Wylie |
རྒྱ་གར་སྐད་དུ། ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ནཱ་ཐ་ཏནྟྲ། བོད་སྐད་དུ། ཁྲོ་བོ་མི་གཡོ་མགོན་པོའི་རྒྱུད། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན། མཐའ་དང་དབུས་མེད་པའི་གཞལ་ཡས་ཁང། རྒྱ་ཁྱོན་དཔག་ཏུ་མེད་པ་ན་ཡུམ་དང་གཉིས་སུ་མེད་པ་མཉམ་པའི་ངང་ལ་བཞུགས་སོ། ། ཡང་དེའི་ཚེ་དེའི་དུས་ན། ཀརྨ་ཧེ་རུ་ཀ་དང། གཟིག་གི་མགོ་ཅན་དང། ཁཱ་ཏའི་མགོ་ཅན་དང། མགོ་བརྙན་གྱི་ཚོགས་གྲངས་མེད་པ། ཁྱད་པར་གྱི་བྱེ་བྲག་རྣམ་པ་བསམ་གྱི་མི་ཁྱབ་པར་བཞུགས་སོ།། གདུག་པའི་འཁོར་གྲངས་མེད་པའི་ནང་ནས། ཕྲིན་ལས་ཀྱི་མངའ་བདག་ཁྲོ་བོ་ཀརྨ་ཧེ་རུ་ཀས། ཡུམ་གཏུན་ཁུང་མ་དང། རོལ་པའི་ངང་ཚུལ་བཟུང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། སྦྱོར་བའི་ཕྱག་རྒྱ་ཇི་ལྟར་ལགས། ཁྲོ་བོའི་ང་རོ་ཇི་ལྟར་ལགས།། བརྡའ་ཡི་ཕྱག་རྒྱ་ཇི་ལྟར་ལགས།། ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། གསང་བའི་སྔགས་འདི་གསུངས་སོ། ཨེ་མ་ཧོ་རང་བཞིན་ཁྲོས་པ་ཡིས། ། འོད་དང་འབར་བ་འཕྲོས་པ་ཡིས།། སངས་རྒྱས་དུས་གསུམ་དྲག་པོར་བསྐུལ།། དེ་ཉིད་མ་བཅོས་བྱང་ཆུབ་སེམས།། དེ་ཉིད་གསང་བའི་ངང་ཚུལ་ཤར།། སྦྱོར་བའི་ཕྱག་རྒྱ་ལྷན་ཅིག་སྐྱེས། ཁྲོས་པའི་ཕྱག་རྒྱ་བསྐྱེད་རིམ་བསྒོམ།། བརྡའ་ཡི་ཕྱག་རྒྱ་ཕྱག་མཚན་རྣམས།། ཞེས་གསུངས་སོ། ཁྲོ་བོ་མི་གཡོ་མགོན་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ཡིས་དབྱེ་བའི་དཀྱིལ་འཁོར་འདི་གསུངས་སོ། ། མི་གཡོ་མགོན་པོའི་དཀྱིལ་འཁོར་ནི།། སྨུག་ནག་གྲུ་གསུམ་གདངས་པ་ལ།། རྩེ་མོར་མེ་ཡི་ཕུང་པོ་འབར།། ལོགས་ལ་པདྨ་འདབ་གསུམ་པ། ། དེ་ཡི་དབུས་སུ་བསམ་པ་ནི།། མེ་རི་འབར་བའི་དབུས་སུ་བསམ།། ཉི་མ་ཟླ་བ་འོད་དང་བཅས།། དེ་ཡི་སྟེང་དུ་ས་བོན་ལས།། རང་འོད་སྔགས་ཀྱིས་གསལ་བར་འབར།། དེ་ཡི་སྐུ་ནི་མི་ཐུང་གཟུགས། ། ཤིན་ཏུ་ལྡིང་ལ་མཁྲང་བག་ཆགས།། འཇིགས་པ་རྔམ་པའི་ཞལ་གདངས་ཤིང།། རྐན་སྒྲ་བརྡེབ་པས་བྲེད་ཅིང་བརྒྱལ།། གདུག་པའི་སྔགས་རྣམས་རབ་ཏུ་ཟློས།། དེ་འདྲའི་སྐུ་ཉིད་གསལ་བ་ལས།། ཡེ་ཤེས་སེམས་དཔའི་ཏིང་འཛིན་བལྟ། ། སེང་ལྡེང་ཕུར་པ་ཚོན་གང་ལ།། དབང་བསྐུར་བྱིན་བརླབས་གུ་གུལ་བདུག། བཟླས་པ་སྟོང་ཕྲག་དྲུག་ཏུ་བཟླས།། བྱས་པས་མཚན་མ་བཟང་པོ་མཐོང།། ལས་ལ་སྦྱར་བ་ཤེས་པར་བྱ། ། རེ་བ་ནག་པོ་གང་དང་གང།། དེ་ལ་གཟུགས་བརྙན་བྱས་ནས་ནི།། མིང་དང་རུས་ནི་སྙིང་གར་གཞུག། དེ་ལ་ཤེས་པ་རབ་བསྟིམས་ལ། ཁུགས་པའི་མཚན་མ་བྱུང་བ་དང།། དེ་ལ་གདབ་པའི་ལས་ཀྱང་བྱ། ། དེས་ནི་ངེས་པར་རླག་པར་འགྱུར།། གདུག་པའི་སེམས་དང་བཅས་ནས་ནི།། སྙིང་གའི་འོད་ཟེར་དྲག་པོ་ཡིས།། རབ་ཏུ་ཁྲོས་ནས་བསྐུལ་བའི་ཚེ།། ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་རྣམས།། བདག་གིས་བཅོལ་བའི་ལས་རྣམས་ཀུན། ། གང་ཡིན་གནས་སུ་ཕྱིན་པར་འགྲོ།། གདུག་པའི་རྫས་ནི་ཐམས་ཅད་ལ།། ཟླ་བ་གཟའ་ཡིས་ཟིན་དུས་སུ།། མཚོན་གྱི་དབབ་བྱ་ཤ་ཁྲག་དང།། འདྲེ་འབྲོས་ཐང་ཆུ་དེ་རྣམས་སྦྱར།། མེས་རོག་ཤིང་ཤུན་ནང་དུ་གཏུམ། ། གསང་སྔགས་ཁྲི་ཕྲག་གསུམ་བཟླས་ནས།། དེ་བསྟན་མོད་ལ་བྲེད་ཅིང་བརྒྱལ།། འཇིག་རྟེན་ཁམས་སུ་འབྱེར་བར་འགྱུར།། ཞེས་གསུངས་སོ། ཁྲོ་བོ་མི་གཡོ་མགོན་པོའི་རྒྱུད་ལས། དབྱེ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས།། བུད་མེད་བུ་མེད་པ་ལ་བུ་བསླང་བ་ནི། ཕྱི་མཆོད་ཕུར་དགོད་ཚུལ་བཞིན་བྱ།། བུམ་པ་སྤོས་བདུག་རྒྱན་གྱིས་བརྒྱན། ། སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ།། འབྲུ་ལྔ་སྙིང་པོ་ལྔ་ཡང་བླུགས།། ཕོ་བྲང་དཀྱིལ་དུ་བུམ་པ་བཞག། ཕུར་པ་དགོད་ཅིང་ལྷ་ཚོགས་བསྐྱེད།། ཕུར་པ་བྱིན་བརླབ་གཞུང་བཞིན་བྱ།། ལྕགས་སྣ་ལྔ་ཡི་ཕུར་པ་ལ། ། བྱིན་རླབ་བདུན་བྱས་དབུས་སུ་དགོད།། བསྙེན་པའི་ཕུར་པ་སྤྱི་དང་མཐུན།། འཛབ་ཀྱི་དུས་སུ་ཡུངས་ཀར་སྔགས་བཟླས་ལ།། བུམ་པར་བླུགས་ཤིང་བགེགས་ཀྱང་བསྐྲད།། ཚོགས་མཆོད་སྐབས་སུ་བགེགས་བཀུག་ལ། ། བསྙེན་ཕུར་དྲིལ་ཞིང་རབ་ཏུ་གདབ།། ལྕགས་སྣ་ལྔ་ཡི་ཕུར་པ་ཡིས།། དགུག་གཞུག་བསྟིམ་ཞིང་ཕུར་པ་གདབ།། བུམ་པ་ཆུ་ཡིས་དབང་བསྐུར་བཀྲུ།། བསྒྲུབ་པ་ཆེན་པོའི་དུས་དག་ཏུ། ། གདབ་དང་ཧོམ་དང་ཟོར་དང་གསུམ།། མནན་སྲེག་འཕང་བའི་ལས་རྣམས་རྫོགས་པར་བྱ།། དེ་ཡིས་འགྲུབ་པར་ཐེ་ཚོམ་མེད། ཁྲོ་