CLOSE WINDOW

Gpb026.003: རྡོ་རྗེ་ཕུར་བུ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ཅེས་བྱ་བ
Wylie

། སྒྲ་ལོག་ན་རྗེ་བཙུན་མས་བཟོད་པར་གསོལ་ལོ།།།། རྒྱ་གར་སྐད་དུ། བཛྲ་ཀཱི་ལི་ཡ་གུ་ཧྱ་མཱུ་ལ་མ་ཧཱ་ཡོ་ག་སཾ་གི་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་བུ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཁྲོས་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་བདེ་བ་ཆེན་པོ་དེས། དབྱིངས་རྣམ་པར་དག་པའི་ངང་ལས་ཡེ་ཤེས་མ་འགགས་པར་སྣང་བ་ནི། སྐུ་གསུང་ཐུགས་དང་ལྡན་པ། སྣང་བ་ཡུམ་གྱི་བྷ་ག་ཕྱི་མེད་ནང་མེད་ཀུན་ཏུ་གསལ་བའི་གཞལ་ཡས་ཁང། ཕྱི་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང། ནང་དུར་ཁྲོད་འཇིགས་པ་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང། རྒྱན་སྣ་ཚོགས་དང་ལྡན་པས། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། འབྱུང་བ་ཡུམ་དང་ལྡན་པའི་གཞལ་ཡས་ཁང། འོག་མིན་ཆོས་ཀྱི་དབྱིངས། ཐབས་དང་ཤེས་རབ་མ་ཆགས་ཤིང་ཉོན་མོངས་པས་མ་གོས་པའི་གདན་ལ། ཡུམ་འཁོར་ལོ་རྒྱས་འདེབས་མ་དང་གཉིས་སུ་མེད་པར་བཞུགས་སོ། ། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་བྱིན་རླབས་ལས་བྱུང་བ་ཡེ་ཤེས་ལྔ་ལས་གྲུབ་པ་རྡོ་རྗེ་འདུས་པ་ལ་སོགས་སྲས་མཆོག་ལྔ་དང། རོལ་པའི་རྣམ་པར་ཤེས་པ་ལས་གྲུབ་པའི་ཁྲོ་བོ་བཅུ་དང། ཡུམ་རྣམ་པར་དག་པ་ལས་གྲུབ་པའི་ཁྲོ་མོ་བཅུ་དང། བྱང་ཆུབ་སེམས་ཀྱི་བདེ་བ་དཀར་དམར་ཉི་ཤུ་གྲུབ་པའི་ཕྲ་མེན་མ་ཉི་ཤུ་དང། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ་སུམ་སྤྲུལ་བསམ་མི་ཁྱབ་པ་དང། ཁྲོ་བོ་ཀརྨ་ཧེ་རུ་ཀ་དང། གཞན་ཡང་ས་བཅུའི་བྱང་ཆུབ་སེམ་དཔའ་མང་པོ་དང། དེ་དག་ལ་སོགས་པ་འཁོར་དུ་དེང་འདུས་པ་ནི། གསང་བའི་རིག་པ་འཛིན་པའི་ཁྲོ་བོ་མང་པོ་དང། འཇིག་རྟེན་པའི་དྲེགས་པ་ཅན་ཕོ་མོ་ཁྲོ་བོའི་གཟུགས་འཛིན་པ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། དབྱིངས་ལས་སྐུའི་ཡེ་ཤེས་སྣང་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་གནས་རྣམ་པ་ལྔ་ནས་འོད་ཟེར་ཁ་དོག་རྣམ་པ་ལྔ་བྱུང་སྟེ། ཡེ་ཤེས་གསལ་བ་ཞེས་བྱ་བར་ཕྱོགས་བཅུ་མ་ལུས་མི་ལུས་ཤིང། ལུས་པར་མི་འགྱུར་བའི་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་གྱུར་ཏེ། འོད་དེས་འགྲོ་བ་རིགས་དྲུག་གི་ཉོན་མོངས་པ་ཐམས་ཅད་དག་པར་མཛད་དེ། དེ་དག་པས་ཕུར་པ་གཉིས་མེད་ངེས་པ་ཞེས་བྱ་བར་གསལ་བར་གྱུར་ཏོ།། དེ་དག་སླར་འདུས་པས་སྐུ་ཐམས་ཅད་ཤིན་ཏུ་ཡང་དག་པར་རྫོགས་པར་མཛད་དེ། ཡེ་ཤེས་མ་འགོགས་པ་མ་འདྲེས་པ་ཡོངས་སུ་རྫོགས་པར་མཛད་ནས་སླར་ཉིད་ཀྱི་ཐུགས་ཀར་ཐིམ་མོ།། འཁོར་རྣམས་ཀྱིས་ཀྱང་ཡེ་ཤེས་གཉིས་མེད་དག་པ་ཕུར་པ་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་རྟོགས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། རང་བྱུང་གི་ཕུར་པའི་དོན་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སེམས་ཅན་མ་རིག་པའི་དོན་དུ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་རྡོ་རྗེ་བདེ་བའི་ཚིག་འདི་གསུངས་སོ། ། ཨ་ཧོ་བདེ་བ་ཡེ་དག་པའི།། རང་བྱུང་ཕུར་པའི་ངེས་དོན་འདི།། ཐུན་མོངས་མ་ཡིན་ཡེ་དག་པའི།། རྡོ་རྗེ་གཞོན་ནུ་བདག་ལ་གསལ། ། དབྱིངས་དང་ཡེ་ཤེས་ཕུར་བུ་འདི།། གཉིས་སུ་མེད་པ་བདེ་བའི་ཕུར།། ཡེ་ནས་དག་པའི་ཀློང་དཀྱིལ་ན།། མ་འདྲེས་དག་ལས་སོ་སོར་གསལ།། ཞེས་གསུངས་སོ།། དེ་ནས་འཁོར་རྣམས་ཀྱིས་རང་བྱུང་གི་ཕུར་པ་བདེ་བ་ཆེན་པོའི་དོན་རབ་ཏུ་རྟོགས་ཏེ་རང་རང་གི་དོན་གོ་བ་ཆེན་པོ་རྙེད་པར་གྱུར་ཏོ། ། དེ་ནས་སྲས་མཆོག་རྣམ་པ་ལྔས། རྟོགས་པའི་དོན་འདི་གསུངས་སོ།། ཨ་ཧོ་རང་བྱུང་ཕུར་པ་ཡེ་ཤེས་ལྔར། ། གྲུབ་པའི་དོན་ཤེས་བྱང་སེམས་འདི།། ཡེ་ནས་ཡེ་ཤེས་ལྔར་གནས་ཕྱིར།། ཕུར་པ་ཐམས་ཅད་འདི་རུ་ངེས།། ཞེས་གསུངས་སོ།། དེ་ནས་ཧཱུ~ཾ་ཀཱ་ར་ལ་སོགས་པ་ཡབ་ཡུམ་གྱིས་རྟོགས་པ་དོན་གོ་བ་འདི་གསུངས་སོ། ། ཨ་ཧོ་གཉིས་མེད་ཕུར་པ་ཆེན་པོའི་དོན།། རོལ་པའི་སྟོབས་ཀློང་ཕྱོགས་བཅུར་ནི།། ཕུར་པ་ཐམས་ཅད་འདིར་འདུས་པས།། བྱང་ཆུབ་སེམས་ཀྱི་ཕུར་འདིར་ངེས།། ཞེས་གསུངས་སོ།། དེ་ནས་ཕག་མགོ་ཅན་ལ་སོགས་པའི་ཕྲ་མེན་མ་རྣམས་ཀྱིས་རྟོགས་དོན་འདི་གསུངས་སོ། ། ཨ་ཧོ་ཕུར་པ་མ་འགགས་ཆེན་པོའི་དོན།། བྱང་ཆུབ་སེམས་ནི་ཉི་ཤུ་རུ།། མ་ལུས་འདུས་པ་ཆེན་པོའི་དོན།། བྱང་སེམས་ཕུར་པ་འདི་ངེས་སོ། ། ཞེས་གསུངས་སོ།། དེ་ནས་ཀརྨ་ཧེ་རུ་ཀས། རང་གིས་རྟོགས་པའི་གོ་བ་འདི་གསུངས་སོ།། ཕུར་པ་དག་པ་ཆེན་པོ་རྣམས།། མ་ལུས་ཕྲིན་ལས་མཛད་པ་ཡིས།། བྱང་ཆུབ་སེམས་སུ་རབ་འདུས་པས།། རྡོ་རྗེ་ཕྲིན་ལས་འདི་ངེས་པའོ། ། ཞེས་གསུངས་སོ།། དེ་ནས་འཁོར་དྲེགས་པ་ཅན་མང་པོས་རང་བྱུང་གི་དོན་ངེས་པར་རིག་ནས། གཞི་ཇི་བཞིན་པའི་ཕུར་བུ་ལ། བློ་ཇི་བཞིན་པའི་དོན་གཞག་ཐབས་ངེས་པར་རབ་ཏུ་ཤེས་པར་གྱུར་ཏོ། ། དེ་ནས་ཡང་གཙོ་བོ་ཡབ་ཡུམ་ལ་སོགས་པ་རྣམས། གསང་བ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་གྱུར་ཏེ་བདེ་བའི་རོལ་པ་མཛད་ནས། གཉིས་སུ་མེད་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོའི་དགའ་བ་ཉམས་སུ་མྱོང་ནས། བུམ་པ་ཆུས་གང་བ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ནམ་མཁའ་ཐམས་ཅད་དཀར་ལྟེམ་གྱིས་གང་བར་གྱུར་ཏོ།། དེ་དག་སླར་རང་རང་གི་བདེ་བའི་གནས་སུ་ཐིམ་སྟེ། རང་རང་གི་བྱང་ཆུབ་སེམས་བདེ་བ་འདི་གསུངས་སོ།། ཨེ་མ་ཧོ་རང་བྱུང་བདེ་བ་ཆེན་པོའི་དོན།། ཕུར་པ་བྱང་སེམས་ཆེན་པོ་སྟེ།། སྣང་བ་མ་ལུས་ཐམས་ཅད་སེམས།། ཐམས་ཅད་དེ་ལས་མ་གཡོས་པས།། བྱང་ཆུབ་སེམས་ནི་ངེས་པར་འགྲུབ། ། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས་གླེང་གཞི་དང་ཕུར་བུ་ངེས་པར་བཀོད་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཕྲིན་ལས་ཀྱི་བདག་པོ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལི་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། རང་བྱུང་ཕུར་བུའི་དོན་བསྟན་པ།། འདི་ནི་རབ་ཏུ་ངེས་པ་སྟེ།། འདི་ལ་ཐ་སྙད་ལས་བཏགས་པའི།། ཕུར་པ་ངེས་པ་དུ་རུ་བཤད། ། ཅེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ཕུར་པའི་རྣམ་གྲངས་རྣམ་པར་ངེས་པ་གསལ་བར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། ། ཨེ་མ་ཧོ། ཉོན་ཅིག་ཀརྨ་ཧེ་རུ་ཀ། རང་བྱུང་ཕུར་བུ་དོན་ངེས་པའི།། རྣམ་གྲངས་དབྱེ་བ་ངས་བཤད་དོ།། ཕུར་པ་རང་བྱུང་ངེས་པ་ལ།། དབྱེ་ན་རྣམ་པ་བཞི་ཡིན་ཏེ།། རང་རིག་ཡེ་ཤེས་ཕུར་པ་ཡིས། ། ཡུལ་ཆོས་དབྱིངས་ལ་གདབ་པ་དང།། ཐུགས་རྗེ་ཆེན་པོའི་ཕུར་པ་ཡིས།། ཁམས་གསུམ་སེམས་ཅན་གདབ་པ་དང།། གསང་བ་བྱང་སེམས་ཕུར་པ་ཡིས།། ཡུམ་གྱི་མཁའ་ལ་གདབ་པ་དང།། མཚན་རྫོགས་རྫས་ཀྱི་ཕུར་པ་ཡིས། ། ཉམས་པ་བདུན་ལ་གདབ་པའོ།། དེ་དག་རང་རང་གདབ་ཐབས་དང།། སྐྱོན་ཡོན་ཐེབས་ཚད་ཤེས་པ་ན།། ཕུར་པ་ངེས་པར་འགྲོལ་བ་ཡིན།། ཡང་ན་གསུམ་དུ་ངེས་པ་ཡིན།། དབྱིངས་དང་ཡེ་ཤེས་བདེ་བའི་དོན། ། གདལ་བ་ཆོས་ཉིད་ཕུར་པ་དང།། ཁྱབ་པའི་ཡེ་ཤེས་ཕུར་པ་དང།། གཉིས་མེད་བདེ་བ་ཆེན་པོ་ཕུར།། དེ་ཡི་ངེས་དོན་རྟོགས་ཤེས་ན།། ཕུར་པའི་དོན་རྣམས་དེར་ངས་བཤད།། ཡང་ན་དོན་དམ་ཕུར་པ་དང། ། ཀུན་རྫོབ་ཕུར་པ་གཉིས་ཡིན་ཏེ།། དམིགས་མེད་ཡེ་ཤེས་དག་པ་དང།། སྣང་བ་འཁྲུལ་པར་ངེས་པ་ཡིས།། གཉིས་སུ་མེད་པར་ཀུན་འདུས་ཏེ།། ཤེས་རབ་གསུམ་ལྡན་མཁས་པས་དཔྱད། ། དེ་ལ་སོགས་པའི་ཕུར་པ་ནི།། ཐ་སྙད་ཕྱིར་ན་ངེས་པ་ཡིན།། དོན་ལ་ཕུར་བུ་གང་ཡང་མེད།། ཕུར་པའི་ངོ་བོ་ངེས་ཚིག་དང།། དབྱེ་བ་ལ་སོགས་མང་པོ་རྣམས།། ཀུན་ལ་རབ་ཏུ་ཤེས་པར་བྱ།། ཐམས་ཅད་མ་ལུས་ཕུར་པ་ཡིན། ། ཡེ་ནས་གནས་པས་བཅོས་སུ་མེད།། རྟོག་པ་མེད་པས་བདེ་བ་ཡིན།། མཐུན་གཉིས་ཀུན་རྫོབ་མི་སྤང་ངོ།། གཏན་ཚིགས་བསྒྲུབ་བྱ་ངེས་པར་བཤད།། དོན་ལས་སངས་རྒྱས་ཕུར་བུ་དང། ། སེམས་ཅན་ཕུར་བུ་གཉིས་མེད་དེ།། བཙལ་དུས་ཁྱབ་བྱ་ཁྱབ་བྱེད་ཀྱིས།། ཕུར་པ་ངེས་པར་རབ་ཏུ་བཙལ།། ཕུར་བུའི་ངེས་དོན་དག་པ་ཡང།། ལྷངས་ཀྱིས་རྟོགས་ན་ཐེབས་པ་ཡིན།། གཉིས་སུ་མེད་ན་སྦྱོར་བ་ཡིན། ། མཚན་མ་བྲལ་ན་བརྗོད་དུ་མེད།། ནམ་མཁའ་ཆོས་ཉིད་སེམས་ཉིད་ཕུར།། གཉིས་མེད་ཕུར་བུ་མྱ་ངན་འདས།། ཞེས་གསུངས་སོ།། རྡོ་རྗེ་ཕུར་བུ་རྩ་བའི་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། གླེང་བསླང་བ་དང་ཕུར་པའི་རྣམ་གྲངས་རྣམ་པར་བཤད་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀ། བཅོམ་ལྡན་འདས་བཛྲ་ཀཱི་ལི་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། རྡོ་རྗེ་ཞེས་ནི་གང་ལ་བགྱི།། ཕུར་པ་ཞེས་ནི་གང་ལ་བགྱིས། ། དགོངས་པ་ཞེས་ནི་གང་ལ་བགྱི།། རྒྱུད་ཀྱིས་བྱ་བ་ཇི་ལྟ་བུ།། ཆེན་པོ་ཞེས་ནི་གང་ལ་བགྱི།། དེ་ལ་སོགས་པའི་ངེས་པ་རྣམས།། གཙོ་བོས་བདག་ལ་བཤད་དུ་གསོལ། ། ཞེས་གསོལ་བ་དང། དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ཐ་སྙད་ཐམས་ཅད་རྣམ་པར་ངེས་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཧོ། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཐུགས་རྗེ་ཆེན་པོ་ལྡན་པ་ཡིས།། ཁྱོད་ཀྱི་འདོད་པ་ངས་བསྐོང་ངོ།། རྡོ་རྗེ་གཉིས་སུ་མེད་པ་སྟེ།། མི་འགྱུར་ཆོས་ཀྱི་སྐུ་རུ་བཤད།། ཕུར་པ་ཡེ་ཤེས་གཉིས་མེད་དོན།། དབྱིངས་དང་ཡེ་ཤེས་འབྲེལ་བར་བཤད། ། གསང་བ་རྣམ་པ་གསུམ་ཡིན་ཏེ།། ཕྱི་ནང་གསང་བས་གསང་བ་སྟེ།། རྒྱ་རུ་འདེབས་པ་ངས་བཤད་དོ།། དགོངས་པ་སངས་རྒྱས་དགོངས་པ་སྟེ།། དབྱིངས་ལས་གང་འདོད་སྐོང་བར་བྱེད། ། རྣལ་འབྱོར་མ་བཅོས་བློ་ལའོ།། རྒྱུད་ནི་ཐམས་ཅད་འབྲེལ་བས་ཏེ།། དོན་དམ་ཀུན་རྫོབ་ཕུར་བུར་འབྲེལ།། ཆེན་པོ་གཞན་ལས་ཁྱད་པར་འཕགས།། ལྟ་བ་སྤྱོད་པ་ཕྲིན་ལས་དང།། དམ་ཚིག་ཡེ་ཤེས་ལ་སོགས་འཕགས། ། བཅོམ་པ་གཟུང་འཛིན་གཉིས་བཅོམ་སྟེ།། ལྡན་པ་དབྱིངས་དང་ཡེ་ཤེས་ལྡན།། རྡོ་རྗེ་གང་ཡང་གཉིས་མེད་དེ།། ངེས་པའི་ཕུར་པ་ཀུན་རྟོགས་རྒྱའོ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ངེས་ཚིག་བཤད་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་འཇིག་རྟེན་པའི་དྲེགས་པ་ཆེན་པོ་རྟོགས་པ་རང་རྒྱུད་པ། བདེན་པའི་དོན་མ་མཐོང་བ། དུག་ལྔ་རང་གར་སྤྱད་པའི་ཉེས་པ་ཡིས། ལུས་ཤིན་ཏུ་འཇིགས་པ་རྒྱུ་དང་རྐྱེན་གྱིས་གོལ་བའི་རཱུ་ཏྲ་ཆེན་པོ་དེས། འདོད་ཁམས་ཀྱི་ལྷ་མན་ཆད་དབང་དུ་བསྡུས་ནས་ལམ་ལོག་པ་ལ་འགོད་ཅིང་སྲོག་གཅོད་པར་བྱེད་དོ།། དེའི་འཁོར་དུག་ལྔ་ལས་གྲུབ་པའི་ལྷ་ཆེན་པོ་ལྔ་དང། མི་དགེ་བ་བཅུ་ལས་གྲུབ་པའི་ཕྱོགས་སྐྱོང་བཅུ་དང། དམ་སྲི་དམར་པོ་ཞེས་བྱ་བ་དང། གཞན་ཡང་དྲེགས་པ་ཅན་ཕྲ་མེན་གྱི་གཟུགས་འཛིན་པ་མང་པོས། སེམས་ཅན་མང་པོའི་སྲོག་གཅོད་ཅིང་ལོག་པའི་དོན་ལས་བཀོད་ཅིང། རང་རང་གི་གནས་སུ་དུར་ཁྲོད་ལྟ་བུ་དུག་ལྔའི་རྟེན་ཅན་གནས་སོ།། དེ་ནས་ཀརྨ་ཧེ་རུ་ཀས། དེ་ལྟ་བུའི་དོན་ལོག་པ་མཐོང་ནས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ། འཇིག་རྟེན་ལོག་པའི་སེམས་ཅན་འདི།། རྒྱུ་དང་རྐྱེན་ལས་རང་གར་འཁྲུལ།། དུག་ལྔ་རྟོག་པའི་ལས་བྱས་པས།། རྒྱུ་མཐུན་འབྲས་བུ་འཇིགས་པའི་གཟུགས། ། ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡིས།། འདོད་པའི་ཁམས་སོགས་དབང་བསྡུས་ནས།། སྲོག་གཅོད་ལོག་པ་ལ་སྡུད་པ།། མ་བཏུལ་ཉེས་པ་གཉིས་སུ་འགྱུར།། བཏུལ་ན་ཡོན་ཏན་མང་པོ་སྟེ།། དེ་བཞིན་གཤེགས་པ་མང་པོཀུན། ། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ།། གདུག་པ་ཁྲོ་གཏུམ་གདུལ་བར་བྱ།། ཞེས་གསུངས་སོ། དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལི་ཡས། དྲེགས་པ་ཡེ་ཤེས་ཆེན་པོས་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ། བདག་རྟོག་ཞེ་སྡང་ལས་འཁྲུལ་པ།། ཤིན་ཏུ་འཇིགས་པའི་རཱུ་ཏྲ་འདིས།། སྔོན་ཡང་བསྐལ་པ་རེ་རེ་ལ།། བར་ཆོད་སྲིན་པོར་གྱུར་པ་སྟེ། ། འདི་མ་བཏུལ་ན་སེམས་ཅན་དག། ཐམས་ཅད་མ་ལུས་དམྱལ་བར་འགྲོ།། སངས་རྒྱས་ཀུན་གྱི་དཔུང་བཟློག་ལ།། ཤེས་རབ་ཐབས་སྦྱོར་ཆེན་པོ་ཡིས།། དེ་བཞིན་གཤེགས་པ་ཁྲོ་བོ་བྱའོ། ། ངང་ཉིད་པ་ཡི་ཆོས་དབྱིངས་ལས།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། འགྱུར་མེད་ཡེ་ཤེས་དག་པ་སྟེ།། ཡེ་ཤེས་ཁྲོ་བོ་གཤེགས་གསོལ་ནས།། འཁོར་བའི་སྐུ་དབྱིག་རབ་བསྐྱེད་བྱ།། སྲིད་པ་རྡོ་རྗེ་རབ་བསྒྲུབ་སྟེ། ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་སྒྲུབ་པར་བྱེད།། འབར་བའི་ཁྲོ་བོ་མི་བཟད་པས།། རྟགས་དང་མཚན་མ་རབ་ཏུ་བསྟན།། ཁོ་ལ་ཕུར་པའི་དངོས་གྲུབ་སྦྱིན།། ཞེས་གསུངས་ཏེ། ཞི་བའི་བདེན་པས་ཡང་ནས་ཡང་དུ་བཏུལ་བས་མ་ཐུལ་ཏེ། ཁྲོ་བོས་འདུལ་བར་དགོངས་ནས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ནམ་མཁའ་བཀང་བའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔར་བསྡུས་ཏེ། བདག་གི་ལྷ་དང་གཉིས་སུ་མེད་པར་སྦྱོར་བར་མཛད་དེ། སྐུ་འཇིགས་པའི་ཁྲོ་བོ་མང་པོ་བྱུང་ནས། ཁྲོ་བོ་འཇིགས་པའི་གླིང་ཁམས་སུ་བྱོན་ནས། ཡུམ་ལ་རོལ་པར་མཛོད་དོ། འདོད་པའི་ཉེས་པ་མང་པོ་ཡང་གསོལ་ནས་བཞུགས་པ་ལས། རུ་ཏྲ་ལོག་ནས་རང་རང་གིས་གནས་ཁང་དུ་ཕྱིན་པ་དང། རང་ལས་ལྷག་པའི་ཁྲོ་བོ་སྔར་མ་མཐོང་བ་འདུག་པར་མཐོང་ནས། ཤིན་ཏུ་དངངས་ཏེ་ང་རྒྱལ་སྐྱེས་སོ།། དེ་ནས་བཛྲ་ཀཱི་ལ་ཡས་ཤིན་ཏུ་ཡང་འཇིགས་པའི་སྦྱོར་བ་མཛད་དེ་གསུངས་པ། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི།། དུས་གསུམ་རྒྱལ་བའི་སྐུར་སྤྲུལ་པ། ། རིག་འཛིན་ངེས་པ་མང་པོ་ལ།། དངོས་གྲུབ་འཕྲོག་པར་བྱེད་པ་ཡི།། རཱུ་ཏྲ་རྟགས་པའི་རྒྱལ་པོ་འདི།། ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས།། ཡུད་ཙམ་གྱིས་ནི་རབ་ཕོབ་ལ།། སྡུག་བསྔལ་ཉམས་སུ་མྱོང་བར་གྱིས། ། ཞེས་གསུངས་ནས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུ~ཾ་རཱུ་ཏྲ་མཱ་ར་ཡ་ཕཊ།། ཅེས་གསུངས་པས། ཁོ་ཡང་ཀཱི་ལ་ཡའི་སྦྱོར་བས་དཔའ་བོ་འདྲ་བའི་གཟུགས་འཇིགས་པར་སྤྲུལ་ཏོ།། དེ་ནས་ཉིད་ཀྱིས་བཛྲ་ཀཱི་ལ་ཡ་ཧེ་རུ་ཀ་མ་ཧཱ་བཛྲ་ཞེས་གསུངས་པས། དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ཏེ། དེས་ཕྱག་མཚན་ཡང་ཕྲོགས་ཏེ། འདི་སྐད་ཅེས་གསུངས་སོ།། དངོས་གྲུབ་བར་གཅོད་རཱུ་ཏྲ་འདིས།། གདུག་ཅིང་སྡང་སེམས་ལྡན་པས་ན། ། ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས།། གཏོགས་ཤིང་གྲོགས་དང་ཕྲལ་བར་གྱིས།། རེངས་པར་ཁུག་ལ་སྨྲར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ལུས་ངག་རྡུལ་དུ་བརླག་པར་བྱའོ། ། དཔའ་བོ་རྡོ་རྗེའི་ཞལ་དུ་རྔུབས།། ཞེས་གསུངས་ཏེ། སྔགས་དྲུག་རིམ་པས་གསུངས་ཏེ། ཐ་མས་ཞལ་དུ་རྔུབས་སོ།། རྔུབས་པས་ཁོ་བདེ་བའི་རྒྱུ་རྐྱེན་གྱིས་བདེ་བ་ཉམས་སུ་མྱོང་བ་ལ། སྣམ་ནས་བཏོན་པས་གསོལ་པ། དཔའ་བོ་ཐུགས་རྗེ་ངེས་པར་ཆུང།། བདག་ཉིད་བདེ་ལྡན་ལས་ལས་ཟློག། དེ་རིང་ཕན་ཆད་འབངས་སུ་མཆི།། ཁྱོད་ཀྱི་ཐབས་ཀྱི་སྤྱོད་པ་ཡིས།། སངས་རྒྱས་ཕྲིན་ལས་རྫོགས་པར་མཛད། ། ཚད་མེད་བཞི་ཡི་གང་རིགས་པར།། བདག་ལ་དབང་དང་བྱིན་རླབས་སྩོལ།། ལུས་པོ་སྒྲིབ་སྦྱངས་གདན་དུ་དབུལ།། ཞེས་གསོལ་པས། བཛྲ་ཀཱི་ལ་ཡས། དམ་ཚིག་ཆེན་པོའི་ཕྱག་རྒྱ་བསྟན་ཏེ་ས་མ་ཡ་ཧཱུ~ཾ་ཞེས་གསུངས་ཏེ་བཀའ་སྩལ་པ། ང་ཡི་དབང་དུ་གྱུར་ནས་ནི།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས།། སྙིང་རྗེས་ཁྱོད་བསྒྲལ་དམ་ཚིག་ནི།། གསད་གནན་བྱ་བ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེར་གཏམས་བྱས་ལ།། ང་ཡི་རྣམ་ཤེས་རྡོ་རྗེར་བསྐྱོད། ། ཅེས་གསུངས་ནས། གཟུགས་ཀྱི་ཕུང་པོ་གདན་དུ་བྱས།། ཕུང་པོ་ལྔ་ལྷར་བསྐྱེད། རྣམ་པར་ཤེས་པ་མྱ་ངན་ལས་འདས་པར་མཛད་དོ། དེ་བཞིན་དུ་ཡུམ་གྱིས་ཁོའི་ཆུང་མ་བཏུལ་ལོ།། ཁོའི་འཁོར་ལྷ་ཆེན་པོ་ལྔ། སྲས་མཆོག་ལྔས་འདུལ་བ་ནི། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷ་ཆེན་ཉི་ཟླ་ལ་སོགས་པ།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ངེད་ཀྱི་བཀའ་ལས་འདའ་མ་བྱེད། ། ཅེས་གསུངས་ནས། རང་རང་གི་སྔགས་ཀྱིས་ཕྱོགས་སྐྱོང་བཅུ་བཏུལ་ལོ།། དེ་ནས་ཀརྨ་ཀཱི་ལ་ཡས། དམ་སྲི་དམར་པོ་ཆོས་ལ་སྐུར་པ་འདེབས་པའི་ངག་འཁྱལ་པར་སྨྲ་བར་བྱེད་པ་ལ་གསུངས་པ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། ཁྲོ་བོ་ཆེན་པོ་ང་ཡིས་ནི།། ཀླད་པ་ཚལ་པ་བརྒྱ་རུ་འགས།། ཞེས་གསུངས་ནས། ཁྲོ་བོ་སྟོབས་ཆེན་གྱི་སྔགས་འདིས་བསྒྲལ་ནས། ལུས་པོ་གཞལ་ཡས་ཁང་གི་རྐྱེན་བྱས་ནས་སེམས་བདེ་བ་ལ་བཀོད་དོ།། དེ་ནས་ཕྲ་མེན་མ་རྣམས་ཀྱིས་རཱུ་ཏྲའི་འཁོར་འདུལ་བར་གསུངས་པ་ནི། གདུག་ཅིང་སྡང་སེམས་བྱེད་པའི་འཁོར།། བཀའ་ལས་འདའ་བའི་ལོག་འདྲེན་འདི། ། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་བརླག། ཅེས་གསུངས་ནས། རང་རང་གི་སྔགས་ཀྱིས་མང་པོ་བཏུལ་ལོ།། དེ་དག་ཀུན་བསྒྲལ་ནས། བྱང་ཆུབ་སེམས་སངས་རྒྱས་སུ་ལུང་བསྟན་ནོ། དེ་དག་གི་ལུས་གདན་དུ་བྱས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྣམ་པར་འཕྲུལ་པ་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཆེད་དུ་བརྗོད་པ་འདི་གསུངས་སོ།། ཨེ་མ་ཧོ། སངས་རྒྱས་ཐམས་ཅད་བདག་ལས་འཁྲུངས། ། དེ་ནི་རྨོངས་དང་སྡང་ལས་འཁྲུངས།། ང་རྒྱལ་ཕྲག་དོག་བདག་ལས་འཁྲུངས།། གཉིས་མེད་རྟོགས་པས་རབ་ཤེས་ན།། འདི་ནི་ཆོས་ཉིད་བདེན་པར་གསུངས།། གསང་སྔགས་བྱིན་རླབས་སངས་རྒྱས་མཐུ། ། འདི་དག་བསྒྲལ་བའི་དུས་ཡིན་ཏེ།། དེ་དག་བསྒྲལ་ནས་སངས་རྒྱས་འགྲུབ།། འདི་དག་རྒྱལ་བྱེད་དཔའ་བོ་སྟེ།། ལྷག་མས་རོ་ལ་གསོད་པ་ཡིན།། ཉམས་པའི་ནང་ནས་ཉམས་པའི་མཆོག། འདིས་ནི་ཉམས་པ་བརྒྱད་ཡིན་ཏེ། ། གཅིག་ནི་ཅིར་ཤེས་ཉམས་པ་བདུན།། ཡིན་པར་ངས་གསུངས་ངེས་པ་ཡིན།། འདི་ཡང་རྣམ་པར་འཕྲུལ་པ་སྟེ།། རྗེས་འཇུག་རྣམས་ཀྱིས་དེ་བཞིན་དུ།། ཉམས་སུ་བླངས་ནས་སངས་རྒྱས་འགྲུབ། ། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། དྲེགས་པ་བཏུལ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་འཇིག་རྟེན་གྱི་ཁམས་འདི་ན། དྲེགས་པ་ཅན་གནས་པ་ནི། འདི་ལྟ་སྟེ། བདུད་ནག་པོ་ཡབ་ཡུམ་རོལ་པའི་སྲས། ལྷ་མོ་ནག་མོ་རེ་ཝ་ཏི་མཆེད་བཞི་དང། དེའི་མིང་པོ་མ་ཧཱ་ཀཱ་ལ་སྟེ། དེ་དག་རི་རབ་ཀྱི་བྱང་ཤར་ན། མཚོ་མུ་ལེ་དིང་གི་ནང་ན། ལྕགས་མཁར་ནག་པོའི་ནང་དུ་དུག་ལྔའི་རྟེན་ཅན་ཤིན་ཏུ་དྲེགས་པར་གནས་སོ།། གནོད་སྦྱིན་ཟངས་ཏོག་གི་རྒྱལ་པོ་ཡབ་ཡུམ་རོལ་པའི་སྲས། བསེ་མོ་བཞི་དང་མིང་པོ་བསེའི་སྐྱེས་བུ་གདུག་པ་ཅན་བཞི་ནི། རི་རབ་ཀྱི་ལྷོ་ནུབ་མཚམས་ན། བསེ་མཚོ་མེར་བའི་དབུས་ན་བསེ་མཁར་སྨུག་པོ་དུག་ལྔའི་རྟེན་ཅན་ཡོད་དོ།། སྲིད་པ་ཕྱ་ཧེ་ལེ་ཡབ་ཡུམ་བཤོས་པའི་སྲས། ཤོ་ན་མུ་ཁ་མཆེད་བཞི་དང། མིང་པོ་ཤེལ་གིང་དཀར་པོ་སྟེ། རི་རབ་སྟེང་ན་དུག་མཚོ་མེར་བ་དང། དུང་མཁར་དཀར་པོའི་ནང་ན་དུག་ལྔའི་རྟེན་ཅན་ཡོད་པ་དེ་ན། དྲེགས་པ་ཅན་ཡང་དག་པར་གནས་སོ།། གཞན་ཡང་འཇིག་རྟེན་གྱི་མ་བདུན་དང་སྲིན་མོ་བཞི་དང། དྲེགས་པ་ཅན་ཆེན་པོ་དྲུག་དང། འཇིག་རྟེན་པ་མང་པོ་གཞན་གྱི་སྲོག་འཕྲོག་ཅིང། དྲེགས་པའི་དོན་དང་ལྡན་པར་གནས་སོ།། དེ་ནས་ཀརྨ་ཧེ་རུ་ཀས་དོན་དེ་ལྟ་བུ་གཟིགས་ནས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། དཔའ་བོ་ཆེན་པོ་ཐུགས་རྗེ་ཅན།། འཇིག་རྟེན་དྲེགས་པ་ཆེན་པོ་རྣམས།། རང་རང་ཆེས་ཆེར་གྱུར་དྲེགས་པས།། སེམས་ཅན་མ་ལུས་སྲོག་གཅོད་ཅིང།། དུག་ལྔས་བརྒྱལ་ནས་གནས་པ་འདི། ། ཐུགས་རྗེས་རབ་བཏུལ་ལས་བྱེད་ཆུག། འདི་རྣམས་སངས་རྒྱས་བསྟན་པ་བསྲུང།། དམ་ཅན་རྣམ་གསུམ་ངེས་པ་ནི།། བྱས་ལ་ཡེ་ཤེས་བདེ་ལ་བཀོད།། ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དམ་ཅན་གནང་ལ་རབ་ཏུ་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། དྲེགས་པ་ཚོ་གསུམ་མིང་སྲིང་འདི།། བར་དུ་ཐུགས་རྗེས་གདུལ་བར་བྱ། ། མ་བཏུལ་དྲེགས་པ་དམྱལ་བར་འགྲོ།། བཏུལ་ལ་སངས་རྒྱས་བསྟན་པ་ནི།། རབ་ཏུ་བསྲུངས་བའི་ལས་བྱེད་གཞུག། ཅེས་གསུངས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བི་ཤྭ་ཀྲོ་དྷ་བྷ་ཏ་མ་མ་སརྦ་བིགྷྣཱཾ་བཾ་ཧཱུ~ཾ་ཕཊ། ཅེས་པ་དང་ཉིད་ཀྱི་ཐུགས་ཀ་ནས་སྲས་མཆོག་ཞལ་གཅིག་ཕྱག་གཉིས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་མང་པོ་ཐོན་ཏེ། དེས་དྲེགས་པ་མང་པོ་རང་དབང་མེད་པར་བཀུག་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོང་བ་དང། བཅོམ་ལྡན་འདས་ཀྱིས་བཛྲ་ཨཱ་ཀརྵ་ཡ་ནན། ཞེས་གསུངས་པས་ཐམས་ཅད་ཞབས་འོག་ཏུ་བཅུག་ནས། སརྦ་བིགྷྣཱཾ་མ་མ་ཧཱུ~ཾ། ཞེས་གཟིར་བས། ཤིན་ཏུ་ཉམ་ཐག་པའི་སྒྲ་ཕྱུང་སྟེ། བཅོམ་ལྡན་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་དཔའ་བོ་ཐུགས་རྗེ་ཅན།། ཐུགས་རྗེ་ཆུང་བས་བདག་ཅག་གཟིར།། རང་རང་ཟས་སྐལ་སྲོག་གཅོད་ལགས།། དེ་རིང་ཕན་ཆད་ཁྱེད་ཉིད་ཀྱི།། འབངས་མཆི་བདག་ཅག་རྣམས་ལ་ནི། ། དཔའ་བོས་འབངས་རྣམས་ཡང་དག་རྩོལ། ཁོ་བོ་ཅག་ལ་འཚལ་སྐལ་གསོལ།། ཁྱོད་ཀྱི་དགོས་འདོད་བདག་ཅག་གིས།། རབ་ཏུ་ཡང་དག་བསྐང་བར་བྱ།། ཞེས་ཞུས་པས། དཔའ་བོས་དམ་ཚིག་གི་ཕྱག་རྒྱ་དང། ཟིལ་གྱི་གནོན་པའི་ཕྱག་རྒྱ་བསྟན། བདུད་རྩི་ལྕེ་ལ་བྱིན། རྡོ་རྗེ་ཕུར་བུ་ལག་ཏུ་གཏད། མིང་སོ་སོར་བཏགས་ཏེ་གསང་བའི་དབང་བསྐུར། ངན་སོང་གི་ཆོས་མང་པོ་ལས་བཟློག་པའི་དོན་བསྟན་ཆོས་ཉིད་ཡང་དག་པའི་ཡེ་ཤེས་ཀྱང་བསྟན་ཏེ། དེ་རྣམས་ཀྱིས་རིག་པའི་མེ་ཏོག་ཏུ་སྲོག་སྙིང་འབུལ་བ་ནི་འདི་ལྟ་སྟེ། ནག་མོས་ཕུལ་བ། མ་ཐ་མ་ཐ་བཛྲ་ཏྲག་རཀྵ་མ་ཏི་ཧེ་དུན་བྷྱོ། མ་ཧཱ་ཡཀྵ་ཏཱིཀྵྞནག་མོ་ཧེ་དུན་བྷྱོ། ཞེས་པ་དང། གཞན་ཡང་རང་རང་གི་སྔགས་མང་པོ་ཕུལ་ལོ།། བསེ་མོས་ཕུལ་བ། ཀ་ཏང་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ། ཨ་པ་ར་ཛི་ཏ་སུ་ཁཱི་བྷ་ར་བྷ་ཡ་ཙིཏྟ་ཡོ་གཱི་ཤྭ་རཱི་ཡ་མ་ཙིཏྟ་ཧཱུ~ཾ་ཕཊ། ཅེས་གཞན་ཡང་མང་པོས་ཕུལ་ལོ།། ཤྭ་ན་མས་ཕུལ་བ། ཛྭ་ལ་ཛྭ་ལ་བཛྲ་མ་མ་མུག་ཏ་ལ་ཡེ་ཛཱ་ཡ་དུ་བྷིནྡྷེ་ཤྭ་རི་ལ་ཕུ་ཙི་ཧཱུ~ཾ་བྷྱོ་ཧཱུ~ཾ་བྷྱོ། ཞེས་པ་དང། གཞན་ཡང་མང་པོས་ཕུལ་ལོ།། མགོན་པོས་ཕུལ་བ། ཀཱ་ལ་མ་ཏཾ། མ་ཧཱ་ཀཱ་ལ་རཏི་ཡེ་ཀཱ་ལ་རཱུ་བ་ཧཱུ~ཾ་ཕཊ། ཅེས་ཕུལ་ཏེ། གཞན་ཡང་མང་པོས་ཕུལ་ལོ། བསེའི་སྐྱེས་བུས་ཕུལ་བ། མཱ་ར་སེ་ནི་ར་ཤ་ནི་ད་ཤ་བྷི་ཀུན་ལེན་ཕུ་ལན་ཧཱུ~ཾ་ཕཊ། ཅེས་པ་དང་གཞན་ཡང་མང་པོས་ཕུལ་ལོ། རྒྱལ་པོས་ཕུལ་བ། ཀཱར་མ་ཀཱ་ར་ཡ། ཏྲི་ཙ་པ་ལ་ཏྲི་ལ་ཐུན། ཞེས་པ་དང། གཞན་ཡང་མང་པོས་ཕུལ་ལོ། མ་བདུན་སྲིང་བཞིས་ཕུལ་བ། ཧཱུ~ཾ་མ་མ་པ་ཤཾ་ཀུ་རུ་མ་ཏང་ཀ་ར་ཨི་ནན། ཞེས་ཕུལ་ལོ།། གཞན་ཡང་འཇིགས་བྱེད་དྲུག་ལ་སོགས་པ་མང་པོས་ཕུལ་བ། དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀཱ་རཱ་ཡ། པྲ་མརྡ་ནི་ཧཱུ~ཾ་ཕཊ། ཅེས་གཞན་ཡང་མང་པོས་ཕུལ་ལོ།། ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ། བཅོམ་ལྡན་འཕགས་པ་ཆེན་པོ་ཡིས། ། བདག་ཅག་རྣམས་ཀྱིས་སྲོག་དོན་འདི།། དཔའ་བོས་ཡང་དག་བཞེས་སུ་གསོལ།། སངས་རྒྱས་བསྟན་པ་བསྲུང་བར་བགྱི།། བདག་ཅག་དེ་ལྟར་མ་བགྱིས་ན།། རྡོ་རྗེ་ཡཀྵའི་ཆད་པ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས། ། མགོ་བོ་ལུས་པོ་རུལ་མྱགས་ཤོག། བཀའ་ལས་འདས་ན་རྡོ་རྗེ་དམྱལ་བར་ལྷུང།། ཞེས་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། ། ང་ཡི་སྤྱན་སྔར་ཁས་བླངས་ཤིང།། ཕྱི་རབས་རྣལ་འབྱོར་ཕྲིན་ལས་གྱིས།། བསྟན་པར་དགྲ་འདྲེ་བྱུང་བའི་ཚེ།། ཤྭ་ན་མུ་ཁའི་དུས་ལ་བབ།། བདག་ཉིད་ཆེན་པོའི་དུས་ལ་བབ།། ས་བདག་ཆེན་པོའི་དུས་ལ་བབ། ། དྲེགས་པ་མང་པོའི་དུས་ལ་བབ།། ཁྱེད་ཀྱི་མཐུ་རྩལ་རབ་དུ་ཕྱུང།། སངས་རྒྱས་བསྟན་པ་བཤིག་པ་དང།། དཀོན་མཆོག་སྐུ་དགྲ་དབེན་ཚང་འཇོམས།། ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། ། རྣམ་འབྱོར་འཇོམས་པ་ལ་སོགས་པ།། གསད་དང་དབབ་དང་ལས་ངན་གྱིས།། ཅི་ནས་བརླག་པར་ཁྱོད་ཀྱིས་གྱིས།། དེ་ལ་ང་ཡིས་དབང་བསྐུར་རོ།། གར་དགར་བསད་པར་བྱས་གྱུར་ན།། དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། ། རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས།། ཁྱེད་ཀྱི་སྙིང་ཁྲག་ཞོ་བཞིན་འཐུང།། བསད་ནས་དམྱལ་བའི་གནས་སུ་ཁྲིད།། ཆོས་ཀྱི་རྒྱལ་པོས་བཙོ་སྲེག་བྱེད།། ང་ནི་ཁྲག་འཐུང་ཧེ་རུ་ཀ། ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། ། རྡོ་རྗེ་གསང་བའི་བཀའ་ལས་ནི།། ཁྱོད་ཀྱིས་འདས་པར་གྱུར་ན་ནི། ཁྲོ་བོ་སྟོབས་ཆེན་ཧེ་རུ་ཀས།། མགོ་བོ་རྡོ་རྗེས་ཚོལ་མར་འགས།། དེ་བས་བཀའ་ལས་མ་འདའ་ཞིག། ཁྱེད་ལ་རང་རང་དམ་རྫས་དང། ། ཟས་སྐལ་ང་ཡིས་ལེགས་པར་བྱིན།། ཞེས་གསུངས་ཏེ། ས་མ་ཡ་ཨི་དན་ཏི་ན་ར་ཀན། ཞེས་གསུངས་པས། ཐམས་ཅད་དམ་ཚིག་ཆོས་ཤེས་ནས། ཡེ་ཤེས་ཀྱི་ལྷ་ཉིད་དང་མཉམ་པར་འགྱུར་ཏོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། དམ་ཅན་དྲེགས་པ་ཅན་རྣམས་བཏུལ་ནས་དམ་ལ་བཏགས་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ། ཨེ་མ་ཧོ་ངོ་མཚར་ཐུགས་རྗེ་ཅན།། དྲེགས་པ་ཆེན་པོ་སྒྲོལ་ལ་མཁས།། ཕུར་པ་ལྟ་བའི་དངོས་པོ་དང།། ངེས་པའི་ལུང་རྣམས་བཤད་དུ་གསོལ། ། ཞེས་གསོལ་བ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་དོན་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། འདོད་པའི་དོན་རྣམས་རབ་ཏུ་བཤད། ། ཕུར་པ་ཡེ་ནས་དོན་ཆེན་ནི།། གསང་བ་ལས་ཀྱང་གསང་བ་སྟེ།། རང་བྱུང་ཕུར་པའི་དོན་དེ་ཉིད།། དབྱིངས་ཀྱི་ཕུར་པ་ཡེ་གནས་པ།། སངས་རྒྱས་ཀྱིས་ཀྱང་བརྗོད་དུ་མེད།། དེ་ལས་ཡེ་ཤེས་མ་འགགས་པ། ། ཐམས་ཅད་རབ་ཏུ་ངེས་པར་བཤད།། དེ་ཉིད་དབྱེར་མེད་ཕུར་བུ་སྟེ།། བདེ་བ་ཆེན་པོའི་ཕུར་པ་ཡིན།། བལྟ་རུ་མེད་པའི་ཕུར་པ་ཡིན།། ང་ཡི་ཐུགས་སུ་གནས་པ་ནི།། ཡེ་ཤེས་རྩེ་མོ་མཆོག་ཉིད་དེ། ། ཧཱུ~ཾ་དུས་གསུམ་ལས་ནི་འདས་པའི་ཕྱིར།། རྩེ་མོ་མེད་པའི་ལས་སུ་བསྟན།། རྣམ་པར་ཤེས་པ་ཡེ་ཤེས་མཆོག། སྲོག་དང་ཐུགས་ཀྱི་བྱིན་རླབས་ལས།། བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས།། མ་བཏབ་བཞིན་དུ་ལྷུན་གྱི་གྲུབ། ། མཉམ་པའི་རྒྱལ་པོས་ཐམས་ཅད་སྒྲོལ།། སངས་རྒྱས་སེམས་ཅན་མེད་པར་ངེས།། ཐམས་ཅད་མཉམ་པའི་ཕུར་པ་ཡིན།། གཉིས་འཛིན་མེད་པའི་ཕུར་པ་ཡིས།། གཟུང་འཛིན་རྣམ་རྟོག་གཉིས་ལ་གདབ། ། ཤེས་པའི་གཉིས་འཛིན་རྣམ་པར་སྒྲོལ།། དེ་ནི་གཟུགས་དང་བྱིན་རླབས་དང།། བཟླས་བརྗོད་དང་ནི་ཕྲིན་ལས་དང།། དུས་དང་གནས་དང་བདག་ཉིད་དོ།། ཕུན་སུམ་ཚོགས་པ་བདུན་པོ་ཡིས། ། བསྟན་ནས་ཅི་འདོད་སྦྱིན་ནོ་ཞེས།། དམ་ཚིག་བདག་པོ་ངས་གསུངས་ཏེ།། འདས་ནས་ང་ཡང་བརླག་པའི་ཕྱིར།། རང་གིས་བཀའ་ལ་རང་མི་འདའ། གང་ལ་བཏབ་ན་ངེས་པར་ཐེབས།། ཡེ་ཤེས་ལྔ་ཡི་ཕུར་པ་ཡིས། ། དུག་ལྔ་འཁྲུལ་ལ་རབ་ཏུ་གདབ།། གཉིས་སུ་མེད་པའི་ཕུར་པ་ཡིན།། ཡེ་ཤེས་དག་པའི་ཕུར་པ་ཡིས།། འཁོར་བའི་མ་རིག་ལ་གདབ་པས།། རབ་ཏུ་ངེས་པའི་རིག་པ་འཆར།། དེ་ལ་སོགས་པའི་ཕུར་པ་ནི། ། མང་པོ་དག་ནི་རབ་བཤད་དེ།། རྣལ་འབྱོར་ཡོན་ཏན་ལྡན་པ་དང།། རྩ་བ་ཡན་ལག་དམ་ཚིག་དང།། ཤེས་རབ་གསུམ་དང་ལྡན་པ་ཡིས།། ཕུར་པ་དེ་དག་ངེས་པར་བསྒྲུབ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། ། མཚོན་ཆེན་སྔོན་པོ་འབར་བ་ཡིས།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། སྲོག་གི་གོ་རུ་ཤར་བ་དང།། སྙིང་གི་དཀྱིལ་དུ་བསྒོམ་པར་བྱ།། སྙིང་རྗེ་བསྒྲལ་བའི་དམ་ཚིག་ནི།། བསད་ཅིང་མནན་པ་མ་ཡིན་ཏེ། ། ཕུང་པོ་རྡོ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུ~ཾ་ཕཊ།། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས།། སྲིད་པའི་རྡོ་རྗེ་འགྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། ། ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། ། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་རླབས་འདིར་སྩོལ་ཅིག། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀཱ་ར་ཧཱུ~ཾ། གརྫ་གརྫ་ཧཱུ~ཾ་ཕཊ། རྡོ་རྗེ་ཁྲོ་བོ་ཧཱུ~ཾ་ཀཱ་ར། ཡུམ་རྡོ་རྗེ་སྒྲ་འབྱིན་དང་སྤྲུལ་པའི་ཕྲ་མེན་མ་ཕག་གི་མགོ་དང་སྨིག་བུའི་གསང་སྔགས་ཡིན། ཨོཾ་ཀྲོ་དྷ་བི་ཛ་ཡ་ཧཱུ~ཾ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང། ཡུམ་རྡོ་རྗེ་སྙེམས་མ་དང། སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རྒོད་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུ~ཾ། ད་ཧ་ད་ཧ་ཧཱུ~ཾ་ཕཊ།། ཁྲོ་བོ་ཆེན་པོ་དབྱུག་སྔོན་དང། ཡུམ་རྡོ་རྗེ་སྡེར་མོ་དང། སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རོག་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུ~ཾ། པ་ཙ་པ་ཙ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་གཤེན་རྗེ་གཤེད་པོ་དང། ཡུམ་རྡོ་རྗེ་དུར་ཁྲོད་མ་དང། སྤྲུལ་པའི་ཕྲ་མེན་མ་ཤ་བ་དང་འུག་པའི་མགོ་ཅན་གསང་སྔགས་ཡིན།། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུ~ཾ། བནྡྷ་བནྡྷ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང། ཡུམ་རྡོ་རྗེ་གཏུན་ཁུང་མ་དང། སྤྲུལ་པའི་ཕྲ་མེན་གཟིག་དང་ཁྭའི་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུ~ཾ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་རྟ་མགྲིན་དང། ཡུམ་རྡོ་རྗེ་གཏུམ་མོ་དང། སྤྲུལ་པའི་ཕྲ་མེན་མ་བྱི་ལ་དང་པུ་ཤུད་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུ~ཾ། ཏིཥྛ་ཏིཥྛ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང། ཡུམ་རྡོ་རྗེ་མདའ་སྙེམས་མ་དང། སྤྲུལ་པའི་ཕྲ་མེན་སྤྱང་ཀི་དང་ཁྲའི་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུ~ཾ། ཙྪིནྡྷ་ཙྪིནྡྷ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང། ཡུམ་རྡོ་རྗེ་རླུང་འབྱིན་མ་དང། ། སྤྲུལ་པའི་ཕྲ་མེན་མ་སེང་གེ་དང་ཕ་ཝང་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཏྲ་ལོ་ཀྱ་བི་ཛ་ཡ་ཧཱུ~ཾ། བྷིནྡྷབྷིནྡྷ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང། ཡུམ་རྡོ་རྗེ་གསོད་མ་དང། སྤྲུལ་པའི་ཕྲ་མེན་མ་དྲེད་དང་སྲེ་མོའི་གསང་སྔགས་ཡིན།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུ~ཾ། སྥོ་ཊ་སྥོ་ཊ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང། ཡུམ་རྡོ་རྗེ་སྐྱོད་བྱེད་མ་དང། སྤྲུལ་པའི་ཕྲ་མེན་མ་དོམ་དང་བྱི་ལའི་མགོ་ཅན་གསང་སྔགས་ཡིན། དཀྱིལ་འཁོར་གཏམས་པར་ཤེས་པར་བྱ།། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་བའི་ཕྱིར། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང། ། རྟགས་དང་མཚན་མ་བསྟན་པ་དང།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། ཤྭ་ན་མུ་ཁའི་དུས་ལ་བབ། ། བདག་ཉིད་ཆེན་པོའི་དུས་ལ་བབ།། ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ།། མཐུ་རྩལ་དབྱུང་བའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དུས་གསུམ་རྒྱལ་བའི་གདུང་གསོབ་པ།། རིག་འཛིན་བདག་ཅག་རྣམས་ལ་ནི། ། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་དང།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་ཁུག་ནས། ། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུ~ཾ་ལཾ་སྟྭམྦྷ་ཡ་ནན། མོ་ཧ་ཡ། བྷ་ག་ཝཱན་ཤཱི་གྷྲཾ་བི་གྲི་བཛྲ་ཧཱུ~ཾ་ཀཱ་ར་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུ~ཾ་བཾ་ཧོཿ། བཛྲ་བུ་གྷ་ནཱན་བཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཧཱུ~ཾ་ཀཱ་ར་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། བཛྲ་ཧཱུ~ཾ་ཀཱ་ར་ཨཱ། དངོས་གྲུབ་བར་ཆོད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་ཆིངས་ཤིག་རྣམ་པ་ཆིངས། ། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས།། རེངས་པར་ཁུག་ལ་སྨྲ་རུ་ཆུག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ང་ཡི་དབང་དུ་གྱུར་ནས་ཀྱང།། བསྒོ་བའི་བཀའ་རྣམས་ཉན་པར་བྱོས། ། ཧཱུ~ཾ་པ་ར་བི་དྷྭ་ན་ས་ཡ། ཙྪིནྡྷ་ཙྪིནྡྷ་ཧཱུ~ཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུ~ཾ་ཕཊ། གྲྀ་ཧྣ་གྲྀ་ཧྣ་ཧཱུ~ཾ་ཕཊ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། བནྡྷ་བནྡྷཧཱུ~ཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུ~ཾ་ཕཊ། ཧ་ས་ཡ་ར་ཧྲྀ་ད་ན་ཧཱུ~ཾ་ཕཊ། ཤི་གྷྲཾ་ཨཱ་ན་ཡ་ཧཱུ~ཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུ~ཾ་ཕཊ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུ~ཾ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུ~ཾ་ཕཊ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་ཆད་ཇི་བཞིན་དམ་བཅས་པའི། ། མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད།། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏི། མཱ་ར་སེ་ན་པྲ་མརྡ་ན་སྭཱ་ཧཱ། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། ། ང་ཡི་བཀའ་ལས་འདའ་མ་བྱེད།། ཧཱུ~ཾ་མ་མ་པ་ཤཾ་ཀུ་རུ་མ་ཏང་ཀ་ར་ཨི་དན་དྷ་ཏེ། མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡ། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལྷའམ་འོན་ཏེ་བདུད་ཀྱང་རུང།། ང་ལ་བར་གཅོད་བྱེད་པ་རྣམས། ། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། སརྦ་ཨཱ་ན་ཡ་ཧཱུ~ཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུ~ཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། ། ལུས་ངག་རྡུལ་ཕྲན་བཞིན་དུ་རློག། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུངས་བྱས་ན།། ལྷ་ཡང་རུང་སྟེ་བསྒྲལ་བར་བྱ།། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ། ཧ་ཧ་ཧ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ།། གསང་སྔགས་ཀྱི་བྱིན་གྱིས་རླབས་སོ།། སངས་རྒྱས་ཀྱི་མཐུའོ། ཨབྷི་ཙརྱའི་དུས་ལ་བབ་པའི་བརྣགས་པ་དེ་ཁོ་ནའོ།། ཀཱི་ལ་ཡ་བཅོ་བརྒྱད་བཟླས་དཀར་ནག་གི་མཚམས་སུའོ། ། ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས་སོ།། བརྣགས་པ་དེ་ཁོ་ནའོ།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། དེ་ནི་རྩ་བ་འདུས་པ་སྟེ།། གསང་སྔགས་ལས་དང་བཅས་པ་བཤད།། ཡིད་བཞིན་ནོར་བུ་ལྟ་བུ་སྟེ། ། དགོས་འདོད་ངེས་འབྱུང་ཕྲ་ལ་ཟབ།། རྒྱུད་དང་ལུང་དང་མན་ངག་གི། མན་ངག་རྣམ་གཉིས་སྟོད་སྨད་དོ།། སྟོད་ལ་དྲུག་སྟེ་དེ་ལ་བཅུ།། གཉིས་སུ་ཤེས་བྱ་ཏིང་ངེ་འཛིན་ནོ།། བདག་ཉིད་དཀྱིལ་འཁོར་གསུམ་བསྟན་པ། ། དབབ་དང་གསོལ་བཏབ་དབང་བསྐུར་དང།། སྤྱན་དང་མཆོད་པ་ལ་སོགས་ཏེ།། མན་ངག་རྣལ་འབྱོར་དོན་དུ་བཤད།། སྨད་ནི་གཟས་པ་པོ་ཡི་ལས།། དེ་ཉིད་བདག་གིས་ལམ་བྱ་སྟེ།། སྟོད་དང་སྨད་དང་བར་གསུམ་མོ། ། སྟོད་ལ་གསུམ་དུ་ཤེས་པར་བྱ།། བར་ལ་དེ་བཞིན་སྨད་ལ་གསུམ།། ཏིང་འཛིན་སྔགས་དང་ཕྲིན་ལས་དང།། དགོངས་པ་ངེས་པའི་ཕུར་པ་འདི།། གབ་པའི་སྡོམ་པ་གཟུང་བ་དང།། གཟིར་གནོན་དྲག་པོས་བསྡུ་བ་དང། ། སྙིང་པོ་དྲག་ཏུ་བཟླས་པ་དང།། དམ་ཅན་གནད་ལ་དབབ་པ་དང།། རྩ་བ་ཁམས་གསུམ་བསྒྲལ་བ་དང།། བསྒྲལ་ནས་མཆོད་པ་བསྟན་པ་དང།། བཀྲག་མདངས་ཕྲོགས་ནས་ཚེ་ལུང་བསྟན། ། འདི་ནི་བསྒྲལ་བའི་ལས་མཆོག་སྟེ།། ཐམས་ཅད་མ་ལུས་འདུས་པར་བཤད།། གཉིས་མེད་ཕུར་པ་ཤེས་པ་དང།། ཡོན་ཏན་ལྡན་པའི་སྔགས་པ་ཡིས།། འདིས་ནི་གཞན་བསྒྲལ་བྱང་ཆུབ་ཐོབ། ། རྟོགས་པས་བདག་གཉིད་བསྒྲལ་བ་དང།། ཐུགས་རྗེས་གཞན་བསྒྲལ་ཤེས་པར་བྱ།། རྒྱུ་དང་ལམ་དང་འབྲས་བུ་གསུམ།། རཱུ་ཏྲ་རབ་ཏུ་ཤེས་པར་བྱ།། ཉམས་པ་བདུན་ལ་གཏོགས་པ་ནི།། རྗེས་འཇུག་ཐབས་ཀྱིས་འདི་བསྒྲལ་ན། ། སངས་རྒྱས་བསྟན་པ་གཉན་པར་བཤད།། ཐེག་པ་ཆེན་པོ་སྨོད་པ་དང།། རྡོ་རྗེ་སློབ་དཔོན་སྨོད་པ་རྣམས།། མན་ངག་འདི་ཡི་ངེས་པ་ཡིན།། རབ་ཏུ་དབེན་པའི་གནས་དག་ཏུ། ། ནན་ཏན་བྱས་ཏེ་གསོད་པར་བྱའོ།། ཡང་ན་གནས་ན་མི་སྣང་བྱ།། འདི་ཡིས་བྱང་ཆུབ་མཆོག་དང་ནི།། ཕུར་པའི་དངོས་གྲུབ་འཐོབ་པར་འགྱུར།། དཔེར་ན་མེ་ལ་ཤིང་བསྣན་ཤིང།། དེ་ཉིད་ངེས་པར་འཐོབ་པར་བཤད། ། ཀུན་ལ་བྱས་ན་དམྱལ་བར་འགྲོ།། ཀུན་ལ་མ་བྱས་དམ་ཚིག་ཉམས།། ཡེ་ཤེས་གཉིས་སུ་མེད་པའི་ཚུལ།། མི་གནས་མྱ་ངན་འདས་པར་གནས།། ཐོག་མ་ཐ་མ་ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། བལྟ་བའི་དོན་དང་ཐམས་ཅད་བདུས་པའི་རྩ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་ཀརྨ་ཧེ་རུ་ཀས། བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཕུར་པ་ཐམས་ཅད་འདུས་པ་ཡི།། རྩ་བའི་དོན་སྒྲུབ་རྣལ་འབྱོར་པས།། ཁ་མི་སྐོང་བའི་དབང་རྣམས་ནི།། ངེས་པར་དག་ལ་བཤད་དུ་གསོལ།། དེ་སྐད་ཅེས་ནི་གསོལ་བ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་རིན་ཆེན་སྦྱིན་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས། གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་སྐལ་ལྡན་དེ་ཡི་ཕྱིར།། དབང་གི་རིམ་པར་བཤད་པར་བྱ། ། འཁོར་བ་དག་ལས་བྱང་ཆུབ་ཏུ།། སེམས་བསྐྱེད་སྨིན་པར་བྱ་བ་སྟེ།། དབང་རྣམས་ཐོབ་པར་མ་བྱས་ན།། གང་ཡང་འབྲས་བུ་མེད་པར་འགྱུར།། ཁ་སྐོང་དབང་ནི་གོང་དུ་བཤད།། མི་སྐོང་དབང་རྣམས་འདི་ལྟ་སྟེ། ། དང་པོ་ཞུས་པ་དེ་ཡི་ཕྱིར།། ཕུར་པའི་བསྙེན་པ་ཡང་དག་བྱ།། དེ་ནས་དཀྱིལ་འཁོར་མངོན་བཞེངས་ལ།། ལྔའམ་གསུམ་མམ་གང་བྱེད་ལ།། རྫས་རྣམས་ལེགས་པར་ཚོགས་པར་བྱ།། ཕུར་པ་ལ་སོགས་ལེགས་པར་དགྲམ། ། དེ་ནས་མིག་དགབ་ཕྱི་རོལ་ཏུ།། བཞག་ལ་གང་བྱེད་དྲི་བར་བྱ།། སེམས་བསྐྱེད་བཤད་དང་སྡོམ་པ་ནི།། སྨད་སྟོད་དང་པོ་ཚིག་གསུམ་དང།། སྟོད་ཀྱི་བར་པའི་ཚིག་གསུམ་མོ།། རྟ་དང་གླང་པོ་འབྱོར་པའི་ནོར། ། བུ་དང་ཆུང་མ་ནོར་གྱི་དབྱིག། ཤིན་ཏུ་གཅེས་དང་ཡིད་འཐད་དབུལ།། བདག་ལུས་སྲོག་ལ་ཕོངས་མེད་བྱ།། མེ་ཏོག་དཀྱིལ་འཁོར་ཡི་དམ་ཞུ།། དེ་ཡང་སྲིད་པ་རྡོ་རྗེས་སོ།། རྩ་བ་ཡན་ལག་དམ་ཚིག་ནི། ། སྙིང་རྗེས་བསྒྲལ་བའི་བར་དུ་བསྟན།། མིག་དབྱེ་དཀྱིལ་འཁོར་དོན་རྟགས་རབ་ཏུ་བསྟན།། ལུས་བཀྲུ་གོས་ནི་རབ་ཏུ་ཕུད།། སློབ་དཔོན་སྟ་གོན་གནས་པ་ལ།། སློབ་མ་ལྷ་དང་བུམ་པ་རྣམས། ། སྟ་གོན་གནས་པ་ཤེས་པར་བྱ།། རྒྱལ་མཆོག་རྣམ་གསུམ་ལྡན་པར་བྱ།། ཕུར་བུའི་ཀུན་བྱས་རིག་པ་འཇུག། བསྟོད་དང་དཀྱུས་ཚིག་བཞི་པ་ཡིས།། ཡེ་ཤེས་ཕབ་ལ་དམ་ཚིག་བསྟན།། སྟོད་པར་ཚིག་གཉིས་དབང་དང་བཅས། ། བུམ་པས་གནས་སུ་དབང་བསྐུར་བས།། དབང་ནི་སྣོད་དང་ལྡན་པར་བཤད།། རིག་དབང་བཞི་པ་རིམ་བཞིན་ནོ།། སྙིང་རྗེས་བསྒྲལ་བའི་ཚིག་བཞི་དང།། དང་པོ་གསུམ་གྱི་འོག་གི་ཚིག་གཉིས་ཀྱིས། ། རྩ་བའི་མཎྜལ་དབང་བསྐུར་ཏེ།། རྒྱན་དང་ཡེ་ཤེས་སེམས་དཔའ་དང།། དབུ་རྒྱན་རིམས་པས་བསྐུར་ནས་ནི།། གུ་ཧྱ་མནྟྲ་དང་པོ་ལ།། དབང་གི་གསང་སྔགས་སྦྱར་བར་བྱ།། དང་པོའི་ཚིག་དང་དོན་གཉིས་ཀྱིས། ། ཕྱོགས་བཅུ་ཁྲོ་བོ་རྫོགས་པར་བསྐུར།། གུ་ཧྱ་མནྟྲ་བཅུ་ཡིས་ནི།། རང་རང་གནས་སུ་ཕུར་པས་བསྟིམས།། དང་པོའི་ཚིག་དང་དེ་འོག་གཉིས།། སྲས་མཆོག་ལྔ་ཡི་ཕུར་པ་ནི།། སྨད་སྟོད་བར་དང་གསང་སྔགས་ཀྱིས། ། རང་རང་གནས་སུ་རབ་ཏུ་བསྐུར།། དམ་ཅན་ལ་སོགས་རིམ་བཞིན་དུ།། རང་རང་ཕུར་བུའི་རྫས་ཡིན་ཏེ།། དེ་རྣམས་འཇུག་པར་ཤེས་པར་བྱ།། དབང་དང་ལྡན་པར་ངེས་པའོ།། རིགས་དང་ལས་སུ་གང་འཚམས་པར། ། དཀྱིལ་འཁོར་དབང་བསྐུར་ཤེས་པར་བྱ།། གསང་བའི་ཚིག་གསུམ་སྔགས་དང་བཅས།། གསང་སྔགས་བསྐུར་ཏེ་དོན་ཡང་བསྟན།། འདི་ནི་གནོད་པ་གང་འབྱེད་པ།། དང་པོ་ཚིག་དེས་གཅིག་པ་ནི། ། ལྟ་བའི་མཐར་ཐུག་དབང་ཡང་བསྟན།། དེ་ལྟར་རྫོགས་པར་ངེས་ཐོབ་ནས།། བླ་མ་མིག་གི་འབྲས་བུ་ལྟར།། ཀུ་ཤའི་རྩེ་རྣམས་དོན་གྱིས་སྦྱར།། དུས་ལ་བབ་ན་དྲུག་པོ་དང།། དེ་ལ་སོགས་པའི་ཚིག་རྣམས་ཀྱིས། ། ལུང་བསྟན་གནང་བ་ལེགས་པར་བཟུང།། ཐེག་ཆེན་སྨོད་པ་ལ་སོགས་པ།། ཅི་ནས་བསད་པར་ངེས་པ་ཡིན།། ཕ་དང་རིགས་ཀྱི་སྐྱེས་པ་རྣམས།། བསད་པས་སངས་རྒྱས་རིགས་སུ་ངེས།། སློབ་དཔོན་སློབ་མ་བསད་ངེས་ན། ། རྡོ་རྗེ་རིགས་སུ་ངེས་པ་ཡིན།། ཞང་པོ་དམག་པ་བསད་ངེས་ན།། རིན་ཆེན་རིགས་སུ་ངེས་པ་ཡིན།། མ་སྲིང་བུ་མོ་མོ་ཆགས་ལ།། ཆགས་པར་བྱས་པས་པདྨ་ཅན།། ཐམས་ཅད་གསོད་ཅིང་ལས་བྱེད་པ། ། ལས་ཀྱི་རིགས་སུ་ངེས་པར་ཏེ།། དེ་ལྟར་དགོངས་པའི་རྟོགས་པ་ཡིན།། རྒྱལ་པོ་ཡུལ་འཁོར་གཞོམ་པར་བྱ།། བྲམ་ཟེ་བཙོན་བཟུང་རྗེའུ་རིགས་བསད།། དམངས་རིགས་ལས་བཀོལ་དུག་ལ་སྤྱད།། མི་དགེ་དང་བླང་སྦྱོར་སྒྲོལ་བྱ། ། འདི་ནི་སངས་རྒྱས་སྤྱོད་པ་སྟེ།། དུག་ལྔ་ལས་ནི་ཐམས་ཅད་འགྲུབ།། དབང་གི་ངོ་བོ་ངེས་ཚིག་དང།། དབྱེ་བ་ལ་སོགས་ཤེས་པ་ཡིས།། གང་བྱ་མངོན་སངས་རྒྱས་པར་བཤད། ། སེམས་ཉིད་རྟོགས་ན་དབང་ཡིན་ཏེ།། ཐམས་ཅད་རང་རིག་ཕུར་བུ་ཡིན།། དེ་ནི་ལུང་གི་ཚད་མར་བཤད།། ཅེས་གསུངས་པས། འཁོར་རྣམས་དབང་དང་ལྡན་པར་གྱུར་ཏོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། འདུས་པ་དབང་བཤད་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་བཛྲ་ཧེ་རུ་ཀུ།། རྩ་བ་འདུས་པའི་ངེས་པ་ལས། ། རྣལ་འབྱོར་རྗེས་སུ་འཇུག་པ་ཡི།། ཕྱི་ནང་གསང་བའི་བསྒྲུབ་པ་ལས།། དེ་ལ་དགུ་རུ་ཕྱེ་བ་ཡིས།། ཉམས་སུ་བླང་བྱ་བཤད་དུ་གསོལ།། དེ་སྐད་ཅེས་ནི་གསོལ་པ་དང།། བཅོམ་ལྡན་བཛྲ་ཀཱི་ལ་ཡས། དོན་གསུམ་དུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཐམས་ཅད་འདུས་པའི་རྩ་བ་ལ།། ཕྱི་ནང་གསང་བ་ང་ཡིས་བཤད། ། ཕྱི་ནང་དཀྱིལ་འཁོར་བཅས་པ་སྟེ།། ཕུན་སུམ་ཚོགས་པ་ལྔ་ལྡན་པས།། ཉི་མ་ཆད་དུ་ཞུགས་པ་དང།། ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར།། ཚད་མེད་སྙིང་རྗེས་བསྐྱོད་པ་དང།། བྱང་ཆུབ་སེམས་དཔའ་དགའ་བ་ནི། ། སྔོན་དུ་འགྲོ་བའི་ལས་མཆོག་སྟེ།། མན་ངག་རྣམ་པ་དྲུག་དག་གིས།། འདི་ཡིས་བསྒྲུབ་པ་གཏན་ལ་དབབ།། དཀྱིལ་འཁོར་ལེགས་པར་བརྩིགས་ལ་ནི།། ཆག་ཆག་ཐིག་བྱས་གྲུ་གསུམ་ནི། ། བཅུ་གཅིག་ལྡན་པར་བྲི་བར་བྱ།། ཕུར་པ་བཅོ་བརྒྱད་ལེགས་པར་དགོད།། རྨད་དུ་བྱུང་བའི་རྫས་རྣམས་བཤམ།། དེ་ནས་ཏིང་འཛིན་རྣམ་གསུམ་ནི།། མ་ཧཱ་ཡོ་གའི་ཚུལ་དུ་བྱ།། དཀྱིལ་འཁོར་རྣམ་གསུམ་ཚུལ་དུ་བསྐྱེད། ། དབང་བསྐུར་སྤྱན་དྲངས་མཆོད་པ་འབུལ།། རིགས་ཚོགས་བྱས་ལ་སྨོན་ལམ་གདབ།། སྟོད་ཀྱི་གསང་སྔགས་འབྲུ་དགུ་ལ།། ཆོས་ཉིད་དག་ཏུ་ཤེས་པ་དང།། ཡི་གེ་ཕྲེང་བའི་སྐུ་ཕྱག་རྒྱ།། བཟླས་པ་ལུགས་གསུམ་བྱ་བ་དང། ། འཁོར་དང་དམ་བཅའ་དེ་བཞིན་དུ།། རྫོགས་པར་བྱས་པས་ཕྱི་ནང་གི། རྟགས་དང་དངོས་གྲུབ་རྣམ་གཉིས་ཐོབ།། རྣལ་འབྱོར་བྲོད་པ་སྐྱེ་བའི་ཕྱིར།། རྟགས་འདོན་པ་ཡི་མན་ངག་བྱ། ། བཟླས་པ་དོན་ཡོད་བྱ་བའི་ཕྱིར།། དངོས་གྲུབ་ཤེས་པས་དངོས་གྲུབ་བླང།། དེ་ནས་གསད་པའི་ལས་བྱ་བ།། དཀྱིལ་འཁོར་དབུས་སུ་གྲུ་གསུམ་གྲུ།། དབུས་སུ་དམ་ཅན་ཕུར་པ་དགོད།། དེ་ཡི་ཕྱི་རིམ་ལྷ་རྣམས་སོ། ། དམ་ཅན་རྣམ་གསུམ་མཐུན་པའི་རྫས།། ཐོད་པ་བཅུ་གཉིས་ཡང་ན་གསུམ།། དེ་རུ་ཐུན་གྱི་སྦྱོར་བ་བྱ།། གཏོར་མ་ལ་སོགས་ངེས་པས་བསག། ལིངྒ་བྱས་པ་དག་ལ་ནི།། ལྷ་དབྲལ་དགུག་བསྟིམ་ལས་བྱས་ལ། ། དཀར་ནག་ཐག་པས་ཁས་བཀོད་པའི།། འཁོར་བའི་ཞེ་བཅད་ལ་སོགས་བྱ།། དགུག་པ་ལ་སོགས་གབ་པ་ཡིས།། བསྡམ་པ་མན་ངག་ཤེས་པར་བྱ།། དེ་ནས་ཏིང་འཛིན་རྫོགས་ཚུལ་དུ།། ཐམས་ཅད་མཐིང་ནག་འབར་བ་ལ། ། སྐུ་སྨད་ཕུར་པ་ཟུར་གསུམ་གྱིས།། ཉམས་པ་ཐལ་བྱུང་རྣམ་པར་བསམ།། དེ་འདྲས་སྤྱན་དྲང་མཆོད་པ་ནི།། གོང་འོག་ནུས་པས་ཤེས་པར་བྱ།། དྲག་པོའི་ལས་ཀྱི་ཕོ་ཉ་བཏང།། གསང་སྔགས་དང་པོ་གཙོ་བོ་དང། ། མིང་རུས་དངོས་དང་འདུས་པ་དང།། མིང་པོའི་སྔགས་བཅས་བཟླས་པར་བྱ།། དམ་ཅན་ལ་སོགས་ལྷ་རྣམས་ཀྱིས།། རྣམ་པར་བསད་པའི་དགོངས་པ་བྱ།། སྐབས་སུ་ཐུན་སྔགས་བཅུ་གཉིས་ཀྱིས། ། ཐུན་ཕབ་ངེས་པར་བཞད་པར་བསམ།། ཐམས་ཅད་འདུས་པས་གནད་ལ་དབབ།། དཔའ་བོ་གཅིག་པས་དགྲ་འཛབ་བྱ།། མ་མོ་འདུས་པས་དམ་ཅན་མ།། བཅུན་ལ་དབབ་པར་ཤེས་པར་བྱ།། ངན་སྔགས་འདུས་པའི་ལས་རྣམས་ནི། ། ཁང་དགྲར་བཏང་དང་མགོ་མཇུག་གདགས།། བསྒྲུབ་པའི་སྟེགས་བུ་བྱ་བ་དང།། ངན་སྔགས་འཁོར་ལོ་བསྐོར་བ་ཡིས།། རབ་ཏུ་ངེས་པར་གསད་པར་བྱ།། དེ་ལ་རྟགས་དང་མཚན་ཚང་ན། ། རྡུལ་དུ་བརླག་པར་ཕུར་པས་གདབ།། སྣ་ལ་སྲས་མཆོག་གཅིག་གིས་ནི།། ཚེ་ལུང་ཁྲུས་ལུང་རྫོགས་པར་བྱ།། ཀུན་བཞི་རྩད་ནས་གཅོད་པའོ།། དེ་ནས་སྲས་མཆོག་བཞི་ཡིས་ནི།། ཁ་སྐོང་ཅན་གྱི་སྔགས་ཀྱིས་སུ། ། སྤྱི་བོ་ལ་སོགས་གནས་ལྔར་གདབ།། དེ་ནས་ཕུར་པ་བཅུ་ཡིས་ནི།། ལས་སྔགས་དག་གིས་གནས་གནས་སུ།། ལེགས་པར་བཏབ་ལ་ལྷ་ལ་བསྟན།། བསྲེག་དང་གནན་དང་འཕང་པ་ཡིས།། ལས་ཀྱི་མཐའ་བརྟུལ་ཤེས་པར་བྱ། ། དེ་ཡིས་གྲུབ་པར་མ་གྱུར་ན།། བསེ་ལྕགས་དུང་གིས་སྤོག་པར་བྱ།། དེ་ཡིས་མ་གྲུབ་ཤི་ས་བསྟན།། འདིས་ནི་ཕུར་པའི་མན་ངག་དྲུག། ཡང་དག་པར་ནི་ངེས་པར་བཤད།། ཕུར་པ་ཕྱི་ཡི་ངེས་པ་ཡང། ། ལྷ་ལ་སོགས་པའི་ཕྱིར་བསྐྱེད་པས།། ངེས་ན་དེ་ཡང་རབ་བཤད་དོ།། དམ་ཅན་ངོ་བོ་ངེས་ཚིག་དང།། དབྱེ་བ་ཤིས་ན་ལས་རྣམས་མྱུར།། དཔྱང་ཐག་ཆད་པ་ཐུགས་རྗེ་ཡིས།། བཟུང་ན་ངེས་པ་བསྟན་པ་ནི། ། ཉམས་དང་བདུན་ལས་གཞན་དུ་མིན།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཕུར་པ་ཕྱི་ལྟར་བཤད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་ནི་བཤད་བྱ་བ། ། ང་ལ་རབ་ཏུ་གུས་པས་ཉོན།། གཉིས་མེད་དོན་ཤེས་རྣལ་འབྱོར་པས།། ཉམས་པ་བསྒྲལ་ན་མངོན་སངས་རྒྱས།། དེ་ལ་ནང་དུ་གནས་པ་ནི།། ངེས་པ་ཕུན་སུམ་ཚོགས་པ་ལྔའོ།། རྟགས་དང་དྲོད་ཟིན་རྣལ་འབྱོར་པས། ། དག་པའི་གནས་སུ་འདུག་ནས་ནི།། དཀྱིལ་འཁོར་རྟེན་བཅའི་རིམ་པ་ཡང།། ཡལ་ག་མེད་པའི་བྷནྡ་ནི།། ཐོད་པ་རབ་ཏུ་ལེགས་པ་ལ།། ཡུག་ས་མོ་ཡི་མངལ་ཁྲག་གིས། ། གྲུ་གསུམ་མེ་འོད་འབར་བ་ལ།། ཕྲིན་ལས་བཞི་ཡི་དབྱིབས་བྱའོ།། དེ་ལ་དགྲ་བགེགས་མིང་བྱང་གཞུག། བསྙེན་པའི་ཕུར་པས་གཟིར་ལ་གཞག། གཏོར་མ་སྨན་དང་རཀྟ་བཅས།། རྩ་བ་དེ་ལས་བྱུང་བའི་རིགས། ། ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ།། གཞལ་ཡས་གདན་དང་བཅས་པར་བསམ།། དེ་དབུས་རྩ་བའི་བདག་ཉིད་སྐུ་བསྐྱེད་པ།། ལུས་ལ་དཀྱིལ་འཁོར་རྫོགས་པའོ།། གཞན་ཡང་ཐོད་པའི་གཞལ་ཡས་སུ། ། སྲས་བཅས་དམ་ཅན་བཅས་པ་བསམ།། དབང་བསྐུར་བྱིན་རླབས་ལེགས་པར་བྱ།། རང་བཞིན་དཀྱིལ་འཁོར་སྤྱན་དྲང་བསྟིམ།། ཕྱག་འཚལ་མཆོད་པ་བྱས་ལ་ནི།། བཟླས་པ་དཔའ་བོ་གཅིག་པའི་སྔགས། ། དང་པོ་བཅོམ་ལྡན་ཕུར་པའི་རྫས།། ཐམས་ཅད་འདུས་དང་རི་རབ་དང།། མནན་པ་ཁྲོ་བོ་འདུས་པ་དང།། གོང་བཞིན་དམ་ཅན་འདུས་པ་དང།། ཐབས་དང་ཤེས་རབ་གིང་མཆོག་དང།། རྟོགས་པ་ལས་ཀྱི་སྔགས་བཅས་པ། ། རྣམ་བཞི་ཚང་བ་བཞི་སྙིང་སྟེ།། དཔའ་བོ་གཅིག་ལ་ངལ་བ་མེད་པར་བཟླས།། ལྷ་ལ་བསྟོད་ཅིང་སྲུང་མ་བསྐུལ།། དེ་ནི་བསྙེན་པའི་དུས་སུ་སྟེ།། རྟགས་ཚང་གཉིས་མེད་དངོས་གྲུབ་བླང། ། དྲག་པོ་གསང་བའི་ལས་བྱ་བ།། ཉ་ནག་མར་གྱི་ངོ་ལ་ནི།། དྲག་པོ་ལས་ཀྱི་རིམ་པར་བྱ།། གབ་སྔགས་དྲུག་གི་ལས་བྱས་ལ།། དམ་ཅན་སྔགས་དང་བཅས་པ་དང།། བཞི་སྙིང་སྔགས་ལ་མིང་བཏགས་ལ། ། བཟླས་བྱས་ཚེ་ལུང་ཁྲུས་ལུང་གིས།། ཕུར་བཏབ་རྡུལ་དུ་བརླག་པར་བྱ།། ཞལ་དུ་བསྟབ་ཅིང་གཏོར་མ་གཏང།། ལས་གསུམ་ངེས་པས་ལས་མཐའ་བརྟུལ།། དེ་ལ་རྟགས་མཚན་མེད་པ་ན།། ཡི་དམ་ནར་མ་གཞུང་དུ་བྱའོ། ། ལས་ཀྱི་རིམ་པ་རྫོགས་བྱས་པས།། གང་ལ་དམིགས་པ་གདོན་མི་ཟ།། འདི་ནི་ནང་དུ་ངེས་པ་སྟེ།། ལུས་རྩ་གསེར་གྱི་བུ་ག་རུ།། དཀྱིལ་འཁོར་ཚང་བར་བསྐྱེད་པ་ལས།། ཐོད་པའི་གཞལ་ཡས་ནང་དུའོ། ། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཕུར་པ་ནང་ལྟར་བཤད་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་འགྲོ་ལ་ཕན་གདག་ཕྱིར།། གསང་བའི་ངེས་པར་རབ་ཏུ་བཤད། ། ངེས་གསུམ་གདེང་གསུམ་ལྡན་པ་ཡིས།། ཕུར་པ་གསང་བ་རབ་ཏུ་བསྒྲུབ།། དེ་ཡང་རྣམ་པ་དྲུག་ཡིན་ཏེ།། ཆོས་ཉིད་བདེན་པ་བསྟན་པ་དང།། སྔགས་ཀྱི་བྱིན་བརླབ་བསྟན་པ་དང།། ཨ་བྷི་ཙརྱའི་བརྣགས་པ་དང། ། དེ་ཡི་ཤེས་པ་དགུག་པ་དང།། སངས་རྒྱས་མཐུ་ཉིད་བསྟན་པ་དང།། མ་ནོར་ཚུལ་དུ་བསྒྲུབ་པར་ངེས།། དང་པོར་མཎྜལ་བྲི་བ་ནི།། གྲུ་གསུམ་རྒྱ་མདུད་དཀྱིལ་འཁོར་དུ།། ཕྱི་ནང་གསང་བའི་རྫས་རྣམས་བསག། ཕུར་པ་ལ་སོགས་རིམ་བཞིན་དགོད།། ཡང་ན་དཀྱིལ་འཁོར་མི་དགོས་ཏེ།། གསང་བའི་ལས་སུ་བཤད་པ་ཡིན།། དང་པོ་ཏིང་འཛིན་རྣམ་གསུམ་གྱིས།། ཧཱུ~ཾ་ཉིད་སྲོག་གི་གོར་ཤར་བས།། གྲུ་གསུམ་གཞལ་ཡས་བཅས་པར་བསམ། ། ཡང་ན་ཕུང་པོའི་གཞལ་ཡས་སུ།། དེ་ལ་ལྷ་རྣམས་གསང་སྔགས་ཀྱིས།། རྫོགས་པའི་ཚུལ་དུ་བསྐྱེད་པ་དང།། རྣམ་པར་ཤེས་པའི་ཚོགས་ལས་གྱུར།། རང་བཞིན་སྤྱན་དྲང་དེ་ལ་བསྟིམ། ། མཆོད་པ་སྦྱོར་སྒྲོལ་ཁམས་གསུམ་སྒྲོལ།། ཁྲོ་བོ་ལྔ་ཡིས་དུག་ལྔ་འདུལ།། དེ་ཡང་བདུད་རྩིའི་ལས་ལའོ།། བསྟོད་དང་སྨོན་ལམ་ངེས་པར་བྱའོ།། ཀཱི་ལ་ཡ་ཡི་གསང་སྔགས་ཀྱིས། ། རྟོགས་དང་མ་རྟོགས་མཚམས་སུའོ།། ཆོས་ཉིད་དོན་དམ་ཤེས་པ་ཡིས།། སྲས་དང་སྤྲོ་བསྡུ་ལེགས་པར་བྱ།། དྲག་སྔགས་བདུན་པའི་ཚུལ་དུའོ།། ཡང་ན་ཁོ་ན་ཤེས་པ་ཡིས།། མན་ངག་ཉི་ཤུ་རྩ་གཅིག་གིས། ། ལེགས་པར་སྟོད་སྨད་སྦྱར་བར་བྱའོ།། རྟགས་བྱུང་དངོས་གྲུབ་ཤེས་བྱས་པས།། ནུས་པ་འཐོབ་འགྱུར་ངེས་པ་སྟེ།། དོན་དམ་ངེས་པ་སྟོན་པས་ན།། ཆོས་ཉིད་བདེན་པའི་ཕུར་པ་ཡིན།། དེ་ནས་དྲག་པོའི་ལས་འཇུག་པ། ། མཎྜལ་གོང་ལ་སྒོ་བཞིར་ནི།། ཉམས་པ་བསྒྲལ་བའི་ཡན་ལག་དང།། མགོ་བཅས་ཉམས་པའི་གཞལ་ཡས་ཁང་བྱའོ།། ལིངྒ་ངེས་བྱས་ཕུར་པས་གཟིར།། བསེ་ལྕགས་དུང་གི་རྫས་རྣམས་བསག། དེ་ནས་ཏིང་འཛིན་རྣམ་གསུམ་གྱིས། ། ཐམས་ཅད་མཐིང་ནག་ཕུར་པའི་ལྷ།། མེ་རི་སྨུག་ནག་ནང་ན་བཞུགས།། ཉམས་པ་བསྒྲལ་བའི་རྣམ་ཤེས་ལ།། རེངས་པ་སྐད་ཅིག་རྫོགས་ཚུལ་དུའོ།། རང་བཞིན་སྤྱན་དྲང་མཆོད་པ་དབུལ། ། སྦྱོར་སྒྲོལ་མཆོད་པ་གོང་འོག་བསྣོར།། ཉམས་པ་བསྒྲལ་བའི་རཀྟ་ནི།། དུག་ལྔ་ལྷ་ལྔའི་སྤྱན་སྔར་དབུལ།། དྲག་པོའི་ཚུལ་དུ་གསལ་གདབ་བསྟོད།། ཁྲོ་བོའི་ཚུལ་དུ་སྤྱན་ཡང་དྲངས།། དང་པོ་གཙོ་བོ་གསང་སྔགས་དང། ། ཕྱག་རྒྱ་བཞི་དང་མིང་རུས་དང།། མ་མོ་འདུས་དང་ཐམས་ཅད་འདུས།། བཞི་སྙིང་དྲིལ་བ་དྲག་ཏུ་བཟླས།། ཧཱུ~ཾ་ཀཱ་ར་ཡི་ཡི་གེ་བདུན།། ཐམས་ཅད་གྲགས་པ་གསུང་གི་སྔགས།། བདག་ཉིད་གཙོ་བོའི་ཡི་གེ་ལྔས། ། གཟུགས་སུ་བསྐྱེད་པ་སྐུ་ཡི་སྔགས།། བདུད་རྩི་འཁྱིལ་པ་ཡི་གེ་དྲུག། དྲན་པར་སྣང་བ་ཐུགས་ཀྱི་སྔགས།། དེ་རྣམས་གོང་གི་བར་དུའོ།། སྐུ་གསུང་ཐུགས་ལ་གཙོ་ཆེན་བྱ།། དྲག་སྔགས་དྲུག་པ་དམ་ཅན་དང། ། བཟླས་སྔགས་ཐམས་ཅད་གོང་གི་བར།། མན་ངག་རིམ་པར་ཤེས་