CLOSE WINDOW

Gpb027.019: རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཤཀྟི་ཨ་གྲ་རཱ་ག་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང་ན། རྡོ་རྗེ་སྲིན་པོའི་ལྷ་ཚོགས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ཉིད་ལས་མི་གཞན་པའི་འཁོར་ཀརྨ་ཧེ་རུ་ཀས་འདི་སྐད་ཞུས་སོ། ། ཀྱེ་བཅོམ་ལྡན་འདས་ཉོན་མོངས་པ་སེམས་ཅན་རྒྱུ་ཅི་ལགས། རྐྱེན་ཅི་ལ་སྤྱོད། ལས་གང་སྨིན་བཀའ་སྩལ་དུ་གསོལ། ཞེས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དང་པོ་འཇིག་རྟེན་སྲིད་པའི་རྒྱུད།། ཆགས་པ་གནས་པ་ཞིག་པ་ལས།། བར་དུ་སྟོངས་པར་གྱུར་པའི་ཚེ།། དེ་ཡང་སྣོད་ཆགས་བཅུད་ཆགས་མཉམ།། དེ་དུས་ལྷ་ཡི་སྤྲུལ་པ་ནི།། བག་ཙམ་རླན་འདུས་གནས་པ་ལས། ། བྱ་རྒོད་དར་མ་གཅིག་ཏུ་སྲིད།། གཤེར་ལ་རླན་ཙམ་གྱུར་པ་ལས།། སྟག་ཆེན་དར་མ་གཅིག་ཏུ་སྲིད།། དེ་ནི་སྲིད་པའི་སྤྲུལ་པའོ།། བྱ་ཡི་ཚང་འཆའ་བའི་གནས། ཤར་ཕྱོགས་ཤེལ་གྱི་བྲག་ཁ་དཀར་པོ་རི་མཐོ་ས་གཙང་བར། བྱ་དང་སྟག་གི་ལུས་གཉིས་ནི།། མ་འཕྲད་ཡིད་ཀྱིས་ཆགས་པས་བཤོས།། སྲིད་པའི་སྒོ་ང་བདུན་དང་ཆུ་བུར་གཉིས་སུ་སྲིད། སྒོ་ང་བདུན་པོ་ནི། ཤེལ་སྒོང་དཀར་པོ་དང། དངུལ་སྒོང་སྐྱ་བོ་དང། ལྕགས་སྒོང་ནག་པོ་དང། གསེར་སྒོང་སེར་པོ་དང། ཟངས་སྒོང་དམར་པོ་དང། གཡུ་སྒོང་སྔོན་པོ་དང། མཆོང་སྒོང་སྨུག་པོ་དང་བདུན་ནོ།། ཆུ་བུར་གཉིས་ལ་ཡིད་མ་ཆེས་ནས། མཆུས་བརྟོལ་བས། བུད་མེད་བཟང་སྡུག་ལ་འོད་ཆགས་པ་བདུན་བྱུང་བས། བྱ་འགྲོགས་ཚང་བོར་རོ།། བུད་མེད་བདུན་གྱིས་ནི་སྒོ་ང་རེ་ཚགས་བྱས་སོ།། སྲིད་པའི་བྱུང་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་བུད་མེད་བདུན་ལས། གཅིག་གིས་ཤེལ་སྒོང་དཀར་པོ་བརྟོལ་བས། དེ་ནས་མི་དཀར་མདུང་ཙམ་ལ་དཔྲལ་བ་ན་མིག་གཅིག་ཡོད་པ་བྱུང། བུད་མེད་གཅིག་གིས་དངུལ་སྒོང་སྐྱ་བོ་བརྟོལ་བས། མི་སྐྱ་བོ་རའི་མགོ་ཅན་བྱུང། བུད་མེད་གཅིག་གིས་ལྕགས་སྒོང་ནག་པོ་བརྟོལ་བས། མི་ནག་པོ་ལག་པ་དགུ་པ་བྱུང། བུད་མེད་གཅིག་གིས་གསེར་སྒོང་སེར་པོ་བརྟོལ་བས། མི་སེར་པོ་མིག་དམར་ཅན་བྱུང། བུད་མེད་གཅིག་གིས་གཡུ་སྒོང་སྔོན་པོ་བརྟོལ་བས། མི་སྔོན་པོ་སྦལ་པའི་མགོ་ཅན་བྱུང། བུད་མེད་གཅིག་གིས་ཟངས་སྒོང་དམར་པོ་བརྟོལ་བས། མི་དམར་པོ་ར་སྐྱེས་ཁམ་པ་ཞོན་པ་གཅིག་བྱུང། བུད་མེད་གཅིག་གིས་མཆོང་སྒོང་སྨུག་པོ་བརྟོལ་བས། བུད་མེད་དྲུག་ལ་བཞིན་བཟང་སྡུག་ལ་འོད་ཆགས་པ་བྱུང། གཅིག་ནག་མོ་དཔྲལ་ན་མིག་གཅིག་ཁ་ན་སོ་གཅིག། བྲང་ན་ནུ་གཅིག་ཡོད་པ་བྱུང། གཅིག་གཅན་གཟན་གྱི་མགོ་ཅན་དུ་བྱུང་ངོ།། བྱུང་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་མི་དཀར་པོ་མིག་གཅིག་པ་དང། བུད་མེད་ནག་མོ་མིག་གཅིག་མ་གཉིས་མཆིས་པ་ལས། བུ་དགུ་མདའ་གཞུ་དང་མདུང་ཐོགས་པ་དང། བུ་བཅོ་བརྒྱད་སྒྱེའུ་སེར་ཅན་བཅོ་བརྒྱད་བྱུང་ངོ། མི་སྐྱ་བོ་རའི་མགོ་ཅན་དང། བུད་མེད་ཁྱིའི་མགོ་ཅན་མཆིས་པ་ལས། བྱིས་པ་སྤྲེལ་མགོ་ཉིས་བརྒྱ། བྱིས་པ་བྱི་ལའི་མགོ་ཅན་ཉིས་བརྒྱ། བྱིས་པ་བོང་བུའི་མགོ་ཅན་ཉིས་བརྒྱ། བྱིས་པ་ཁྱུང་གི་མགོ་ཅན་ཉིས་བརྒྱ་སྟེ་སྟོང་ངོ། ཉིས་བརྒྱ་གཅིག་ཆན། མི་ནག་པོ་ལག་དགུ་པོ་དང། བུད་མེད་བཟང་མོ་གཅིག་མཆིས་པས། བུ་ཁྱེའུ་གཉིས་བུ་མོ་གསུམ་སྟེ་ལྔ་བྱུང་ངོ། མི་སེར་པོ་མིག་དམར་ཅན་དང། བུད་མེད་བཟང་པོ་གཅིག་རྩེས་པས། ཁྱེའུ་གཉིས་བུ་མོ་གསུམ་སྟེ་ལྔ་བྱུང་ངོ།། ཆུ་བུར་གཅིག་བརྟོལ་བ་ལས། བུད་མེད་དཀར་པོ་དབྲལ་ན་མིག་གཅིག་ཡོད་པ། བུད་མེད་སེར་མོ་རལ་གཅིག་གནམ་དུ་བསྒྲེང་བ། བུད་མེད་དམར་མོ་ལྕགས་ཀྱུ་ཐོགས་པ། བུད་མེད་སྔོན་མོ་དབྱུག་ཏོ་ཐོགས་པ་བཞི་བྱུང་སྟེ། རྩེས་པ་དང་སྐྱེས་ལུགས་ཀྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་མི་དཀར་པོ་བུ་སྨད་