CLOSE WINDOW

Gpb027.005: ཁྲོ་བོ་གཤིན་རྗེའི་གཤེད་པོའི་རྒྱུད
Wylie

ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་ལས།། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།།། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཀྲོ་དྷ་ཡ་མཱནྟ་ཀ་ཏནྟྲ། བོད་སྐད་དུ། ཁྲོ་བོ་གཤིན་རྗེའི་གཤེད་པོའི་རྒྱུད། དཔལ་ཡ་མཱན་ཏ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན།། མཐའ་དང་དབུས་མེད་པའི་རང་བཞིན་བཞུགས་གནས་ཆེན་པོ་ན། ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ཡུམ་དང་གཉིས་སུ་མེད་པར་བདེ་བ་ཆེན་པོའི་ངང་ལ་བཞུགས་སོ།། དེའི་ཚེ་འཁོར་ཀརྨ་ཧེ་རུ་ཀ་དང། ཤ་བའི་མགོ་ཅན་དང། འུག་པའི་མགོ་ཅན་དང། མགོ་བརྙན་གྱི་ཚོགས་ཀྱིས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ།། མཉམ་པ་ཉིད་ཀྱི་ངང་ལས་བཞེངས་ནས། སེམས་ཅན་གྱི་དོན་ལ་བསྐུལ་ཏེ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། བཅོམ་ལྡན་རྡོ་རྗེའི་ངང་ཉིད་ལས། ། གདུག་པའི་ལོག་རྟོག་གདུལ་སླད་དུ།། སྔོན་གྱི་སྨོན་ལམ་ཆེར་དགོངས་ལ།། སྙིང་རྗེ་ཆེན་པོ་བདག་ལ་སྟོན།། ཞེས་བསྐུལ་བས།། དཔལ་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་མཁྱེན་ནས། ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བཞེངས་ནས། གདུག་པ་ཅན་གྱི་ཚོགས་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཧོ་འཁོར་གྱི་ཚོགས།། རིན་ཆེན་བྱང་ཆུབ་སེམས་ཆེན་པོ། ཁྲོས་པའི་སྐུ་རྣམས་བསྐྱེད་པའི་རྒྱུ།། གདུག་པ་མ་ལུས་བསྒྲལ་བའི་ཕྱིར། ཁྲོས་པའི་སེམས་སུ་གྲུབ་མཛོད་ཅིག། ཧོ། པདྨ་དག་པ་ཡི་ཡང། ཞེས་རྣམ་པར་བསྐུལ་ལོ།། ཡང་དེའི་ཚེ་དྲེགས་པའི་ཚོགས་དང་མགོ་བརྙན་གྱི་ཚོགས་ཀྱི་མ་དང་བུ་མོའི་ཚོགས་ཐམས་ཅད་གཡེམས་པའི་སེམས་དང་ལྡན་པར་གྱུར་ཏོ། ། དེ་ནས་ཡང་ཁྲོ་མོའི་རྒྱལ་མོ་བྱང་ཆུབ་སེམས་ལ་ཡབ་ཀྱིས་བསྐུལ་བ་གླུ་འདིས་བསྐུལ་ལོ།། ཧཱུཾ་ཕ་དང་མ་དང་དགའ་བའི་ཀློང། ། གདུག་པ་སྒྲོལ་བའི་བྱང་ཆུབ་སེམས།། གདོད་ནས་དག་པའི་གཞལ་ཡས་སུ། ཁྲོས་པའི་ཚོགས་རྣམས་འབྱུང་བའི་དབྱིངས།། ཧོ་ཞེས་རྣམ་པར་བསྐུལ་ལོ།། དེ་ནས་ཡང་དེའི་ཚོ་ཁྲག་འཐུང་གི་རྒྱལ་པོའི་ཚོགས་ཡུམ་ལ་ཆགས་པའི་སེམས་དང་ལྡན་པ་འགྱུར་ཏོ། ། དེ་ནས་བདེ་བའི་ངང་ལ་རྟག་ཏུ་ལྷན་ཅིག་