པ་ཡིས།། བཟླས་པ་བྱས་པས་བླ་ཁུགས་འགྱུར།། ཏིང་ངེ་འཛིན་གྱིས་གཟིར་བར་བྱའོ།། བསྒྲུབ་པ་ངེས་པར་གནས་པ་ཡིས།། གསང་སྔགས་བྱིན་རླབས་ཤེས་པར་བྱ། ། རྒྱུ་ཡི་རཱུ་ཏྲས་འབྲས་བུ་དང།། ལམ་གྱི་རཱུ་ཏྲས་བདག་ཉིད་ཕུང།། དུག་ལྔའི་ངེས་པ་རབ་ཤེས་བྱ།། ལམ་གྱི་རཱུ་ཏྲ་བརྣག་པ་ཡི།། སྐྱེ་བོ་ཉམས་པ་ཅན་དེ་སྤྱི།། དམ་ཚིག་གཅིག་པ་ཕྱི་དང་ནང། ། གསང་བའི་བརྣག་པ་ཡིན་པ་སྟེ།། དེ་ལ་ལིངྒའི་མན་ངག་དང།། ཐབས་དང་སྦྱོར་བ་གཞོམ་པ་དང།། ཁ་སྦྱོར་དབྱེ་བ་གསུམ་བྱས་ལ།། བསྒྲལ་བ་རྣམ་གཉིས་ཤེས་པར་བྱ།། དེ་ནི་མི་འགྱུར་བརྣག་པ་ཡིན། ། དེ་ཡི་ཤེས་པ་དགུག་པ་དང།། དྲག་སྔགས་བཞིའི་སྦྱོར་བ་བྱ།། ཕོ་ཉ་སྔགས་དང་ཏིང་འཛིན་གསུམ།། བྲན་དང་ཕོ་ཉ་བཀའ་ཉན་གྱིས།། ཤེས་པ་ངེས་པར་དགུག་པར་བྱ།། མིང་པོ་སྲིན་མོའི་དགུག་སྔགས་སམ། ། ཡང་ན་མིང་པོའི་དྲག་སྔགས་སོ།། ཏིང་འཛིན་རི་དྭགས་ཤ་བཀྱེ་བཞིན།། མ་ཁུགས་བར་དུ་ངེས་པར་སྦྱར།། ཁུག་ནས་གདབ་པའི་ལས་བྱའོ།། འདི་ཡིས་ངེས་པར་ཁུག་པ་ཡིན།། གོང་དུ་བསལ་བས་གདབ་མི་དགོས། ། ཡང་ན་གདབ་པར་བྱ་བ་ནི།། དབུས་ཀྱི་སྲས་མཆོག་སྙིང་ལ་ནི།། ཨོཾ་ལཾ་སྔགས་ཀྱིས་གདབ་བྱ་སྟེ།། ཚེ་ལུང་ཁྲུས་ལུང་ལེགས་པར་བྱ།། སྐུ་གསུང་ཐུགས་ཀྱི་ཕུར་པ་ཡིས།། ལུས་ངག་ཡིད་ལ་ངེས་པར་སྦྱར། ། ཁྲོ་བོ་བཅུ་ཡི་ཕུར་པ་ཡིས།། སྤྱི་བོ་ལ་སོགས་གནས་བཅུར་གདབ།། དམ་ཅན་མིང་སྲིང་ཕུར་པ་དྲུག། སྔགས་ཀྱིས་གནས་སུ་གདབ་པར་བྱ།། བཏབ་ནས་བསྟབ་པའི་ལས་རྣམས་བྱ།། དེས་ནི་ངེས་པར་གསོད་འགྱུར་བས། ། སངས་རྒྱས་མཐུ་རུ་རྣམ་པར་བཤད།། ལས་ཀྱི་མཐའ་བརྟུལ་ངེས་པར་ཡང།། གབ་སྔགས་དྲུག་གི་འཁོར་ལོ་ནི།། དེ་ཡང་སྲོག་ལ་འཁོར་ལོ་བསྐོར།། ནུབ་ལྔར་ངེས་ཤིང་གོང་བཞིན་གདབ། ། ཧོམ་ལ་བསྲེག་པའི་སྦྱོར་བ་ཡིས།། རྡོ་རྗེ་མེ་དབལ་གྱིས་བསྲེག་ནས།། ཐོད་པར་འཕང་བའི་ལས་བྱའོ།། གནོན་པ་ངེས་པར་གནན་པ་ཡིས།། ཉམས་པ་འཆིར་འགྱུར་ངེས་པ་ཡིན།། འདིས་ནི་ཉམས་པ་བསད་པ་ཡི། ། དེ་ཁོ་ན་ཉིད་མ་ནོར་ཚུལ་བཞིན་བསྒྲུབ་པའོ།། འདི་དག་ལམ་དུ་བྱས་པ་སྟེ།། བདག་དང་ཕུར་པ་གཟས་པ་གསུམ།། གཅིག་ཏུ་རྟོགས་ན་ཐེབས་པའོ།། ལྷ་རྣམས་རང་གིས་ཤེས་འགྱུར་བས།། འདི་ནི་གསང་བའི་རིམ་པའོ། ། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས།། གསང་བ་བཤད་པའི་རིམ་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་དཔའ་བོ་ཆེན་པོ་ཡིས། ། སེམས་ཅན་དབང་པོ་རབ་འབྲིང་པས།། བློ་ཡི་རབ་འབྲིང་མང་ཡོད་པས།། དེ་ཡི་ཕྱིར་ན་རིམ་པ་དག། དགུ་རུ་ནམ་པར་ངས་བཤད་དོ།། དེ་ལ་ཕུར་པ་ཕྱི་ཡི་ཕྱིའི།། མན་ངག་འདི་ལྟར་ཤེས་པར་བྱ།། ཡོན་ཏན་ལྡན་པའི་སྔགས་པ་ཡིས། ། ཉམས་པ་བསྒྲལ་བའི་ལས་བྱས་པས།། དེ་ཉིད་ལམ་དུ་ངེས་པ་ཡིན།། གནས་མཆོག་གཞུང་ལྟར་ངེས་པ་སྟེ།། ཡན་ལག་བདུན་བཅས་སྔོན་འགྲོ་བྱ།། ཕྱི་མཚམས་ལ་སོགས་ངེས་བྱས་ཏེ། ། ཚོགས་གཉིས་ལེགས་པར་བསགས་པ་ཡི།། མཎྜལ་རིམ་པ་ལེགས་པར་བྱ།། གྲུ་གསུམ་བཅུ་གཅིག་ལེགས་བྲིས་ལ།། དེ་ལ་རྫས་རྣམས་དགོད་པ་ནི།། བདུད་རྩི་སྨན་དང་རཀྟ་དང།། རྨད་དུ་བྱུང་བའི་རྫས་རྣམས་དང། ། དྲེགས་པ་རྟེན་པའི་རྫས་རྣམས་དགོད།། བསྙེན་ཕུར་ལ་སོགས་ཉི་ཤུ་གཅིག། དབུས་ལ་སོགས་པའི་རིམ་པར་དགོད།། དེ་ནས་ཡན་ལག་བདུན་པ་དང།། ཚད་མེད་འགྲོ་དོན་ཤེས་པར་བྱ།། དང་པོའི་ཚིག་ལ་ཏིང་འཛིན་གསུམ། ། ལེགས་པར་བསྐྱེད་པ་དེ་འོག་ལ།། གདན་བཅས་གཞལ་ཡས་བསྐྱེད་པར་བྱ།། དེ་འོག་གཉིས་པའི་ཚིག་བཞིས་ནི།། གཙོ་བོའི་འཁོར་རྣམས་བསྐྱེད་བྱས་ལ།། བདག་དང་ཁྲོ་བོ་ཕུར་པ་རྫས། ། རྫོགས་པར་དཀྱིལ་དུ་ཤེས་པར་བྱ།། དེ་འོག་ཚིག་གསུམ་ངེས་པ་ཡིས།། གསོལ་བ་གདབ་པར་ཤེས་པར་བྱ།། ཡང་ན་གོང་གི་ཚིག་བཞི་ཡིས།། ཕུར་པ་རྫས་སུ་ཤེས་པར་བྱ།། དེ་འོག་ཚིག་བཞིས་གདབ་པར་བྱ། ། དེ་འོག་བཞི་ཡིས་དབང་བསྐུར་རོ།། དེ་འོག་གསུམ་པས་སྤྱན་དྲངས་ཏེ།། བཞི་པས་དངོས་གྲུབ་ཤེས་པར་བྱ།། མཆོད་བྱས་བསྟོད་པ་སྨོན་ལམ་གདབ།། འབྲུ་དགུ་མ་ནོར་བདུན་ཁྲི་བཟླས། ། འཁོར་ལ་དེ་ཡི་ཕྱེད་ཕྱེད་དོ།། དེ་ལ་རབ་འབྲིང་རྟགས་ཚང་ན།། དངོས་གྲུབ་བླང་བ་ཤེས་པར་བྱ།། དེ་ནས་དྲག་པོའི་ལས་བྱ་བ། དཀྱིལ་འཁོར་འཁོར་ལོ་རྩིབས་དྲུག་པ།། ཕུར་པ་དྲུག་བཅས་རབ་བཀོད་དེ། ། ལིངྒ་ཐུན་རྫས་དྲག་པོའི་རྫས།། གསང་སྔགས་རྫས་སུ་ཤེས་པར་བྱ།། དང་པོ་ལྷ་དབྲལ་གཉིས་པ་དབབ།། གསུམ་པས་བྱད་གཞུང་བཞི་པས་སྨྱོ།། ལྔ་པས་རྡུལ་བརླག་དྲུག་པས་བསྟབ།། དེ་ལྟར་མན་ངག་རིམ་པར་སྦྱར། ། དང་པོ་ཏིང་འཛིན་རྣམ་གསུམ་ནས།། རྫོགས་པར་མཐིང་ནག་འབར་བ་སྟེ།། དེ་ལྟར་མཆོད་བསྟོད་རྫོགས་པར་བྱ།། འཁོར་ལོ་དྲུག་ལ་དྲེགས་པ་དྲུག། ཁྱམས་ལ་མ་བདུན་སྲུང་མ་གསུམ།། རིམ་པར་རྫོགས་ཚུལ་ཤེས་པར་བྱ། ། མཆོད་པ་བསྟོད་པ་ཡན་ཆད་བྱ།། དང་པོ་གཙོ་བོའི་གསང་སྔགས་དང།། མིང་རུས་བཅས་པའི་ངེས་པ་དང།། ཧ་ས་ཡ་རའི་ཡི་གེ་དགུ།། སུམ་བརྒྱ་དྲུག་ཅུའི་གཙོ་བོ་སྟེ།། དགྲ་བླའི་རྒྱལ་པོའི་སྙིང་པོ་ཡིན། ། དང་པོའི་ཞག་གཅིག་ལྷ་དང་དབྲལ།། དེ་ནས་སྲུང་མ་མ་བདུན་སྔགས།། ཐུན་དུ་བཅས་པས་གསད་པར་བྱ།། རྩ་བས་དམ་ཅན་གནད་ལ་དབབ།། ཨཱ་ཝེ་ཤ་ཡི་ཡི་གེ་བཅུ།། ཀླུ་ཡི་རྒྱལ་པོའི་གསང་སྔགས་ཡིན། ། ནུབ་གཉིས་གཟུགས་ལ་དབབ་པའོ།། ཤི་ཀྲི་ཨཱ་ན་ཡ་ཡི་ཡི་གེ་བདུན།། ཕྱོགས་བཞི་དག་ཏུ་ལེགས་པར་དགོད།། དེ་ནས་ཏིང་འཛིན་རྣམ་གསུམ་ནས།། རིམ་པར་རྫོགས་ཚུལ་བསྐྱེད་པ་ནི།། གཙོ་བོ་རྫོགས་ཚུལ་བསྐྱེད་པ་ཡང། ། སྲས་མཆོག་ཕུར་པ་རྣམས་ལ་ནི།། རང་རང་ཞལ་གཅིག་ཕྱག་བཞི་པ།། སྟྭ་རེ་ཁ་ཊྭཱཾ་ཕུར་བུ་འདྲིལ།། མཐིང་ནག་འབར་བའི་ཚུལ་གནས་སོ།། དམ་ཅན་མ་ནི་འདི་ལྟ་སྟེ།། ནག་མོ་ནག་ལ་བསེ་མོ་དམར། ། ཤྭ་ན་དཀར་ལྡེམ་མིང་པོ་སེར།། ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཕུར། དྲག་པོ་མིན་ནམ།། རངས་པ་རྣམས་ལ་ཆིབས་མེད་དོ།། རྩ་བ་སྐུ་གསུང་ཐུགས་སུ་བརླག། རང་བཞིན་སྤྱན་འདྲེན་མཆོད་པ་དབུལ། ། བསྡོད་པ་ཡན་ལག་རྫོགས་པར་བྱ།། གཙོ་བོ་གསང་སྔགས་ངེས་པ་དང།། ཁ་སྐོང་སྲས་མཆོག་སྔགས་དྲུག་གམ།། ཡང་ན་མི་སྐོང་བདུན་དུ་ངེས།། དམ་ཅན་རང་རང་གསང་སྔགས་བཅས།། རིམ་པར་གང་རིགས་རྫོགས་པར་བྱ། ། ཕར་མཆོད་གུས་པས་བདག་ལ་བསྟིམ།། དེ་ཡིས་ངེས་པར་བསྟན་པ་ཡིན།། དེ་ནས་སྐབས་སུ་ཐུན་དུ་བྱ།། ལྕགས་ཕུར་སྔགས་ཀྱིས་སྙིང་ལ་གདབ།། སྐྱེར་ཕུར་མཆོག་ཕུར་སེང་ལྡིང་ཕུར། ། བྱ་ཕུར་ཙནྡན་ཤེར་ཤིང་རྣམས།། རང་རང་སྔགས་ཀྱིས་གནས་གནས་གདབ།། ཀུན་ལ་གསང་སྔགས་འབྲུ་དགུའོ།། དམ་ཅན་གསུམ་པོ་རང་སྔགས་ཀྱིས།། དགྲ་བོའི་གནས་སུ་གདབ་པར་བྱ།། མིང་པོའི་ཕུར་པ་འདུས་པ་ཡིས། ། སྔགས་ཀྱིས་གདབ་པར་ཤེས་པར་བྱ།། ལས་གསུམ་ལས་མཐར་ངེས་པར་བཅུལ།། ཤི་ནས་ངེས་པར་གནས་སྤར་རོ།། འདི་ནི་ཉམས་པ་བསྒྲལ་བ་སྟེ།། སངས་རྒྱས་བསྟན་པ་བསྲུང་ཕྱིར་བཤད། ། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཕྱིའི་དབྱེ་བ་རྣམ་གསུམ་བཤད་པ་སྟེ་ལེའུ་བཅུ་གཅིག་པའོ།།།། དེ་ནས་ནང་གི་དབྱེ་བ་རྣམས། ། ཡང་དག་པར་ནི་བཀའ་སྩལ་ཏེ།། གཉིས་མེད་ཕུར་པའི་དོན་ཤེས་དང།། ཤེས་གསུམ་གདེངས་གསུམ་ལྡན་པ་ཡི།། ཡོན་ཏན་ལྡན་པའི་རྣལ་འབྱོར་གྱིས།། ནང་གི་ཕྱི་ཡི་བསྒྲུབ་པ་བྱ།། སྔོན་འགྲོ་ལ་སོགས་རིམ་པ་ལས། ། མཎྜལ་དྲག་པོ་དྲི་བར་བྱ།། ཕུར་པ་བཅོ་བརྒྱད་ལེགས་པར་དགོད།། ནང་གི་རྫས་རྣམས་ཚང་བ་དང།། ཐོད་པ་ཆེན་པོའི་ཐུན་དང་བཅས།། དབུས་གཞག་སྔགས་དྲུག་ཐུན་ཀྱང་བཅའ།། དེ་ནས་མཚམས་བཅད་བྱིན་དབབ་བཤགས། ། རྫས་རྣམས་ལེགས་པར་བྱིན་བརླབ་བོ།། དེ་ཡང་མི་སྐོང་ཤེས་པར་བྱ།། དེ་ནས་ཏིང་འཛིན་འཇུག་པ་ནི།། དང་པོའི་ཚིག་གསུམ་ཏིང་འཛིན་བསྒོམ།། གཞལ་ཡས་གདན་དང་བཅས་པ་བསྐྱེད། ། རྡོ་རྗེའི་ཚིག་ནི་བཞི་པ་ཡིས།། བདག་ཉིད་ཡབ་ཡུམ་རྫོགས་ཚུལ་ལ།། ཡེ་ཤེས་སེམས་དཔའ་བཅས་པར་བསམ།། རྡོ་རྗེའི་ཚིག་ནི་གསུམ་པ་དང།། གུ་ཧྱ་མནྟྲ་བཅུ་ཡིས་ནི།། ཧཱུ~ཾ་ཀཱར་ལ་སོགས་ཕྱོགས་བཅུ་ཡི། ། ཕྲ་ཐབས་ཡང་སྤྲུལ་བཅས་པར་བསྐྱེད།། རྡོ་རྗེའི་ཚིག་གཉིས་སྔགས་བཅས་པས།། སྲས་ལྔ་དབུས་དང་སྒོ་མ་བསྐྱེད།། བྱིན་བརླབ་དཀྱུས་ཚིག་བཞི་པ་དང།། སྔགས་བཅས་སྲོག་ལ་དབང་བསྐུར་རོ། ། སྟོད་སྨད་ཚིག་བཞིས་སྤྱན་དྲངས་ལ།། གཉིས་མེད་བསྟིམ་ལ་མཆོད་པ་ནི།། རང་རང་སྔགས་དང་སྟོབས་བཅས་པས།། རྣམ་ལྔའི་མཆོད་པ་རྫོགས་པར་བྱ།། སྨོན་ལམ་བཅས་ཏེ་སྦྱོར་བ་ཡིས།། མཆོད་པ་རྣམ་པར་དབུལ་བར་བྱ། ། རྡོ་རྗེའི་ཚིག་གསུམ་སྔགས་བཅས་པས།། སྨན་གྱི་དངོས་གྲུབ་ལེགས་པར་བླང།། དེ་འོག་གསུམ་གྱིས་འཛབ་བསྟོད་དེ།། ལྷ་རྣམས་སྐུ་མདོག་ཁམ་ནག་སྟེ།། ཞབས་ནི་རི་རབ་ཕུར་བུའོ།། དམ་ཅན་མགྲོན་ཐབས་སྤྱན་དྲངས་བསམ། ། བར་བར་ཕྲིན་ལས་བཅོལ་བར་བྱ།། གསང་སྔགས་བཟླས་པ་རབ་ཏུ་བྱ།། གཙོ་འཁོར་རིམ་པར་ཤེས་པས་ནི།། རྟག་མཚན་རབ་ཏུ་འབྱུང་བར་ངེས།། དངོས་གྲུབ་བླང་བའི་རིམ་པ་ཡང། ། འབྲང་རྒྱས་ཟླ་གམ་དཀར་དམར་གཉིས།། གཞན་ཡང་ཞལ་ཟས་མང་པོ་དང།། བཅས་པ་ཐོད་པའི་ནང་བཞག་ལ།། ལྷ་རྣམས་སྔགས་ལ་གོང་འདུས་སྔགས།། བཏགས་པ་བཟླས་དང་ཏིང་འཛིན་བྱ། ། རྡོ་རྗེའི་ཚིག་ནི་གསུམ་པ་ཡིས།། ཞལ་ཟས་ཕུར་པ་གནས་ནས་བསྟིམ།། འདིས་ནི་སྐུ་གསུང་ཐུགས་འཐོབ་སྟེ།། དེ་ཡང་ནམ་མཁའ་རྡོ་རྗེའི་དབུས།། སྙིང་པོ་གསུམ་བསམ་ཟོས་པ་ཡིས།། དེ་ཡིས་གོང་བཞིན་ངེས་པར་ཐོབ། ། དང་པོ་གཙོ་བོའི་གསང་སྔགས་དང།། མིང་རུས་བཅས་པའི་ངེས་ཚིག་དང།། ཧ་ས་ར་ཡི་ཡི་གེ་བཅུ།། དགྲ་བླའི་རྒྱལ་པོའི་སྙིང་པོ་སྟེ།། དང་པོ་ལྷ་དང་ཕྲལ་བའོ།། ཨ་ཝེ་ཤ་ཡི་ཡི་གེ་བཅུ།། ཀླུ་ཡི་རྒྱལ་པོའི་གསང་སྔགས་ཡིན། ། གཉིས་པ་གཟུགས་ལ་དབབ་པའོ།། ཤཱི་གྷྲཾ་ཨཱ་ནའི་ཡི་གེ་བཅུ།། ཁུ་ལེ་ལག་དགུའི་གསང་སྔགས་ཡིན།། གསུམ་པ་བྱད་དུ་གཞུག་པའོ།། ཛྭ་ལ་པ་ཡི་ཡི་གེ་བཅུ།། རྒྱལ་པོ་སྤྱན་གཅིག་སྙིང་པོ་སྟེ། ། བཞི་པ་སྨྱོ་རུ་གཞུག་པའི་སྔགས།། ཏ་ཐཱ་ཡ་ཡི་ཡི་གེ་བརྒྱད།། བཙན་འགོང་དམར་པོའི་སྙིང་པོ་སྟེ།། ལྔ་པ་རྡུལ་དུ་བརླག་པ་ཡིན།། བྷིན་དྷ་ཡ་ཡི་ཡི་གེ་བཅུ།། རེ་མ་ཏི་ཡེ་སྔགས་ཡིན་ཏེ།། དྲུག་པ་ཞལ་དུ་བསྟབ་པའི་སྔགས། ། ནུབ་དྲུག་དམ་རྫས་ཕོ་ཉ་དང།། སྤྲུལ་པའི་ཐུན་རྣམས་སྦྱར་བ་ཡིས།། རླུང་ནད་མཛེ་དང་བྱད་འཆིང་དང།། སྨྱོ་དང་འབོག་དང་རིམས་ནད་ཀྱིས།། ངེས་པར་དག་ཏུ་འཆི་བར་བཤད། ། དྲུག་རྫོགས་ཕུར་པ་གདབ་པ་དང།། བསྙེན་ཕུར་བཏབ་ལ་ཚེ་ལུང་བྱ།། དེ་ནས་བདག་གི་ཕུར་པ་དང། ཁྲོ་བོ་བཅུ་ཡི་ཕུར་པ་དང།། སྲས་མཆོག་བཞི་ཡི་ཕུར་པ་དང།། དམ་ཅན་གསུམ་གྱི་ཕུར་པ་དང། ། ཕྲ་ཐབས་སྤྲུལ་པའི་ཕུར་པ་རྣམས།། རང་རང་སྔགས་ཀྱིས་གདབ་པར་བྱ།། དེ་ཡང་དེ་ཡི་གནས་དུས་སུ།། བསྲེག་འཕང་གནན་པས་མཐའ་བརྟུལ་ལོ།། སྤྱིར་ན་གབ་སྔགས་མ་ངེས་ཏེ།། འདི་དྲུག་འཇིག་རྟེན་པ་རུ་གྲགས། ། ལྷ་རྣམས་སྤྱི་འདུས་སྙིང་པོའམ།། ཕྲ་མེན་ཡིན་པར་ངས་བཤད་པ།། རྩ་བ་དཀྱུས་དང་དཀྱུས་ལ་གདབ།། འདི་ནི་སྤྱི་ཡི་ཕྱི་ཉིད་དོ།། དྲེགས་པ་སྤྱི་རུ་བསྒྲུབ་པ་ཡིན།། དེས་ན་དེ་ཡི་ནང་སྒྲུབ་ནི། ། དང་པོ་གོང་བཞིན་དཀྱིལ་འཁོར་བྲི།། ཕྲིན་ལས་བཞི་ཡི་དཀྱིལ་འཁོར་ལྡན།། རྫས་རྣམས་ལེགས་པར་ཚོགས་པ་དང།། ཕུར་པ་བཞི་རྣམས་ཕྲིན་ལས་ལ།། རང་རང་གནས་སུ་བཞུགས་སུ་གསོལ།། ཐོད་པ་ཆེན་པོ་མཚན་ལྡན་བར། ། ཁྲག་སྣ་ཚོགས་པར་དུག་དང་སྦྱར།། ཐུན་གྱི་རྫས་རྣམས་རབ་བསོག་ལ།། གབ་པའི་རྫས་རྣམས་དེ་བཞིན་དུ།། དང་པོ་བསྙེན་པ་ཉེ་བསྙེན་པ།། བསྒྲུབ་དང་བསྒྲུབ་པ་ཆེན་པོ་དང།། བསད་པའི་ཐུན་དང་ལྔ་རྣམས་སོ། ། ཆོས་ཉིད་བདེན་པའི་གསང་སྔགས་ཀྱིས།། བྱིན་རླབས་གསང་སྔགས་མཐུ་བསྙེན་དང།། ཨ་བྷེ་ཙརྱའི་དུས་ལ་བབ།། བརྣག་པ་ཁོ་ནའི་ལས་རྣམས་ཏེ།། སྦྱར་བ་ཐབས་ཀྱིས་ཤེས་པར་བྱ། ། དང་པོ་རིམ་པར་ལྷ་བསྐྱེད་ནས།། མཆོད་པ་ཡན་ཆད་རྫོགས་ཚུལ་ལོ།། དང་པོ་བདག་ཉིད་གཙོ་བོའི་སྔགས།། རྫོགས་པར་བརྗོད་པ་བསྙེན་པ་ཡིན།། སྐུ་གསུང་ཐུགས་ཀྱི་གསང་སྔགས་ལ། ། ཐིམ་པར་གཞུག་པ་ཁྲོ་བོའི་སྔགས།། དེ་ལ་ཉེ་བསྙེན་ཡང་དག་བྱ།། རྟགས་མཚན་བྱུང་ན་དངོས་གྲུབ་ནི།། རབ་ཏུ་བླང་བ་ཤེས་པར་བྱ།། དེ་ནས་གདབ་པའི་ལས་བྱ་བ།། དབུས་སུ་འབྲུབ་ཁུང་ཐུར་དུ་བྲུ།། དེ་ནས་ཐོད་པ་ལིངྒ་བཅའ། ། མན་ངག་རིམ་པས་ལས་བྱའོ།། མན་ངག་རྣམ་གསུམ་འདུས་པ་ནི།། བསྒྲུབ་པ་ཆེན་པོ་མཆོག་ཡིན་ཏེ།། དགྲ་བོའི་བླ་འགུགས་ཤེས་པར་བྱ།། གབ་སྔགས་མིང་རུས་ཐིམས་སྔགས་ཅན། ། ངན་སྔགས་འདུས་པས་བསྒྲུབ་ཆེན་ནོ།། གསད་པར་བྱ་བའི་རིམ་པ་ཡིན།། རངས་པ་ཐོད་པར་རྫོགས་བྲབ་པ།། བསད་པ་ཐུན་གྱི་དམོད་མོ་ཡིན།། གབ་སྔགས་ཐབས་དང་ཤེས་རབ་དང།། ཐུན་དང་ངན་སྔགས་ཁང་ཁྲོལ་བཏང། ། དེ་ཡི་མན་ངག་ཤེས་པ་ཡིས།། ངན་ལྔར་རབ་ཏུ་ཤེས་པར་བྱ།། སྲས་མཆོག་འདུས་པའི་སྙིང་ལ་གདབ།། ཁྲོ་བོ་འདུས་པ་མགོ་ལ་གདབ།། མ་མོའི་ཕུར་པ་མགྲིན་པར་གདབ།། ངན་སྔགས་ཕུར་པ་ལྟེ་བར་གདབ། ། དེ་ལྟར་དགོངས་པ་རྫོགས་ལྡན་པས།། ཉམས་པ་འཆི་འགྱུར་ངེས་པ་ཡིན།། ཤི་ནས་གནས་སྤར་ངེས་པར་བྱ།། དེ་ལ་དེ་ཡི་གསང་བ་ནི།། གསང་བའི་གནས་རྣམས་ངེས་པར་ནི།། འཇིགས་པ་མེད་པར་བསྒྲུབ་པར་བྱ། ། དཀྱིལ་འཁོར་ཆེན་པོ་བཞེངས་པའམ།། ཡང་ན་གྲུ་གསུམ་དྲུག་ཏུ་བརྩིག། དབུས་དང་མདུན་དུ་ཤེས་པར་བྱ།། དམ་ཅན་གནས་པའི་གྲུ་གསུམ་བཞི།། ཕྱོགས་བཞི་དག་ཏུ་ངེས་པ་ཡིན། ། རེ་རེ་ཐོད་ཆེན་རེ་རེ་ལ།། ལིངྒར་བཅས་པ་ངེས་བཅུག་ལ།། རྫས་རྣམས་ངེས་པར་ཚོགས་པར་གསག། ལྕགས་ཕུར་དབུས་སུ་དགོད་པར་བྱ།། མི་བཟད་ཕུར་བུ་དྲུག་རྣམས་ནི།། གྲུ་གསུམ་དྲུག་ལ་ཤེས་པར་བྱ། ། དམ་ཅན་མ་གསུམ་ཕུར་པ་དང།། མིང་པོ་གསུམ་འདུས་ཕུར་པ་གཅིག། དེ་ཉིད་ལམ་བྱས་སངས་རྒྱ་འགྱུར།། དེ་ནས་ཉམས་པ་བསྒྲལ་བྱ་ན།། དབུས་སུ་གྲུ་གསུམ་ལེགས་པར་བརྩིག། དེར་ཡང་གཟས་པོའི་གཟུགས་ལའོ། ། དྲི་མའི་ལིངྒ་ཐོད་པའི་ནང།། ཕུར་པ་འབྲུབ་ཁུང་ཁ་ལའོ།། བསྙེན་པའི་ཕུར་པས་གཟིར་ལ་གཞག། དྲག་པོ་བྱ་བའི་ལས་རྣམས་ནི།། ཉི་ཤུ་རྩ་གཅིག་ཁོ་ནའོ།། དང་པོ་དགུག་པའི་ལས་བྱ་བ། ། དུས་ལས་བབ་པ་དྲུག་པོ་སྟེ།། གང་ལ་ཡང་ནི་ཤེས་པར་བྱ།། དངོས་གྲུབ་བར་གཅོད་ཚིག་བཞི་དང།། སྔགས་དང་རྫས་སུ་བཅས་པ་ཡིན།། ཉམས་པ་འགུགས་པའི་ལས་ཡིན་ནོ།། དེ་བཞིན་རྡོ་རྗེའི་ཚིག་བཞི་དང། ། སྔགས་དང་རྫས་སུ་བཅས་པ་ཡིས།། ཉམས་པ་ལྷ་དང་བྲལ་བའི་ལས་ཡིན་ནོ།། གོང་བཞིན་ཚིག་དྲུག་སྔགས་དང་རྫས།། ཉམས་པའི་ཤེས་པ་འབེབས་པ་ཡིན།། དེ་བཞིན་ཚིག་དང་སྔགས་དང་རྫས།། ཉམས་དང་སྨྱོ་རུ་གཞུག་པ་ཡིན། ། དེ་བཞིན་ཚིག་དང་སྔགས་དང་རྫས།། ཉམས་པ་རྡུལ་དུ་བརླག་པ་ཡིས།། དེ་བཞིན་རབ་ཏུ་ཚང་བ་ཡིས།། ཉམས་པ་ཞལ་དུ་བསྟབ་པར་བྱ།། གབ་པའི་སྔགས་དྲུག་སྦས་པའི་ཚིག། རྫས་དྲུག་ཕོ་ཉ་ཕུར་པ་དྲུག། དུས་དྲུག་ཀུན་ལ་ཤེས་པར་བྱ།། འཁོར་ལོ་ངེས་པར་བྲི་བ་དང།། མནན་པའི་འཁོར་ལོ་ཐོད་པ་ལའོ།། བསྒྲུབ་པའི་དུས་ཀྱི་གསང་སྔགས་ནི།། མ་མོ་འདུས་པར་ངེས་པ་སྟེ། ། ལྷ་རྣམས་མཐིང་ནག་དག་ཏུ་བསྒོམ།། ཡན་ལག་མང་པོའི་བསྙེན་པ་བཞིན།། ཏིང་འཛིན་མང་པོ་བསྒྱུར་བའོ།། བར་བར་སྐབས་སུ་ཐུན་དབབ་པ།། ཉུང་ཀར་ལ་སོགས་བཞི་པོ་ལ།། བསེ་མོའི་སྔགས་དང་ཏིང་འཛིན་དང། ། ཚིག་བཞི་ངེས་པས་ཐུན་དབབ་པ།། བསེ་མོའི་ཐུན་དུ་ངེས་པའོ།། རིམས་ཀྱི་ཕྱི་མོ་ལ་སོགས་བཞི།། བདག་ཉིད་མ་ཡི་སྔགས་དང་ནི།། ཏིང་འཛིན་བཞི་ཡི་ཐུན་དབབ་པ།། བདག་ཉིད་མ་ཡི་ཐུན་ནག་ཡིན། ། ལྕགས་ཕྱེ་ལ་སོགས་རྫས་བཞི་ལ།། ཤྭ་ན་མུ་ཁའི་སྔགས་དང་ཏིང་འཛིན་དང།། ཚིག་བཞིས་ཐུན་དབབ་ཤྭ་ནའི་ཐུན།། དེ་ཡིས་སོད་པའི་རྟགས་བྱུང་ན།། གདབ་པའི་ལས་ལ་ངེས་པར་འཇུག། དང་པོ་ཚིག་བཞིས་བདེན་པ་བདར། ། དེ་ནས་རིམ་པར་ཤེས་པར་བྱ།། བསྙེན་པའི་ཕུར་གདབ་དགོངས་པ་ནི།། སྙིང་པོ་དྲུག་ལྡན་ཁྲུས་ལུང་ནི།། སྨད་སྟོད་ཚིག་ནི་བཅུ་གཅིག་དང།། གུ་ཧྱ་མནྟྲའི་མིང་དང་བཅས།། ཚེ་ལུང་ཁྲུས་ལུང་སྔགས་བཅས་པས། ། བདག་ཉིད་བསྟབ་པས་ཚེ་ལུང་ཤེས་པར་བྱ།། འདི་ནི་ཚེ་ལུང་ཁྲུས་བྱས་པས།། དེ་ནས་དམ་ཅན་ཕུར་པས་གདབ།། བྱིན་བརླབ་དམིགས་པ་ཀུན་ལའོ།། དེ་ཡི་ཚིག་ནི་བརྒྱད་དང་ནི། ། སྔགས་ཀྱིས་སྙིང་ལ་ཤྭ་ན་གདབ།། དེ་བཞིན་ཚིག་ཚང་སྔགས་བཅས་པས།། བདག་ཉིད་མ་ནི་སྤྱི་བོར་གདབ།། དེ་འདྲས་སྔགས་བཅས་བསེ་མོ་ཡིས།། ལྕེ་ལ་ཕུར་པས་རབ་ཏུ་གདབ།། དགོངས་པ་མན་ངག་ཀློང་དང་སྦྱར། ། དེ་འོག་ཚིག་བདུན་སྔགས་དང་བཅས།། སྲས་མཆོག་བཞི་ཡིས་གནས་བཞིར་གདབ།། གོང་གི་བསྙེན་ཕུར་ཡང་བླང་ལ།། རྡོ་རྗེའི་ཚིག་བཞི་སྔགས་བཅས་པས།། བདག་ཉིད་ཡབ་ཡུམ་ལྟེ་བར་གདབ། ། རྡོ་རྗེའི་ཚིག་ནི་དྲུག་བཅས་པས།། ཧཱུ~ཾ་ཀཱ་ར་ཡི་གསང་སྔགས་ཀྱིས།། སྤྱི་བོ་དག་ལ་ངེས་པར་གདབ།། གོང་གི་རྡོ་རྗེའི་ཚིག་དང་ནི།། རྣམ་པར་རྒྱལ་བ་ལ་སོགས་སྔགས།། དཔྲལ་བ་ལྕེ་དང་དཔུང་པ་གཡས། ། སྙིང་དང་གསང་བ་དཔྱི་གཡས་དང།། དཔུང་གཡོན་དཔྱི་ནི་གཡོན་པ་དང།། རྐང་པའི་མཐིལ་དུ་རབ་ཏུ་གདབ།། དེ་དག་རང་རང་དགོངས་པ་དང།། ཐབས་ནི་རབ་ཏུ་ཤེས་བྱས་ལ། ཁོ་ཡི་ཤེས་པ་དག་ལ་དབུལ། ། འདི་ནི་ཕུར་པ་གདབ་པའི་ལས།། དེ་ལྟར་བཏབ་པའི་ག་གོ་ལ།། བསྙེན་པའི་ཕུར་པས་བྲོ་བརྡུངས་པ།། ཐབས་ནི་ཡང་ན་གཡས་སུ་སྟེ།། ཡུམ་གྱི་མཁར་བསམ་བྲོ་བརྡུང་ངོ།། སྨད་ཀྱི་རྡོ་རྗེའི་ཚིག་ལྔ་དང། ། གསང་བའི་སྔགས་ནི་ལན་གསུམ་གྱིས།། ཡུམ་གྱི་མཁའ་ལས་བསྒྲལ་བར་བྱ།། མཆོད་པ་གཉིས་གསུམ་དབུལ་བར་བྱ།། དེ་ནས་གསོ་བའི་རིམ་པ་ཡང།། བྱང་ཆུབ་རྣམ་གསུམ་བདག་བསྟིམ་