བཅས་པས། འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཐམས་ཅད་ལ་གནོད་པ་སྣ་ཚོགས་བྱས། སྲོག་གཅོད་པ་དང། ཤ་ཟ་བ་དང། ཁྲག་འཐུང་བ་དང། མདངས་འཕྲོག་པ་དང། དབུགས་རྔུབ་པ་ལ་སོགས་པ་བཀྲེན་ཞིང་དབུལ་བ་རྣམས་བྱེད་པར་འགྱུར་རོ། ། དེའི་ཚེ་རིགས་ལྔ་བདེ་བར་གཤེགས་པའི་སྤྱན་གྱིས་མ་བཟོད་ནས། ཐུགས་རྗེ་སྐྱེས་ཏེ་ཞི་བས་བདེན་པའི་ཆོས་གསུངས་པས་ཐུལ་བར་མ་གྱུར་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུར་སྐུ་སྤྲུལ་ཏེ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བཞུགས་སོ། ། སྐུ་མདོག་སྔོན་པོ། ཕྱག་གཡས་དང་པོ་རྡོ་རྗེ་རྩེ་དགུ་བསྣམས། བར་པ་རྩེ་ལྔ་བསྣམས། གཡོན་དང་པོ་མེ་དཔུང་འབར་བ་བསྣམས། བར་པ་ཁ་ཊྭཱཾ་རྩེ་གསུམ་བསྣམས། ཐ་མ་གཉིས་རི་རབ་ཕུར་པ་འདྲིལ་བ། སྐྲ་ཉི་ཁྲི་ཆིག་སྟོང་བ་སྤུ་བྱེ་བ་འབུམ་རྡོ་རྗེས་གཏམས་པ། སྨིན་མ་དྲུག་གློག་བཞིན་འགྱུ་བ། སྤྱན་དགུ་ཚྭ་ཚྭ་འཕྲོ་བ། ཤངས་བུག་དྲུག་རླུང་ནག་འཚུབས་པ། སྙན་དྲུག་འབྲུག་ལྡིར་བ། ཞལ་གསུམ་ཀཱི་ལ་ཡ་དང་རུ་ལུའི་སྒྲ་སྒྲོགས་པས་ས་བཞི་གཡོ་བ། སྐུ་རི་རབ་ཙམ་དུ་བཞེངས། ཞལ་བར་སྣང་ཙམ་དུ་གདངས་ཏེ་གསོལ་ནས། འཕོངས་སུ་བཏོན་པས། འདོད་བྲེད་ནས་ལུས་འདར་ཡེད་ཡེད། མིག་སྔོ་ཧྲིག་ཧྲིག་བྱུང་ནས། བདེ་བར་གཤེགས་པ་ཁྱེད་རང་ལ་སྐྱབས་སུ་འཆིའོ།། བདག་མ་བཀུམ་ཐུགས་རྗེས་གཟུང་དུ་གསོལ། བདག་གི་བུ་སྨད་འཁོར་དུ་བཞེས་སུ་གསོལ། བདག་གི་སྐུ་མདོག་དཀར་པོ་འདི་བཞེས་ལ་ཞལ་གཡས་དཀར་སྟོན་པར་མཛོད་ཅིག། དེར་བྷ་ག་ཝཱན་གྱིས་བཀའ་སྩལ་པ། དངོས་གྲུབ་བར་ཆད་བྱེད་པའི་དགྲ།། གདུག་ཅིང་ཕུང་སེམས་ལྡན་པ་རྣམས། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཅེས་གསུངས་པས། ཁོས་སྲོག་གི་སྙིང་པོ། ས་རི་ས་ཉ་རི་ས་ཛཿ། ཞེས་ཕུལ་ལོ།། བུ་དགུ་དང་བཅོ་བརྒྱད་ཆུང་མ་ནག་མོ་ཚོ་ཕུལ་ནས། དབང་དང་བྱིན་རླབས་ཞུས་སོ། ། གསད་གསོལ་དབབ་གཅད་ཀྱིས་ལས་བྱ་བར་ཁས་བླངས། མིང་བཏགས་པ། རྒྱལ་པོ་བློ་གྲོས་སྤྱན་གཅིག་པ་དང། ཆུང་མ་ལ་བདག་ཉིད་ཆེན་མོར་མིང་བཏགས་སོ།། དེས་ཐོད་པའི་ཕྲེང་བ་ཡང་ཕུལ་ལོ། ། བུ་དགུ་ལ་འགོང་པོ་སྤུན་དགུར་མིང་བཏགས་སོ།། བུ་བཅོ་བརྒྱད་ལ་ཡུལ་བློན་བཅོ་བརྒྱད་དུ་བཏགས་སོ།། མི་རིང་སྐྱ་བོ་རའི་མགོ་ཅན་དང། ཆུང་མ་ཁྱིའི་མགོ་ཅན་གཉིས་ཀྱིས། བུ་སྟོང་ཚོ་དེད་ནས་སེམས་ཅན་ཐམས་ཅད་ལ་གནོད་པར་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་གཟིགས་ནས་འདི་མ་བྱེད་བྱས་པས་མ་ཐུལ། སྐུའི་ཚམ་རྔམས་བསྟན། ཡང་ཞལ་དུ་རྔུབ་པས། འདར་ཞིང་མིག་རིག་རིག་ཏུ་གྱུར་ཏེ། ཞུས་པ་བདག་གི་བུ་སྨད་འཁོར་དུ་བཞེས། བདག་གི་གོས་གླང་ཆེན་གྱི་ཀོ་རློན་འདི་བཞེས་ལ་རྒྱན་དུ་མཛོད། ཅེས་ཕུལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་གྲུབ་བར་ཆད་བྱེད་པའི་དགྲ།། གདུག་ཅིང་སྡང་སེམས་ལྡན་པ་རྣམས། ། རིངས་པར་ཁུག་ལ་སྨྲར་ཆུག་ཅིག། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཞེས་གསུངས་པས། ཁོས་སྲོག་གི་སྙིང་པོ། ཀར་ཏྲི་ཛཿཡ་ཏྲཾ། ཞེས་ཕུལ་ལོ།། གསད་གསོ་དབབ་གཅད་ཀྱི་ལས་བྱ་བར་ཁས་བླངས་སོ། ། མིང་གནམ་ཐེའུ་དཀར་པོ་རའི་མགོ་ཅན་དུ་མིང་བཏགས་སོ།། ཆུང་མས་ཞིང་གི་གཡང་གཞི་ཕུལ་ལོ།། ཤྭ་ན་མུ་ཁར་མིང་བཏགས་སོ།། བུ་ཚོ་ལ་ཐེ་བྲང་སྟོང་ཚོར་མིང་བཏགས་སོ།། མི་ནག་པོ་ལག་དགུ་འཁོར་བཅས་ཀྱིས་གྲིར་གསོད་པའི་ལས་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་མ་བྱེད་གསུངས་པས། ཁོ་མ་ཐུལ། སྤུ་ཚམ་རྔམས་རི་རབ་ཙམ་ཞལ་བར་སྣང་དུ་གདངས་ནས་གསོལ་བས་གདོད་བྲེད་ནས། འདར་ཞིང་མིག་རིག་རིག་བྱས་ནས། སྐུ་མདོག་ནག་པོ་འདི་ཡང་འབུལ། ཞལ་དབུས་མཐིང་ནག་སྟོན་པར་མཛོད། བདག་གི་ཆུང་མ་འདི་སྦྱོར་བའི་ཡུམ་དུ་བཞེས་སུ་གསོལ། བུ་ཚ་ཡང་འཁོར་དུ་འབུལ་ལོ་ཞེས་ཕུལ་བས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁོས་སྲོག་གི་སྙིང་པོ་ཏེ་བཾ་བྷྱོ་ཞེས་ཕུལ་ལོ། ། གསད་གསོ་དབབ་གཅད་ཀྱི་ལས་བྱེད་པར་དབང་བསྐུར་མིང་ནི་བདུད་རྣམས་རོལ་ཞེས་བྱ་བ་བཏགས་སོ།། ཆུང་མའི་ལག་ཏུ་རྡོ་རྗེ་གྱིན་[[]བྱིན་[]]དབང་བསྐུར། མིང་བཏགས་པ་རྡོ་རྗེ་ཡ་བྱིན་ཞེས་བྱའོ། ། ཡང་མི་སེར་པོ་མིག་དམར་པོ་ཆུང་མ་དང་བཅས་པས། ཐམས་ཅད་གསོད་ཀྱི་འདུག་པ་བཅོམ་ལྡན་འདས་ཀྱིས་འདི་མ་བྱེད་བྱས་པས་ཉན་དུ་མ་འདོད་ནས། སྐུའི་ཚམ་རྔམས་རི་རབ་ཙམ་དུ་བྱས། ཞལ་བར་སྣང་ཙམ་དུ་གདངས་ནས་གསོལ་བས། གདོད་བྲེད་ནས་འདར་ཞིང་མིག་རིག་རིག་ཏུ་བྱས། གོས་སྟག་ལྤགས་རློན་པ་འདི་ཡང་སྐུའི་ཤམ་ཐབས་སུ་བཞེས། ཆུང་མ་འདི་ཡང་སྦྱོར་བའི་ཡུམ་དུ་བཞེས། བུ་གཉིས་བུ་མོ་གསུམ་སྟེ་ལྔ་ཡང་འཁོར་དུ་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་གྲུབ་བར་ཆད་བྱེད་པའི་དགྲ།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། མངོན་སྤྱོད་ཚུལ་དུ་སྒྲོལ་བར་གྱིས། ། ཧཱུཾ་ཀཱ་ར་ཨ་གསུངས་པས། ཁོས་སྲོག་སྙིང། ཨེ་བཾ་བྷྱོ།། ཞེས་ཕུལ་ལོ།། དབང་གིས་མངོན་སྤྱོད་ཚུལ་དུ་སྒྲོལ་ཅིག་པར་བསྐུར་རོ།། མིང་ནི་གཟའ་མིག་དམར་དུ་མིང་བཏགས་སོ།། ཆུང་མ་ལ་དབང་བསྐུར་ལག་ཏུ་རྡོ་རྗེ་བྱིན་ནས། རྡོ་རྗེ་དེ་བྱིན་དུ་མིང་བཏགས་སོ།། ཡང་མི་དམར་པོ་ར་སྐྱེས་ལ་ཞོན་པ་ཆུང་མ་དང་བཅས་པས། བསྟན་པ་འཇིགས་པའི་ལས་བྱེད་ཀྱི་འདུག་འདི་མ་བྱེད་པས། ཁོ་མ་འདོད་ནས། སྐུའི་ཚམ་རྔམས་སྐུ་རི་རབ་ཙམ། ཞལ་བར་སྣང་ཙམ་གདངས་ནས་གསོལ་པས། གདོད་བྲེད་ནས་འདར་ཞིང་མིག་རིག་རིག་བྱས་ནས། བདག་གི་སྐུ་མདོག་དམར་པོ་འདི་ཡང་བཞེས། ཞལ་གཡོན་དམར་ལ་གདངས་པར་མཛོད་ཅིག་བདག་གི་ཆུང་མ་ཡང་སྦྱོར་ཡུམ་དུ་བཞེས་ཞིང། བདག་དང་བུ་ཚ་ཡང་འཁོར་དུ་བཞེས་སུ་གསོལ།། ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དངོས་གྲུབ་བར་ཆད་བྱེད་པའི་དགྲ། ། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས།། ཧ་ས་ཡ་ར་ཧྲི་ད་ན་གསུངས་པས། ཁོས་སྲོག་སྙིང་ཨེ་ཝཾ་བྷྱོ། ཞེས་ཕུལ་ལོ།། དམ་ཉམས་ཀྱི་མགོན་མ་བྱེད་ཅིག་ཅེས་དམ་བསྒྲགས་སོ། ། མིང་བཏགས་པ། བཙན་ཤུ་བོ་རྡོ་རྗེ་ཟླ་བ་ཞེས་པ་མིང་བཏགས་སོ།། ཆུང་མ་ལ་དབང་བསྐུར། རྡོ་རྗེ་བསེ་བྱིན་དུ་མིང་བཏགས་སོ།། མི་སྔོན་པོ་སྦལ་པའི་མགོ་ཅན། ཆུང་མ་དང་བཅས་པས། མཛེ་ནད་གཏོང་ཞིང་འདུག་པ། བཅོམ་ལྡན་འདས་ཀྱིས་འདི་མ་བྱེད་བྱས་པས། མ་འདོད་ནས་སྐུའི་ཚམ་རྔམས། ཞལ་གསུམ་ཕྱག་དྲུག་ཞབས་བཞི་གྱད་ཀྱི་དོར་སྟབས་སུ་འདུག་ཕྱག་གཡས་དང་པོ་རྡོ་རྗེ་རྩེ་དགུ་བསྣམས། གཡོན་དང་པོས་མེ་དཔུང་འབར་བ་བསྣམས། བར་པ་གཉིས་ན་རྡོ་རྗེ་རྩེ་ལྔ་དང་ཁ་ཊྭཱཾ་རྩེ་གསུམ་བསྣམས། ཐ་མ་གཉིས་རི་རབ་ཕུར་བུ་འདྲིལ། ཞལ་བགྲད་མཆེ་གཙིགས། སྨིན་མ་དགུ་གློག་བཞིན་འགྱུ། སྤྱན་དགུ་ཚྭ་ཚྭ་འཕྲོ། ཤངས་སྦུབས་དྲུག་རླུང་ནག་འཚུབས། སྙན་དྲུག་འབྲུག་ལྡིར། ཞལ་གསུམ་ཀཱི་ལ་ཡ་དང་རུ་ལུའི་སྒྲ་སྒྲོགས། བྷྱོ་དང་ཧཱུཾ་དང་ཕཊ་བྱས་པས། ས་གཞི་གཡོ་བ་དང། འུར་འུར་དང། ཆེམ་ཆེམ་བྱུང། སྐྲ་ཉི་ཁྲི་ཆིག་སྟོང། བ་སྤུ་བྱེ་བ་རྡོ་རྗེས་གཏམས་པ། མེ་འབར་བར་སྤྲུལ་ཏེ། སྐུ་རི་རབ་ཙམ་ཞལ་བར་སྣང་ཙམ་བསྐྱེད་ནས་བསྟན་པས་གདོད་བྲེད་ནས། འདར་ཡེད་ཡེད། མིག་རིག་རིག་བྱས་ནས། བདག་བུ་སྨད་དངབཅས་པ་འཁོར་དུ་བཞེས་ཤིག། བདག་གི་སྦྲུལ་རིགས་བཞི་གདུག་པའི་རྒྱན་འདི་ཡང་བཞེས་ལ། ཕྱག་གདུབ་དང། ཞབས་གདུབ་མཛོད་ཅིག་ཆུང་མ་ཡང་སྦྱོར་ཡུམ་དུ་བཞེས་ཤིག་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ཨ་ཝེ་ཤ་ཡ་ཞེས་གསུངས་པས། ཁོས་སྲོག་སྙིང་ཧེ་སཾ་བྷྱོ་ཕུལ་ལོ། ། མཛེ་དང་འབྲས་ཕོལ་ཀླུ་རྫོངས་སུ་ཆུག་ཅིག། ཅེས་ལས་བཅོལ། མིང་ཀླུ་དེངས་པོ་ཞེས་བྱ་བར་བཏགས་སོ།། ཆུང་མའི་ལག་ཏུ་རྡོ་རྗེ་བྱིན་ནས་དབང་སྐུར་མིང་བཏགས་པ། རྡོ་རྗེ་ཕག་བྱིན་ནོ། ། བུད་མེད་རྣམས་ཀྱིས་ཞག་གི་མཚོ་ལ་གནས་པས་ཞག་གི་ཟོ་རིས་ཕུལ་ལོ།། རཀྟའི་མཚོ་ལ་གནས་པས་རཀྟའི་ཐིག་ལེ་ཕུལ་ལོ།། དེ་ནས་བཅོམ་ལྡན་འདས་བཀའ་སྩོལ་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་ཆད་ཇི་ལྟར་དམ་བཅས་པའི།། མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད།། ཅེས་གསུངས་པས། འཁོར་ཚོགས་སྲོག་གི་སྙིང་པོ་ཕུལ་བ། ཤྭ་ན་མུ་ཁས། སུ་རུ་སུ་རུ་བཛྲ་ཕུལ། བདག་ཉིད་ཆེན་མོས། མུ་རུ་མུ་རུ་བཛྲ་ཕུལ། ཡ་བྱིན་གྱིས། ཀ་ཏང་ཀ་ཏང་བཛྲ་ཕུལ། དེ་བྱིན་གྱིས། ཛ་ཡེ་བི་ཛ་ཡེ་བཛྲ་ཕུལ། ཕག་བྱིན་གྱིས། ཨ་པ་ར་ཛི་ཏ་བཛྲ་ཕུལ། བསེ་བྱིན་གྱིས། ཨ་ཛི་ཏེ་བཛྲ་ཕུལ། མ་བདུན་དང་སྲིང་མོ་བཞིས། ཐལ་ཆེན་གྱི་ཚོམ་བུ་ཕུལ། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཞུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་གསང་བའི་བཀའ་ལས་སྡིག་ཆེན་གང་ཞིག་འདའ་བྱེད་པ། ། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཅེས་གསུངས་པས། མ་བདུན་གྱིས་སྲོག་གི་སྙིང་པོ་ཕུལ་བ། མ་མ་བ་ཤཾ་ཀུ་རུ། མ་ཏཾ་ཉ་གར་ཨི་དན། ཅེས་ཕུལ་ལོ།། སྲིང་མོ་བཞིས་སྲོག་སྙིང། མཱ་ར་སཻ་ན་པྲ་མརྡ་ན་ཧཱུཾ་ཕཊ། ཅེས་ཕུལ་ལོ།། སྲུང་མ་ཐམས་ཅད་ཀྱིས། དྷ་ཏི་མ་མ་ཀརྨ་ཤྲི་གྷྲཾ་ཀ་རཱ་ཡ་ཕུལ་ལོ། ། མིང་བཏགས་པ། རྡོ་རྗེ་གར་གྱི་དབང་ཕྱུག་མ།། རྡོ་རྗེ་གསལ་བ་གློག་འཛིན་མ།། རྡོ་རྗེ་ཀུན་བཟང་མཐུ་མོ་ཆེ།། རྡོ་རྗེ་ཡེ་ཤེས་ཆེན་མོ། རྡོ་རྗེ་གསང་ཆེན་འོད་འབར་མ། རྡོ་རྗེ་གསུང་སྒྲོགས་ཆེན་མོ། རྡོ་རྗེ་སྒྲོལ་མ་ཟ་བྱེད་མ། ཞེས་མིང་བཏགས་སོ།། ཤར་གྱི་དཀར་མོ་རྡོ་རྗེ་སྤྱན་གཅིག་མ།། ལྷོ་ཡི་སེར་མོ་རྡོ་རྗེ་རལ་གཅིག་མ།། ནུབ་ཀྱི་དམར་མོ་རྡོ་རྗེ་དབང་སྡུད་མ།། བྱང་གི་སྔོན་མོ་རྡོ་རྗེ་ལས་མཁན་མའོ། ། བཏུལ་ཞིང་དབང་བསྐུར་མིང་བཏགས་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཅན་ཕོ་ནི་བཏུལ། མོ་ནི་སྦྱོར་བའི་ཡུམ་དུ་བྱས། བུ་རྣམས་ནི་འཁོར་དུ་བྱས། རྒྱན་ཆ་ལུགས་ནི་ལྡན་པར་བྱས་ཏེ། རང་ལ་རང་ངོ་མཚར་བའི་བསྟོད་པ་ནི། དཔའ་བོ་སྒེག་པོ་འཇིགས་སུ་རུང་བ་དང།། དགོད་དང་གཤེ་དང་འཇིགས་པར་སྟོན་པ་དང།། སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ།། སྐུ་ཡི་བརྙན་པོ་ཤིན་ཏུ་བསྟན་གྱུར་ཏེ། ། ཞལ་གཡས་དཀར་ལ་བཞད་པས་དགོད་དགོད་འདྲ།། ཞལ་གཡོན་དམར་ལ་གདངས་པས་གཤེ་གཤེ་འདྲ།། ཞལ་དབུས་མཐིང་ལ་གནག་པས་ཁྲོ་ཁྲོ་འདྲ།། རྒྱུད་དྲུག་སྙིང་རྗེས་ཟིན་པས་ཆེ་ཆེ་འདྲ། ། སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ།། རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ།། གདུག་ཚོགས་ཞལ་དུ་རྔུབས་པས་དཔའ་དཔའ་འདྲ།། ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ།། རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས། ། རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་གནས་སུ་སྒྲོལ།། མེ་དཔུང་འབར་བས་ཁམས་གསུམ་རྟོག་པ་སྲེག་ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད།། རི་རབ་ཕུར་བུས་ཁམས་གསུམ་དབང་དུ་སྡུད། ། དེ་འདྲའི་ཁྲོ་བོ་འཇིགས་ཚུལ་བསྟན་པ་ཡིས། ཁམས་གསུམ་སེམས་ཅན་ཟིལ་གྱི་གནོན་པར་བྱེད།། དཔའ་བོ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད།། རང་གིས་རང་ལ་བསྟོད་པའི་ལེའུ་སྟེ་ལྔ་པའོ། །།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡར་ཧྲི་ད་ནེ་ཧཱུཾ་ཕཊ།། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ།། སུ་རུ་སུ་རུ་ཧཱུཾ་ཕཊ། མུ་རུ་མུ་རུ་ཧཱུཾ་ཕཊ། ཀ་ཏཾ་ཀ་ཏེ་ཧཱུཾ་ཕཊ། ཛ་ཡེ་བི་ཛ་ཡེ་ཧཱུཾ་ཕཊ། ཨ་ཛི་ཏེ་ཧཱུཾ་ཕཊ། ཨ་པ་ར་ཛི་ཏ་ཧཱུཾ་ཕཊ། མཱ་ར་སཻ་ན