བོ་མི་གཡོ་མགོན་པོའི་རྒྱུད་ལས། བུ་བསླང་བའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་གསོ་བའི་ལས་བྱེད་ན། ཕྱི་མཆོད་ནང་མཚམས་མངའ་གསོལ་ནས།། ཐིག་གདབ་མཚོན་དགྱེ་ཕུར་བུ་དགོད།། ལིངྒ་བཅའ་ཞིང་དགྲ་བགེགས་དགུག། དེ་ལ་སྔགས་དྲུག་རབ་ཏུ་གཅེས། ཁྱི་གུའི་ཐོད་པར་མིང་བཅུག་ལ། ། ལྷ་དབྲལ་དགུག་བསྟིམ་དབང་དུ་བསྡུ།། ཚོགས་མཆོད་སྐབས་སུ་དགུག་གཞུག་བྱ།། བསྙེན་ཕུར་དྲིལ་ཞིང་གདབ་ལས་བྱ།། མནན་བསྲེག་འཕང་དང་གསུམ་ཡང་བསྒྲུབ།། ཆུང་སྲི་མལ་གྱི་འོག་ཏུ་མནན། ། ཡང་ན་ཐེམ་པའི་འོག་ཏུ་མནན།། མི་གཡོ་མགོན་པོའི་ཕུར་བུས་གདབ།། རྡོ་རྗེ་རྒྱ་གྲམ་ལྟེ་བར་སྦྱར།། ཕྲིན་ལས་རྣམ་བཞིའི་བྲོ་ཡང་བརྡུང། ཁྲོ་བོ་བཅུ་ནི་རབ་ཏུ་གཅེས།། དེ་ལྟར་བྱས་ན་འགྲུབ་པར་འགྱུར། ཁྲོ་བོ་མི་གཡོ་མགོན་པོའི་རྒྱུད་ལས།། སྲིའུ་གསོ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ། ཀརྨ་ཧེ་རུ་ཀ་དང། གཟིག་གི་མགོ་ཅན་དང། ཁྭ་ཏའི་མགོ་ཅན་དང། མགོ་བརྙན་གྱི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཁྲག་འཐུང་གི་རྒྱལ་པོ་གསང་བ་རྨད་དུ་བྱུང་བའི་ཆོས་ཇི་ལྟར་འབྱུང་ལགས། ཟབ་མོའི་དོན་ཇི་ལྟར་འབྱུང་ལགས། གདུག་པའི་ཚོགས་ཇི་ལྟར་འདུལ་ལགས། ། ཞེས་གསོལ་པས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་གསུང་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱོན་པར་བརྡེབས་པར་ཚུལ་མཐུན་བསྲུང།། གསང་སྔགས་ཐེག་པ་འབྱུང་བར་དཀོན། ། ཨུ་དུམ་ཝ་ར་ཇི་བཞིན་ནོ།། སྔར་གྱི་སངས་རྒྱས་འོད་སྲུངས་ཀྱིས།། གསང་སྔགས་འབྲས་བུའི་འཁོར་ལོ་བསྐོར།། དེ་ཡི་དུས་འདི་མ་གསུངས་ཏེ།། ཕྱིས་ཀྱང་གསུང་བར་མི་འགྱུར་རོ།། ད་ལྟ་རྒྱལ་པོ་ཛ་ལ་གསུངས། ། གསང་བའི་བདག་པོ་འདིས་གསུངས་སོ།། ཞེས་བཀའ་སྩལ་ཏོ།། དེ་ནས་འཁོར་རྣམས་དགྱེས་ནས་གསང་བའི་བདག་པོ་ཁྲག་འཐུང་གི་རྒྱལ་པོ་འཇིགས་པའི་ང་རོ་ཅན་ཚོགས་ཀྱི་བདག་པོ་ལེགས་སོ་ཟེར་ཞིང་གྱེས་སོ། ཁྲོ་བོ་མིག་ཡོ་མགོན་པོའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།།།། ཁྲོ་བོ་མི་གཡོ་མགོན་པོའི་རྒྱུད་རྫོགས་སོ།།།།
CLOSE WINDOW