པས། ། བདག་ཉིད་བཀྲག་མདངས་བསྐྱེད་པ་སྟེ།། སྔགས་བཅས་བདག་ཉིད་གསོ་བའོ།། ཕུར་པ་བཏོན་ལ་ཀླད་ལ་བསྐོར།། ཀཱི་ལ་བཅོ་བརྒྱད་ངེས་པ་ཡིན།། འཁོར་ལོ་གསལ་བ་ཉི་ཟླ་བཅས།། ཐམས་ཅད་ཕུར་པའི་རྒྱན་གྱུར་པ། ། འདི་ནི་ཕུར་པ་གསོ་བའོ།། དེ་ནས་ཉམས་པ་བསྒྲལ་བ་ཡི།། དམ་ཚིག་གནས་པ་ཆེན་པོ་སྟེ།། བདག་ལས་བྱམས་སེམས་ཚུར་བཏོན་ལ།། ཉི་ཟླར་བཅས་པའི་གདན་སྟེང་དུ།། རྣམ་གསུམ་བཞག་ལ་ཨ་ཡཾ་ཕཊ། ། དེ་ཡིས་འོག་མིན་གནས་མཆོག་ཏུ།། ཡབ་ཡུམ་སྦྱོར་མཚམས་དག་ཏུ་འཕང།། དེ་ཡང་རྡོ་རྗེའི་ཚིག་བཞི་པོ།། སྨད་ནི་ཚིག་བཞིས་སྨོན་ལམ་གདབ།། བྱང་ཆུབ་སེམས་སུ་དབང་བསྐུར་རོ།། སྔགས་ཀྱིས་ལྷར་བསྐྱེད་སྤྱི་གཙུག་ཏུ། ། རྣལ་རྒྱལ་སྙིང་ག་བདུད་རྩི་འཁྱིལ།། ཉོན་མོངས་ཡེ་ཤེས་ཕུང་པོ་ལྷ།། དེ་ལྟར་གནས་སུ་སྤར་བ་ཡང།། ཁོ་ཡང་མི་འཕམ་རྒྱལ་ངོ་ཤེས།། འཁོར་བར་མི་ལྟུང་ངས་བཤད་དོ།། འདིས་ནི་གཟས་པ་གསོ་བ་སྟེ། ། གསོ་བའི་ལས་སུ་རྣམ་པར་གྲགས།། འདི་ཡང་སྨད་དུ་ཤེས་པར་བྱ།། དང་པོར་ཕུར་བཏབ་མཚོན་གཏུབས་པ།། རལ་གྲི་རྡོ་རྗེའི་ཚིག་ལྔ་དང།། སྔགས་དང་ཏིང་འཛིན་ལྡན་པ་ཡིས།། ཕུར་པས་མ་ལུས་རྡུལ་དུ་བརླག། གཏུབས་པའི་བཀའ་བསྒོ་བསྟབ་པ་ནི།། རྡོ་རྗེའི་ཚིག་ནི་ལྔ་རྣམས་དང།། སྔགས་དང་ཏིང་འཛིན་བཅས་པ་ཡིས།། བདག་ཉིད་ཁྲོ་བོ་ཡབ་ཡུམ་དང།། ཕུར་པ་སྲས་དང་དམ་ཅན་གསུམ། ། རང་རང་སྔགས་དང་ཏིང་འཛིན་གྱིས།། ཕུང་པོ་ལྷག་མེད་ཞལ་དུ་གསོལ།། འདི་ནི་བསྟབ་པར་ཤེས་པར་བྱ།། བསྟབ་པའི་ལྷག་མ་ག་གོ་དང།། རྫས་དང་ལིངྒ་གདབ་པ་གསར་བ་ཀུན།། གྲུ་གསུམ་ནང་དུ་བསྲེག་བྱ་བ། ། ཚེར་ཤིང་ཆག་གང་ལྕགས་ཐག་བསྡམ།། གྲུ་གསུམ་ནང་དུ་ཤེས་པར་བྱ།། དགང་གཟར་བླུག་གཟར་ཐོད་པས་བརྒྱན།། བདག་ཉིད་ལྷ་དང་མེ་ལྷ་ནི།། སྐུ་མདོག་དམར་པོར་རབ་བསྐྱེད་དོ།། ཤར་ལྷོ་མཚམས་ནས་མེ་ལྷ་དང། ། རྡོ་རྗེའི་ཚིག་གིས་ལྷ་རྣམས་ནི།། སྤྱན་དྲངས་བསྐྱེད་པ་ལ་བསྟིམ་མོ།། སྨད་སྟོད་དྲུག་ལས་གབ་དྲུག་དང།། དེ་འོག་ཚིག་ནི་བཅུ་གཅིག་གིས།། ཀུན་ལ་ཡང་དག་སྦྱར་བར་བྱ།། ལྷ་རྣམས་ཚན་བཞིའི་བསྐོར་ཚོམ་ལ། ། སྨད་སྟོད་དང་པོའི་ཚིག་ནི་གསུམ།། རང་རང་སྔགས་ལས་སྲོག་སྔགས་དང།། ཏིང་ངེ་འཛིན་གྱིས་དབུལ་བར་བྱ།། སྨོན་ལམ་གདབ་ཅིང་ཤེས་པ་དགུག། འདི་ནི་བསྲེག་པའི་རིམ་པ་སྟེ། ། བསྲེག་པའི་ཐལ་བ་ལིངྒ་དང།། དྲག་པོ་རྫས་ཀྱི་རྣམ་པ་དང།། དེ་ལྟར་གོང་གི་ཐུན་ཁྲག་དང།། དགྲ་བོའི་གནས་ལ་བརྡེག་པར་ཡང།། ཚིག་དྲུག་བཅུ་གཅིག་བཅས་པ་དང།། དམ་ཅན་གནད་ལ་དབབ་པ་དང། ། བར་མའི་གབ་པའི་ཚིག་གཅིག་དང།། སྔགས་དང་ཏིང་འཛིན་བཅས་པ་ཡིས།། འཕང་ན་ཉམས་པ་ངེས་པར་འཆི།། གང་གི་ལིངྒའི་ངོ་བོ་ཡང།། ཐོད་པའི་འཁོར་ལོ་རབ་བཅུག་ལ། ། གཟིར་བའི་ཕུར་པ་དང་བཅས་པས།། གནན་ས་ངེས་པའི་སར་སོང་ལ།། གྲུ་གསུམ་བྲུས་ལ་ཁ་ཡང་བཅད།། དེ་རུ་ལྷ་རྣམས་ཀུན་བསམ་ལ།། དོན་ཡོད་གྲུབ་པས་གནན་པར་བསམ།། དང་པོ་དཀྱུས་ཚིག་ལྔ་པ་དང། ། གབ་པའི་ཚིག་གཅིག་སྔགས་བཅས་པས།། ཏིང་ངེ་འཛིན་གྱིས་ངེས་པར་མནན།། དེས་ནི་བསྐལ་པ་བརྒྱར་མི་འཚོར།། འདི་ནི་ལས་ཀྱི་མཐའ་བརྟུལ་ཏེ།། ཀུན་ལ་ཡང་དག་ཤེས་པར་བྱའོ།། ཁ་མི་སྐོང་བའི་ལས་ཡིན་ཏེ། ། ཉི་ཤུ་རྩ་གཅིག་ངེས་པའི་དོན།། ཀུན་ལ་དོན་གྱིས་ཤེས་པར་བྱའོ།། འདི་ནི་མན་ངག་ཡང་དག་སྟེ།། ཀུན་ལ་ཡང་དག་གསང་བར་བྱའོ།། གཞི་ནི་སྙིང་རྗེས་གཟུང་བ་དང།། རྩ་བ་བྱང་སེམས་རྟོགས་པ་དང། ། ཐག་ནི་ལྟ་བས་བཅད་པ་དང།། ལ་ནི་སྤྱོད་པས་དོར་བ་དང།། དབང་ནི་དམ་ཚིག་སྒྲོལ་བས་ཏེ།། ངོ་བོ་ངེས་ཚིག་དབྱེ་ཤེས་ན།། གང་བྱས་སངས་རྒྱས་འགྲུབ་པར་ངེས།། ཕྱི་ནང་ཀུན་ལ་ཚོགས་བསགས་པ། ། རྒྱུ་ཉིད་བསོད་ནམས་ཚོགས་གཉིས་ཏེ།། གང་ལ་གང་གིས་ཚོགས་གསོག་པ།། འབྱོར་པའི་ཡོ་བྱད་མང་པོ་རྣམས།། རིན་པོ་ཆེ་ཡི་སྣོད་ནང་དུ།། བསངས་ལ་འབྲུ་གསུམ་དག་པ་དང།། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བརླག། སྟོད་སྨད་ཚིག་གསུམ་སྤྱན་དྲངས་ལ།། བསྐོར་ཚོགས་གསུམ་གྱིས་ངེས་པར་ནི།། སྔགས་དང་ཏིང་འཛིན་བཅས་པ་ཡིས།། ལྷ་ལ་རིམ་པར་དབུལ་བར་བྱ།། རྡོ་རྗེའི་ཚིག་ནི་གསུམ་པོ་དང། ། སྔགས་དང་བཅས་པས་དང་པོར་འབུལ།། བར་པ་བཤགས་པས་ངེས་པར་འབུལ།། ཐ་མར་བསྟབ་པའི་ལས་བྱ་བ།། ལིངྒ་བཅས་ལ་ཤེས་པ་དགུག། རྡོ་རྗེའི་ཚིག་ནི་བཞི་པ་ཡིས།། སྟོབ་པའི་སྔགས་བཅས་འབུལ་བ་ཡང། ། རང་རང་སྔགས་ལས་ཤེས་པར་བྱ།། སྨན་དང་རཀྟ་དེ་བཞིན་འབུལ།། ཏིང་ངེ་འཛིན་གྱིས་གསོལ་བར་བསམ།། དོན་གཉིས་འགྲོ་བ་ཤེས་པར་བྱ།། དེ་ནས་ལྷག་བསྡུས་ལྷན་དུ་བྱ།། ཁ་ཆུས་བྲན་ལ་ཕྱག་རྒྱར་བཅས། ། རྡོ་རྗེའི་ཚིག་བརྒྱད་ཚིག་བཞི་ཡིས།། སྔགས་དང་ཏིང་འཛིན་བཅས་པ་ཡིས།། ལྷག་མ་དམ་ཅན་གསུམ་ལ་འབུལ།། སྨོན་ལམ་བཏབ་སྟེ་ཕྲིན་ལས་བཅོལ།། འདི་ནི་ཀུན་ལ་བྱ་བ་སྟེ།། དུས་དྲུག་དག་ཏུ་ཤེས་པར་བྱ། ། དེ་དང་ལྡན་ན་རྣལ་འབྱོར་ཡིན།། ཀུན་ལས་ཚོགས་ནི་གཉིས་ཡིན་ཏེ།། རང་རང་ཐབས་ཀྱིས་ཤེས་པར་བྱ།། དེ་ལ་ནང་གི་ནང་སྒྲུབ་ནི།། དྲག་པོ་ཐུན་གྱི་བསྒྲུབ་པ་སྟེ།། སྔོན་དུ་བསྙེན་པ་ཚང་བ་ཡིས། ། གྲུ་གསུམ་ཆག་གང་ཐུར་དུ་བྲུ།། བཅུ་གཉིས་གསུམ་དང་དྲུག་ཏུ་འདུས།། མན་ངག་རིམ་པས་ཤེས་པར་བྱ།། ཐོད་པ་དྲུག་གམ་བཅུ་གཉིས་སམ།། གསུམ་མམ་གཅིག་གམ་གང་ཡང་རུང།། འབྲུབ་ཁུང་ནང་དུ་ལེགས་བཅུག་ལ། ། ཐུན་རྫས་བཅུ་གཉིས་ཡང་ན་དྲུག། གསུམ་མམ་གཅིག་ཏུ་ངེས་པར་བསྟན།། ཐུན་ཁྲག་མང་པོས་ལིངྒ་ཡང།། སྔགས་དང་བཅས་པ་ལེགས་པར་བྱ།། རྫོགས་པའི་ལྷ་རྣམས་དྲག་པོར་བསྐྱེད། ། ཐམས་ཅད་མ་ལུས་ཁྱབ་པ་ནི།། ཏིང་ངེ་འཛིན་གྱིས་བསམ་པར་བྱ།། ཐོད་པ་ལྕགས་མཁར་སྒོ་མེད་དུ།། དགྲ་བོ་ངེས་པར་གསལ་མི་གསལ།། གབ་པའི་ལས་རྣམས་རྫོགས་པར་བྱ།། དམ་ཅན་བཅུ་གཉིས་དྲག་སྔགས་སམ། ། སྔགས་དྲུག་ཁྲོ་བོ་ལ་སོགས་གསུམ།། གཅིག་ནི་དཔའ་བོ་གཅིག་པ་སྟེ།། གཉིས་ནི་གོང་བཞིན་རབ་ཏུ་གཞུག། དྲག་པོའི་རྫས་རྣམས་ཐུན་ཕབ་པས།། སྤྲུལ་པ་མང་པོས་བསད་པར་བསམ། ། འདི་ནི་མན་ངག་ངེས་པ་སྟེ།། ཐ་མ་ཟོར་དུ་འཕང་བའོ།། ནང་གི་ནང་དུ་ཤེས་པར་བྱ།། དེ་ལ་ནང་གི་གསང་བ་ནི།། གོང་བཞིན་བསྙེན་པ་ཚང་བ་ཡིས།། རབ་ཏུ་དབེན་པའི་གནས་དག་ཏུ།། མཎྜལ་གྲུ་གསུམ་ལེགས་པར་བྱ། ། ཟུར་ལ་རྩང་གསུམ་དགོད་པར་བྱ།། དུར་ཁྲོད་རོ་རས་འཇིགས་པ་ལ།། དགྲ་བོའི་གཟུགས་ལ་འཁོར་ལོ་དྲུག། སྤྱི་བོར་ཨོཾ་ལཾ་ཀཱི་ལ་ཡ།། གཡས་སུ་ཧཱུ~ཾ་ལ་གཡོན་དུ་ཕཊ།། དཔྲལ་བར་རུས་ལ་སྙིང་གར་མིང། ། འདོམས་སུ་མི་འགྱུར་ངེས་པའོ།། རྩིབས་ལ་སྔགས་དྲུག་འཕྱང་དང་བཅས།། ལྟེ་བར་དམ་ཅན་མང་པོའི་སྔགས།། ཐ་མར་དཔའ་བོ་གཅིག་པར་ནི།། དུག་ཁྲག་དྲི་མ་བསྲས་པར་བྲི།། ཐོད་པ་མཚན་ངན་ནང་དུ་ནི། ། ལིངྒ་ཁྲག་ཏུ་བཅས་པ་གཞུག། སྲས་མཆོག་ཕུར་པ་ལྟར་གཟིར་གཞག། འབྲུབ་ཁུང་ནང་དུ་གཞུག་པར་བྱ།། འཁོར་ལོ་རྩང་གི་ཁ་ལ་བརྒྱངས།། དྲག་པོའི་རྫས་ནི་མང་པོ་རྣམས།། ཐོད་པ་ཚལ་བུའི་ནང་དུ་བསག། གོང་བཞིན་ལྷ་རྣམས་རྫོགས་ཚུལ་བསྟན།། མཐིང་ནག་ཕྱག་ན་འཁོར་ལོ་བསྣམས།། ཕུར་པ་དག་ལས་རབ་རྫོགས་པ།། སྲས་ནི་གོང་དུ་བཤད་པ་བཞིན།། གྲུ་གསུམ་ནང་དུ་ལྷ་རྣམས་བསྐྱེད། ། འཁོར་ལོ་དགྲ་བོའི་ལྟོ་བར་དམིགས།། དེ་ལྟར་གསལ་བ་གསུམ་ལྡན་པས།། གབ་པའི་སྔགས་ཀྱིས་དགུག་གཞུག་བྱ།། གབ་སྔགས་ཐེམ་པར་བཅས་པ་ལ།། མཱ་ར་ཡ་བཅུག་བཟླས་པར་བྱ།། ལྕགས་ཀྱི་འཁོར་ལོ་རབ་བསྐོར་བས། ། དགྲ་བོའི་སྲོག་རྩ་གཅད་པར་བསམ།། ལྷ་ཡི་ཕྱག་མཚན་དེ་བཞིན་ནོ།། བར་བར་དཔའ་བོ་གཅིག་པ་དང།། དམ་ཅན་སྔགས་ཀྱིས་ཐུན་ཕབ་པས།། ངེས་པར་བསད་པའི་ཏིང་འཛིན་བྱ། ། རྩ་བ་རངས་པ་དྲག་པོས་བསྐུལ།། འཁོར་ལོ་གཡས་སུ་ངེས་པར་བསྐོར།། དེ་ལྟར་རབ་ཏུ་བྱས་པ་ཡིས།། ཉམས་པ་གསོད་པའི་རྟགས་བསྟན་པ།། ཉམས་པ་ཁུགས་དང་རི་དྭགས་བསད།། བླ་ཤིང་བཅད་དང་བྲག་གཤག་དང། ། སེམས་ཅན་མང་པོ་བསད་པ་སྟེ།། འདི་ནི་ཀུན་ལ་ཤེས་པར་བྱ།། དེ་ནས་དཔའ་བོ་གཅིག་པ་ཡིས།། འཁོར་ལོ་ལིངྒ་བཅས་པ་རྣམས།། བསྟབ་ལ་དོན་རྣམས་ངེས་པར་བྱ།། ཁྲག་འཕང་ཐོད་པ་འཁོར་ལོ་དང། ། ལིངྒ་ཕུར་པ་དལ་འོག་མནན།། འདིས་ནི་ཉམས་པ་བདུན་སྒྲོལ་ཏེ།། དེ་ཡང་ལམ་དུ་ཤེས་པར་བྱ།། གཉིས་མེད་རྟོགས་པའི་རྣལ་འབྱོར་པས།། ཉམས་པ་བསྒྲལ་ན་མངོན་སངས་རྒྱས། ། ཐམས་ཅད་ལྡན་ན་རྣལ་འབྱོར་ཡིན།། སྤྱིར་ན་གསང་སྔགས་ངེས་པ་ལ།། ཏིང་འཛིན་གསུམ་བསྐྱེད་བསྙེན་པ་ཡིན།། བདག་ཉིད་ལྷར་བསྐྱེད་ཉེ་བསྙེན་ཡིན།། ཡུམ་བསྐྱེད་བསྒྲུབ་པར་ཤེས་པར་བྱ།། གཞན་རྣམས་བསྒྲུབ་པ་ཆེན་པོ་ཡིན། ། འདི་ནི་གསང་བའི་རིམ་པ་སྟེ།། འགྲོ་བའི་དོན་དུ་བཤད་པ་ཡིན།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ནང་གི་དབྱེ་བ་གསུམ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་ནི་བཤད་བྱ་བ།། གསང་བའི་དོན་གསུམ་ཕྱེ་བ་རྣམས།། ཡང་དག་པར་ནི་བཀའ་སྩལ་ཏོ།། གསང་བའི་དོན་རྣམས་ཤེས་པ་དང།། ཆོས་ཅན་དངོས་པོར་སྣང་བ་རྣམས། ། ཕུར་པའི་དོན་གྱིས་གཏན་ཕེབས་པ།། ཡང་དག་ཕུར་པའི་དོན་བསྒྲུབ་པའི།། གསང་བའི་ཕྱི་ནི་འདི་ལྟ་སྟེ།། རབ་ཏུ་དབེན་པའི་གནས་དག་ཏུ།། ཕུར་པ་ངན་སྔགས་དྲིལ་ལ་བསྒྲུབ།། ས་ལ་གྲུ་གསུམ་ལེགས་བྱས་ལ། ། ནག་པོ་བྱུགས་པ་དེ་ཡི་ནང།། རབས་ཆད་ངེས་པའི་ཐོད་པ་ལ།། ཁྲུས་བྱས་གཞལ་ཡས་ཁང་པར་བྱ།། ཁྲག་དང་དུག་ནི་སྣ་ཚོགས་བླུག། དྲི་མ་དག་ལས་ལིངྒ་ནི།། ཐོད་པའི་ནང་དུ་བཅིར་བར་བྱ། ། ལྕགས་སྣ་ལྔ་ཚང་སྲས་མཆོག་གཅིག། སྔགས་བྲིས་དབང་བསྐུར་བྱིན་བརླབ་གཟུག། བདག་ཉིད་རྫོགས་པར་དཀྱིལ་འཁོར་གསལ།། དེ་ནས་སྲས་མཆོག་གཟས་པ་དགུག། མ་ལུས་ཁྱབ་པ་མཐིང་ནག་སྐུ། ། སྐུ་གསུང་ཐུགས་ཀྱི་སྣང་བ་སྟེ།། ཡེ་ནས་ཡིན་པར་ཤེས་པར་བྱ།། ཡང་ན་བསྐྱེད་པ་མེད་པར་རོ།། བསྙེན་པ་མི་བྱ་རངས་པ་དྲིལ།། དང་པོ་བདག་ཉིད་འབྲུ་བདུན་དང།། དེ་འོག་ཕྱག་རྒྱ་གནོན་ཡིད་གསུམ། ། མིང་རུས་ཡི་གེ་གཟས་པར་བྱ།། ཤྭ་ནའི་ཡི་གེ་བཅུ་དྲུག་དང།། རེ་མ་ཏི་ཡི་རྩ་སྔགས་དང།། བསེ་མོའི་སྙིང་པོ་བཅུ་བདུན་དང།། འཁོར་བ་རྩད་གཅོད་ཡི་གེ་དགུ།། ཐམས་ཅད་ཚང་བའི་ཡི་གེ་བདུན། ། དྲིལ་ཏེ་རབ་ཏུ་བཟླས་པ་ཡིས།། ལྷ་གསུམ་དམ་ཅན་བཅས་པ་དང།། སྤྲུལ་པ་ཡང་སྤྲུལ་བཅས་པ་ཡིས།། རབ་ཏུ་དྲངས་ཏེ་གཟུགས་ལ་བསྟིམ།། སྲས་མཆོག་ཕུར་པས་གཟིར་བར་བྱ། ཁྲག་དུག་ནད་དུ་གྱུར་པ་ཡིས། ། དགྲ་བོ་རིམས་ནད་ཐེབས་པ་བཞིན།། མདངས་དང་བྲལ་བར་རབ་ཏུ་བསམ།། དྲག་པོའི་རྫས་རྣམས་ཐུན་ཕབ་པས།། ཁྲོ་བོར་གྱུར་པས་བསད་པར་བསམ།། དེ་ཡང་བར་བར་ཕྱག་རྒྱ་ཅན།། འཕྲོས་པས་དགུག་པའི་ལས་བྱའོ། ། དེ་ནས་ཕུར་གདབ་ཁྲག་ཟོར་འཕང།། འདི་ནི་ཡང་དག་མན་ངག་སྟེ།། མགོ་མཇུག་དྲིལ་བའི་ངན་སྔགས་ཏེ།། འདིས་ནི་ཉམས་པ་གདོན་མི་ཟ།། ཐུགས་རྗེས་གཟུང་ལ་གནས་སྤར་རོ།། དེ་ནས་གསང་བའི་ནང་བསྒྲུབ་ནི། ། དྲག་པོ་ལྡོག་མེད་མཁས་པས་དཔྱད།། རྫས་དང་དཀྱིལ་འཁོར་འདི་མ་ཡིན།། ཕྱི་ཡི་སྣོད་ཀྱི་འཇིག་རྟེན་ནི།། ཡེ་ནས་གྲུ་གསུམ་འབར་བ་སྟེ།། དུར་ཁྲོད་ཀློང་བཅས་རབ་ཏུ་གནས། ། ནང་གི་བཅུད་ཀྱི་སེམས་ཅན་ནི།། མ་ལུས་སྣང་བ་ལྷ་ཡི་སྐུ།། ཡེ་ནས་ཡིན་པར་ཤེས་པར་བྱ།། དངོས་སུ་སྣང་བ་མཐིང་ནག་འབར་བའི་སྐུ།། སྒྲར་གྲག་སྲིན་པོ་ངུར་སྒྲ་ཡིན།། རང་བཞིན་སྣང་བ་ཐུགས་སུ་བཤད། ། ཡེ་ནས་སྣང་བས་འཕྲལ་བསྐྱེད་མིན།། སྤྲུལ་པ་མང་པོས་འཇིག་རྟེན་གང།། འཕྲལ་ལ་བཀང་བ་མ་ཡིན་ཏེ།། ཡེ་ནས་ཐམས་ཅད་སྤྲུལ་པར་བཤད།། དེ་ལྟར་གནས་པའི་དོན་རྟོགས་ན།། ཉམ་པར་གྱུར་པ་དགྲ་གཟུགས་དེ། ། གང་དུ་བྲོས་པའི་གནས་ནས་དགུག། སྤྲུལ་པ་མང་པོའི་ཚོགས་ཆེན་གྱིས།། ཤིག་ཤིག་འགུལ་འགུལ་གནས་པ་ནི།། དཔེར་ན་གྲོག་ཚང་སྦྲུལ་ཚང་བཞིན།། གནས་པའི་ཞབས་ཀྱི་ཕུར་པ་ཡིས། ། སྡོང་པོ་བསྒྱུར་བཞིན་ཞབས་འོག་ན།། མདངས་བྲལ་གནས་པའི་སྦྱོར་བ་བྱ།། འབྲུ་དགུའི་སྔགས་ལ་མཱ་ར་ཡ།། དྲག་པོ་བཏགས་ཏེ་གོང་བཞིན་བསམ།། བཟླས་པས་དྲག་སྔགས་འོད་ཟེར་གྱིས།། གོང་གི་ཏིང་འཛིན་ངེས་པའོ། ། བསྐྱེད་པ་མི་དགོས་གསལ་གདབ་མིང།། དྲོད་ཚད་སྐབས་ལ་བབ་པ་དང།། གོང་གི་སྔགས་ལ་མིང་རུས་བཅས།། བཟླས་པ་གོང་བཞིན་བྱས་པ་ཡིས།། དྲག་པོ་བསད་པའི་ཏིང་འཛིན་བྱ། ། སྔགས་རྣམས་ཀུན་ལ་མཱ་ར་ཡ།། བཏགས་པ་སྦྱར་བ་གསུམ་དང་བཅས།། ཡེ་ཤེས་མཚོན་ཆེན་ཕུར་པ་ནི།། ནམ་མཁའི་ཐོག་ལྟར་བརྒྱབ་པ་ཡིས།། ཐོག་བརྫིས་གླང་ཐབས་གནན་གླེབ་དང།། འགྱུར་མེད་ངེས་པས་གསད་པར་བྱ། ། འདིས་ནི་ཡང་དག་དྲག་པོ་སྟེ།། ཉམས་པ་འཆིར་འགྱུར་མཱ་ར་ཡ།། སྟྭ་རེས་གཅོད་པ་སྟིའུའི་དོན།། མ་རྟོགས་པ་ལ་དཀྱིལ་འཁོར་དང།། རྫས་དང་བསྐྱེད་དང་གསོལ་གདབ་པ།། དགོངས་པ་ཡིན་ཏེ་རྟོགས་པ་ལ། ། ཡེ་ནས་དྲག་པོ་ཡིན་ཤེས་ན།། དངོས་སུ་བྱ་བ་གང་ཡང་མེད།། སྤྱིར་ན་ཕུར་པ་མང་བཤད་ཀྱང།། གསུམ་དུ་འདུས་པར་ངེས་པ་ཡིན།། བསྒྲུབ་ལུགས་ཐུན་དང་དྲག་པོ་སྟེ།། དེ་དོན་རྣམ་པར་ཤེས་པར་བྱ། ། གཉིས་སུ་མེད་པར་ཤེས་པ་དང།། བདེ་ཆེན་རྟོགས་པའི་རྣལ་འབྱོར་པས།། ཉམས་པ་བསྒྲལ་ན་བླ་མེད་འགྲུབ།། དེ་ལ་གསང་བའི་གསང་བ་ནི།། ཆགས་ལམ་ངེས་པར་རབ་བཤད་དོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས། ། དུག་ལྔ་ལམ་དུ་ཤེས་པ་དང།། དེ་ཉིད་མ་སྤངས་ཤེས་པར་བྱ།། དཔེར་ན་དྲི་མས་དྲི་མ་འཁྲུད་པ་བཞིན།། དེ་ཉིད་ལམ་བྱས་མངོན་སངས་རྒྱས།། བདག་ཉིད་ཐབས་ལ་བརྟེན་པའི་ཕུར། ། གཞན་ལུས་ཤེས་རབ་བརྟེན་པའི་ཕུར།། དབྱེར་མེད་ཕྱག་རྒྱ་ཆེན་པོ་ཡིས།། ཕྱག་རྒྱ་ཆེན་པོའི་འོག་སྒོར་ཤེས།། སྟེང་འོག་འགྲོ་ལམ་བྱང་སེམས་ཕུར།། མཁའ་དབྱིངས་གཏུན་ཁུང་བདེ་གཤེགས་གནས། ། གཏིང་དཔག་མེད་པའི་དབྱིངས་ཉིད་དུ།། བྱང་སེམས་ཕུར་པས་མ་ལུས་ཐེབས།། ཁྲོ་བོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་གསང་བའི་ཐོ་བ་ཡིས།། བརྡུངས་ནས་མ་ལུས་ཡང་དག་བསྒྲལ། ། བསྐྱེད་དང་རྫོགས་པ་གཉིས་ཡིན་ཏེ།། དེ་ལ་གཉིས་གཉིས་ཤེས་པར་བྱ།། ཏིང་འཛིན་རྣམ་གསུམ་རིམ་པ་ནས།། གཞལ་ཡས་ལྷ་བཅས་བསྐྱེད་པ་ཡང།། སྣང་སྟོང་དབྱེར་མེད་སྐུ་ལྡན་ལ།། ཉམས་སུ་ཡང་མ་བླང་པ་ཡིས། ། རྟགས་ནི་རིམ་པ་བཅུ་ཡིན་ཏེ།། ཁམས་གསུམ་ས་བཅུ་ལས་འདས་པའོ།། བསྐྱེད་པའི་དོན་རྣམས་དམ་ཚིག་རྒྱ།། ཡང་ན་རང་བཞིན་གནས་པ་ལ།། ཁྲོ་མོས་རྡོ་རྗེས་གླུས་སྐུལ་བས།། བསྐྱེད་པ་ལྟ་བུར་ལྷ་རྣམས་བསྐྱེད། ། གོང་བཞིན་ངེས་པ་དེ་འདྲར་བཤད།། འདི་ཡང་ཆོས་ཀྱི་ཕྱག་རྒྱའོ།། ཡང་ན་བསྐྱེད་པ་ལས་ཀྱི་རྒྱ།། ཡུམ་བསྐྱེད་དམ་ཚིག་ཕྱག་རྒྱ་ཡིན།། ལྷ་ཡི་དོན་ཤེས་ཆོས་ཀྱི་རྒྱ།། ཕུར་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའོ། ། རྫོགས་པའི་རིམ་པ་བཤད་པ་ནི།། བདག་ཉིད་ལྷ་རུ་གནས་པ་ལ།། རྩ་ཡི་རྣམ་པ་མང་ཡོད་དེ།། ཐབས་དང་ཤེས་རབ་གཉིས་མེད་པ།། ཨཱ་ལི་ཀཱ་ལི་ཨ་དྷཱུ་ཏཱི།། གཞན་མ་ཐམས་ཅད་ཁྱབ་པ་ནི།། མང་པོ་ཡོད་པར་གནས་པ་ཡིན། ། གནས་པ་རྩ་ལ་གཡོ་བ་རླུང།། མི་ཤིགས་བྱང་ཆུབ་སེམས་སུ་བསྟན།། ལུས་ལ་འཁོར་ལོ་ལྔ་ཡོད་དེ།། ཡེ་ནས་གནས་པར་ངེས་པ་ཡིན།། རྣལ་འབྱོར་པ་ཡིས་ཡང་དག་བསམ།། ཀླད་རྒྱས་བདེ་ཆེན་འཁོར་ལོ་ལ། ། རྩ་འདབ་སུམ་ཅུ་རྩ་བཞི་གནས།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ།། རྩ་འདབ་དྲུག་ཅུ་དག་ཏུ་གནས།། སྙིང་ག་ཆོས་ཀྱི་འཁོར་ལོ་ནི།། རྩ་ཡི་འདབ་མ་བརྒྱད་དུ་གནས།། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། ། རྩ་འདབ་དྲུག་ཅུ་རྩ་བཞི་སྟེ།། མེ་རླུང་འཁོར་ལོ་གཞུ་གྲུ་གསུམ།། གནས་པ་རྩ་བའི་དབྱིབས་སུའོ།། འཁོར་ལོ་རིན་ཆེན་པདྨ་དང།། རྒྱ་གྲམ་དབྱིབས་སུ་ངེས་གནས་པ།། སྒོ་མོའི་དོན་རྣམས་ཤེས་པར་བྱ། ། ཨོཾ་དང་ཨཱཾ་དང་ཧཱུ~ཾ་དང་ནི།། ཨེ་དང་ཡཾ་དང་རཾ་གནས་པ།། སྟོན་པ་བྱང་སེམས་རིམ་པས་གནས།། རྩ་གསུམ་རངས་པ་འབྲེལ་བའོ།། དང་པོ་གསལ་བྱེད་ཡི་གེ་སྟེ།། གཉིས་པ་དབྱངས་ཡིག་དག་དང་སྦྱར། ། གསུམ་པ་རང་གི་འབྲུ་དགུའོ།། བཞི་པར་ཨོཾ་ལཾ་ཧཱུ~ཾ་ལཾ་ནི།། གནས་པར་ངེས་པར་ཤེས་པར་བྱ།། དང་པོར་བྱང་སེམས་གཉིས་པ་ནི།། མཆོད་པའི་སེམས་དཔའ་ཡབ་ཡུམ་དང།། གསུམ་པ་ཁྲོ་བཅུ་འཁོར་བཅས་སོ། ། བཞི་པ་ཕྲ་ཐབས་ཡང་སྤྲུལ་ལོ།། དེ་ལྟར་ཤེས་པའི་རིམ་པ་ཡིས།། ཁྲོ་མོའི་ཕུར་པ་རབ་འབར་བས།། སྟེང་ནས་བྱང་སེམས་དབབ་པར་བྱ།། རླུང་གིས་མེ་སྦར་གྱེན་ལ་ནི།། སྤྲུལ་པའི་གནས་ནས་ཡི་གེ་རྣམས། ། ལུས་ཞུ་མགོ་ནི་མ་ཡིན་ཏེ།། གྱེན་ལ་དེ་བཞིན་གནས་གསུམ་དུ།། སྤར་ལ་ཤེས་རབ་རྩ་ནས་དེངས།། ཕྱིར་འཕྲོས་མ་ལུས་མཆོད་པར་བྱས།། ཐམས་ཅད་བྱང་སེམས་རབ་བསྡུས་ཏེ།། ཕུར་པ་ཐེབས་ནས་ངེས་པ་ཡིན། ། བྱང་ཆུབ་སེམས་ནི་དཀར་ཚེར་བ།། རབ་ཕབ་མགྲིན་པ་ལ་སོགས་པའི།། ལྷ་ལ་མཆོད་པར་ཤེས་པར་བྱའོ།། ཆོས་ཀྱི་འཁོར་ལོའི་གནས་སུ་གཟུང།། དེར་མ་གནས་ན་སྤྲུལ་པར་དབབ། ། དེ་ཡང་མ་གནས་གྱེན་ལ་སྦར།། དེ་ལ་རབ་ཏུ་གོམས་པ་ཡིས།། རྟགས་ལ་སོགས་པ་གོང་མ་བཞིན།། རླུང་ལྷའི་ངེས་པར་མ་ཐུབ་ན།། དེ་ཡི་མན་ངག་ཤེས་བྱ་བ།། འདིས་ནི་ཕྱག་རྒྱ་ཆེན་པོ་མཚོན།། ཕྱི་ཡི་མན་ངག་ཐབས་དང་ལྡན། ། ཡང་ན་བཤང་སྒོ་རླུང་འཁོར་ལོ།། སྙིང་པོ་གནས་ལ་འབྱུང་བ་བཞིན།། དེ་ཡི་གོང་བཞིན་དབབ་པ་ནི།། ནང་གི་ངེས་པ་དག་ཏུ་བཤད།། དེ་ཡང་རབ་ཏུ་མ་གྱུར་ན།། ཤེས་རབ་རིག་མ་འཁོར་ལོ་ཅན། ། པདྨ་རིན་ཆེན་གླང་པོ་ཅན།། རིགས་ནས་མཚན་ལྡན་ངེས་པ་ལ།། ནུ་མ་མཉེ་ཞིང་པདྨ་ནི།། རྒྱས་པའི་རིམ་པ་རབ་བྱས་ལ།། དེ་ཉིད་ཡུམ་དུ་ངེས་བསམ་པའི།། བྷ་ག་པདྨ་འདབ་མ་བརྒྱད།། སྙིང་པོ་ངེས་ལྡན་