་པྲ་མརྡ་ན་ཧཱུཾ་ཕཊ། ཧཱུཾ་མ་མ་བ་ཤཾ་ཀུ་རུ། མ་ཏཾ་ཉ་ཀ་ར་ཨི་དན་ཧཱུཾ་ཕཊ། དྷ་དྷི་མ་མ་ཀརྨ་ཤཱི་གྷྲཾ་ཀ་རཱ་ཡ་ཧཱུཾ་ཕཊ། ། སྔགས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་གསད་པའི་ལས་བསྟན་ཏེ།། སྨྱོ་འབོགས་བསད་དང་གྲིར་བསད་པ།། ཀླུ་ནད་བསད་དང་རིམས་ཀྱིས་བསད།། དང་པོ་སྨྱོ་འབོག་བསད་པ་ལ། ། སྨྱོ་རུ་གཞུག་སྟེ་བསད་པ་དང།། འབོག་ཏུ་གཞུག་སྟེ་བསད་པ་དང།། ལྐུགས་སུ་གཞུག་སྟེ་བསད་པ་དང།། ལྟས་ངན་ཕབ་སྟེ་གསད་པའོ།། སྨྱོ་འབོག་གི་ལེའུ་སྟེ་བདུན་པའོ།།།། དེ་ནས་གྲི་རུ་བསད་པ་ལ། ། མཚོན་གྲིར་བསད་དང་འགགས་གྲིར་བསད།། མེ་གྲི་ཆུ་གྲིར་བསད་པ་དང། རྦབ་གྲིར་གཡང་གྲིར་བསད་པའོ།། གྲིར་གསད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཀླུ་ནད་ཀྱིས་གསད་པ་ལ། ། མཛེ་ནད་བཏང་སྟེ་བསད་པ་དང།། འབྲས་ནད་ཀྱིས་བསད་པ་དང།། ཕོལ་དུ་བཏང་ལ་བསད་པ་དང།། ཀླུ་རྫིངས་བཅུ་ལ་གསད་པའོ།། ཀླུ་ནད་ཀྱིས་གསད་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་རིམ་གྱིས་གསད་པ་ལ། ། བལ་ནད་བསད་དང་གག་པས་བསད།། རྒྱུ་གཟེར་བསད་དང་མཁྲིས་པས་གསད།། རིམ་གྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་གསོ་བའི་ལས་བསྟན་ཏེ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྨྱོ་འབོག་ཅན་དེ་གསོ་བ་དང། ། ནད་པ་ཚབས་ཆེ་གསོ་བ་དང།། སྲིའུ་གསོ་དང་གསུམ་ཡིན་ནོ།། དང་པོ་སྨྱོ་འབོག་གསོ་བ་ནི།། ཕུར་བུའི་དགོངས་པར་བཞུགས་པས་སུ།། སྔགས་གྲངས་མང་དུ་བཟླས་པ་ཡིས།། བལྟ་བ་བསར་ཞིང་རྫས་ཀྱིས་བདུག། དྲག་པོའི་ལས་ཀྱིས་གསོ་བ་དང། ནད་པ་ཚབས་ཆེན་གསོ་བ་དང།། གང་གནོད་བ་ཡི་མདོས་བྱས་ལ།། གཏའ་ར་གཏའ་ལུག་མང་དུ་གཞུག། གཏའ་ཐབས་བཅོ་བརྒྱད་གཞུང་བཞིན་བྱའོ། ། སྲིའུ་གཅེས་པ་གསོ་བ་ནི།། ལུས་སྲུང་ཕུར་བུ་བླ་སྒོངས་དང།། སྔགས་མདུད་སྲུང་འཁོར་རབ་གནས་གདགས།། ཆུ་གཏོར་མང་དུ་བཏང་བ་དང།། ཚ་ཚ་གདབ་དང་དྷརྨ་གདོན།། དཀར་ཆོས་གཞུང་དུ་བྱ་བ་དང། ། དེས་ཀྱང་ཕན་པར་མ་གྱུར་ན།། རྡོ་རྗེའི་སྒྲུབ་པ་གཞུང་བཙུག་བྱའོ།། གསོ་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་དབབ་པའི་ལས་བསྟན་ཏེ།། བདུད་ཀྱི་སེར་བ་ཇི་ལྟར་དབབ།། གཟའ་ཡི་སེར་བ་ཇི་ལྟར་དབབ། ། བཙན་གྱི་སེར་བ་ཇི་ལྟར་དབབ།། ཀླུ་ཡི་སེར་བ་ཇི་ལྟར་དབབ།། ཐོག་དང་ལྟས་ངན་ཇི་ལྟར་དབབ།། དེ་རྣམས་མན་ངག་ཤེས་པར་བྱའོ།། དབབ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་གཅད་པའི་ལས་བསྟན་ཏེ། ། བདུད་ཀྱི་སེར་བ་ཇི་ལྟར་གཅད།། གཟའ་ཡི་སེར་བ་ཇི་ལྟར་བཟློག། བཙན་གྱི་སེར་བ་ཇི་ལྟར་བཟློག། མ་མོའི་སེར་བ་ཇི་ལྟར་བཟློག། མི་ནད་ཕྱུག་ནད་ཇི་ལྟར་བཟློག། ལྟས་ངན་རྨི་ངན་ཇི་ལྟར་བཟློག། གཅད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་སྨྱོ་རུ་གཞུག་པའི་རྫས།། རྟ་དཀར་ཐོད་པའི་ནང་དུ་བསག། ཐང་ཕྲོམ་ར་དུག་ར་མོ་ཤག། ར་རོག་གཅིན་དང་མིང་བྱང་གཞུག། ངན་སྔགས་སོ་མོའི་གླིང་བུར་བཟླས། ། ཉུང་དཀར་བཟླས་ཤིང་ཐུན་བྲབ་བོ།། དྲ་དང་དུན་བྷྱོ་བཛྲ་སད་སད་མཱ་ར་ཡ་ཕཊ། གཞུག་ཏུ་དགྲ་ཡི་ཁང་པ་གཡས་སུ་སྦའོ།། འབོག་ཏུ་གཞུག་པའི་རྫས་ནི། སེང་གེ་དཀར་མོའི་སྙིང་ཤུན་དུ། ། དུག་སྣའི་ཚོགས་དང་ཁྲག་སྣའི་ཚོགས།། དགྲ་ཡི་མིང་བྱང་བཅས་པ་གཞུག། ཉུང་དཀར་གླིང་བུར་ངན་སྔགས་བཟླས།། ཏྲི་དུ་ནི་ཤག་མཱ་ར་ནི་རྦད། ར་ར་སི་ཁྱུད། ཅེས་དགྲ་ཡི་ཁང་པ་འམ། གདོང་ངམ་ལུས་ལ་ཕོག་པར་བརྡེག་གོ། དེ་ནས་ལྟས་ངན་དབབ་པ་ནི།། བྱ་ཕོ་དཀར་པོའི་གསོབ་ནང་དུ།། ལྟས་ངན་ཐོད་པ་ལྔ་བསགས་ཏེ།། སྲིན་བྱ་དང་ནི་གླ་བ་དང།། སྲེག་པ་དང་ནི་འུག་པ་དང།། སྦྲུལ་གྱི་ཐོད་པ་བཅས་གཞུག་གོ། དུང་གི་གླིང་བུར་ཉུང་དཀར་སྔགས་ལ་བྲབ།། སང་སང་ཕྱི་ཕྱི་ཐལ་སཾ་ཁྱུང།། ཏྲི་ཏྲི་རོ་ཏི་མཱ་ར་ཡ་དུན་ཡ། དགྲའི་ཁང་པའི