Wylie |
། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་ལྔ་པའོ།།།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཏནྟྲ་རཱ་ཛ་ཀྲོ་དྷ་བི་ཛ་ཡ་ཏནྟྲ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད།། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ། ཁྲོ་བོ་རྣམ་པར་རྒྱལ་བ། མཐའ་དང་དབུས་མེད་པའི་རང་བཞིན་གྱི་གཞལ་ཡས་ཁང་ལྷུན་གྱིས་གྲུབ་པ་ན།། ཡུམ་དང་གཉིས་སུ་མེད་པར་བཞུགས་སོ།། དེའི་ཚེ་སྟག་གི་མགོ་ཅན་དང། བྱ་རྒོད་ཀྱི་མགོ་ཅན་དང། མགོ་བརྙན་གྱི་ཚོགས་ཀྱིས་ཡབ་གཙོ་བོ་ལ་ཞུས་པ། གནས་ཀྱི་མཚན་ཉིད་ཇི་ལྟར་ལགས།། དཀྱིལ་འཁོར་མཚན་ཉིད་ཇི་ལྟར་ལགས།། འཁོར་གྱི་མཚན་ཉིད་ཇི་ལྟར་ལགས།། རྫས་ཀྱི་མཚན་ཉིད་ཇི་ལྟར་ལགས། ། སྔགས་ཀྱི་མཚན་ཉིད་ཇི་ལྟར་ལགས།། སྒྲུབ་པའི་མཚན་ཉིད་ཇི་ལྟར་ལགས།། ཞེས་དྲིས་པས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་རྣམ་པར་རྒྱལ་བས་འདི་སྐད་ཅེས་བཀའ་སྩལ་ཏོ། ། གནས་ཀྱི་མཚན་ཉིད་རི་ནག་པོ།། དཀྱིལ་འཁོར་མཚན་ཉིད་གྲུ་གསུམ་ཨེ།། འཁོར་གྱི་མཚན་ཉིད་རང་ལས་མི་གཞན་པ།། རྫས་ཀྱི་མཚན་ཉིད་རྒྱུ་བཞིའོ།། སྔགས་ཀྱི་མཚན་ཉིད་ལས་སྔགས་སྤེལ།། བསྒྲུབ་པའི་མཚན་ཉིད་མར་བརྒྱད་ལ། ། དེ་སྐད་ཅེས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ། མགོ་བརྙན་གྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་ཁྲག་འཐུང་གསང་བའི་བདག། སྐུ་གསུང་ཐུགས་ཀྱི་བདག་ཆེན་པོ།། ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས།། རྣལ་འབྱོར་རྗེས་སུ་སྒྲུབ་པ་ལ།། དཀྱིལ་འཁོར་ཉམས་སུ་ཇི་ལྟར་བླང།། ཐབས་དང་བཅས་པའི་ཏིང་འཛིན་གྱི།། དངོས་གཞི་བསྒྲུབ་ན་ཇི་ལྟར་སྒྲུབ། ། ཅེས་གསོལ་པ་དང། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་རྣམ་པར་རྒྱལ་བས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་མགོ་བརྙན་ཕྲ་ཐབས་ཚོགས།། རྗེས་སུ་སྒྲུབ་པའི་རྣལ་འབྱོར་པས། ། དང་པོ་ལས་ལ་སྦྱོར་བའི་དུས།། ཚངས་པའི་གནས་བཞི་བསྒོམ་པར་བྱ།། དེ་ནས་དྲག་པོའི་ལས་ལ་སྦྱར།། རང་བཞིན་མེད་པའི་རྗེས་འཇུག་གོ། ཕྱག་རྒྱ་གསུམ་གྱིས་བསྐྱེད་པར་བྱའོ།། འབྱུང་བ་རིམ་བརྩེགས་ཚུལ་བཞིན་བསྒོམ། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས།། གླིང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། དབངགི་རིམ་པ་འདི་གསུངས་སོ།། གནམ་དང་ས་གཞི་བརྟག་པ་དང། ། ས་བསླང་ཆ་གསུམ་གཏོར་མ་གཏོང།། ཕྱི་མཚམས་བཅད་ཅིང་ནང་མཚམས་བསྲུང།། རྒྱལ་པོའི་ཚུལ་གྱིས་བསྙེན་པ་བྱ།། སྟ་གོན་ས་ཆོག་སྒྲིབ་པ་སྦྱངས།། ཚེམས་ཤིང་འདོར་ཞིང་སྲུང་སྐུད་གདགས། ། ཡེ་ཤེས་དབབ་ཅིང་ལུས་ལ་ལྷ་བཟུང་ངོ།། དེ་ནས་དབང་གི་ཡོན་ཡང་དབུལ།། དེ་ནས་ཡང་ནི་སྒྲུབ་པ་ནི།། དཀྱིལ་འཁོར་ཞག་གི་ཆོ་ག་བསྒྲུབས།། སློབ་དཔོན་དཀྱིལ་འཁོར་དཔག་ཚད་བཞི། ། རྒྱལ་པོའི་དཀྱིལ་འཁོར་རྒྱང་གྲགས་བཞི།། སྔགས་པའི་དཀྱིལ་འཁོར་ཁྲུ་བརྒྱའོ།། དགེ་སློང་དཀྱིལ་འཁོར་ལྔ་བཅུའོ།། རྗེ་རིགས་དཀྱིལ་འཁོར་བཅུ་དྲུག་པའོ།། དམངས་ཀྱི་དཀྱིལ་འཁོར་ཁྲུ་བརྒྱད་པའོ། ། གནམ་ཐིག་ས་ཐིག་བྱང་ཆུབ་སེམས།། ཐིག་གདབ་རིམ་པ་ཚུལ་བཞིན་བྱ།། རིན་ཆེན་སྣ་ལྔའི་ཚོན་རྩི་ལ།། དཔའ་བོ་འབྲུ་ལྔའི་ཡིག་འབྲུ་དགོད།། ཡེ་ཤེས་ལྔ་རུ་བྱིན་བརླབས་ཏེ།། ཕོ་བྲང་དཀྱིལ་འཁོར་ལྷུན་གྲུབ་དང། ། ཏྭ་ར་ཎ་ཡིས་བརྒྱན་པ་བྲི།། སློབ་མ་གཞུག་ཅིང་དྲི་ལན་ཞུ།། ཡི་དམ་དབོག་དང་དམ་ཚིག་དབོག། གསང་མཚན་དབོག་ཅིང་དམ་ཆུ་བླུད།། སྙིང་པོ་དབབ་ཅིང་ཕྱག་རྒྱ་བསྟན།། གསེར་ཐུར་སྤྱན་དབྱེ་དཀྱིལ་འཁོར་བསྟན། ། གཟུགས་བརྙན་བསྟན་ཅིང་ཆོས་ཀྱི་བཀའ་རྣམས་སྒྲོགས།། འཇུག་པའི་རིམ་པ་ཚུལ་བཞིན་ནོ།། དབང་གི་ལས་རྣམས་བསྒྲུབ་པ་ནི།། དབང་ལྔ་དོན་གྱི་བར་དུ་འགྲོ།། ལྷ་དབང་རྒྱལ་པོའི་ཚུལ་དུ་གཟུང། ། ཕན་པའི་དབང་བཅུ་ལུས་ལ་བརྒྱན།། རྟགས་ཀྱི་དབང་རྣམས་ལུས་ལ་བསྐྱེད།། གསང་བའི་དབང་ནི་གསུང་ལ་བསྐུལ།། ཤེས་རབ་ཡེ་ཤེས་དབང་ནི་ཐུགས་ལ་དྲན།། ཕྱག་རྒྱའི་དབང་ནི་ལུས་ལ་གཞུག། རྗེས་གནང་ཆེན་པོ་ལུས་ལ་བསྐུར།། དམ་ཚིག་ཆོས་རྣམས་དེ་རུ་བཤད།། ཅེས་གསུངས་སོ། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས།། དབང་གི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་བཀའ་སྩལ་པ། རྣམ་པར་རྒྱལ་བའི་དཀྱིལ་འཁོར་ནི།། གྲུ་གསུམ་མཐའ་ལ་རྡོ་རྗེ་ཡི།། རྩེ་གསུམ་ཁ་ཁྱེར་ཡོད་པས་མཚན།། ཐ་མ་འཁོར་ལོས་ཀུན་ནས་སྤྲས།། དེ་ཡི་དབུས་སུ་ཉི་ཟླ་གསལ།། རོ་ཡི་ཕུང་པོའི་སྟེང་དུ་ནི། ། ས་བོན་གསལ་བར་ཡོངས་རྫོགས་པས།། སྒོང་སྐྱེས་རིམ་པ་ལ་གནས་པ།། སྐུ་རྫོགས་འོད་དང་བཅས་པར་ནི།། ལྷ་ནི་གསལ་བའི་ངང་ཚུལ་ཅན།། ཡོངས་སུ་རྫོགས་པར་དེ་མཐོང་ནས།། སྐུ་གསུང་ཐུགས་ལས་ཡང་དག་སྤྲོས། ། བདེ་གཤེགས་འཁོར་བཅས་སྤྱན་དྲངས་ནས།། མཆོད་དབུལ་ཕྱི་ནང་དབང་ཡང་ནོད།། གནང་བ་བྱིན་ནས་བྱིན་གྱིས་བརླབས།། ཡེ་ཤེས་དཀྱིལ་འཁོར་གནས་ནས་དྲངས། ། བསྟིམས་ནས་གསལ་བའི་སྲས་མཆོག་ལ།། སྙིང་པོ་བཀོད་དེ་སྤྲོ་བསྡུ་ནི།། རིམ་པ་མ་འདྲེས་ཤེས་བྱས་ལ། ཁྲི་ཕྲག་གཉིས་ནི་བཟླས་བྱས་ན།། དེ་དུས་མཚན་མ་བཟང་པོ་འབྱུང།། དུས་དེར་ལས་ལ་སྦྱར་བ་ནི། ། འཁོར་ལོ་རྩིབས་བརྒྱད་དབུས་སུ་ནི།། ཡཾ་ལས་རླུང་ལྷ་དུད་ཁ་བསྐྱེད།། ཤ་བའི་ཁྲི་ལ་བཞུགས་ནས་ནི།། མཆོད་དབུལ་ཡེ་ཤེས་རླུང་ལྷ་དགུག། བསྟིམས་ལ་རླུང་ལྷའི་སྙིང་པོ་བཟླས།། རྫ་སོ་མ་བཏང་ས་ཡིས་དགབ། ། སྔོན་དམར་ཞགས་པས་རྒྱ་གྲམ་བཅིངས།། དེ་སྟེང་མ་ལས་ཉི་དཀྱིལ་འཁོར།། དེ་སྟེང་ཧཱུཾ་ལས་ཡོངས་གསལ་བསྐྱེད།། རྡོ་རྗེ་སྔོན་པོ་ཁ་བཞི་པ།། གསལ་བའི་ལྟེ་བའི་དབུས་སུ་ནི།། མཾ་ལས་རི་རབ་མེ་ལྕེས་བསྐོར། ། དེ་སྟེངས་མགོན་པོ་བསམ་པར་བྱ།། ཕྱག་ན་རྡོ་རྗེ་ཧཱུཾ་ལས་བསྐྱེད།། དེ་ཡིས་རླུང་ལྷ་རབ་གཟིར་བས།། རླུང་གི་སྦྱོར་བ་རྒྱུན་ཆད་འགྱུར།། སེར་ལྡེང་ཕུར་པ་སོར་བརྒྱད་ལ།། སྲས་མཆོག་དམ་པར་དེ་དབང་བསྐུར། ། བཟླས་པ་བྱེ་བ་ས་ཡར་བཟླས།། སྲས་ལ་འོད་ཟེར་འཕྲོ་འདུས་གཏམས།། ལྡེག་པའི་རྟགས་རྣམས་བྱུང་བ་དང།། ངར་ཕྱེར་གཟུགས་བྱས་སོར་བརྒྱད་ཚད།། རྐང་པ་གཡས་པའི་འོག་ཏུ་གཞུག། བཏབ་ན་ལྷ་ཡང་བརླག་པར་འགྱུར།། ཆུ་བོ་ཆེན་པོའི་སྣར་བཏགས་ན།། ངེས་པར་གྱེན་དུ་ཟློག་པར་བྱེད། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས། ལས་ཚོགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡུངས་ཀར་རྒྱལ་པོ་བསྒྲུབ་སྟེ། ཐོད་པ་མཚན་ངན་གཅིག་ནང་དུ།། ཡུངས་ཀར་བླུག་ལ་ཆོག་གཞུག་བསྲང།། ཡུངས་ཀར་ཁྲོ་བོ་ཆེན་པོར་བསམ།། འཛབ་ཀྱི་སྐབས་སུ་རྩ་སྔགས་ཉི་ཤུ་རྩ་གཅིག་ལ། ཨཱ་བེ་ཤ་ཡ་བཏགས་ལ་བཟླས།། ཡུངས་ཀར་ཁྲོ་བོ་ཆེན་པོ་ལ།། གང་ལ་བཏབ་ཀྱང་ཐོགས་མེད་བསམ།། བསྟོད་པ་བྱ་ཞིང་ཚོགས་ཀྱིས་མཆོད།། གཞན་ཡང་རྣལ་འབྱོར་དྲི་ཆེན་གྱིས།། གཞི་བྱས་ཡུངས་ཀར་ལུད་ཀྱང་བྱ། ། དབང་པོ་ལྔ་རུ་ཡུངས་ཀར་བླུགས།། དྲི་ཆུ་བོང་རྟུག་བོང་གཅིན་གསུམ།། ལུད་བྱས་གཅུས་ཤིང་སྔགས་ཀྱང་བཟླས།། གཞན་པས་སྦོམ་པ་གཅིག་ཡོང་སྟེ།། དགྲ་ལ་བཏབ་ན་རྩ་རྒྱུད་གཅོད། ། བགེགས་ལ་བཏབ་ན་རྡུལ་དུ་རློག། དེ་ལ་ཡུངས་ཀར་རྒྱལ་པོ་བྱ། ཁྲོ་བོ་རྣམ་པར་རྒྱལ་པོའི་རྒྱུད་ལས། ཡུངས་ཀར་རྒྱལ་པོ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་གུ་གུལ་སྦྱར་མ་བསྒྲུབ།། ཐོད་པ་མཚན་ངན་གཅིག་ནང་དུ། ། རྟ་བོང་དང་ནི་སྤྱང་ཀའི་བྲུན།། བུད་མེད་དོར་རྟ་ཁྱི་ལུད་དང།། འབོག་དང་གུ་གུལ་ནག་པོ་དང།། དེ་རྣམས་ཐོད་པའི་ནང་དུ་བླུགས།། རྣམ་རྒྱལ་ཆོ་ག་གཞུང་བཞིན་བྱ།། འཛབ་ཀྱི་སྐབས་སུ་ཀཱི་ལ་ཡ། ། ཉི་ཤུ་རྩ་གཅིག་ལས་སྔགས་གདགས། ཛྭ་ལ་པ་ཡ་མང་བཟླས་ལ།། དྲི་ཆུས་བྲན་ལ་ཕུར་པས་དཀྲུག། བྲ་མས་ཁ་བཅད་རིལ་བུ་བྱ།། བསྒྲུབ་པའི་རྫས་ལ་དུ་བ་བཏང།། དགྲ་བགེགས་གཉིས་ཀྱི་ལྷ་དང་དབྱེ། ། ཐོགས་པ་མེད་འཔར་འགྲུབ་པར་གྱུར། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས།། གུ་གུལ་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་སེར་བ་བསྲུང་བྱ་སྟེ།། ཡུངས་ཀར་ཐལ་ཆེན་སྔགས་བཟླས་ཏེ།། ཕྲིན་ལས་རྣམ་པ་བཞི་ཡི་ནི། ། ཕུར་པ་སོར་བཞིའི་ཚད་དུ་བྱ།། ཤིང་བྱང་བུ་ལ་འབྲུ་དགུ་བྲི།། བསྙེན་པ་སྤྱི་དང་མཐུན་པར་བྱ།། སེར་བ་བསྲུང་བའི་ཉིན་མོ་ལ།། སྲུང་མ་བསྐུལ་ཞིང་གཟུ་དཔང་གཟུག། ཡུལ་ལྷ་མཆོད་ཅིང་གསེར་སྐྱེམས་བཏང། ། ཡུངས་ཀར་ཐལ་ཆེན་གོང་མའི་རྫས།། ཕུར་བུ་བྱང་བུ་སེ་མཐོས་བསྐོར།། ཡུངས་ཀར་བསྒྲེང་ཞིང་ཕུར་བུས་གདབ།། མོད་ལ་ཟློག་པ་འགྲུབ་པར་འགྱུར།། ཞེས་གསུངས་སོ། ཁྲོ་བོ་རྣམ་པར་བརྒྱལ་བའི་རྒྱུད་ལས། སེར་བ་བསྲུང་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེ་ལ་ཀརྨ་ཧེ་རུ་ཀ་དང། སྟག་གི་མགོ་ཅན་དང། བྱ་རོག་གི་མགོ་ཅན་དང། ཕྲ་མེན་གྱི་ཚོགས་རྣམས་ཤིན་ཏུ་དགེས་ནས། ཞབ་བཞད་ཅིང་མགྲིན་གཅིག་ཏུ་བསྡུས་ནས། གདུག་པ་འདུལ་བར་ཁྱད་པར་འཕགས།།། ཁྲོ་བོ་མཁའ་འགྲོ་བདག་ཅག་འཁོར།། ཚོགས་པ་རྣམས་ལ་གསུངས་ལགས་ན། ། སྔར་ནི་བདེ་གཤེགས་གང་གིས་གསུངས།། ཕྱིས་ནི་བདེ་གཤེགས་གང་གསུང་འགྱུར།། ད་ལྟ་འདི་ཉིད་གནས་ལགས་ན།། དེ་སྐད་ཅེས་གསོལ་བ་དང།། བཅོམ་ལྡན་འདས་རྣམ་པར་རྒྱལ་བས།། ཀརྨ་ཧེ་རུ་ཀ་ལ་སོགས་ཏེ་འཁོར་གྱི་ཚོགས་ཀྱི་ཚིགས་[[]ཚིག་[]]གསན་ནས་གསུང་འདི་སྐད་ཅེས་བཀའ་སྩལ་ཏོ། ཁྱོད་ནི་བཅོམ་ལྡན་འདས་དང་འདྲ།། སེམས་ཅན་ཀུན་ལ་ཕན་བྱེད་ཅིང། ཁམས་གསུམ་སྙོམས་པའི་ཕ་མ་ཡིན། ། ཟབ་མོ་ཁོང་དུ་འཆང་བྱེད་ཡིན།། བདེ་བ་སླད་ཀྱི་ལུང་སྟོན་ཡིན།། གདུག་པ་སླད་ཀྱི་ཚར་གཅོད་ཡིན།། ཡེ་ཤེས་སྤྲུལ་པའི་སྐུ་མཆོག་ཡིན།། གསང་གསུམ་འདུས་པའི་ཐུགས་མཆོག་ཡིན།། ཞེས་གསུངས་སོ། ། རྒྱུད་ཀྱི་རྒྱལ་པོ་རྣམ་པར་རྒྱལ་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་པའོ།།། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཀྲོ་དྷ་ནཱི་ལ་དཎྜ་ཏནྟྲ།
CLOSE WINDOW