ཏུ་བཞུགས་སོ། ཁྲོ་བོ་གཤིན་རྗེའི་གཤེད་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཁྲག་འཐུང་གི་རྒྱལ་པོ་དེས། གཤིན་རྗེའི་གཤེད་པོའི་དཀྱིལ་འཁོར་འདི་གསུངས་སོ།། གཤིན་རྗེའི་གཤེད་པོའིདཀྱིལ་འཁོར་ནི།། གྲུ་གསུམ་མཐིང་ནག་འབར་བ་ལ།། ཟུར་གསུམ་བེ་ཅོན་སྔོན་པོས་བརྒྱན།། དེ་ཡི་དབུས་སུ་བསམ་བྱ་བ། ། གྲོ་ག་ཤིན་ཤུན་གང་ཡིན་ལ།། ཐར་ནུ་ར་ལྗག་འདི་ཡིས་ནི།། རང་བྱུང་མེ་ཏོག་དང་སྦྱར་ནས།། གཟུགས་བརྙན་སོར་བཞིའི་ཚད་དུ་བྲི།། དེ་ཡི་དབུས་སུ་རབ་བཞག་པ།། དེ་ཡི་སྙིང་གའི་གནས་སུ་ནི། ། ས་བོན་བསམ་ལ་སྐུ་བསྐྱེད་དེ།། རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད།། ཡོངས་སུ་རྫོགས་པའི་སྐུ་དེ་ལ།། ཕྱི་ནང་གསང་བའི་དབང་ཡང་བསྐུར།། བྱིན་གྱིས་བརླབ་པའི་སྔགས་དག་ལ། ། གསང་བའི་གནས་སུ་བྱིན་གྱིས་བརླབས།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་མཆོད།། རང་བཞིན་གནས་སུ་དེ་བཞུགས་པར།། ཡོངས་སུ་བལྟས་ལ་སྔགས་ལ་སྦྱར།། སྲས་ཀྱི་དམ་པར་རབ་བསྐྱེད་ལ།། བྱིན་བརླབས་དབང་ཡང་བསྐུར་བ་ཡིན། ། དུག་དང་མ་རུངས་པ་ཡང་བྱུག། བཟླས་ཡུངས་ཐུན་ཡང་བརྡེག་པ་ཡིན།། དུག་ལ་སོགས་པའི་ཐུན་ཡང་བརྡེག། ཞབས་འོག་གསང་བའི་དཀྱིལ་འཁོར་དུ།། བསད་པའི་སྦྱོར་བ་བྱས་པས་ནི། ། ཐང་གཅིག་ཡུད་ལ་དེ་རླག་འགྱུར།། དུར་ཁྲོད་རས་མ་བླངས་ནས་ནི།། དུག་དང་མ་རུངས་པ་ཡིས་བྱུག། མ་དེ་ར་ཡི་ཤིང་བུ་ལ།། པདྨའི་སྣོད་དུ་ངད་པས་བསགས།། དེ་ལ་བསེ་ཤིང་ཞོ་ཡིས་སྦྱངས། ། དུར་ཁྲོད་རྐང་གི་སྨྱུ་གུས་བྲི།། རྔ་མོ་བོང་བུའི་གཟུགས་བྲིས་ལ།། དེ་སྟེངས་འབད་ཅིང་འཐབ་པ་བྲི།། དེ་ལ་གསང་སྔགས་འབུམ་དུ་བཟླས།། དེ་ཡི་རྩིག་པའི་རྨང་དུ་བཟླས།། བརྒྱ་རྩ་བརྒྱད་དུ་ཐེམ་པ་དང། ། ས་བརྐོས་བཅུག་ལ་མི་མངོན་སྦ།། དེ་ཡིས་དབྱེ་བར་གདོན་མི་ཟ།། དུར་ཁྲོད་རོ་རས་ས་མེ་རླུང།། དེ་དག་འཁོར་ལོ་རབ་བྲིས་ལ།། འཁོར་ལོའི་དབུས་སུ་གཟུགས་བརྙན་བྲི།། རྔ་མོ་སྐེ་རིང་རྩལ་དང་བཅས། ། དེ་ཡི་རྨིག་པ་བཞི་རྣམས་ལ།། ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད།། དེ་སྟེང་དམིགས་པའི་གཟུགས་བརྙན་བཞག། བཟླས་པ་ཁྲི་ཕྲག་གཅིག་བྱས་ལ།། ཐེམ་པའི་འོག་ཏུ་སྦས་གྱུར་ན།། གནས་ལས་འཕོ་བ་ངེས་པར་འགྲུབ། ། དགུག་པ་རླུང་གི་ལྕགས་ཀྱུ་སྟེ།། ཐང་གཅིག་ཡུད་ལ་འགུགགས་པར་བྱེད། ཁྲོ་བོ་གཤིན་རྗེ་གཤེད་པོའི་རྒྱུད་ལས། དཀྱིལ་འཁོར་དགུག་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་རྒྱལ་པོ་དེས་ཚེ་སྒྲུབ་པའི་དོན་འདི་གསུངས་སོ། ། རིན་ཆེན་སྣ་ལྔའི་བུམ་པ་རུ།། སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ།། སྤོས་ལྔ་སྙིང་པོ་ལྔ་རུ་གསུངས།། སྒོ་བཞི་ཕྱི་ལ་ཧྲཱི་བཞི་བྲི།། རྟ་མགྲིན་རྒྱལ་པོར་མངའ་གསོལ་ལ། ། ནང་བླུག་བུམ་པའི་ཁ་རྒྱན་བཅས།། སྤོས་དང་གུ་གུལ་དུད་པས་བདུག། དཀར་གསུམ་མངར་གསུམ་རིལ་བུ་བྱ།། སྐུ་གསུང་ཐུགས་ལ་ཐིམ་པར་བསྟིམ།། མཚམས་བཅད་བགེགས་བསྐྲད་གཟུངས་ཐག་གཟུངས། ། ལྷ་བསྐྱེད་འཛབ་བྱ་མཆོད་པ་དབུལ།། སྙན་གསན་དབབ་ཅིང་སྐུ་གསུང་ཐུགས་ལ་བསྟིམ།། སྔགས་ཀྱི་བདག་པོ་དབུས་སུ་བསྒོམ།། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ།། ལཱ་སྱ་མཱ་ལེ་ཚེ་ཡི་བདག། ནིར་ཏི་གཱིར་ཏི་དབང་གི་སྐུ།། ནུབ་ནས་བཅོམ་ལྡན་མགོན་པོ་ཚེ་དཔག་མེད།། རྩི་བཅུད་ཐམས་ཅད་བུམ་པར་བསྡུ།། བྱང་སེམས་ཐམས་ཅད་སྐུ་གསུང་ཐུགས་ལ་བསྡུ།། རྩ་སྔགས་བསྐྱེད་ཅིང་ལས་སྔགས་གདགས། ། ཨཱའ་བེ་ཤ་ཡ་བཏགས་ལ་བཟླས།། ཚེ་ཉམས་ཐམས་ཅད་བསྡུས་ལ་ནི།། བུམ་པའི་སྐུ་གསུང་ཐུགས་ལ་ཐིམ་པར་བསམ།། བུམ་པའི་ནང་དུ་ལྷ་རྣམས་བསྒོམ།། སྐུ་གསུང་ཐུགས་སུ་དབང་ཡང་བསྐུར། ། ཉི་ཤུ་རྩ་གཅིག་འཕྲོ་འདུ་བཏང།། རྒྱས་དབང་བདུན་པོ་རབ་ཏུ་གཅེས།། རི་ལུ་གསུམ་པོ་བཟའ་བར་བྱ།། སྐུ་གསུང་ཐུགས་ཀྱི་དབང་ཡང་ཐོབ།། ཅེས་གསུངས་སོ། ཁྲོ་བོ་གཤིན་རྗེའི་གཤེད་པོའི་རྒྱུད་ལས། ཚེ་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེ་ལ། ཀརྨ་ཧེ་རུ་ཀ་དང། ཤ་བའི་མགོ་ཅན་དང། འུག་པའི་མགོ་ཅན་དང། མགོ་བརྙན་གྱི་ཚོགས་ཀྱིས། གང་ཞིག་མགོན་པོ་ཇི་ལྟར་ལགས།། ཇི་ལྟར་མགོན་པོ་དོན་སྟོན་ཕྱིར།། སྟོང་པའི་ངང་ཉིད་ཇི་ལྟར་ལགས།། ཨེ་མ་ཧོ་གསང་བའི་བདག། དེ་སྐད་ཅེས་དགེས་ནས་ཞུས་སོ། ཁྲག་འཐུང་གི་རྒྱལ་པོ་དེས། འཁོར་མགོ་བརྙན་གྱིས་ཚོགས་ལ། གསུང་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཧོ། གསང་སྔགས་ཟབ་མོ་དོན་ཆེན་འདི།། དུས་གསུམ་སངས་རྒྱས་གང་གིས་ཀྱང།། སྔར་འདས་སངས་རྒྱས་མ་གསུངས་ལ།། ཕྱིས་ཀྱང་གསུང་བར་མི་འགྱུར་རོ། ། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཞི་པའོ།།། ཁྲོ་བོ་གཤིན་རྗེའི་གཤེད་པོའི་རྒྱུད་རྫོགས་སོ།།།།

CLOSE WINDOW