་འགྲམ་འོག་ཏུ་སྦའོ།། དེ་ལྟར་བྱས་ན་ལྟས་ངན་འོང།། དེ་ནས་ལྐུགས་སུ་གཞུག་པ་ནི། ། ར་དཀར་གཉའ་ནག་སྲོག་རྩའི་ནང།། མི་བེ་བོ་གསད་པའི་ལྕེ།། ཁྱི་དཀར་སྙིང་དང་ར་དཀར་སྙིང།། རི་བོང་མགོ་ཁྲག་མིང་བྱང་གཞུག། ངན་སྔགས་ལྕགས་ཀྱི་གླིང་བུར་བཟླས།། ཉུང་དཀར་སྔགས་ཤིང་ཐུན་བླུགས་བྲབ། ། རྦད་སུ་རྦད་སུ་ཁྲག་ཏི་རྦད།། ནང་ན་རྦད་རྨི་ན་རྨུགས།། འགྱེལ་བ་ཀློང་ཕུ་བརླག་ཏུ་བརླག། བཤོས་སྐཾ་མོ། མཱ་ར་ཡ། ཐེམ་པའི་འོག་ཏུ་སྦའོ།། དེ་ལྟར་བྱས་ན་ལྐུགས་པར་འགྱུར། ། དེ་ལྟར་སྨྱོ་འབོག་ལྐུགས་དང་གསུམ།། ལྟས་ངན་དབབ་པའི་ལེའུ་སྟེ་བཅུ་བཞི་པའོ།།།། གྲིར་གསད་པའི་ཐབས་འདི་ལ། དང་པོ་མཚོན་གྲིར་གསད་པ་ནི།། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་བརྩིག། དབུས་སུ་གྲུ་གསུམ་བྲི་ལ་རོ་སོལ་བྱུག་ཁ་རུ་རླུང་ཁྱེར་ཕྱེ་འཇམ་བརྡལ།། ནང་དུ་སྡོད་ཅིག་དོར་རྟ་བཏིང།། རྐང་རྗེས་ལ་སྩོགས་ལིངྒ་བྱ།། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་བསྟན། ། སྙིང་གར་མིང་ལ་དཔྲལ་བར་དུས།། འདོམས་སུ་བླ་དགས་བྲི་ལ་གླན།། ཕུར་བུ་བཞི་དང་རྩང་གཉིས་ནི།། དམར་པོ་བྱུགས་ཟུར་གཅིག་ཏུ་དགོད།། ཟུར་གཅིག་བྷན་དྷ་གཅིག་གི་ནང། ཁྱི་དམར་སྙིང་ཁྲག་ར་དམར་སྙིང། ཁྲག་དང་འབྲུ་སྣའི་ཚོགས་ཕྱེ་ལ།། གཏོར་མ་ཆེན་པོ་བྱས་ལ་དགོད།། ཟུར་གཅིག་ཆང་ཕུད་བསེ་ཕོར་གང།། དེ་ནས་རྔ་གླིང་སྒྲ་སྒྲ་བསྒྲགས་ལ།། གསུར་ཆེན་སྤོས་ཀྱི་དུད་པ་བཏང།། མ་རུ་ཙེ་ཡབ་ཡུམ་བསྐུལ་བ། ། ཧཱུཾ་མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས།། སྲོག་ལ་མངའ་མཛད་གནོད་སྦྱིན་མ་རུ་ཙེ། ཁྲག་མདོག་དམར་པོ་བསེ་ཡི་ལན་ཕྲན་ཅན།། སྤྱན་མིག་ཉི་མའི་འོད་ཟེར་སྐར་ལྟར་འཁྲུགས། ། སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད།། ཤངས་ནས་བུ་ཡུག་རྡོ་རྗེ་ཐོག་ཆེན་འབེབས།། དགྱེས་པའི་ཞལ་བཞད་ཚེམས་ནི་སྤུ་གྲིས་གཏམས།། རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ལྟར་འབར། ། ཨག་ཚོམ་དམར་སེར་དུག་གསུམ་རྩད་ནས་གཅོད།། སྙན་ནས་འབྲུག་སྟོང་སྒྲ་སྒྲོགས་དེ་རི་རི།། སེན་མོ་ལྕགས་ཀྱུའི་རྩེ་ལྟར་འཛིན་ཅིང་འགུགས།། བ་སྤུའི་ནང་ནས་གནམ་ལྕགས་ཞུན་མ་འཁྲུགས། ། མེ་ལྕེ་བན་ཐབས་གསུམ་གྱིས་ཆར་ཆེན་འབབ།། ཞབས་ཀྱིས་བསམ་པའི་གནས་སུ་ཡུད་ཀྱིས་ཕྱིན།། ན་བཟའ་དམར་པོ་སྤྲིན་གྱི་གཡང་གཞི་གསོལ།། ཉམས་པའི་སྙིང་ཕྱུང་ཆང་བར་བཅུག་ནས་གསོལ། ། དུས་ལ་བབ་པོ་གནོད་སྦྱིན་མ་རུ་ཙེ།། བཅོལ་བའི་ལས་རྣམས་མྱུར་དུ་འགྲུབ་པར་མཛོད།། ཧཱུཾ་གནོད་སྦྱིན་མ་རུ་ཙེ་ཡི་ཐུགས་དམ་དགྱེས་བསྐུལ་ལ།། ཡུམ་གཅིག་རྡོ་རྗེ་གར་གྱི་དབང་ཕྱུག་མ། ཁྲོས་པའི་སྐུ་མདོག་ཁྲག་གི་མཆིན་པ་འདྲ། ། མི་བཟད་རྡོ་རྗེའི་ལྕགས་ཀྱུའི་ཕུར་པ་བསྣམས།། སྤྱན་ནས་ཁྲག་གི་མཆི་མ་ཕྲུལ་ལུ་ལུ།། སྙིང་རྗེ་མི་མངའ་དམ་ཉམས་སྒྲོལ་བར་མཛད།། ཕྱག་ན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་འཕེན། ། དུས་ལ་བབ་པོ་གར་གྱི་དབང་ཕྱུག་མ།། དམ་ཉམས་གྲི་རུ་བསད་པའི་ལས་མཛོད་ཅིག། ནརྀ་ཨངྐུ་ཤ་ཛ་ཛཿ། མངོན་དུ་ཁུགས་པར་བསམ་མོ།། དེ་ནས་རྗེས་བརྟགས་ཏེ། གདབ་ལས་གར་སོང་སོང་དུ་མི་བྱའོ། ། མི་གདབ་པ་ནི། གྲུ་བཞི་ལ་ཟུར་དོད་པ་བྱུང་ན་མི་གདབ་བོ།། སྲིན་མོ་རལ་པ་གཏིབས་པ་འདྲ་བ་བྱུང་ན་མི་གདབ་བོ།། སྦྲུལ་འཁྱུས་ལྟ་བུ་བྱུང་ན་མི་གདབ་བོ།། རྟ་བླ་མོ་འམ། མུག་པ་འཁྱུད་པ་འདྲ་བ་བྱུང་ན་མི་གདབ་བོ། ། བྱིས་པའི་རྐང་རྗེས་འདྲ་བ་བྱུང་ན་མི་གདབ་བོ། ཁབ་བམ་སྙུང་གིས་གཙགས་པ་འདྲ་བ་བྱུང་ན་མི་གདབ་བོ།། དེ་བླ་ཁུགས་པ་ཡིན་ནོ།། དེ་མ་བྱུང་བར་དུ་བསྒྲུབ་བོ།། གདབ་པ་ནི།། ཕུར་བུ་བཞི་ལ་འུར་བླངས་ནས་གདབ་བོ། ། ཨོཾ་ཀྲོ་དྷ་ནི། ཀྲོ་དྷ་ནི། པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། དྷ་ཤ་གྲཱི་ཝ་ཧཱུཾ་ཕཊ། རྩང་དམར་པོ་གཉིས་གདབ་ལ།། ཡཀྵ་གྲཱི་ཝ་མཱ་ར་ཡ་རྦད། ཀིང་མོ་སྙིང་ཁ་རག་རྦད། གཏོར་མ་ལག་ཏུ་བླངས་ཤིང་སྐུལ། ཕུད་དེའི་དུས་སུ་གཏོར།། དེ་ནས་འགས་གྲིར་གསད་པ་ནི།། འཇག་མ་ལ་ནི་མི་རུ་བྱ།། འཇག་མ་ལ་ནི་རྟ་རུ་བྱ།། སྐུད་པ་སྔོ་དམར་སྐེ་ནས་གདགས།། ཕུར་པ་གཅིག་ལ་བཏོར་ནས་བཞག། ཤོག་བུ་ལ་ནི་དགྲ་གཟུགས་བྲི། ། རྟ་ཡི་སྙིང་གར་གཞུག་པའམ།། ཡང་ན་མི་ཡི་སྙིང་གར་གཞུག། ཡམ་ཤུད་དམར་པོའི་སྙིང་པོ་བྲིས།། མི་ཡི་མགོ་ཡི་ནང་དུ་གཞུག། འཇག་མའི་མི་དེ་འཇག་མའི་རྟ།། ལ་ནི་བསྐྱོན་ལ་དེ་རུ་བཞག། བཤོས་བུ་ཟུར་གསུམ་མཐོ་དོ་ལ།། ར་ཁྲག་གིས་བྱུག་དེ་རྩར་བཞག། མདའ་དམར་གཅིག་ལ་ར་སྙིང་གདགས།། སྟག་རས་ར་འབྲེང་དམར་པོ་གདགས།། ནམ་མཁའ་ལྗང་བུ་དམར་པོ་ལ།། རྟེན་བཅའ་དར་དང་རྔ་དམར་གདགས། ། བསེ་ཕོར་ཕུད་གཙང་བཀང་བ་ལ།། མར་གྱི་ཞགས་པས་བརྒྱན་ལ་གཏང་ངོ།། ཡམ་ཤུད་དམར་པོ་བསྐུལ་བ་ནི།། ཧཱུཾ་གྱད་ཀྱི་སྐུ་མདོག་དམར་པོ་ནི།། སྐུ་ལ་བསེ་ཁྲབ་དམར་པོ་གསོལ། ། དབུ་ལ་གསེར་གྱི་འགྱིང་ཐོད་བཅིངས། གཡུ་ཡི་མཆེ་བ་གཙིགས་ཤིང་བཞད།། གཡས་ན་བསེ་མདའ་དམར་པོ་བསྣམས།། གཡོན་ན་གསེ་གཞུ་དམར་པོ་བསྣམས།། ཆིབས་སུ་རྟ་དམར་ཞུར་པོ་ཆིབས། ། སྐུ་ལ་དར་དཀར་བེར་ཆེན་གསོལ།། དམ་ཚིག་ཉམས་པའི་སྙིང་ནས་འདྲེན།། བསྟན་པ་སྲུང་བར་ཞལ་གྱིས་བཞེས།། འགགས་གྲི་གཏང་བའི་དུས་ལ་བབ།། བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། ། ནརྀ་ཨཾ་ཀུ་ཛ་ཛཿ་རྦབ་གྲི་གཡང་གྲིར་གསད་པ་ནི།། མདའ་ཀློང་བཅུ་གསུམ་བསད་པ་ནི།། བཤོས་བུ་ཁྲོ་བོ་བཅུ་གསུམ་ལ།། མདའ་བཀྲ་བཅུ་གསུམ་གཟུག་པར་བྱའོ།། ཤོག་བུ་ཚོན་གང་བཅུ་གསུམ་ལ།། ལྟོ་གཅིག་རུས་ལ་ལྟོ་གཅིག་མིང། ། གཉིས་བྲིས་མདའ་ལ་གདགས་པར་བྱ།། ཟན་གྱི་ཀོང་བུ་བཅུ་གསུམ་ལ།། ནང་དུ་ར་ཁྲག་བཀང་ལ་བཞག། དེ་ནི་གྲི་སེ་བསྐུལ་བ་ནི།། ཧཱུཾ་རྒྱལ་པོ་གྲི་སེ་མཐུ་བོ་ཆེ།། ཆིབས་སུ་དཀར་པོ་གཟི་མིག་ཆིབས། ། སྐུ་ལ་ཟ་འོག་སེར་བཀྲ་གསོལ།། ཕྱག་ན་ཤེལ་གྱི་རྡོ་རྗེ་རྩེ་དགུ་བསྣམས།། བཞུགས་ནི་བྱང་ཤར་མཚམས་ན་བཞུགས། ཁྲམ་ཐོགས་བཅུ་གསུམ་བཅས་པ་ཡིས། དམ་ཉམས་དགྲ་བོ་དབང་དུ་སྡུད། ། རྦབ་གྲི་གཡང་གྲིར་གསད་པ་དུས་ལ་བབ།། བཅོལ་བའི་ལས་རྣམས་འགྲུབ་པར་མཛོད།། ནརྀ་ཨངྐུ་ཤ་ཛ་ཛཿ་མེ་གྲི་ཆུ་གྲིར་གསད་པ་ནི།། ཧོམ་དུ་སྦྱིན་སྲེག་མེ་ཡིས་བསད།། འུག་པའི་ཚང་རྩི་ཧོམ་ཆག་གང། ། བཅུག་ལ་དཀྱིལ་དུ་མིང་བྱང་གཞུག། ཉུང་དཀར་དུག་ཐུན་ལྕགས་ཕྱེས་སྦར། ཁུ་ལེ་ལག་དགུ་བསྐུལ་བ་ནི།། ཧཱུཾ་སྐྱེ་བུ་ཆེན་པོ་གིང་ཀ་ར། ཁུ་ལེ་ལག་དགུ་མཐུ་བོ་ཆེ།། ཆིབས་སུ་ནག་བཀྲ་རྟིང་དཀར་ཆིབས། ། སྐུ་ལ་ཟ་འོག་བེར་ཆེན་གསོལ།། རལ་གྲི་སྐྱ་འཇམ་ཕྱག་ན་བསྣམས།། དམ་ཉམས་དགྲ་བོ་གཏུབ་ལ་མེ་ལ་བསྲེག། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ནརྀ་ཨངྐུ་ཤ་ཛ་ཛཿ་གྲི་རུ་བསད་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། ཁུ་ལེ་ལག་དགུའི་སྲོག་སྔགས་ལ།། གིང་ཀ་ར་གིང་ཀ་ར། མ་པ་རི་མ་པ་རི།། ས་པ་རི་ས་པ་རི། ཡུ་ཏི་ཤ་ཏི། སྟིར་གི་ཏེ། ར་ག་རཀྵ་མ། རཀྵ་མ། ཨ་ན་ཡེ། གིང་ཆེན་གིང་ཀ་ར། པ་ཏྲ་པ་ཏྲ། ཏི་ཏི་ཤེད། ཏི་ཏི་ཤེད། སི་ལི་ལི། མེས་མེས། ཆེ་གེ་མོ་ཛ་ཛ་རཾ་རཾ།། རྟག་ཏུ་བཟླས་པའི་སྙིང་པོ་ནི། ཨོཾ་ཡཀྵ་གྲཱི་ཝ་མཱ་ར་ཡ་རྦད། གིང་མོ་སྙིང་ཁ་རག་རྦད། ཀྲོ་ཏ་ནི་ཀྲོ་ཏ་ནི། པྲ་ཏི་པྲ་ཏི། ཤུ་ལ་ཤུ་ལ། དྷ་ཤ་གྷྲཱི་ཝ་ཧཱུཾ་ཕཊ། རི་རི་དྷྲི། དིར་དིར།། ཤཾ་ཤཾ་སང་སང། ཏྲི་ཏ་ཏྲི་ཏ་དུན་བྷྱོ་ཡ། རྟ་ཐོད་ལ་ཁྲག་གིས་གཏད་ཁྲམ་འདི་བྲིའོ།། ཆེ་གེ་མོ་འདི་བཙན་གྲི་ལ་གཏད་དོ།། བྱ་དཀར་པོའི་སྐེ་རུ་སྔགས་བཏགས་ལ་གཏའ་རུ་གཞུག་གོ། སྨྱུག་མ་ཚིགས་དགུ་པ་གཅིག་ལ། དར་དཀར་བཏགས་ལ་གཡབ་བོ།། ཆེ་གེ་མོ་འདི་བདུད་ཀྱི་རྒྱལ་པོར་མགོ་བཀྲག་མེད་ལ་གཏད་དོ།། བདུད་ཀྱི་རྒྱལ་པོ་ས་ལུ་ནག་