ་ཆེན་ཀུན་འཁོལ་དང།། དྲེགས་པ་དབང་ཕྱུག་བཀའ་ཉན་དང། ཅི་བགྱི་ལ་སོགས་བྲན་བཞིན་འཁོར།། འཇིག་རྟེན་འདིར་ཡང་ཀུན་བསམ་འགྲུབ།། གཞན་ཡང་ཡོན་ཏན་བརྗོད་མི་ལང། ། འཇིག་རྟེན་ཕ་རོལ་དག་ཏུ་ཡང།། བསྒྲལ་བ་དག་ཀྱང་མཐོ་རིས་ཐོབ།། བདག་ཀྱང་བྱང་ཆུབ་གཉིས་སུ་མེད།། བསམ་པ་འབྱོར་པའི་ཤེས་རབ་ལགས།། ཆོས་ཀྱི་སྐུ་དང་དབྱེར་མེད་ན།། ངན་སོང་གསུམ་པོ་སྒོ་བཀག་ནས། ། ཐར་པ་བདེ་བའི་གནས་ཀྱང་འདྲེན།། སྡིག་ཅན་བསད་ན་ལས་ངན་བཅད།། དམ་ཉམས་བསྒྲལ་ན་བཀའ་གཞུང་བརྟན།། ཕྱོགས་སྤྱོད་ཡིན་ནམ་ལོག་བསྒྲལ་ན་དཀྱིལ་འཁོར་བརྟན།། སྐུ་དགྲ་བསྒྲལ་ན་བར་ཆད་ཆུང། ། དེ་ནས་ཡོན་ཏན་ཐོབ་པ་ཡིན།། དེས་ན་ལེགས་པ་ཀུན་འཕེལ་ཏེ།། འབྲས་བུ་ངེས་པར་ཆུད་མི་ཟ།། བླ་མེད་གོ་འཕང་ཐབས་ཀྱང་ཆེ།། ཁྲོ་བོའི་རྒྱལ་པོ་ཐབས་མཁས་པས།། བསྒྲལ་བས་ལས་རྣམས་བྱང་བར་འགྱུར། ། དཔའ་བོ་ཆེན་པོས་ཡང་དག་བཤད།། འདི་དག་ཡོན་ཏན་བསྟན་པ་ནི།། རིག་འཛིན་རྣམ་གསུམ་འདི་ལས་འགྲུབ།། དཔལ་ལྡན་དད་པའི་འབྱོར་པས་འགྲུབ།། ལེགས་པའི་ལས་རྣམས་ཀུན་རྫོགས་ཏེ། ། གཞན་ཡང་འདོད་པའི་ཡོན་ཏན་རྣམས།། ཡིད་ལ་དམིགས་པ་བཞིན་དུ་འགྲུབ།། འདི་ནི་བརྩམས་པའི་དགོས་ཆེད་དང། ཡོན་ཏན་ཅི་འཐོབ་བསྟན་པའི་ལེའུ་བཅུ་གཉིས་པའོ།།།། དེ་སྐད་ཅེས་བཅོམ་ལྡན་འདས་དཔལ་ཀི་ལ་ཡས་བཀའ་བསྩལ་ནས། དེ་ནས་ཀརྨ་ཧེ་རུ་ཀས།། ཕྱི་ནང་གསང་བའི་མཆོད་པས་མཆོད་ནས། ཉིད་ཀྱི་སྐུ་ལ་མི་སྣང་བའི་ཚུལ་གྱིས་ཐིམ་པར་གྱུར་ཏོ། ཕུར་པ་བཅུ་གཉིས་འབྱུང་བའི་རྒྱུད་ཆེན་པོ་གསུམ་ཙམ་འགྱུར་བ་རྫོགས་སོ། །།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་དྭི་ད་ཤ་ཏནྟྲ། བོད་སྐད་དུ།། རྡོ་རྗེ་ཕུར་པ་བཅུ་གཉིས་ཀྱི་རྒྱུད། རིགས་ལྔའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྲས།
CLOSE WINDOW