སྣ་རྩེ་ནི། ། དེ་ལ་ཐུགས་ལྡན་ངེས་པར་བསམ།། བདག་ཉིད་གསང་བ་རྩེ་ལྔ་པ།། སྙིང་པོ་ལྔ་ལྡན་རྩ་གསུམ་ཅན།། ཨོཾ་དང་ཕཊ་གྱིས་བུ་གར་ངེས།། དེ་ལྟར་གནས་པ་མཁའ་གསང་སྦྱར།། འབྱུང་ལྡན་ངེས་པར་སྦྱོར་བས་ནི། ། རབ་ཏུ་དབབ་པར་ངེས་པར་རོ།། དེ་ལས་འདས་ནི་རིན་ཆེན་ཕུག། རྩ་ལ་ངེས་པར་སེམས་གཟུང་ངོ།། གོང་བཞིན་བདེ་བ་ཕབ་ལ་ནི།། སྤྲུལ་པའི་གནས་སུ་སླེབ་པ་དང།། བར་དང་བུམ་པ་དེ་ལས་བྱུང། ། དགའ་བ་བཞིན་དུ་ངེས་པར་སྦྱར།། གཉིས་གསུམ་རྟག་ཆད་ཡིན་པས་ཏེ།། བར་ལ་བདེ་གཟུང་གཉིས་མེད་དོ།། མ་ཟིན་དེ་ལས་བཟློག་པར་བྱ།། མ་འཁྱིལ་གཅིག་ཤོར་གཉིས་ཤོར་ན།། དེ་ཡི་མན་ངག་ཤེས་པར་བྱ། ། འདི་ནི་གསང་བའི་དབབ་པ་སྟེ།། གཞན་ལུས་ཤེས་རབ་ལ་བརྟེན་པས།། གོང་བཞིན་ངེས་པར་འབྱུང་བ་སྟེ།། ཡང་དང་ཡང་དུ་ཉམས་བླངས་ན།། ཕྱག་རྒྱ་ཆེན་པོ་ངེས་པར་མཐོང།། མཚོན་བྱ་མཚོན་བྱེད་ཚུལ་བཞིན་ནོ། ། ཕུར་བུའི་ངེས་དོན་གཉིས་མེད་པས།། དེ་ནི་ཕྱག་རྒྱ་ཆེན་པོར་བཤད།། དེ་ལྟར་རྟོགས་པའི་རྣལ་འབྱོར་པས།། བླ་ན་མེད་པའི་སངས་རྒྱས་འགྲུབ།། ཕུར་པ་ཕྱི་ནང་གསང་བ་གསུམ།། ལྷ་ལ་ཕྱི་ནང་གསང་བ་གསུམ། ། ཁྲོ་བོ་ཕྱི་ནང་གསང་བ་གསུམ།། ཉོན་མོངས་ཕྱི་ནང་གསང་བ་གསུམ།། སྔགས་ལ་ཕྱི་ནང་གསང་བ་གསུམ།། རྫས་ལ་ཕྱི་ནང་གསང་བ་གསུམ།། དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ། ། གནས་ལ་ཕྱི་ནང་གསང་བ་གསུམ།། དགྲ་ལ་ཕྱི་ནང་གསང་བ་གསུམ།། རྟགས་ལ་ཕྱི་ནང་གསང་བ་གསུམ།། དངོས་གྲུབ་ཕྱི་ནང་གསང་བ་གསུམ།། རྒྱུ་ལ་ཕྱི་ནང་གསང་བ་གསུམ།། ཚད་ལ་ཕྱི་ནང་གསང་བ་གསུམ། ། ཏིང་འཛིན་ཕྱི་ནང་གསང་བ་གསུམ།། སྤྲུལ་པ་ཕྱི་ནང་གསང་བ་གསུམ།། གདབ་པ་ཕྱི་ནང་གསང་བ་གསུམ།། མཆོད་པ་ཕྱི་ནང་གསང་བ་གསུམ།། དགོངས་པ་ཕྱི་ནང་གསང་བ་གསུམ།། གནས་པ་ཕྱི་ནང་གསང་བ་གསུམ། ། བསྲེག་པ་ཕྱི་ནང་གསང་བ་གསུམ།། གནན་པ་ཕྱི་ནང་གསང་བ་གསུམ།། འཕང་པ་ཕྱི་ནང་གསང་བ་གསུམ།། བསྒྲལ་པ་ཕྱི་ནང་གསང་བ་གསུམ།། བསྒོམ་པ་ཕྱི་ནང་གསང་བ་གསུམ། ། རྣལ་འབྱོར་ཕྱི་ནང་གསང་བ་གསུམ།། དམ་ཅན་ཕྱི་ནང་གསང་བ་གསུམ།། བསྐྱེད་རྫོགས་ཕྱི་ནང་གསང་བ་གསུམ།། བསྒྲུབ་པ་ཕྱི་ནང་གསང་བ་གསུམ།། ཐམས་ཅད་མ་ལུས་གནས་པའི་དོན།། གཏན་ཚིགས་བསྒྲུབ་བྱ་ངེས་པ་དང། ། ངོ་བོ་ངེས་ཚིག་དབྱེ་བ་ཡིས།། ཕྱི་ནང་གསང་བ་གསུམ་ཤེས་ན།། དེས་ནི་ཕུར་པའི་ཐེབས་པ་ཐོབ།། གསང་སྔགས་ཚོགས་གཉིས་མྱུར་རྫོགས་དང།། ཉོན་མོངས་དུག་ལྔ་མི་སྤང་དང། ། འབྲས་བུ་བྱས་པས་ཁྱད་པར་འཕགས།། འོག་མའི་ཆོས་ལ་བརྟེན་པ་ནི།། སྣང་བ་འདི་ལ་མི་བརྟག་གོ། འོག་མ་ལས་ཀྱང་འདའ་བར་བྱ།། དབྱེར་མེད་གནས་པའི་རྣལ་འབྱོར་པས།། འདིས་ནི་ཕུར་པའི་ཐེག་ཆེན་མཐོང། ། ལྟ་བ་དབྱིངས་དང་ཡེ་ཤེས་ཡིན།། རྟགས་ནི་ཐབས་དང་ཤེས་རབ་ཡིན།། སྤྱོད་པ་བླང་དོར་མེད་པ་ཡིན།། ཕྲིན་ལས་གང་ལ་ཐོགས་མེད་ཡིན།། དམ་ཚིག་རྩ་བ་ཡན་ལག་ཡིན།། དེ་ལྟར་ཤེས་ན་ཕྱི་མ་ལ། ། མི་འགྱུར་ཕུར་བུའི་ངེས་བཤད་དོ།། འོག་མས་འབྲས་བུ་ངོ་མ་ཤེས།། རྒྱུ་ལ་ཡེ་ཤེས་འདོད་པས་ཏེ།། ཚོགས་གཉིས་ལྡན་པ་བསྐལ་པ་ཡང།། མང་པོ་བགྲོད་པར་འབྲས་བུ་ཐོབ།། གང་ཞིག་རྒྱུ་ལས་ལམ་བྱས་པའོ། ། གསང་སྔགས་འདི་ནི་ཐབས་ཆེན་པོ།། འབྲས་བུ་ལས་ནི་འབྲས་བུར་ངེས།། གང་ཡང་འབྲས་བུ་ངེས་པ་སྟེ།། ལྷ་ལས་ལྷ་ཡི་འབྲས་བུ་དང།། ལྷ་ལས་ལྷ་ཡི་ལྟ་བ་སྟེ།། གང་ཞིག་འབྲས་བུ་ལམ་བྱས་པས།། ཚེ་གཅིག་དག་ལ་སངས་རྒྱས་འགྲུབ། ། འདི་ནི་རྫོགས་པའི་རྗེས་སུ་སྟེ།། ཉལ་དང་འདུག་དང་འགྲོ་བ་དང།། སྨྲ་དང་ཟ་དང་བཀོལ་པ་དང།། འགྲེངས་སོགས་སྤྱོད་པ་ལ་བསྒོམས་པས།། ལྷ་ཡི་རྣལ་འབྱོར་རབ་གནས་པས། ། ཚོགས་གཉིས་རྫོགས་ཏེ་ས་གཉིས་ནོན།། འདི་ནི་རྒྱུན་གྱི་ཏིང་འཛིན་ཏེ།། ལྟ་བ་སྤྱོད་པ་ཕྲིན་ལས་དང།། དམ་ཚིག་བསྐྱེད་པ་ཚོགས་མཆོད་དང།། ལྷག་མ་བསྡུ་བ་དབང་ཚང་ན།། འདི་ནི་ཕུར་པའི་རྣལ་འབྱོར་ཡིན། ། ལྟ་བ་དབྱིངས་ཉིད་དོན་རྟོགས་ཀྱང།། སྲོག་ཆགས་ཕྲ་མོ་གསད་མི་བྱ།། ཉམས་པ་བདུན་ནི་མ་གཏོགས་སོ།། ཐེག་པ་ཆེན་པོའི་མཛད་སྤྱོད་ཀྱང།། ཕྲ་བའི་ཆོས་ལ་ནན་ཏན་བྱ།། བརྟུལ་ཞུགས་ལ་སོགས་བྱ་བ་ཡང། ། རྣལ་འབྱོར་གསུམ་གྱི་རིམ་པར་སྤྱད།། ཕྲ་མོ་ཐིག་ལེ་ཐེག་ཆེན་ནི།། གང་རིགས་སྤྱད་པས་སངས་རྒྱས་འགྱུར།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པར་རིག་པའི་རྒྱུད་ལས། གསང་བའི་དབྱེ་བ་གསུམ་བསྟན་པ་སྟེ་ལེའུ་བཅུ་གསུམ་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས།། ཕྱི་ནང་མཆོད་པ་རབ་མཆོད་དེ།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། ། ཨེ་མ་ཧོ་ངོ་མཚར་ཆེན་པོ་གསུང།། དམ་ཅན་མིང་སྲིང་བསྒྲུབ་པ་དང།། གཙོ་བོ་ལ་སོགས་སྒྲུབ་ཐབས་གསུངས།། དེ་སྐད་གསོལ་གསན་གཙོ་བོ་ནི།། རབ་ཏུ་བསྒྲུབ་པ་ཞེས་བྱ་བའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། ཡང་དག་པར་ནི་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་ཕྱི་རབས་འཇུག་པ་ཡི།། དེ་ཡི་ཕྱིར་ན་ངས་བཤད་དོ།། དུས་ལ་བབ་ན་བདུན་པོ་ལ།། སྒྲུབ་ཐབས་རེ་རེ་ངས་གསུངས་སོ། ། དང་པོ་ནག་མོ་བསྒྲུབ་བྱ་བ།། ཁ་སྐོང་མི་སྐོང་ཤེས་པར་བྱ།། རྣལ་འབྱོར་ཡོན་ཏན་ལྡན་པ་དང།། ཕུར་པའི་དོན་རྣམས་ཤེས་པ་ཡིས།། རབ་ཏུ་དབེན་པར་ལེགས་བསྒྲུབ་པོ།། འཁོར་ལོ་རྩིབས་བཞི་ལྡན་པ་ཡི། ། དབུས་སུ་བསྙེན་ཕུར་ཕྱོགས་བཞིར་ཕུར།། ནག་མོ་བཞི་ཡི་ཕུར་པ་དགོད།། ཐོད་པ་བཞི་ལ་ཐུན་དང་བཅས།། ཁྱི་ཡི་ལྟེ་ཁྲག་ནལ་བུའི་ཤ། བུད་མེད་མངའ་ཁྲག་སྦལ་པའི་མགོ། རམས་ཀྱི་ཕྱེ་མོ་རྡོ་སོལ་དང། ། ཁྲག་ཆེན་མུ་ཟི་གཏོར་མ་སྨན།། གཞན་ཡང་རྫས་རྣམས་མང་པོ་བསོག། རྡོ་རྗེ་ཁྲོས་པ་ལ་སོགས་པས།། དབུས་སུ་བདག་ཉིད་དཔལ་ཆེན་བསྐྱེད།། འཁོར་ལོ་བཞི་ལ་སྤུན་བཞི་སྟེ།། རེ་མ་ཏི་དང་རེ་མ་ཛ།། རེ་མ་ཛི་དང་རེ་མ་ཛུ། ། སྐུ་མདོག་རང་རང་རིགས་དང་བསྟུན།། ཆིབས་དང་ཡང་ན་རྐྱང་པ་སྟེ།། རང་རང་ཕྱག་མཚན་ཕུར་བུ་བསྣམས།། རྒྱན་དང་ལྡན་པ་རབ་ཏུ་བསྐྱེད།། རང་བཞིན་སྤྱན་དྲང་མཆོད་པ་འབུལ།། བསྟོད་དང་སྨོན་ལམ་ལེགས་པར་བྱ། ། དེ་ནས་བདག་ཉིད་སྔགས་དང་ནི།། མཆེད་བཞིའི་གསང་སྔགས་སྭཱ་ཧཱ་ཅན།། བར་བཅུག་རབ་བཟླས་སྲོག་ཀྱང་དབྲོག། ནུས་པ་དག་དང་ལྡན་པར་བྱ།། བར་བར་མཆོད་བསྟོད་གནད་ལ་དབབ། ། རང་རང་དམ་རྫས་ལེགས་པར་བསྟབ།། དེ་ལ་རྟགས་རྣམས་ངེས་པ་ནི།། བུད་མེད་ནག་མོར་དབང་བསྐུར་དང།། བདག་ལ་ཕྱག་བྱེད་མར་འོད་པ།། འདི་ནི་གྲུབ་སྟེ་དངོས་གྲུབ་བླང།། དེ་ནས་གསད་པའི་ལས་བྱ་བ། ། འབྲུབ་ཁུང་ལྔ་རུ་ངེས་པར་བྱ།། དེ་ནས་ཐོད་པ་ལིངྒ་དང།། དྲག་པོའི་རྫས་རྣམས་ལེགས་པར་བྱ།། གབ་པའི་ལས་ཀྱི་ལས་བྱའོ།། མིང་པོའི་འགུགས་སྔགས་ཤེས་པར་བྱ།། རབ་བསྐྱེད་མཐིང་ནག་འབར་བ་ཡིས། ། ཉམས་པ་དགུག་པའི་ལས་བྱའོ།། སྔགས་ལ་བསད་པའི་སྔགས་བཏགས་སོ།། བསད་པ་ལ་སོགས་དགོངས་པ་ཡིན།། ཉམས་པ་ངེས་པར་གསད་པར་བྱ།། དང་པོ་དུས་ལ་བབ་དྲུག་དང།། དེ་འོག་བཅུ་གཅིག་དམོད་པ་ཡིས། ། རྡོ་རྗེ་ཚིག་བཞིས་གནད་ལ་དབབ།། ཐུན་ལ་སོགས་པའི་སྦྱོར་བ་བྱ།། རྟགས་བྱུང་ཕུར་བཏབ་བསྲེག་འཕང་གནན།། མ་གྲུབ་དུས་ན་ཤི་ས་བསྟན།། འདི་ནི་མིང་པོ་ལས་ཡིན་ཏེ། ། ཉམས་པ་བསད་པའི་མཆོག་ཡིན་ནོ།། ཁ་སྐོང་ལས་ནི་མཆོག་བསྒྲུབ་པ།། གཞན་དུ་གསུངས་པ་ངེས་པ་ཡིན།། ཤྭ་ན་མུ་ཁའི་སྒྲུབ་པ་ནི།། གོང་བཞིན་ཡོན་ཏན་ལྡན་པར་བྱ།། ཤྭ་ན་བསྒྲུབ་པའི་གནས་སུ་ངེས། ། དཀྱིལ་འཁོར་མཆེད་བཞྀའི་ཚུལ་དུ་ལ།། གྲུ་གསུམ་བཅས་པ་ལེགས་པར་བྲི།། བསྙེན་ཕུར་ཤྭ་ནའི་ཕུར་པ་བཞི།། དབུས་ལ་སོགས་པར་རབ་ཏུ་དགོད།། ཐོད་ཆེན་འབར་སྤྱང་ལྔ་རྣམས་དགོད། ། རང་རང་སྙིང་དང་ཁྲག་ཆེན་དང།། ལྕགས་ཕྱེ་ཟངས་ཕྱེ་གསེར་བྱེ་དང།། རྡོ་ཕྱེ་གཏོར་མ་ལྔ་རྣམས་དགྲམ།། དེ་ནས་གོང་བཞིན་བསྐྱེད་པ་ཡང།། ལྕགས་སྦྱང་འཕར་བ་ཝ་མོ་དང།། ཁྱི་མོ་རང་རང་གང་རིགས་བྱ། ། མཆེ་བ་ཅན་ནི་བཞིར་ངེས་པར།། ཆིབས་སམ་ཡན་ན་རྐྱང་པ་སྟེ།། རང་རང་ཅོད་པན་ཕུར་པ་བསྣམས།། ཁྲོས་པའི་ཆུལ་ངུ་རབ་ཏུ་བརྟག། སྤྱན་དྲངས་ལ་སོགས་གོང་བཞིན་ནོ།། གསང་སྔགས་གོང་བཞིན་བཅས་པ་ལ། ། བར་དུ་ཤྭ་ནའི་སྔགས་བཅས་པ།། ལེགས་པར་བཟླས་ལ་གོང་བཞིན་བྱ།། དེས་ནི་རྟགས་དང་ནུས་པ་ནི།། འཕར་སྤྱང་མང་པོ་འདུས་པ་དང།། མགོ་བརྙན་ཚོགས་ལ་དབང་བྱེད་པའོ། ། ནུས་ཐོབ་དངོས་གྲུབ་བླང་བར་བྱ།། དེ་ནས་གསོད་པའི་ལས་བྱ་བ།། གོང་བཞིན་འབྲུབ་ཁུང་བཅས་པའོ།། ལིངྒ་ལེགས་བཅས་ལས་རྣམས་བྱ།། ཤྭ་ནའི་ཏིང་འཛིན་མང་པོ་ཡིས།། འགུགས་པ་དག་ཏུ་ངེས་པ་ཡིན། ། མིང་པོས་ཡང་ནི་དེ་བཞིན་ནོ།། གསང་སྔགས་མཱ་ར་ཡ་བཅས་སམ།། བཟླས་པས་ཤྭ་ནའི་ཚོགས་བཅས་པས།། སྟོད་ཅིང་ཟ་བའི་ཏིང་འཛིན་བྱ།། བར་བར་ཐུན་རྣམས་བྲབ་པ་ཡིས།། རྫས་རྣམས་སྤྲུལ་པ་ཡང་སྤྲུལ་གྱིས། ། ངེས་པར་གསོད་པའི་ཏིང་འཛིན་བྱ།། སྨད་སྟོད་དཀྱུས་ཚིག་ལྔ་བཅས་པ།། དེ་འོག་བཅུ་གཅིག་མཐའ་བསྒྱུར་རོ།། སྟོད་སྨད་ཐ་མའི་བཞི་བཅས་པས།། ཐུགས་དམ་གནད་ལ་དབབ་པར་བྱ།། སེམས་ཅན་བསད་པའི་རྟགས་བྱུང་ན། ། རྩ་བ་ཕུར་གདབ་བསྲེག་དང་འཕང།། གནན་པའི་ལས་རྣམས་བྱ་བ་ཡིས།། ཉམས་པའི་ངེས་པར་འཆི་བ་ཡིན།། ཁ་སྐོང་གཞན་དུ་ངེས་པར་གསུངས།། ས་བདག་ཆེན་མོ་བསྒྲུབ་པ་ནི། ། གོང་བཞིན་ཡོན་ཏན་ལྡན་པ་ཡིས།། བསེ་མོ་བསྒྲུབ་པའི་གནས་སུ་བྱ།། མཎྜལ་ཟླ་གམ་བཅུ་དྲུག་གམ།། ཡང་ན་བཞི་འམ་འབྲུབ་ཁུང་བཅས།། རང་རང་རིགས་དང་མཐུན་ནམ་གཅིག། ཝ་ཐོད་བཞི་ལ་རྩ་སྔགས་བཅས། ། མཆོག་ཕུར་ལྕགས་ཕུར་ལྔ་རྣམས་སོ།། མར་ཁུ་ཞག་དང་སྦྲང་རྩི་དང།། འོ་མ་ལ་སོགས་སྐྱོགས་བཞི་དང།། ཡུངས་ཀར་ཡུངས་ནག་ཟི་ར་དང།། སྐྱེ་ཚེ་ལ་སོགས་ཐུན་རྫས་བསག། གཞན་ཡང་སྨན་རཀ་གཏོར་མ་ལྔ། ། ལེགས་པར་མཁས་པས་གསོག་པ་ཡིན།། དེ་ནས་ཏིང་འཛིན་བཅས་པ་ནི།། དཔའ་བོ་དཔའ་མོ་བསམ་པ་སྟེ།། རང་རང་རིགས་མཐུན་སྐུ་མདོག་ལ།། བསེ་ཁྲབ་རྒྱན་ཆས་ཕྱག་ན་ཡང།། ཞགས་པ་ཕུར་བུ་བསྣམས་པ་ནི། ། ཆིབས་སམ་ཡང་ན་རྐྱང་པ་སྟེ།། བློན་པོ་ཡང་བློན་བཅས་པ་བསྐྱེད།། སྤྱན་དྲང་ལ་སོགས་གོང་བཞིན་ནོ།། དཔའ་བོའི་གསངསྔགས་བཅས་པ་དང།། བར་དུ་བསེ་སྔགས་སྭཱ་ཧཱ་བཅས། ། བཟླས་པ་གོང་བཞིན་ནུས་པ་དབྲོག། བར་དུ་མཆོད་བསྟོད་གནད་ལ་དབབ།། བལ་མོ་ལ་སོགས་རྟགས་བྱུང་ན།། དངོས་གྲུབ་བླང་ལ་ནུས་པ་ཐོབ།། དེ་ནས་གསང་བའི་ལས་བྱ་བ།། འབྲུབ་ཁུང་ལིངྒར་བཅས་པའོ། ། ཁྲོས་པས་ལས་བྱ་བསེ་མོ་དགུག། དེ་ཡང་མིང་པོའི་བླ་འགུགས་སྔགས།། དེས་ནི་ངེས་པར་དགུག་པ་ཡིན།། གསང་སྔགས་མཱ་ར་ཡ་བཅས་ལ།། བཟླས་པས་ཡང་སྤྲུལ་སུམ་སྤྲུལ་གྱིས། ། ངེས་པར་བསད་པའི་ཏིང་འཛིན་བྱ།། གོང་བཞིན་དྲུག་དང་བཅུ་གཅིག་དང།། བཞི་བཅས་གནད་ལ་དབབ་པར་བྱ།། ཐུན་ཕབ་དགོངས་པ་གོང་བཞིན་ནོ།། ཕུར་གདབ་བསྲེག་འཕང་གནན་བྱས་ན།། ཉམས་པ་འཆི་འགྱུར་མཱ་ར་ཡ། ། སྤོག་དང་ཤི་སའི་མན་ངག་ནི།། མ་བྱུང་མཁས་པས་རབ་ཏུ་སྦྱར།། ཁ་སྐོང་མན་ངག་གཞན་དུ་གསུངས།། འདི་ནི་མན་ངག་ནང་ན་མཆོག། ཕུར་བུའི་སྲུང་མ་མཐུ་ཆེན་ཡིན།། ཨ་བྷི་ཙརྱའི་དུས་ཞེས་པ། ། ལྟ་བ་བྱིན་བརླབ་བརྟེན་པ་དང།། དྲག་སྔགས་རྟོགས་དབང་མཐུ་ཡིན་ཏེ།། དཔེ་དོན་ངེས་གསུམ་ཤེས་པ་ཡིས།། མཐུ་རྣམས་རབ་ཏུ་བསྒྲུབ་པ་ཡིན།། དགོངས་པ་སྔགས་དང་ཕྲིན་ལས་དང། ། ནུས་པ་གསང་བ་བསད་ཤེས་པའི།། ངེས་པར་དཔེ་དོན་ཤེས་ན་འགྲུབ།། དོན་གསུམ་ངེས་པར་རྣམ་པར་གྲོལ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། དམ་ཅན་གསུམ་སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས།། ཀཱི་ལ་ཡ་ལ་འདི་སྐད་གསོལ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། དམ་ཅན་སྡེ་གསུམ་མིང་པོ་དང།། རངས་པ་དྲིལ་པའི་བསྒྲུབ་པ་ནི། ། ལེགས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་བར་བཀའ་སྩལ་པ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། སྲུང་མ་རྣམ་གསུམ་མིང་པོ་དང།། སྤྱི་དྲིལ་བསྒྲུབ་པ་ངས་བཤད་དོ།། གུས་པར་ཉོན་ལ་ཡིད་ལ་ཟུང། ། ཡོན་ཏན་ལྡན་པའི་སྔགས་པ་ཡིས།། རྒྱལ་པོ་བསྒྲུབ་པའི་གནས་སུ་ནི།། སྔོན་འགྲོ་བཅས་པ་ལེགས་པར་བསྒྲུབ།། མཎྜལ་གྲུ་གསུམ་མཁར་དང་བཅས།། དུང་གི་མདོག་ཅན་ལེགས་པར་བྲི།། ཐོད་པ་བམ་རིལ་ཕུར་པ་གཉིས། ། ལུག་དཀར་སྙིང་དང་དཀར་ཚོགས་སྙིང།། བཤོས་བུ་སྤྱན་གཟིགས་མཐུན་རྫས་བཅས།། སྨྱུག་མ་རྟེན་དང་བཅས་པའོ།། ཏིང་འཛིན་བསྐྱེད་པར་རབ་བྱས་ལ།། རྒྱལ་པོ་དཀར་པོ་གྱིང་དཀར་ཕུར། ། རྣམ་པ་རྒྱན་བཅས་བསྐྱེད་པར་བྱ།། སྤྱན་དྲང་མཆོད་འབུལ་བསྟོད་སྨོན་ལམ།། དེ་དག་ལེགས་བྱས་སྔགས་བཟླས་ལ།། ཀ་ར་ཀརྨ་ཡ་ན་ནི།། ཁ་སྐོང་སྔགས་བཅས་རབ་ཏུ་གཞུག། གོང་ལྟར་བཟླས་པས་ནུས་པའི་རྟགས། ། སྐྱ་ཤར་མོན་པ་དཀར་པོ་ལ།། དབང་བསྐུར་ངེས་པར་འགྲུབ་པ་ཡིན།། བར་བར་བཤོས་བུ་སྤྱན་གཟིགས་བསྟབ།། དངོས་གྲུབ་བླངས་ལ་གསད་ལས་བྱ།། ལིངྒ་བཅས་པའི་མན་ངག་བྱ།། ཁྲོས་པའི་དགུག་བྱ་རྒྱལ་པོས་སོ། ། བསད་པའི་སྔགས་ནི་བཅས་པས་བཟླས།། གོང་བཞིན་མི་འགྱུར་གནད་ལ་དབབ།། ཐུན་ཕབ་ཏིང་འཛིན་བཅས་པ་ཡིས།། གསོད་འགྱུར་གོང་བཞིན་ལས་བྱའོ།། ཏྲི་ཙ་པ་ལ་ས་ཤུ་ག་མེ་སྭཱ་ཧཱ། ཏྲི་ཁ་ཐུན་ཁ་ཁ་ཐུན་ནི་ར་རྦད། ཨ་ཏྲི་ཙ་པ་ལ་མཱ་ར་ཡ་རྦད། དགུ་དང་རྩ་བདུན་བསད་སྔགས་ངེས།། བླ་རྡོའི་མན་ངག་ཤེས་གྱུར་ན།། རྒྱལ་པོ་རྟ་ལྟར་གདགས་པ་དང།། བཙོན་བཟུང་ཁྱི་ལྟར་བཀྲི་བ་འགྲུབ། ། བླ་འགུགས་གསང་སྔགས་ཤེས་པར་བྱ།། འདི་ནི་དུང་གི་སྒྲུབ་ཐབས་ཏེ།། ཉམས་པ་འཆིར་འགྱུར་གདོན་མི་ཟ།། དེ་ནས་མགོན་པོའི་སྒྲུབ་པ་ཡང།། རབ་ཏུ་མཁས་པས་སྤྱད་པར་བྱ།། མགོན་པོ་ངེས་བསྒྲུབ་གནས་སུ་ནི། ། མཎྜལ་གྲུ་གསུམ་ཟླུམ་པོ་གནག། མདུན་དུ་ངེས་པར་བྲི་བར་བྱ།། དྲིའུ་ནག་ཐོད་པ་མདབ་ནག་དང།། དར་ནག་ལུག་ནག་སྙིང་དང་ནི།། དེ་བཞིན་ནག་ཚོགས་སྙིང་ཕྲག་བཅས།། རྟ་ནག་རྨིག་པ་གཡས་པ་ལ། ། ཐུན་དང་གཏོར་མ་ནག་པོ་དང།། བསྙེན་ཕུར་ཕུར་པ་ནག་པོ་སྟེ།། དེ་དག་ལེགས་པར་དགོད་པར་བྱ།། དེ་ནས་གོང་བཞིན་བསམ་པ་ཡིས།། མ་ཧཱ་ཀཱ་ལ་མདོག་ནག་སྟེ།། བེ་ཅོན་ཕུར་བུ་རྒྱན་དང་ལྡན། ། ཁྲོས་པ་རབ་ཏུ་སྦྱོར་བ་བྱ།། སྤྱན་དྲང་ལ་སོགས་གོང་བཞིན་ནོ།། གསང་སྔགས་མ་ཏཾ་ཡང་ན་ནི།། འོག་ནས་འབྱུང་བ་བཟླས་པ་ཡི།། གོང་བཞིན་ནུས་པ་ཐོབ་པར་ངེས།། བར་དུ་མཆོད་བྱ་བསྟབས་བྱས་སོ། ། མོན་པོ་ནག་པོ་ཁྱི་ཕག་ནི།། དབང་དུ་འདུས་པའི་རྟགས་བྱུང་ན།། དངོས་གྲུབ་བླངས་ལ་གསད་ལས་བྱ།། འབྲུབ་ཁུང་ལིངྒ་བཅས་པའོ།། འོག་ནས་འབྱུང་བའི་གསང་སྔགས་ཀྱིས།། དགུག་པའི་ལས་བྱ་གསུམ་པས་གསོད། ། འཁོར་དང་བཅས་པས་བསད་པར་བསམ།། གོང་བཞིན་མི་འགྱུར་གནད་ལ་དབབ།། ཐུན་ཕབ་སྦྱོར་བས་བསད་པར་བསམ།། རྟགས་བྱུང་ཕུར་བཏབ་ལས་མཐའ་བརྟུལ།། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་ཏྲི་ཡང་ཛཿ་མ་ཧཱ་ཀཱ་ལ། ཏྲི་ཆུམ་ཤིག་བཾ་རིལ་མཱ་ར་ཡ་ཕཊ། དགུ་དང་བཅུ་གཅིག་གསང་སྔགས་ནི།། དབང་ཕྱུག་མགོན་པོའི་གསང་སྔགས་ཏེ།། བླ་རྡོའི་མན་ངག་ཤེས་པ་ཡིས།། ཆོས་སྐྱོང་བ་རྣམས་སྲུང་འགྱུར་རོ།། འདི་ནི་ལྕགས་ཀྱི་བསྒྲུབ་པ་སྟེ། ། ཉམས་པ་ངེས་པར་གསོད་པ་ཡི།། ཡེ་ཤེས་མགོན་པོའི་བསྒྲུབ་པ་ཡིན།། དེ་ནས་བསེ་ཡི་གིང་སྒྲུབ་ནི།། འགྲུབ་ངེས་གནས་སུ་ངེས་པ་ཡིས།། མཎྜལ་གྲུ་གསུམ་བསེ་མཁར་བཞི།། བསྙེན་ཕུར་བསེ་ཡི་ཕུར་པ་བཞི། ། བསེ་མདའ་བསེ་ཕོར་བཞི་རྣམས་སོ།། ཁྱི་དམར་སྙིང་ཁྲག་དམར་སྣ་ཚོགས།། དེ་བཞིན་ཤེས་བྱ་ཐུན་རྫས་ནི།། ཟངས་མའི་ཁབ་དང་ཐིག་དམར་བཅས།། གཏོར་མ་བཞི་ཡང་ངེས་པར་བསག། གོང་བཞིན་ཏིང་འཛིན་དག་པ་ཡིས།། གཙོ་རྫོགས་བསེ་ཡི་སྐྱེས་བུ་ནི།། དམར་པོ་འཇིགས་པ་ཕྱག་གཉིས་ན།། བསེ་མདའ་བསེ་གཞུ་ཕུར་པ་འབྲིལ།། ཆིབས་སམ་ཡང་ན་རྐྱང་པ་སྟེ།། དེ་བསམ་གོང་བཞིན་ལེགས་པར་བྱ། ། གསང་སྔགས་མ་ར་སེ་ན་ཏེ།། ཡང་ན་ལོག་ནས་འབྱུང་བ་བཟླས།། དེ་བཞིན་ནུས་པ་ངེས་ཐོབ་རྟགས།། མོན་པ་དམར་པོ་ཁྱི་དམར་པོ།། དབང་བསྒྱུར་ངེས་པར་འགྲུབ་པ་ཡིན།། བར་བར་མཆོད་དབབ་ལེགས་པར་བྱ། ། ནུས་ཐོབ་བསད་པའི་ལས་ཀྱང་བྱ།། ཕོར་པའི་ནང་དུ་ལིངྒ་བཅས།། གསང་སྔགས་རབ་ཏུ་བཟླས་པ་ཡིས།། བསེ་ཡི་སྐྱེས་བུ་སྤྲུལ་པ་དང།། ཡང་སྤྲུལ་སུམ་སྤྲུལ་མོན་པ་ཡིས། ། བཀའ་འདས་ཉམས་པར་རབ་བཀུག་ནས།། ནང་དུ་བསད་པའི་སྦྱོར་བ་བྱ།། དེ་ཡང་བླ་འགུགས་སྔགས་ཀྱིས་སོ།། ཐུན་དབབ་གོང་བཞིན་གནད་ལ་དབབ།། ཕུར་བཏབ་མདའ་འཕང་བསྲེག་འཕང་གནན། ། ཨོཾ་ར་ཤཱི་ནཱ་ར་ཤི་ན། ཀུ་ལན་ཤུ་ན་ལན་མ་ཧོ་ར་ག་ཧཱུ~ཾ་ཕཊ། ཀྲོ་དྷ་ཙིཏྟ་མཱ་ར་ཎི་ཤུ་རུ་ཤུ་རུ། ཤུ་ལ་ཤུ་ལ། ཙི་བ་ར་ཤུ་ལ་ཧ་མཱ་ར་ཡ་རྦད། བཅོ་ལྔ་རྩ་དྲུག་རྩ་སྔགས་ནི།། བསེ་ཡི་གིང་གི་སྔགས་ཡིན་ནོ།། འདི་ནི་བསེ་ཡི་སྐྱེས་བུའི་བསྒྲུབ་པ་སྟེ། ། བླ་རྡོ་མན་ངག་ཤེས་གྱུར་ན།། གང་བཅོལ་ཉན་ལ་སྲོག་གཅོད་བྱེད།། ཟོར་ལ་ཤིས་ཏེ་རབ་ཏུ་གསང།། དེནས་དམ་ཅན་མ་གསུམ་དང།། མིང་པོ་ལྔར་བཅས་བསྒྲུབ་པ་ནི།། སྟོད་ཀྱི་སྔགས་དྲུག་བྱིན་མེད་ན། ། དེ་ཡང་རྦད་པའི་ལས་བྱ་བ།། སྔགས་དྲུག་དག་གི་ལས་བྱའོ།། ལས་ཀྱི་ཐུན་སྔགས་བསད་པ་དང།། རྟགས་འབྱིན་ལྷག་པ་ལྷ་ཡི་དམོད།། སྲོག་གི་ཆན་པ་ཐུན་གྱི་སྔགས།། སྔགས་དྲུག་བྱིན་ཡོད་བྱ་བའི་ཕྱིར། ཁོང་ཁྲག་བཏང་བས་ལས་མྱུར་བཤད།། དོན་རྣམས་ངེས་པའི་རྣལ་འབྱོར་པས།། བདེན་པ་ལུང་ལ་ངེས་གནས་སོ།། ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར།། དྲག་པོའི་དུས་གཟུང་ཡོ་བྱད་བསོག། རྩ་བའི་མཎྜལ་ལྷོ་ནུབ་དུ།། བསེ་བྱང་སྦྲག་མའི་མཎྜལ་ནི།། དབུས་སུ་གྲུ་གསུམ་ཐུར་དུ་བྲུ།། དེ་ཡི་ཕྱི་རིམ་མུ་ཁྱུད་བཅས།། འཁོར་ལོ་དྲུག་ཏེ་ངེས་པའོ།། དེ་ཡི་ཕྱི་རིམ་གྲུ་ཆད་བཞི།། གྲུ་གསུམ་མཐིང་ནག་རེ་རེ་བྱ། ། དབུས་སུ་ཕྱོགས་བཞིར་ཕུར་པ་རེ།། ལྷ་རྣམས་ཚང་བའི་ཕུར་པ་དགོད།། རྩང་བཞིའི་ཁ་ལ་སྙིང་བཞི་དང།། གོང་དུ་བཤད་པའི་དམ་རྫས་དགྲམ།། ཐུན་རྫས་མང་པོ་ཐོད་པར་བསག། ཐོད་ཆེན་བཞི་རུ་ཐུན་ཁྲག་གོ། དེ་ལ་བཅའ་བའི་རིམ་པ་ཡང།། ཤིང་ཤུན་རོ་རས་དག་ལ་ནི།། ལིངྒ་བསད་པའི་འཁོར་ལོ་ནི།། དུར་ཁྲོད་སྨྱུ་གུ་ཁྲག་ཆེན་གྱིས།། ཞེ་སྡང་བཅས་པའི་སེམས་ཀྱི་བྲི།། འཁོར་ལོ་རྩིབས་དྲུག་བཅས་པ་ལ། ། སྤྱི་བོར་ཨོཾ་དང་ཀཱི་ལ་ཡ།། སྙིང་གར་མིང་དང་དཔྲལ་བར་རུས།། གཡས་སུ་ཧཱུ~ཾ་ལ་གཡོན་དུ་ཕཊ།། མཱ་ར་ཡ་ནི་འདོམས་སུ་སྟེ།། དྲུག་ལ་སྔགས་དྲུག་བཅས་པའོ།། སྲོག་ལ་འདྲེན་པའི་སྙིང་པོ་རྣམས།། མཚམས་ལ་མཆོད་དྲུག་ངེས་པ་ཡིན། ། ཐམས་ཅད་འདུས་པས་མཐའ་མ་བསྐོར།། སྦ་འཁར་ཚིགས་གསུམ་དག་ལ་ཡང།། བསེ་བྱང་སྙིང་པོ་བཅས་པ་གདགས།། བསེ་བྱང་ནག་པོ་སྙིང་པོར་བཅས།། དེ་འོག་གཉིས་ལ་གདགས་པར་བྱ། ། བསེ་བྱང་དཀར་པོ་སྙིང་པོར་བཅས།། དེ་ཡི་འོག་ཏུ་ཤེས་པར་བྱ།། དེ་འོག་མོན་མོ་ནག་མོ་དང།། ཤྭ་ནའི་སྐུ་དང་སྙིང་པོར་བཅས།། སྦ་ཡང་ཚིགས་གསུམ་དག་ལའོ།། ཐ་མར་ལིངྒ་སྐུད་པར་གདགས། ། མཎྜལ་ནང་དུ་སྦ་འཁར་གྱིས།། ལིངྒ་འཁོར་ལོར་བཅས་པ་གཟིར།། ཁྱད་པར་མཆོད་པ་གསུམ་དང་བཅས།། དང་པོར་སྔོན་འགྲོ་ཤེས་པར་བྱ།། དང་པོར་རྩ་བའི་ལྷ་གསུམ་ནི།། གཞུག་བཞིན་ལེགས་པར་བསྐྱེད་པ་ཡིན། ། དབང་བསྐུར་བྱིན་དབབ་སྤྱན་དྲང་བྱ།། མཆོད་ཅིང་བསྟོད་དེ་སྨོན་ལམ་གདབ།། དམ་ཅན་མིང་སྲིང་གོང་བཞིན་དུ།། ཤིན་ཏུ་ཁྲོས་པས་ཡང་དག་བརྟག། གོང་བཞིན་མཆོད་བྱས་གནད་ལ་དབབ། ། དྲུག་དང་བཅུ་གཅིག་ཚིག་བཞི་པོས།། དམར་ཆེན་སྦྲེང་ལ་དམ་ཅན་བསྐུལ།། གབ་པའི་སྔགས་ཀྱིས་བར་བྱས་ལ།། དམ་ཅན་མང་པོས་དགྲ་བོ་དགུག། མིང་པོའི་བླ་འགུགས་སྔགས་ཀྱིས་སོ།། ཤེས་པ་བསྟིམས་ལ་ཡང་ཡང་ངོ། ། གོང་བཞིན་བསྙེན་པ་རྫོགས་པར་བྱ།། ཕྱི་ནས་དྲངས་ཏེ་རྒྱུན་མི་གཅད།། ནང་དུ་མཆོད་བྱ་གནད་ལ་དབབ།། ལྷ་བསྒྲུབ་པ་ནི་དེ་ལྟར་རོ།། དེ་ལྟར་བྱས་པའི་རྟགས་བསྟན་པ།། རབ་གྱིས་ཕུར་པ་མཆོངས་པར་འགྱུར། ། གཉིས་པ་འབྲིང་ལ་མེ་སྟག་འཕྲོ།། ཐ་མས་ཉམས་དང་རྟགས་སུ་བཤད།། དེ་བྱུང་དངོས་གྲུབ་ངེས་པར་བླང།། དྲག་པོའི་ལས་དག་བྱ་བ་ནི།། ལྷ་རྣམས་དྲག་པོར་ངེས་བསམ་མོ།། ཡང་སྤྲུལ་གསུམ་སྤྲུལ་མང་པོ་ཡིས། ། ཤེས་པ་ལིངྒ་ལ་གཞུག་བསད།། བར་བར་ཐལ་མོ་དམོན་པ་བྱ།། ལས་ཀྱི་ཐུན་དྲུག་སྔགས་ལ་ཡང།། ཉོན་མོངས་གཏོར་ལ་ནུབ་མོ་དྲིལ།། གང་བབ་དུས་སུ་ཤེས་པར་བྱ།། རྟགས་འགྱུར་སྲོག་གཅོད་ལ་སོགས་པ། ། བར་དུ་ཐུན་རྣམས་བྲབ་པ་ཡང།། ཐོད་ཆེན་ནང་དུ་ངེས་པར་ཡང།། ལས་ཀྱི་ཐུན་དྲུག་སྔགས་ཀྱི་བྲབ།། དམ་ཅན་མང་པོས་བསད་པར་བསམ།། སྟོད་ཅིང་རྟབ་ཅིང་ཟ་བར་བརྟག། དུས་དྲུག་ཕུར་པ་བརྡེག་བྱ་བ།། གསང་བ་གསུམ་ལྡན་བསྒྲལ་མཛད་བཅས།། ཚེ་ལུང་ཁྲུས་ལུང་དགོངས་པ་བསྲང།། བསྙེན་པའི་ཕུར་པ་སྙིང་ལ་གདབ།། དམ་ཅན་ཕུར་པ་རངས་པ་ལ།། སྔགས་ལ་སུ་རུ་མུ་རུར་བཅས། ། རང་རེའི་གནས་སུ་ངེས་པར་གདབ།། ཝ་ཐོད་ནང་དུ་བསེ་བྱང་ནི།། དམར་པོ་བཅུག་ལ་ཕུར་པས་མནན།། ཁྱི་ཐོད་ཁ་ལ་མེ་འབར་ཏེ།། རྫས་རྣམས་སྦྱིན་བསྲེག་བྱ་བ་དང།། ཀློང་ཡངས་འཁྱིལ་བའི་ཧོམ་དུའོ། ། སྤྱང་ཐོད་ཁ་ལ་ལིངྒ་དང།། གཏོར་མ་ལྷ་ལ་བསྟབ་པ་བྱ།། འཕར་བའི་ཐོད་པར་དམ་རྫས་དང།། ཁྲག་བཅས་གནས་པ་ཟོར་དུ་འཕང།། མནན་པ་ལུང་གསུམ་མདོ་རུ་ངེས།། དེ་ལྟར་རབ་ཏུ་བྱས་པ་ཡིས། ། རྡོ་རྗེའི་བྲག་ཀྱང་འཇིག་གྱུར་ན།། གཟུགས་ཅན་ལ་ནི་སྨོས་ཅི་དགོས།། གསང་བའི་སྔགས་ནི་འདི་རྣམས་སོ།། ཨོཾ་བཛྲ་ཀྲོ་དྷ་ཙིཏྟ་མ་ཧཱ་ལི་ཤུ་ར་ཤུ་ར། ཁྱི་ར་ཁྲིད། གྷ་དྷ་ར་ཎི་ཤུ་ལ་རྩི་པཱའ་ར་ཤུ་པར་ཎི་ཡོ་ག་ཤུ་དྷ་ཙིཏྟ་མ་ར་ལི། ཀྲོ་དྷ་ཡོ་ག་ནཱི་བཛྲ། ཛ་ལནྡྷ་རི། ཤ་ཥ་ཎི་ཛ་ཛ། ཡི་གེ་ལྔ་བཅུ་ང་གསུམ་ནི།། དམ་ཅན་སྤྱི་ཡི་སྲོག་སྙིང་ངོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀུ་ལན་ཤུ་ལན། རྩ་མུན་ཀཱཾ་ཀཱ་སྙིང་ཁ་རག་མ་བྷྱོ། རཱུ་ཏྲ་ཏྲ་ཀ་རཀྵ་རྦད། མ་མ་སྙིང་ཙིཏྟ་རྦད། ཁ་རུཾ་ཙི་ཏྲ་མཱ་ར་ཡ་བྷྱོ། བ་ལ་ཕུར་མ་མ་དུན་རྦད། རཀ་མོ་སྙིང་རྩ་རུ་རུ་ཡཾ་ཙིཏྟ་ཡཾ་ནརྀ་ཏྲི་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། ཙི་པི་རཱི་ཙ་ཀྲ་ཡ། ནཱ་ག་མཱ་ར་ཡ་ཚལ་པ་ཤུ་ཤུ་རཀྴ་ཚལ་པ། ཨ་ཝེ་ཤུ་ཚལ་པ། ནརྀ་ཏྲི་མཱ་ར་ཡ། བཛྲ་ཤུ་ཏྲི་དྷ་ར་ཙི་ར་ཡ་ཧཱུ~ཾ་ཕཊ། རྦད་སུ་རྦད་སུ། ཁ་དུཾ་ཁ་དུཾ། མ་མ་ཡཾ་རཀྴ་རཀྴ་ཚལ་པ་ཚལ་པ། ཚལ་བྷྱོ་ཚལ་བྷྱོ། ཕུར་བུ་ཕུར་བུ་ཧཱུ~ཾ་ཕཊ། དགུ་བཅུ་གོ་དྲུག་གསང་སྔགས་ནི། ཐུན་གྱི་གསང་སྔགས་དམོད་པ་སྟེ།། ཐམས་ཅད་དྲིལ་བའི་སྔགས་སུའམ།། བསེ་ཡི་སྐྱེས་བུ་འཁོར་བཅས་སྔགས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཙིནྟ་ཙིནྟ་ཡང་བྱུང། ཙོ་ཏྲ་ཙོ་ཏྲ་ཛཿཧཱུ~ཾ་བཾ་ཧོཿ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུ~ཾ་ཕཊ། དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀཱ་ར་ཡ། མཱ་ར་སེ་ན་པྲ་མརྡ་ན་ཧཱུ~ཾ་ཕཊ། ཛཿཧཱུ~ཾ་བཾ་ཧོཿ། ཤཱི་གྷྲཾ་ཨ་ན་ཡ་ཧཱུ~ཾ་ཕཊ། མ་མ་བ་ཤཾ་ཀུ་རུ་མཱ་ར་སེ་ན་པྲ་མརྡ་ན་ཧཱུ~ཾ་ཕཊ། ཛཿཧཱུ~ཾ་བཾ་ཧོཿ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུ~ཾ་ཕཊ། མ་ར་སེ་ན་པྲ་མརྡ་ན་ས་མ་ཡ་ཧཱུ~ཾ་ཕཊ། ཡི་གེ་བརྒྱད་ཅུ་གྱ་དྲུག་ནི།། ལྷག་པ་ལྷ་ཡི་དམོད་པ་སྟེ།། བདག་ཉིད་མ་མོའི་གསང་སྔགས་ཡིན།། ཡང་ན་སྤྱི་རུ་ཤེས་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧོ་ལ་ཤ་ཁྱུང་ཁ་མུར་ཤ་ཡོ་གི་ནཱི། རོག་ན་ན་མོ་མུ་རྩ་ཡ་ཁྲི་དུ་བྷ་ཡ་ཤེ་ཡ། རོ་ལ་ཁྲག་འཐུང་ཀང་ཀང་ཀེང་ཀེང་ཡ། ཙིཏྟ་མུར་ཤ་ཡ། ག་ཤེ་དུ་ཡ་མ་ནི་ཛ་ཎི་ཕཊ་ཕཊ་སོད་སོད་རྦད་རྦད། ཡི་གེ་ལྔ་བཅུ་རྩ་དྲུག་ནི།། ཐུན་གྱི་དམོད་མོའི་གསང་སྔགས་ཏེ།། ཤྭ་ན་མ་ཡི་དྲག་སྔགས་ཡིན། ། ཡང་ན་གོང་བཞིན་ཤེས་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུ~ཾ་བཾ་ཧོཿ། ཧ་ས་ཡ་ར་བྷི་དོ་བྷི་དོ་པཱ་རཱ་ཕཊ། ར་ཤ་ནི་རི་ཤ་ནི་ཕཊ། ཤུ་ལ་ཚལ་པ་ནི་ཚལ་པ་ནི། ཐུཾ་ཐུཾ། ཨ་ནརྀ་ཏྲི་མཱ་ར་ཡ་ཛ་ཛ། ཐུཾ་ཐུཾ། ནཱ་ག་མཱ་ར་ཡ་ཚལ་པ་ཐུཾ། རྦད་སུ་ཙིཏྟ་ཡ་ཛཿཧཱུ~ཾ་བཾ་ཧོཿ། རཱུ་ཏྲ་མ་མ་དུན་བྷྱོ་ཛཿཧཱུ~ཾ་བཾ་ཧོཿ། ཏི་ཤ་སྙིང་ལ་དུན་དུན། མ་ཧཱ་རཀྴ་ཧཱུ~ཾ་ཕཊ། ཡི་གེ་བདུན་ཅུ་དོན་བརྒྱད་ནི།། བསད་པ་སྲོག་གི་ཤན་པ་སྟེ།། རྒྱལ་པོ་ཤེལ་གིང་གསང་སྔགས་ཡིན། ། ཡང་ན་སྤྱི་རུ་ཤེས་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སྟེ་ན་སྟཻ་སེ་ཧཱུ~ཾ་ཕཊ། སརྦ་བིགྷ་ནཱན་བཾ་ཧཱུ~ཾ་ཕཊ། རཀ་མོ་ཡག་མོ་ཀཱ་ལ་རཱུ་པ། སྙིང་ཟ་ས་མ་ཡ། སྙིང་སྲོག་ལ་ཡ་རྦད། ཨཱ+ོཾ་ཨཱ+ོཾ་ཨཱ+ོཾ་ཁྲག་ལ་མྱུར། མཱ་ར་སེ་ན་སྲ་མརྡ་ན་ཡེ་ཧཱུ~ཾ་ཕཊ། ཙིཏྟ་ཕྲིལ་ཕྲིལ། སྲོག་ཡཾ་ཡཾ། ཆུཾ་ཏ་ཐཱ་ཡ་ཧཱུ~ཾ་ཕཊ། སྙིང་ཟ་བ་ཙིཏྟ། མ་ཤ་ལ་ཧཱུ~ཾ་ཕཊ། དྷ་ན་རུ་སྙིང་ཁྲག་ཤ་ལ་ཁ་ཐུཾ་རིལ་ཤཾ་ཁྱེར་བྷྱོ། ཕྲིལ་པ་ཀར་ལ་ཤཾ་ཁྱེར་བྷྱོ། ཡི་གེ་དགུ་བཅུ་གོ་ལྔ་ནི། ། བསད་པ་ལས་ཀྱི་དམོད་སྔགས་ཏེ།། མགོན་པོའི་གསང་སྔགས་ཡིན་པར་ཤེས།། ཡང་ན་གོང་བཞིན་ཤེས་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོ་དྷ་སི་ཏ་ན་ལི། ཤུ་ར་ཤུ་ར། ར་གཱ་ར་གཱ། ཤུ་རུ་རཀྴ་ཚལ་པ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ། ཀང་ཀང་ཀཱ+ེང་ཀཱ+ེང། མཱ་ར་ཙིཏྟ་རོ་ལ་ཙིཏྟ་ཕཊ། ཀྱི་ཁྲིད་ར་ཁྲིད་མཱ་ར་ཡ། ཤུ་ལ་ཙིཏྟ་ལེ་བུ་སོ་ར་དུན་དུན་ཤ་ཡ། ཀྲེང་ཀྲེང་མཱ་ར་ཡ་མུན། ཀྲེ་མུན་ཏེ་ཏ་ཡ་ཧཱུ~ཾ་ཕཊ། ཡི་གེ་བདུན་ཅུ་རྩ་བདུན་ནི། ། མགྱོགས་པ་ལས་ཀྱི་རྟགས་འབྱིན་ཏེ།། ས་བདག་ཆེན་མོའི་གསང་སྔགས་ཡིན།། ཡང་ན་གོང་ལྟར་ཤེས་པར་བྱ།། ཤུ་ཤུར་རཀྴ་ཚལ་པ་ཨཱ་ཝེ་ཤ་ཤུ་ལ་ཀ་ཀེང་མཱ་ར་ཡ་ཕཊ། སྟམ་བྷ་ནན། ཡི་གེ་ཉི་ཤུ་ཐམ་པ་ནི། ། ཐམས་ཅད་དྲིལ་བའི་མནན་པའི་སྔགས།། ཤུ་ལཾ་བུ་ལཾ་ད་དྷི་ཛཿནི་ཡོ་གཱི་ཤྭ་རཱི་ནི་ཡ་མ་ཙིཏྟ་སུ་ཏྲི་ཡ་མ་ཙིཏྟ་སུ་ཏྲི་བཛྲ་ཡ་མཱ་ར་ཡ་ཕཊ། རཾ་རཾ་ཁཱ་ཧི་ཧི་ཧོ་ཧོ། ཡི་གེ་སུམ་ཅུ་ཐམ་པ་ནི།། ཐམས་ཅད་དྲིལ་བའི་སྦྱིན་སྲེག་སྔགས། ། ཤུ་ཤུ་ཚལ་ལ་ནརྀ་ཐུཾ་ཐུཾ། ཨ་ནརྀ་ཏྲི་མ་ར་ཎ། བཛྲ་བཛྲ་ཐུཾ་ཐུཾ། ནཱ་ག་རཀྴ་མཱ་ར་ཡ་ཐུཾ་ཚལ་པ་ལི་ཐུཾ་རིལ་ཁཱ་ཧི། ཡི་གེ་སུམ་ཅུ་སོ་གསུམ་ནི།། ཐམས་ཅད་དྲིལ་བ་བསྟབས་པའི་སྔགས།། འབུ་ལིང་འབུ་ལི་ཁཾ་བཛྲ་ཤི་བྷ་ནི་རི་ཤ་ནི་ཁྱི་ཁྲིད་སྙིང་ཟ་བ་ཙིཏྟཾ་ཏ་པ་ཏོ་བྷྱོ་བྷྱོ་ཐུན་ཡ། ཡི་གེ་ཉི་ཤུ་རྩ་ལྔ་ནི།། ཐམས་ཅད་དྲིལ་བ་ཟོར་འཕང་སྔགས།། གསང་སྔགས་མ་ནོར་ངེས་པ་ཡིས།། དོན་དང་ལྡན་པའི་མཁས་པས་སྤྱད། ། རབ་ཏུ་གསང་བའི་ངེས་དོན་ལ།། གབ་པའི་གདམས་པ་གཟུང་བ་དང།། ཚེ་ལུང་ཁྲུས་ལུང་བསྟན་པ་དང།། བཏབ་པས་ཁམས་གསུམ་སྒྲོལ་བ་དང།། དམ་ཅན་གནད་དབབ་ཐུན་དབབ་དང།། གཟིར་མནན་དྲག་པོས་བཏུལ་བ་དང། ། སྦྱོར་བར་མཆོད་ནས་བསྟབ་པའོ།། གཏོར་མ་བཏང་སྟེ་དཀྱིལ་འཁོར་བསྡུ།། རྒྱུན་གྱིས་ངེས་པས་སྤྱོད་ལམ་བྱ།། འདི་ནི་རངས་པར་དྲིལ་བ་སྟེ།། རྩ་བ་གང་ལ་བྱིན་མེད་ན།། འདི་ནི་སྤོག་པའི་ཁ་སྐོང་ཡིན། ། བསྟན་པ་འཇིག་པའི་ཉམས་པ་བདུན།། འདིས་ནི་ངེས་པར་གསོད་འགྱུར་རོ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། མིང་པོའི་བསྒྲུབ་པ་དང་སྤྱིར་དྲིལ་བ་མནན་པ་སྟེ་ལེའུ་བཅུ་ལྔ་པའོ། །།། དེ་ནས་ཕྱི་རབས་ཀྱི་རྣལ་འབྱོར་པའི་ལས་བྱེད་དུ་མ་འདོད་པར་ཐུགས་ཕྱུང་ན། བཛྲ་ཀཱི་ལ་ཡས། དམ་ཅན་གནད་ལ་འབེབས་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཅན་གྱི་གཏན་ཚིག་དང་ཤི་ས་འདི་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། དམ་ཅན་གཏན་ཚིགས་ཤི་ས་བསྟན།། ཕྱི་རབས་དོན་དུ་རབ་བཤད་དོ།། དང་པོ་རཱུའུ་ཏྲ་ཞེས་བྱ་བ། ། བསྐལ་པ་བརྒྱད་ཁྲིའི་སྔོན་རོལ་དུ།། དགེ་སློང་ཐུབ་དཀའ་གཞོན་ནུ་ལ།། ཐར་པ་དན་ཕག་འཁོར་བཅས་ཀྱིས།། གསང་སྔགས་ཐེག་ཆེན་དམ་ནོས་པས།། གཅིག་གི་ལེགས་པར་གོ་གྱུར་ཏེ།། ཐར་པ་ནག་པོས་ལོག་པར་གོ། དེ་ཡི་རྣམ་སྨིན་ཉེས་པ་ཡིས།། ཁྲོ་བོའི་གཟུགས་ཅན་རཱུ་ཏྲར་སྐྱེས།། བསྟན་པ་རེ་ལ་རེ་རེ་བྱུང།། དེ་ཡི་འཁོར་རྣམས་འདི་ཡིན་ཏེ།། གསང་སྔགས་དེ་དུས་ལོག་པར་གོ། ཐ་མ་བརྒྱ་བྱིན་བུ་མོར་སྐྱེས། ། སྲིན་པོ་ལང་ཀ་མགྲིན་བཅུ་ལ།། ཆུང་མར་བྱིན་པས་ཁོ་ཤི་སྟེ།། ཕྱིར་ལ་བྲོས་ཏེ་མཚོར་གནས་པ།། ཕ་ནི་བརྒྱ་བྱིན་དམོད་པ་ཡིན།། དེ་ཡི་མིང་པོ་འགོང་པོའོ།། ཡབ་ནི་ཟངས་ཏོག་རྒྱལ་པོ་དང། ། ཡུམ་ནི་ཟངས་མགྲིན་བསྡེབས་པའི་སྲས།། བས་མོ་བསེ་ཡི་སྐྱེས་བུ་ནི།། གཡོག་གི་འཁོར་རྣམས་བསམ་མི་ཁྱབ།། སྲིད་པའི་ཁུས་འདེབས་རྒྱལ་པོ་ནི།། ཚངས་པ་དུང་གི་ཐོར་ཚུགས་ཅན།། ཨེ་ཀ་ཛ་ཏི་གཉིས་ཀྱི་སྲས། ། ཤྭ་ན་སྤྱན་གཅིག་མིང་སྲིང་སྟེ།། འདི་རྣམས་རཱུ་ཏྲའི་འཁོར་ཡིན་ནོ།། གསང་སྔགས་ལོག་པར་སྤྱད་པ་ཡིས།། གནོད་སྦྱིན་སྲིན་པོའི་ལུས་སུ་སྐྱེས།། དེ་ནི་ངས་བཏུལ་ཕན་ཆད་དུ།། སངས་རྒྱས་ས་ལ་ངེས་པ་ཡིན། ། འདི་རྣམས་གཏན་ཚིགས་ཤེས་གྱུར་ན།། ལས་རྣམས་མ་ལུས་མྱུར་བ་ཡིན།། གལ་ཏེ་དམ་འདས་ལས་མི་བྱེད།། ཕུར་པའི་ལས་ལ་མི་འགྲོ་སྟེ།། ཕུར་བུའི་དོན་ཤེས་རྣལ་འབྱོར་པས།། དེ་ལ་ཤི་ས་བསྟན་པར་བྱའོ། ། མཎྜལ་གྲུ་བཞི་མངོན་བཞེངས་ལ།། མ་ཏྲཾ་བཞི་བསྣོལ་དལ་དབུས་སུ།། འབྲུབ་ཁུང་དག་ལ་མཚོན་ཆར་བཅས།། མེ་རི་འབར་བས་བརྒྱན་པར་བྱ།། ཟུར་དུ་རིགས་གསུམ་ཕུར་པ་དང།། སྲས་མཆོག་ཉི་ཤུ་རྩ་གཅིག་དགོད། ། མ་ཏྲཾ་གཞི་ལ་དམ་རྫས་དང།། བདུད་རྩི་གཏོར་མར་བཅས་པ་གཞག། འབྲུབ་ཁུང་ནང་དུ་རང་རང་གཟུགས།། ཡང་ན་སྙིང་པོར་བཅས་པའོ།། མཐིང་ག་དར་གྱིས་གུར་ཕུབ་པོ།། རྣལ་འབྱོར་ཀུ་མཱ་རར་ཞུགས་ལ། ། རྩ་བའི་བསྙེན་པ་ལེགས་པར་བསྙེན།། བསྙེན་བྲིས་ཕུར་པ་གཡོན་པས་གཟུང།། ཆས་རྣམས་རབ་ཏུ་ལྡན་པ་གཅེས།། ཀཱི་ལ་ཡ་ཡི་འོད་ཟེར་གྱིས།། དམ་ཅན་ཕོ་མོ་དབང་བསྡུས་ཏེ། ། མར་ཐིམ་རང་རང་ལེགས་པར་བསམ།། བསྙེན་པ་ལས་སྔགས་བཅས་པའི་བར།། དམ་ཅན་སྔགས་བཅུག་རབ་བཟླས་པས།། ཏིང་འཛིན་མདངས་བཅས་ཡང་དག་བྱ།། དེ་ཡིས་ལས་རྣམས་བྱེད་པར་འགྱུར། ། གསུམ་དང་བཅུ་གཅིག་བཞི་བཅས་པའི།། མན་ངག་གིས་ནི་གནད་ལ་དབབ།། དེས་ཀྱང་བྱེད་པར་མ་གྱུར་ན།། གོང་བཞིན་སྔགས་རྣམས་རབ་བཟློག་སྟེ།། མཇུག་ལ་སྟམྦྷ་ནན་ཞེས་གདགས།། ཁྲོ་བོས་དབུས་མནན་མདངས་ཕྲལ་བསམ། ། དྲུག་པའི་འོག་ཏུ་ཤེས་བྱ་བ།། དེ་འོག་ཚིག་གཉིས་རབ་བསྐུལ་བས།། དེས་ཀྱང་ལས་རྣམས་བྱེད་པར་འགྱུར།། མ་ཐུབ་གོང་བཞིན་ཕུར་པ་ལ།། ཚེ་ལུང་ཁྲུས་ལུང་ཡི་གེ་དང། ། མཱ་ར་ཡ་ཞེས་བཏགས་བཟླས་པས།། དམ་ཅན་སྲས་མཆོག་ཆེན་པོ་ཡིས།། ཕུར་པ་མགོ་ནས་གཞུགས་འགེངས་སམ།། གོང་བཞིན་ཚིག་བཞི་ཚིག་ལྔ་དང།། གོང་གི་ཚིག་བདུན་ངེས་པ་ཡིས།། གནད་ལ་ཕབ་སྟེ་ཐུན་རྣམས་བྱ། ། བར་བར་དམ་རྫས་རབ་ཏུ་བསྟབ།། དེས་ནི་ལས་རྣམས་བྱེད་པར་འགྱུར།། དེས་ཀྱང་བྱེད་པར་མ་གྱུར་ན།། སྐུ་གསུང་ཐུགས་ཀྱི་ཕུར་པ་དང།། སྲས་མཆོག་ཕུར་བཏབ་སྔགས་ཀྱིས་ནི།། བཏབ་ལ་ལུས་ལ་སྦྱིན་སྲེག་བྱ། ། ཤི་དང་བརྡུང་དང་རོ་སྦེད་དང།། ཉམ་ཐག་ཁས་ལེན་བྱུང་བ་ན།། ཀཱི་ལ་ཡ་ཡི་བདུད་རྩིས་གསོ།། བདེན་པ་བརྡར་ལ་དམ་རྫས་བསྟབ།། རྩ་བའི་ལས་ཀྱིས་ལས་ལ་གདགས། ། འདིས་ནི་ལས་རབ་འགྲུབ་པ་སྟེ།། སྟོབས་ལྡན་ནུས་པ་ཚང་བ་བྱ།། དེ་མིན་བྱས་ན་སྲོག་ཟད་ཉམས།། ཐམས་ཅད་འགྱོངས་ན་བྱ་བར་བཤད།། ཁ་སྐོང་ཤི་ས་མང་པོ་ནི།། མན་ངག་སྟོབས་ཀྱི་གཞན་དུ་གསུམ། ། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཤི་ས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་ནི་བཤད་བྱ་བ།། ཕུར་པའི་དོན་ཤེས་རྣལ་འབྱོར་གྱིས། ། ཡང་དག་དོན་ཕྱིར་ངས་བཤད་དོ།། དམ་ཚིག་ཆེན་པོའི་དུས་ཤེས་པ།། དཔའ་བོ་དེ་ཉིད་བསྒྲུབ་པ་སྟེ།། ཡོན་ཏན་ལྡན་པའི་གནས་རབ་དུ།། གྲུ་གསུམ་ལེགས་པའི་མཎྜལ་བྱ།། ལྕགས་སྣ་ལྔ་བཅས་ཕུར་པ་དགོད། ། གཏོར་མ་སྨན་རག་དེ་བཞིན་བསག། ཏིང་འཛིན་རིམ་པས་བདག་བསྐྱེད་དེ།། ཡུམ་དང་བཅས་རྣམས་ལེགས་བསྐྱེད་དེ།། སྤྱན་དྲང་རྩ་བ་མཆོད་པ་དབུལ།། དེ་ཡང་སྦྱོར་སྒྲོལ་ཁམས་གསུམ་ནི། ། ཡོངས་སུ་བསྒྲལ་བས་མཆོད་པ་འབུལ།། ཀཱི་ལ་ཡ་ཡི་སྔགས་བཟླས་པ།། དེ་ཡང་འབྲུ་དགུའི་ཚུལ་དུའོ།། བསྙེན་པས་ནུས་ཐོབ་བར་བར་དུ།། རྩ་བ་ངེས་པར་བསྐུལ་བསྟོད་བྱ།། དངོས་གྲུབ་བླང་ཞིང་བརྟན་པ་བྱའོ། ། དེ་ནས་ཉམས་པ་གསད་འདོད་པས།། ལིངྒའི་ཕུར་པ་འོག་ཏུའོ།། གབ་པའི་ལས་ཀྱིས་ཐུན་དབབ་བོ།། དེ་ཡང་ལས་སྔགས་མིང་དུ་བཅས།། གཟས་པ་གསད་པའི་དགོངས་པ་བྱ།། ཕུར་བཏབ་ལན་གསུམ་མཐའ་བརྟུལ་ན། ། ཉམས་པ་འཆི་འགྱུར་ངེས་པའོ།། འདི་ནི་རྩ་བའི་ལྷ་བསྒྲུབ་ཡིན།། དེ་ནས་ཁྲོ་བོའི་བསྒྲུབ་པ་ཡང།། སྤྲུལ་པ་ཆེན་པོའི་དུས་ཞེས་བྱ།། མཎྜལ་གྲུ་གསུམ་བཅུ་གཅིག་ལ།། གོང་བཞིན་ཕུར་པ་བཅུ་གཅིག་བཅས། ། དབུས་ལ་ཁྱད་པར་རྫས་རྣམས་བསྒྲུབ།། གོང་བཞིན་རྩ་བའི་རིམ་པ་ཡིས།། ཁྲོ་བོ་ཡབ་ཡུམ་བསྐྱེད་པར་བྱ།། རང་བཞིན་སྤྱན་དྲངས་མཆོད་དེ་བསྟིམ།། བསྟོད་ཕྱག་འཚལ་བ་ལ་སོགས་བྱ།། ཁྲོ་བོ་བཅུ་ཡི་གསང་སྔགས་ནི། ། བཟླས་བྱ་བར་བར་མཆོད་བསྟོད་དོ།། རྟགས་བྱུང་གོང་བཞིན་རྫོགས་པར་བྱ།། ཉམས་པར་བསྒྲལ་བ་གོང་བཞིན་བྱ།། བསད་དང་ཕུར་པས་གདབ་པ་ཡང།། ཁྲོ་བོ་བཅུ་ཡི་ལས་སྔགས་སོ། ། གནན་དང་བསྲེག་དང་འཕང་བ་ཡིས།། དམ་ཉམས་ངེས་པར་བསྒྲལ་བ་ཡིན།། འདི་ནི་ཁྲོ་བོའི་བསྒྲུབ་པའོ།། དེ་ནས་སྲས་མཆོག་བསྒྲུབ་པ་ཡང།། སྤྲུལ་པ་ཞེས་པའི་སྒྲ་ཡིས་ནི།། སྲས་མཆོག་ལྔ་ནི་བསྒྲུབ་པ་སྟེ། ། འབྲུབ་ཁུང་ལྔ་དང་ཕུར་པ་ལྔ།། རྫས་རྣམས་ཚོགས་པར་བྱ་བའོ།། རྩ་བ་ངེས་པའི་རིམ་པ་ཡིས།། ལྷ་ཆེན་ལྔ་ཡི་གདན་ལ་ནི།། སངས་རྒྱས་འདུས་པ་རྡོ་རྗེ་དང།། རིན་ཆེན་པདྨ་ལས་རབ་འདུས།། མཐིང་ག་སེར་ནག་དཀར་ནག་དང། ། དམར་ནག་ལྗང་ནག་སྐུ་སྨད་ཕུར།། ཕྱག་བཞི་རྡོ་རྗེ་ཁ་ཊྭཱཾ་དང།། རི་རབ་ཕུར་འདྲིལ་འཇིགས་པར་བསྐྱེད།། རྒྱན་ལྔན་རང་བཞིན་གོང་བཞིན་བརྟག། མཆོད་པ་ལ་སོགས་རབ་བྱས་ལ། ། གསང་སྔགས་གོང་གི་འབྲུ་དགུ་དང།། ཡོན་ཏན་རྫོགས་པར་རབ་ཏུ་བཟླས།། ཏིང་འཛིན་བར་བར་མཆོད་པ་བྱ།། ནུབ་ཐོག་གོང་བཞིན་ཤེས་པར་བྱ།། བསད་པའི་ལིངྒ་གོང་བཞིན་བྱ།། གབ་ལས་བྱས་པའི་ཏིང་ངེ་འཛིན། ། དྲག་པོའི་མཐིང་ནག་རྫོགས་པ་ལ།། རཀྟ་མཆོད་པ་ལ་སོགས་བྱ།། སྔགས་ལ་མཱ་ར་ཡ་བཏགས་ཏེ།། བཟླས་པས་བསད་པའི་ལས་རྫོགས་བྱ།། ཕུར་གདབ་ལས་མཐའ་དེ་བཞིན་བརྟུལ།། འདིས་ནི་ཉམས་པ་སྒྲོལ་བ་སྟེ། ། རིགས་འདུས་ལྔ་ཡི་བསྒྲུབ་པ་ཡིན།། དེ་ནས་ཕྲ་མེན་བསྒྲུབ་པ་ཡང།། ཕྱག་བརྙན་ཆེན་པོའི་དུས་ཤེས་ནི།། འབྲུབ་ཁུང་ཡང་ན་ཉི་ཤུ་གཉིས།། དམ་རྫས་ཚང་བའི་རྫས་རྣམས་དགྲམ།། རྩ་བས་བསྐྱེད་པ་གོང་བཞིན་དུ། ། ཕྲ་ཐབས་ཕོ་མོ་རྫོགས་པ་ཡང།། སྐུ་དང་ཕྱག་གཡས་རང་རང་གཙོ།། གཡོན་པ་ཕུར་པ་འདྲིལ་ངེས་པའོ།། གོང་བཞིན་རྫོགས་པར་བྱས་ནས་ནི།། ཁྲོ་བོའི་ལས་སྔགས་ཡང་ན་གཉིས། ། སྨད་ཀྱི་གཉིས་པ་བཟླས་པ་ཡང།། རིམ་པ་ལ་སོགས་གོང་བཞིན་དུ།། བསད་པ་མཐིག་ནག་འབར་བ་སྟེ།། མཆོད་པ་གོང་འོག་བསྣུར་བར་བྱ།། སྔགས་ལ་མཱ་ར་ཡ་