པོ་ལ་གཏད་དོ།། ཆེ་གེ་མོ་འདི་བདུད་ཀྱི་རྒྱལ་པོ་རེ་ཏི་འགོང་ཡག་གཏད་དོ། ། བདུད་ཀྱི་རྒྱལ་པོ་མགོ་དམར་སེར་ལ་གཏད་དོ།། ཆེ་གེ་མོ་འདི་བདུད་ཀྱི་རྒྱལ་པོ་སྨ་མེ་འགག་གི་རྒྱལ་པོ་ལ་གཏད་དོ།། གསུང་ཟབ་མོའི་རྐྱེན་མོ་ལ་གཏད་དོ། ། འགོང་ལྕམ་ཁྲ་མེ་ལ་གཏད་དོ།། དམུ་བདུད། བཙན་བདུད། དགྲ་ལྷ། སྲོག་བདག་དཔེ་དཀར། ས་བདག་ཐེ་བྲང། འགོང་པོ། ཡ་མ། ཀླུ་མགོ་ལ་གཏད་དོ།། ཆེ་གེ་མོ་འདི་ཤར་དྲི་ཟའི་བཙན་ལ་གཏད་དོ།། ལྷོ་གཤིན་རྗེའི་བཙན་ལ་གཏད་དོ། ། ནུབ་ཀླུ་བཙན་ལ་གཏད་དོ།། བྱང་གནོད་སྦྱིན་བཙན་ལ་གཏད་དོ།། གཞན་ཡང་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་གཏད་དོ།། གཏད་ཁྲམ་གྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཀླུ་ནད་ཀྱིས་གསད་པ། ། དང་པོ་མཛེ་ནད་གཏང་བ་ནི། རྫས་ཕག་པ་རོག་པོའི་ཐོད་པ་རུ། རྫ་ལས་བྱས་པའི་སྡིག་པའི་གཟུགས།། བསྲེགས་པའི་ནང་དུ་མིང་བྱང་གཞུག། དེ་ཉིད་ཕག་ཐོད་ནང་བཅུག་ལ།། སྒྲིལ་བྱེད་ཆོ་གས་བསྒྲུབ་པ་བྱ། ། ཞག་དགུ་མཚན་བཟང་ཅི་ཐོན་བྱ།། ཆུ་མིག་ནུབ་ལྟར་ནན་པར་བྱ།། ཕོལ་དུ་བཏང་ནས་བསད་པ་ནི། ཕག་ནག་སྟག་ནེའི་ཐོད་པ་རུ།། རྫས་དག་ལ་སྦལ་པའི་གཟུགས།། ཡང་བསྲེགས་དེ་ནང་མིང་བྱང་གཞུག། དེ་ཉིད་ཕག་ཐོད་ནང་བཅུག་ལ།། སྒྲིལ་བྱེད་ཆོ་གས་བསྒྲུབ་པ་བྱ།། ཞག་དགུ་མཚན་བཟང་ཅི་ཐོན་བྱ།། ཆུ་མིག་ལྷོར་ལྟ་དག་ཏུ་མནན།། འབྲས་སུ་གང་ལ་བསད་པ་ནི།། ཕག་པ་གླི་གྲེག་ཐོད་པ་རུ། ། རྫས་ལས་བྱས་སྦྲུལ་གྱི་གཟུགས།། བསྲེགས་པ་དེ་ནང་ལིངྒ་གཞུག། དེ་ཉིད་ཕག་ཐོད་ནང་བཅུག་ལ།། སྒྲིལ་བྱེད་བསྒྲུབ་པའི་ཆོ་ག་བྱ།། ཞག་དགུས་མཚན་ལྟས་ཐོབ་གྱུར་ནས།། ཆུ་མིག་ཤར་དུ་བལྟས་པར་མནན། ། ཀླུ་ནད་རྫིངས་སུ་གཞུག་པ་ནི།། ཕག་པའམ་མཛེ་ཕོའི་ཐོད་པ་རུ།། རྫས་ལས་བྱས་མཛོ་མོའི་གཟུགས།། བསྲེགས་པའི་ནང་དུ་མིང་བྱང་གཞུག། དེ་ཡང་ཕག་ཐོད་ནང་དུ་གཞུག། ཞག་དགུ་བར་དུ་བསྒྲུབ་པ་བྱ། ། མཚན་མ་བཟང་ཐོབ་བརྟན་གྱུར་ན།། བྱང་ལྟ་གདོལ་པ་ཅན་ཏུ་གཏད།། དེ་བཞིན་བྱས་ན་དོན་གྲུབ་ངེས།། དེ་ལྟར་མན་ངག་དམ་པས་བྱའོ།། ཀླུ་སྒྲུབ་ནག་པོ་ཕག་མིག་གི་སྒྲུབ་པ། ཝའམ་ཕག་མགོ་ལ་བརྟེན་ཏེ། སྒྲུབ་པ་གཟུགས་ཏེ་གྲུབ་པ་དང་གནན་པར་བྱའོ།། ཀླུ་ནད་བཏང་བའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་རིམས་ཀྱིས་བསད་པ་ནི།། མཁྲིས་པས་བསད་དང་གག་པས་བསད།། རྒྱུ་གཟེར་དང་ནི་བལ་ནད་དོ། ། དེ་ལ་མཁྲིས་པས་བསད་པ་ནི།། ཡིད་ཆེས་ཤྭ་ན་མུ་ཁའི་རྒྱུད།། བསྒྲུབ་པ་ཐབས་ཀྱིས་ལག་ཏུ་བླང།། གསོད་ཐབས་གསང་བའི་མན་ངག་ནི།། མནན་བསྲེག་འཕང་གསུམ་ལས་སྦྱར་ཏེ།། ཐུབ་བྲབ་ཕུར་བུ་གདབ་པར་བྱའོ། ། དེ་ནས་གག་པས་བསད་པ་ནི།། ཡིད་ཆེས་བདག་ཉིད་མ་ཡི་རྒྱུད།། ལག་ཏུ་སྒྲུབ་པ་ཐབས་ཀྱིས་བླངས།། བསད་ཐབས་གསང་བའི་མན་ངག་ནི།། མནན་བསྲེག་འཕང་གསུམ་ལས་སྦྱར་ཏེ། ། ཐུན་བྲབ་འཕུར་བུས་གདབ་པར་བྱའོ།། དེ་ནས་བལ་ནད་དཀྱིས་བསད་པ།། ཡིད་ཆེས་ཚ་བ་ཡང་གཏེར་རྒྱུད།། ལག་ཏུ་བླངས་པ་སྒྲུབ་ཐབས་སོ།། བསད་པའི་མན་ངག་བསྟན་པ་ནི།། མནན་བསྲེག་འཕང་གསུམ་ལས་བརྟུལ་ཏེ། ། གང་དུ་ཐུན་བྲབ་ཕུར་བུ་གདབ།། རྒྱུ་གཟེར་དག་གིས་གསད་པ་ནི།། མ་མདུན་སྲིང་བཞིའི་ལས་ཡིན་ཏེ།། མན་ངག་གནད་ནི་སྣ་ཚོགས་ཀྱིས། ཟོར་ཁའི་ལས་ཀ་ཁོ་ནས་བྱའོ། ། རིམས་ཀྱིས་བསད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་བསྟན་འཛིན་དབུ་སྨོད་དགྲ་བགེགས་ལ། དྲེགས་པ་ཕོ་དྲུག་མོ་བདུན་བསྐུལ།། ཞེས་བཀའ་སྩལ་ཏོ།། དེ་ནས་ཀརྨ་ཧེ་རུ་ཀ་ལ་སོགས་པའི་རྡོ་རྗེ་སྲིན་པོའི་ལྷ་ཚོགས་དང། འཇིག་རྟེན་པ་ཐམས་ཅད་ཀྱིས།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།།།། རྡོ་རྗེ་ཕུར་བུ་མདུང་རྩེ་དམར་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། བསེ་སྒྲོམ་དམར་པོའི་རྒྱུད།།།

CLOSE WINDOW