བཅས་པས།། གོང་བཞིན་རྫོགས་བྱས་ཕུར་པས་གདབ། ། ལས་མཐའ་བརྟུལ་བའང་དེ་བཞིན་ནོ།། འདི་ནི་ཕྲ་མེན་བསྒྲུབ་པ་སྟེ།། ཉམས་པ་བསྒྲལ་བར་ངེས་པ་ཡིན།། སྟོབས་ཆེན་ཁྲོ་བོའི་བསྒྲུབ་པ་ནི།། ཁྱེད་ཀྱི་དུས་ལ་བབ་ཅེས་པའམ།། ཡང་ན་སྟོབས་ཆེན་ཞེས་པ་སྟེ། ། འབྲུབ་ཁུང་ལྡན་པ་འབུར་ཅན་བཞི།། ཁྱམས་དང་བཅས་པའི་དཀྱིལ་འཁོར་ལ།། དབུས་སུ་སྟོབས་ཆེན་ཕུར་པ་དགོད།། མཐར་ནི་མ་བདུན་སྲིང་བཞི་ཡི།། ཕུར་པ་རབ་ཏུ་དགོད་པར་བྱ།། རྩ་བའི་རིམ་པ་ཡང་དག་པས། ། ཁྲོ་བོ་ཀརྨ་ཧེ་རུ་ཀ། ལྗང་ནག་ཕྱག་བཞི་རྡོ་རྗེ་དང།། ཁ་ཊྭཱཾ་ཕུར་འདྲིལ་འཇིགས་སྟབས་ཅན།། དམ་སྲིའི་གདན་ལ་བསྐྱེད་པར་བྱ།། མ་བདུན་སྐུ་མདོག་དམར་ནག་ལ།། རྡོ་རྗེ་ཕུར་འདྲིལ་ཆས་དང་ལྡན། ། སྲིང་བཞི་སྨུག་ནག་ཐོད་ཁྲག་དང།། ཕུར་འདྲིལ་རྒྱན་རྣམས་རྫོགས་པར་བསྐྱེད།། སྤྱན་དྲངས་མཆོད་པ་གོང་བཞིན་ནོ།། སྔགས་ནི་འདི་ལ་ཡང་དག་པ།། དམོད་པར་གསང་སྔགས་བཟླས་པ་ཡིས།། ནུས་པ་ལྡན་པར་བྱས་པ་སྟེ། ། རིམ་པ་གོང་བཞིན་ཤེས་པར་བྱ།། བསད་པའི་རིམ་པ་གོང་བཞིན་དུ།། ཕུར་པ་མགོ་ལ་སོགས་པར་གདབ།། ལས་མཐའ་བརྟུལ་ཏེ་བྱས་པས་ནི།། ཉམས་པ་སྒྲོལ་བར་ངེས་པ་ཡིན།། འདི་ནི་སྟོབས་ཆེན་འཁོར་བཅས་ཏེ། ། ཁྲག་གི་རྒྱ་མོ་དྲལ་བ་བཞིན།། མཐུ་དང་རྫུ་འཕྲུལ་དབྲོག་པ་དང།། ལིངྒ་ཕུར་པ་རྣམ་གཉིས་དང།། གུ་གུལ་ལུག་མིག་བཅས་པ་རྣམས།། འབྲུབ་ཁུང་ནང་དུ་ངེས་པར་གཞག། རྩ་བས་སྟེང་འོག་ཁྲོ་བོ་བསྐྱེད། ། དེ་ཡི་རིམ་པ་རྫོགས་བྱས་ལ།། བཟླས་པས་ཁྲོ་བོ་རྣམ་གཉིས་ཀྱིས།། མཐུ་དང་རྫུ་འཕྲུལ་འཕྲོག་པར་བསམ།། བར་དུ་རྫས་ཀྱིས་དེ་བཞིན་བྱ།། ཕུར་པ་གཉིས་ཀྱིས་གནས་སུ་གདབ། ། དེ་ཡང་ཚིག་དང་བཅས་པའོ།། འདིས་ནི་དྲེགས་པ་གང་ཡང་རུང།། མཐུ་དང་རྫུ་འཕྲུལ་མེད་པར་བྱེད།། ཉམས་པ་དག་ལ་སྨོས་ཅི་དགོས།། སྦྱོར་སྒྲོལ་མཆོད་པ་ཀུན་ལ་ནི།། མན་ངག་ཤེས་པས་ཤེས་པར་བྱ། ། དང་པོ་བཅུ་གཅིག་གཙོ་བོ་གདབ།། གཉིས་པ་བརྒྱད་དེ་ཁྲོ་བོ་ཡིན།། གསུམ་པ་དམ་ཅན་བཞི་པ་ཡང།། སྟོབས་ཆེན་གདབ་པ་ཤེས་པར་བྱ།། ལྔ་པ་ཕྲ་མེན། ཕྲིན་ལས་གདབ་པར་བྱ།། བདུན་པ་ཀུན་སྒྲོལ་བརྒྱད་པ་ཡང། ། ཀུན་ལ་གྲོལ་བར་ཤེས་པར་བྱ།། ཚེ་ལུང་ཁྲུས་ལུང་ངེས་པར་སྦྱར།། སྲས་མཆོག་ཕུར་པ་དམ་ཚིག་ནི།། ཀུན་ལ་བསྟན་པར་མི་བྱའོ།། མཐུ་ཡི་དཔེ་དོན་བཞི་ཤེས་བྱ།། འདུས་པ་གསུམ་ནི་ངེས་པ་ཡིན། ། འདི་ལ་སོགས་པའི་རིམ་པ་རྣམས།། རྣལ་འབྱོར་དོན་ལྡན་མཁས་པ་ཡིས།། ཉམས་པ་བསྒྲལ་ན་མངོན་སངས་རྒྱས།། ཀུན་ལ་བྱས་ན་དམྱལ་བར་ལྟུང།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། རྩ་བའི་ལྷ་བསྒྲུབ་པ་བསྟན་པ་སྟེ་ལེའུ་བཅུ་བདུན་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས།། ཀཱི་ལ་ཡ་ལ་འདི་སྐད་གསོལ།། ཨེ་མ་ངོ་མཚར་ཆེན་པོ་དེས།། དུས་ངན་ཐ་མ་དུས་ཀྱི་ཚེ། ། རྣལ་འབྱོར་ནང་འགྲས་འབྱུང་འགྱུར་ན།། སྦྱོར་བ་གཞོམ་དང་ཁ་སྦྱོར་དབྱེ།། བཟློག་དང་བསྲུང་བ་བཤད་དུ་གསོལ།། དེ་སྐད་གསོལ་པར་བཀའ་སྩལ་པ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། དུས་ངན་ཐ་མ་བྱུང་བ་ལ། ། རྣལ་འབྱོར་ངེས་པའི་དོན་དེའི་ཕྱིར།། དེ་དག་ངས་ནི་རབ་བཤད་དོ།། ཕྱི་ནང་བྷནྡྷྲཱའི་རིམ་པ་བཞིན།། ཤེས་བྱ་བསད་པའི་རིམ་པ་ཡང།། འབྲུབ་ཁུང་གསུམ་བརྩེག་ལྡན་པ་ལ།། རྩ་དང་ཕུར་པས་རབ་ཏུ་བསྐོར། ། རབས་ཆད་ཐོད་པ་ཁ་སྦྱར་ལ།། མན་ངག་རིམ་པར་སྦྱར་བ་དང།། ལིངྒ་སྔགས་བཅས་རབ་དགོད་དེ།། ཐུན་ཁྲག་བཅས་པའི་སྐུད་པས་བཀྱིག། འབྲུབ་ཁུང་ཁ་ལ་རྩང་གིས་བརྒྱན།། ཐུན་རྫས་དམ་རྫས་བཅས་པའོ། ། གབ་པའི་ལས་རྣམས་རྫོགས་པར་བྱ།། ཁ་སྦྱོར་དབྱེ་བ་གསུམ་བྱས་ལ།། རྩ་བའི་རིམ་པས་བདག་ཉིད་ནི།། དབུ་དགུ་ཕྱག་ཀྱང་བཅཝ་བརྒྱད་དེ།། རྒྱན་ལྡན་འཇིགས་པར་བསྐྱེད་པར་བྱ།། གཡས་ན་ཕྲ་ཐབས་གཡོན་ཕུར་པ། ། ཁྲོ་བོ་ལ་སོགས་དེ་བཞིན་ནོ།། དེ་ལྟ་བུ་ཡི་ཏིང་འཛིན་གྱིས།། ཁོ་ཡི་ལྷ་ཉིད་སྦྱར་བར་གཞོམ།། སྙིང་ཁྲག་ལ་སོགས་འཐུང་བར་བརྟག། སྤྱན་དྲངས་ལ་སོགས་གོང་བཞིན་ནོ།། སྔགས་རྣམས་ཀུན་ལ་གཞོམ་པ་ཡི། ། བཟླས་པས་ཁོ་ཉིད་སྦྱོར་བ་གཞོམ།། རི་རབ་རྒྱ་གྲམ་བར་དུའོ།། བར་བར་ཁ་དབྱེ་ཐུན་དབབ་བོ།། སྙིང་ལ་ཁྲག་གནས་ཁྲོ་བོ་ནི།། ཡཀྴ་མེ་དབལ་བསམ་པ་ཡི།། ཁོ་ཉིད་ལུས་པོ་བསྲེག་པར་བྱ། ། ཕྱི་དང་ནང་གི་ཉམས་པ་ནི།། མན་ངག་རིམ་པས་སྦྱོར་གཞོམ་བསད།། ཡང་ན་མས་ཟློག་ཤེས་པར་བྱ།། ཡང་ན་དགུག་པར་ཤེས་པར་བྱ།། ཁོ་ཡིས་གང་བྱེད་ཡི་དམ་ནི།། ལྷ་ཡིས་ངེས་པར་གསད་པར་བྱ། ། ཕུར་པ་བཏབ་སྟེ་གསད་པར་བྱ།། ཟོར་འཕང་ཐོད་པ་མལ་འོག་ཏུའོ།། འདི་ནི་སྦྱོར་བ་གཞོམ་པ་སྟེ།། དམ་མཉམ་ངེས་པར་བསྒྲལ་བར་བྱ།། བདག་ཉིད་བསྲུང་བ་བྱད་བཟློག་པ།། འབྲུབ་ཁུང་གོང་བཞིན་མཆོད་རྟེན་བཅས། ། དམ་རྫས་ཚང་བར་ངེས་པ་ཡིས།། ལྷ་ཕུར་རངས་པ་ཀུན་ལ་ཡང།། སྔགས་པས་སྲུང་བཟློག་བརྟགས་ལ་བྲི།། བུམ་པ་དག་ལ་དགོད་པར་བྱ།། འོག་ཏུ་གསད་པའི་རིམ་པར་བྱ།། འཁོར་ལོ་ཕུར་པ་བཅས་པའོ། ། སྟེང་དུ་སྲུང་བའི་རིམ་པ་ཡང།། འཁོར་ལོ་རིམ་པ་གསུམ་བྱས་ལ།། སྲུང་བཟློག་སྔགས་བྲིས་གཞག་པར་བྱ།། མལ་འོག་མན་ངག་ཤེས་པར་བྱ།། ཕྲིན་ལས་ཕུར་ཟོར་དེ་བཞིན་ནོ།། བསྐྱེད་པ་ལ་སོགས་དེ་བཞིན་བྱ། ། སྲུང་བར་བཟློག་པའི་རྩ་སྔགས་བཟླས།། ཏིང་ངེ་འཛིན་གྱི་བསྲུང་བཟློག་བསམ།། བར་བར་ཐུན་གྱི་རིམ་པ་བྱ།། ཕུར་པའི་ཟོར་ཡང་འཕང་བར་བྱ།། དེ་དག་སྐབས་སུ་ཤེས་པའོ།། རྩ་བས་བསྐུལ་ཏེ་བྱད་བཟློག་པས། ། ཁོ་ཉིད་བཟླས་ཏེ་གསད་པར་བྱ།། ཕུར་པ་དབང་བསྐུར་བྱིན་བརླབས་པས།། མཁས་པས་ཡང་དག་སྦྱར་བར་བྱ།། གང་བྱུང་མན་ངག་རིམ་བཞིན་བཟློག། སྲུང་བའི་འཁོར་ལོ་མགུལ་དུ་གདགས། ། ཁོ་ཉིད་གསང་འདོད་ཕུར་པ་གདབ།། ཟོར་འཕང་བསྲེག་ལ་ལས་རྣམས་བྱ།། མནན་པའི་རིམ་པ་རྫོགས་བྱས་ནས།། བདག་བསྲུང་མཐུ་བཟློག་ཁོ་ཉིད་འཆི།། འདི་ནི་ཕུར་པའི་མན་ངག་སྟེ། ། ཀུན་ལ་གསང་བར་ངས་བཤད་དོ།། སེམས་ཅན་གཞན་ཡང་བསྲུང་བ་ན།། གང་མཚམས་དབང་དང་བསྐུར་བར་བྱ།། སྲུང་བའི་འཁོར་ལོ་ཕུར་པ་དང།། བཅའ་ཐབས་གོང་བཞིན་ཤེས་པར་བྱ།། སྲུང་བའི་སྔགས་ནི་རབ་ཏུ་བཟླས། ། མ་མོ་གནོད་ན་མ་མོ་བསྲུང།། ས་བདག་གནོད་ན་ས་བདག་བསྲུང།། ཀླུ་དང་རྒྱལ་པོ་ལ་སོགས་པ།། སྲུང་བའི་མན་ངག་ལེགས་པར་བྱ།། རིམས་ནད་ལ་སོགས་བསྲུང་བ་ཡང། ། ཁྱད་པར་མན་ངག་གིས་ཤེས་བྱ།། སེར་བ་བསྲུང་བའི་རིམ་བཞིན་ནོ།། འཁོར་ལོ་ཕུར་པ་རྫས་རྣམས་ནི།། ཀུན་ལ་དགོས་པར་ངས་བཤད་དོ།། ཐུགས་རྗེ་ལྡན་པའི་སྔགས་པ་དེས།། ཕུར་པས་ཐམས་ཅད་བསྲུང་བར་བཤད། ། དེ་བཞིན་ཉིད་ནི་མ་བཅོས་པ།། ཀུན་ཏུ་སྣང་བའི་སྣང་བ་གསལ།། རྒྱུ་ནི་ཀུན་གྱི་རྒྱུ་རུ་བཤད།། དུས་དང་གནས་སྐབས་ཤེས་པ་ཡི།། གང་བྱས་མངོན་སངས་རྒྱས་པར་བཤད།། ཅེས་གསུངས་སོ། ། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། མན་ངག་མཐའ་བརྟུལ་བསྟན་པ་སྟེ་ལེའུ་བཅོ་བརྒྱད་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་ཧོ་འཇིགས་བྱེད་ཐུགས་རྗེ་ཅན།། ངེས་ཚིགས་རྣམ་པར་ངེས་པ་དང།། བཤད་པའི་དོན་རྣམས་ཡང་དག་པ།། ཕྱི་རབས་རྣལ་འབྱོར་དོན་ཕྱིར་གསུངས།། དེ་སྐད་གསོལ་པས་ཀཱི་ལ་ཡས། ། གསན་ཏེ་རབ་ཏུ་བཀའ་སྩལ་པ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་ཆེན་པོ་རིགས་ཅན་གྱི།། དེ་ཡི་ཕྱིར་ན་ངས་བཤད་དོ།། དང་པོ་ཚིགས་སུ་བཅད་པ་གསུམ།། ཏིང་འཛིན་རྣམ་གསུམ་རིམ་པ་བཞིན།། སྐུ་གསུམ་ལྟ་བ་ཡིན་ཞེས་བྱ། ། དེ་འོག་ཡི་གེ་ཚིགས་བཅད་གསུམ།། གཞལ་ཡས་ཁང་ན་ཡེ་ཤེས་སེམས།། དེ་འོག་ཚིགས་སུ་བཅད་པ་བཞི།། རྩ་བ་བསྐྱེད་པ་ཡང་ན་ནི།། གནས་སྤར་ཚིགས་སུ་ཤེས་པར་བྱ།། དེ་འོག་སྔགས་ནི་རྩ་བ་སྟེ། ། རྩ་བས་དོན་བཞིར་ཤེས་པར་བྱ།། དེ་འོག་འཁྲུགས་བཅས་རིམ་གསུམ་ནི།། ཁྲོ་བོ་བསྐྱེད་པར་ཤེས་པར་བྱ།། འཁྲུགས་བཅས་ཚིགས་གསུམ་ཕུར་པ་རྫས།། དེ་འོག་ཚིགས་གསུམ་གསོལ་བཏབ་པ། ། དེ་འོག་ཚིགས་བཞི་དབང་བསྐུར་བས།། སྲོག་གཉིས་ཡེ་ཤེས་བསྒྱུར་བར་ཤེས།། སློབ་མ་དབང་བསྐུར་རིམ་ཤེས་བྱ།། དེ་འོག་གསང་སྔགས་ཚན་བཅུ་གཅིག། ཕྱོགས་བཅུ་ཁྲོ་བོའི་གསང་སྔགས་ཡིན། ། དེ་འོག་རྡོ་རྗེའི་ཚིག་གསུམ་ནི།། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བཞིན།། དེ་འོག་གསུམ་ནི་དངོས་གྲུབ་དང།། རྟགས་དང་མཚན་མའི་དོན་ཡིན་ནོ།། དེ་འོག་དུས་ལ་བབ་བརྒྱད་ནི།། གནད་ལ་དབབ་པའི་ཀློང་དྲུག་དང། ། སྒྲུབ་ཐབས་དྲུག་ཏུ་ཤེས་པར་བྱ།། དེ་འོག་དཀྱུས་ཚིག་བཅུ་གཅིག་པ།། སྦྱོར་བའི་མཆོད་པ་དབུལ་བར་བྱ།། སྔགས་ནི་ཡབ་ཡུམ་བཅས་པ་དང།། བསྡུ་དང་སྤྲོ་དང་མཆོད་པའོ།། གནད་དབབ་ཚེ་ལུང་ཁྲུས་ལུང་ངོ། ། དེ་འོག་སྔགས་ནི་ཡོན་ཏན་དག། ཉི་ཤུ་རྩ་གཅིག་བརྗོད་པར་བྱ།། དེ་འོག་དཀྱུས་ཚིག་བརྒྱད་པ་ནི།། སྦས་པ་དྲུག་སྟེ་མཆོད་ཡིན་ནོ།། དེ་འོག་གསང་སྔགས་ལྔ་པ་ནི།། ཁྲོ་བོ་དག་དང་མཚམས་ལྔའི་ལྔ། ། དེ་འོག་དྲུག་ནི་གབ་སྔགས་ཡིན།། དེ་འོག་དཀྱུས་ཚིག་བཞི་པ་ནི།། དམ་ཅན་གནད་ལ་དབབ་པའོ།། གསང་སྔགས་གསུམ་ནི་ཁྲོ་བོའི་སྔགས།། དེ་འོག་བདག་ཉིད་མ་ཡི་སྔགས།། དེ་འོག་ཤྭ་ན་མ་ཡི་སྔགས། ། དེ་འོག་བསེ་མོ་བཞི་ཡི་སྔགས།། འཁོར་བ་རྩད་གཅོད་མདོ་སྔགས་ཡིན།། དེ་འོག་དཀྱུས་ཚིག་དྲུག་པ་ནི།། སྟོབས་ཆེན་ལས་རྣམས་འགྲུབ་པར་བྱེད།། སྔགས་ནི་སྟོབས་ཆེན་མ་མོར་བཅས།། ལས་གཉེར་གཏད་པ་ཡིན་པར་ཤེས། ། དེ་འོག་བཞི་ནི་མཐུ་རྫུ་འཕྲུལ།། མེད་པར་བྱེད་པའི་ཚིག་ཡིན་ནོ།། སྔགས་ནི་སྟེང་འོག་ཁྲོ་བོ་ཡིན།། དེ་འོག་ལྔ་ནི་གནན་བསྲེག་འཕང།། དེ་འོག་མཆོད་དུ་ཤེས་པར་བྱ།། དེ་འོག་དཀྱུས་ཚིག་གསུམ་པ་ནི། ། སྦྱར་བའི་མཆོད་པ་དབུལ་བར་བྱ།། སྔགས་ནི་ཡབ་ཡུམ་བཅས་པ་དང།། བསྡུ་དང་སྤྲོས་དང་མཆོད་པ་དང།། དབྱེ་དང་བྱང་སེམས་རྣམ་གསུམ་དང།། གཟས་པའི་ཤེས་པ་གནས་སྤར་རོ།། དེ་འོག་དཀྱུས་ཚིག་ལྔ་པ་ནི། ། བདེན་པ་བདར་དང་གནས་སྤར་དང།། ཀུན་ལ་སྨོན་ལམ་དེ་ཤེས་བྱ།། དུས་གསུམ་བདེ་གཤེགས་སྙིང་པོ་ནི།། རྡོ་རྗེ་ཕུར་བུ་གཞོན་ནུར་བཤད།། ཐམས་ཅད་ཕུར་པར་རྟོགས་གྱུར་ན། ། དེས་ནི་ངེས་པར་ཐེག་ཆེན་ཤེས།། གཙོ་བོ་ལས་ནི་ཐེ་ཚོམ་མེད།། རྡོ་རྗེ་ཆོས་དབྱིངས་མི་འགྱུར་བར།། གཞོན་ནུ་གཟུགས་སྐུ་རྣམ་གཉིས་སོ།། ཡུམ་ནི་དབྱིངས་ལས་ཤེས་པར་བྱ།། སྲས་ནི་ཡབ་ཡུམ་ལས་བསྐྱེད་དེ། ། མཆོག་ནི་ཐོགས་པ་མེད་པའོ།། ཁྲོ་བོ་དབྱིངས་ལས་ཡེ་ཤེས་ཀྱིས།། ཉོན་མོངས་པ་དག་ཁྲོ་བར་བྱེད།། དེ་དོན་གསུམ་དུ་ཤེས་པར་བྱ།། ཁྲོ་མོ་ཤེས་རབ་དབྱིངས་ཡིན་ནོ།། ཕྲ་མེན་གང་དང་འབྲེལ་པ་སྟེ། ། མགོ་བརྙན་དག་ཏུ་ཤེས་པར་བྱ།། དང་པོར་དམ་ལ་གནས་པར་བྱ།། ཕྱིས་ནས་ལས་རྣམས་བྱེད་པ་ནི།། དོན་དང་ལྡན་པས་དམ་ཅན་ཡིན།། ཕུར་པའི་དོན་ནི་ངེས་པར་བཤད།། བསྙེན་པས་ལྷ་ཉིད་ཉེ་བ་སྟེ། ། བསྒྲུབ་པས་དོན་གྱིས་འབྲས་བུ་སྩལ།། བསད་པས་མཱ་ར་གདོན་མི་ཟ།། བསྲེག་པས་ཉོན་མོངས་བསྲེག་པ་ཡིན།། ཟོར་ནི་དམ་ཅན་རྦོད་པའོ།། མནན་པས་ཕུར་ལྔ་མནན་པས་སོ།། ཉོན་མོངས་མ་ལུས་མནན་པའོ། ། ཉོན་མོངས་ཡེ་ཤེས་གནས་པའོ།། གནས་པ་མེད་པར་བཤད་པ་ཡིན།། འདིས་ནི་ངེས་རྣམས་འཆད་པའོ།། དཀྱིལ་ནི་ཡེ་ཤེས་ཕུར་བུ་ལ།། འཁོར་ནི་ཡོན་ཏན་ཀུན་ཡིན་ནོ།། རྩ་བ་ཀུན་འདུས་ཡིན་པས་ཏེ། ། བདག་ནི་ཐམས་ཅད་དབང་དུ་འགྱུར།། ཕྱོགས་ནི་རོལ་པའི་ཆ་ལ་ངེས།། ཁྲོ་བོ་འདུལ་བར་བྱེད་པའོ།། ཕུར་པ་མཚོན་པར་བྱེད་པ་སྟེ།། རྫས་ནི་མཚན་མར་ངེས་པའོ།། དཀྱིལ་ནི་རང་རང་གཙོ་བོ་ལ།། འཁོར་ནི་ཀུན་ལ་ཤེས་པར་བྱ། ། དབང་བསྐུར་ཆེ་བར་བྱེད་པའོ།། སྤྱན་དྲངས་དོན་དང་ལྡན་པ་སྟེ།། མཆོད་པ་མཉེས་པར་ཤེས་པར་བྱ།། དེ་ལ་སོགས་པའི་ངེས་པ་ནི།། རྣལ་འབྱོར་ཡང་དག་ལྡན་པས་སྤྱད།། འདེབས་པ་ལ་སོགས་ངེས་པ་ནི། ། རྡོ་རྗེ་སྲིན་པོའི་ནམ་ནི་ལངས་ལ་གདབ།། རྡོ་རྗེ་བདུན་ནི་ནམ་གུང་དག་ལ་གདབ།། རྡོ་རྗེ་མ་མོ་སྲོད་ལ་ཤེས་པར་བྱ།། རྡོ་རྗེ་སྲིན་པོ་ཉི་མ་གུང་ལའོ།། དེ་མིན་ཡང་ན་དུས་ལ་བབ།། གར་དགར་བཏབ་པས་སྔགས་པ་ཕུང། ། དེ་བས་དུས་ཚོད་རབ་ཤེས་པས།། གང་བྱས་འབྲས་བུ་ཉིད་དུ་གྱུར།། འཇིག་རྟེན་ལྷ་སྲིན་བྲན་དུ་འཁོལ།། དངོས་གྲུབ་རྣམ་གཉིས་འཐོབ་འགྱུར་ཏེ།། རིག་འཛིན་ཉིད་དུ་ངེས་པ་ཡིན། ། ཡང་དག་རྟོགས་ན་ཀུན་ཀྱང་ཕུར།། མ་རྟོགས་པ་ལ་ལས་འདི་བཤད།། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཐེ་ཚོམ་རྣམ་པར་གཅོད་པ་སྟེ་ལེའུ་བཅུ་དགུ་པའོ། །།། དེ་ནས་འཁོར་བྱང་ཆུབ་སེམས་དཔའ་མང་པོ་དང། དམ་ཅན་དྲེགས་པ་ཅན་མང་པོའི་ཚོགས་མང་པོས་གཙོ་བོ་ལ་སོགས་པ་ལ་བསྟོད་པ། ཧཱུ~ཾ་ཆོས་ཉིད་ངང་ལས་སྐུར་བཞེངས་ཁྲོ་བོ་ཆེན་པོ། ། རང་བྱུང་ཕུར་བུས་ཐམས་ཅད་མ་ལུས་མཁྱེན་པར་མཛོད།། ཚམ་རྔམས་གད་སྒྲ་ཞབས་དྲེགས་བསྒྲོལ་བར་མཛད།། ཡབ་ཡུམ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད།། རང་བྱུང་ཕུར་བུ་ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས། ། ཕྲིན་ལས་ལྔ་ཡིས་དྲེགས་པ་སྒྲོལ་མཛད་ཡང་དག་དགོད།། ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔ།། སྲས་མཆོག་ལྔ་ཡི་སྐུ་ལ་གུས་པས་ཕྱག་འཚལ་བསྟོད།། ཡེ་ཤེས་རོལ་པའི་སྟོབས་བཅུས་མི་དགེ་འཇོམས། ། སྐུ་གསུང་ཐུགས་ཀྱིས་གདུག་པ་མ་ལུས་སྒྲོལ་བར་མཛད།། ཡང་དག་དོན་གྱིས་ལོག་པ་རྣམ་པར་འདྲེན་མཛད་པ།། ཁྲོ་བོ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད།། བྱང་ཆུབ་སེམས་དཔའ་སྤྲུལ་པའི་ཕོ་ཉ་མོ། ། ཡེ་ཤེས་དོན་ལས་ཕྲ་ཐབས་གཟུགས་འཛིན་ཅིང།། དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ།། ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་ལས་ཀྱི་དོན་རྣམས་མ་ལུས་རྫོགས་པར་མཛད། ། དབྱིངས་ལས་ངེས་པས་ཐེ་ཚོམ་གཅོད་པར་རབ་མཁས་པས།། འཁོར་བ་མ་ལུས་སེམས་ཅན་ལུས་ངག་ཡིད་གསུམ་ཚིམས་པར་བྱེད།། ཀརྨ་ཧེ་རུ་ཀ་ལ་དང་བས་ཕྱག་འཚལ་བསྟོད།། ཅེས་ལན་མང་པོར་བསྟོད་པ་དང། མཆོད་པ་མང་པོས་མཉེས་པར་བྱས་སོ།། དེ་ནས་བཛྲ་ཀཱི་ལ་ཡས་གར་གྱི་ཆ་ལུགས་སོགས་བསྟན་པ། རྡོ་རྗེ་སྲིན་པོའི་གསུང་དང་རྡོ་རྗེ་རྣམ་པར་གསོར་ནས་འཁོར་རྣམས་ལ་གདམས་པ་རྣམ་པར་བཤད་པ་འདི་གསུངས་སོ། ། ཉོན་ཅིག་གསང་བདག་ལ་སོགས་ཉོན།། རྡོ་རྗེ་ཕུར་པའི་ཚོགས་ཀུན་ལ།། ཁྱེད་ལ་སོགས་པའི་འཁོར་རྣམས་ཀུན།། ཤིན་ཏུ་དང་བ་ངེས་པར་ཞོག། ཕྱི་རབས་དུག་ལྔ་སྨིན་པ་ཡི། ། སེམས་ཅན་རྣམས་ལ་སྣང་བར་གྱིས།། མཁས་ཤིང་ངང་ཚུལ་བཟང་བ་དང།། རིགས་ལྡན་དམ་ཚིག་ལྡན་པ་ཡིས།། གང་བསྒྲུབ་ལས་རྣམས་འགྲུབ་ངེས་པ།། དེ་ལ་རབ་ཏུ་སྣང་བར་གྱིས།། བསྟན་པའི་སྙིང་པོ་གང་གནས་པར། ། དམ་ཅན་ཡོངས་ཀྱང་གནས་འགྱུར་ཏེ།། དེར་ནི་ལེགས་པ་མང་པོ་འབྱུང།། ཁྱེད་ཀྱིས་དེ་ཡིས་གྲོགས་མཆོག་གྱིས།། གསང་སྔགས་ཤིན་ཏུ་རྣལ་འབྱོར་འདི།། སངས་རབས་བདུན་གྱིས་མ་གསུངས་ཏེ། ། སེམས་ཅན་ངང་བཟང་ལས་མེད་ཡིན།། ཕྱིས་ནི་གཉིས་སུ་མི་འབྱུང་སྟེ།། དེ་ཡང་གོང་བཞིན་ཤེས་པར་བྱ།། འདིར་ནི་ལས་རྣམས་ཐ་དད་པ།། ཉོན་མོངས་རགས་ཀྱང་ལས་སྐལ་ཅན།། མི་མཇེད་འདི་རུ་སྣང་བ་ཡིན། ། དེ་ཕྱིར་དེ་ཡིས་དོན་དེ་ཤེས།། གཞུང་དང་མི་ལྡན་རྣལ་འབྱོར་པས།། འདི་བཅངས་དེ་ཡིས་དེ་སྲོག་གཅོད།། འདི་ནི་ཁྱེད་ཀྱིས་མི་སྣང་བྱོས།། དེ་བས་ང་ཡི་ལུང་ཆེན་ལ།། ཚིག་འགའ་ཐོས་ན་སངས་རྒྱས་ངེས། ། འདི་ནི་ཀོ་ས་ལ་ཡི་གླིང།། དེར་ནི་རིགས་ཅན་དེ་ལ་འབབ།། སྤྲུལ་པ་འཇིག་རྟེན་མི་གནས་ཚེ།། ཁྱེད་ཀྱི་སྤྲུལ་པ་པད་མའི་རྒྱལ།། དེ་ཡི་ནུས་པས་དོན་བྱེད་འགྱུར།། དེས་ན་འདི་ནི་གསང་བའི་ཚེ།། རྣལ་འབྱོར་ངེས་པར་ཁྱེད་ཀྱིས་ཟུང། ། ཀུན་འབྱུང་གྱུར་པ་ཤེས་པ་ཡིས།། དེས་ན་འདི་ནི་ཕུར་པར་གཟུང།། རླག་པར་བྱེད་དང་འདུལ་བར་བྱེད།། གཉིས་སུ་མེད་པའི་རྒྱུད་དུ་ཟུང།། ཐེ་ཚོམ་མ་ལུས་གཅོད་པས་ན། ། ཕྱི་མ་ཞེས་པར་རབ་ཏུ་ཟུང།། ཉོན་མོངས་བརྒྱ་སྟོང་ཕྲག་མང་ཡང།། ཀུན་གྱི་རྩ་བ་མ་ཡིན་པ།། ཐེག་པ་བརྒྱ་སྟོང་ཕྲག་མང་ཡང།། ངེས་པར་ཐེག་པ་གཅིག་ཏུ་བཤད།། ཡང་ན་གཉིས་ཏེ་དེ་འདིར་འདུས། ། སྲིད་པ་བརྒྱ་སྟོང་ཕྲག་མང་ཡང།། ཡང་དག་རྩ་བར་འགྲོ་བའི་ལམ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང།། དེ་ལ་དེ་བརྟེན་དེས་སངས་རྒྱས།། མྱ་ངན་འདས་པའི་ཐིག་ལས་མེད།། ཅེས་གསུངས་སོ། ། འཁོར་རྣམས་དམ་ཚིག་ཅན་དུ་གྱུར་ནས། དོན་ཁས་བླངས་ཏེ་མཆོད་པ་མང་པོས་མཆོད་ནས། ཕྱིར་རང་རང་གི་གནས་སུ་དོང་ངོ།། བཅོམ་ལྡན་བཛྲ་ཀཱི་ལ་ཡ་ལ་སོགས་པ་རྣམས་ཀྱང། སྐུ་སྣང་བ་དང་སྟོང་པའི་དབྱིངས་ཡེ་ཤེས་ལ་གཉིས་སུ་མེད་པར་གྱུར་ཏོ། ། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། བསྟོད་པ་དང་རྒྱུད་གཏད་པ་སྟེ་ལེའུ་ཉི་ཤུ་པའོ།།།། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད། རྟོགས་པའི་རྒྱལ་པོའི་རྒྱུད་ཕྱི་མ་ཞེས་བྱ་བ་རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་པདྨ་སམ་བྷ་ཝ་དང། བོད་ཀྱི་ལོཙྪ་བ་ཆེན་པོ་བྲང་ཏི་ཛ་ཡ་རཀྴི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །།། རྒྱ་གར་སྐད་དུ། ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ཀཱི་ལ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཆེན་པོ་རྡོ་རྗེ་ཕུར་པའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ།

CLOSE WINDOW