Wylie |
།།། རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང། བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ནས་བསྒྱུར་བའོ།།།། #།། རྒྱ་གར་སྐད་དུ། སརྦ་ཨ་མྲྀ་ཏ་པཉྩ་བྷ་བ་ཛཱ་ཏི་ཛ་ན་ནི་ཕ་ལ་རཏྣ་པྲ་བྷོ་ཏ་མ་ཛྭ་ལ་ཏནྡྲ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་འཁྲུངས་ཤིང་སྐྱེ་བར་བྱེད་པའི་འབྲས་བུ་རིན་པོ་ཆེ་འོད་ལྟར་འབར་བའི་རྒྱུད། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་བདུད་རྩི་བླང་དོར་མེད་པའི་མཛད་སྤྱོད་དེ་ཉིད་དགོངས་པ་ལ་ཕྱག་འཚལ་ལོ།། འདི་སྐད་ཐམས་ཅད་བདུད་རྩི་སྨན་དུ་ཤེས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ། རིགས་དང་ཡེ་ཤེས་ཀུན་གྱི་བདག་པོ། ཕྱི་དང་ནང་དང་མཐར་ཐུག་ཀུན་གྱིས་ཀྱང།། བདུད་རྩི་སྨན་གྱི་རང་བཞིན་དངོས་མཛད་པ། གདུལ་བྱ་གདུག་པ་ཅན་དུག་ལྡ་དང་ནད་བཞི་བརྒྱ་རྩ་བཞིས་གཟིར་བ་རྣམས་ལ་སྨན་གྱི་མཆོག་ཏུ་བཞུགས་པ། མཐའ་དང་དབུས་མེད་པ་ཕྱོགས་དང་རིས་མེད་པ། ཐམས་ཅད་བདུད་རྩིའི་ཕོ་བྲང་ཆེན་པོའི་གཞལ་ཡས་ཁང་ན། ཞི་བའི་ལྷ་ཚོགས་བདུད་རྩི་མཆོག་ཉིད་བདུད་རྩིའི་བདག་ཉིད་ཡུམ་བདུད་རྩི་འབེབས་མ། རིགས་ལྔ་ནི་བདུད་རྩི་སྐྱིལ་བ། ཁྲོ་བོ་བཅུ་ནི་བདུད་རྩི་སྲུང་བ། ལྷ་དང་ཀླུ་དང་ཚངས་པ་རྣམས་ནི་བདུད་རྩི་འཐུང་བའི་འཁོར་གྲངས་མེད་པ་བསམ་གྱི་མི་ཁྱབ་བརྗོད་ཀྱི་མི་ལང་བ་ཞིང་གི་རྡུལ་ཙམ་གྱིས་བསྐོར་སྟེ་བཞུགས་སོ། ། དེ་ལྟ་བུའི་འཁོར་གྱི་ནང་ནས་དཔལ་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ནས་ཞུ་བའི་སྤོབས་པ་དང་ལྡན་པར་བཞུགས་སོ།། བདུད་རྩི་རིན་པོ་ཆེ་ཇི་ལྟར་འཁྲུངས་པའི་རྒྱུད་ཅེས་བྱ་བ་ལས་གླིང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཡང་རྡོ་རྗེ་ཁྲོས་པ་དེས་ས་ལ་གནས་པ་དང། ས་ལ་སྤྱོད་པ་དང། ལམ་རིམ་པར་བསྒྲུབ་པ་དང། ཚངས་པ་དང། ལྷ་དང། ཀླུ་དང། གཟའ་དང་སྐར་མ་དང། གནོད་སྦྱིན་དང། ལྷ་དང་ལྷ་མ་སྲིན་སྡེ་བརྒྱད་དང། ནམ་གྲུ་དང། རོ་ལངས་དང། མཁའ་འགྲོ་མ་དང། མི་དང་དུད་འགྲོ་དང། དམྱལ་བ་དང། ཡི་དྭགས་དང། འབྱུང་བ་ལྔ་དང། རྩི་ཤིང་དང། ནགས་ཚལ་ཐམས་ཅད་རྫུ་འཕྲུལ་སྤྱན་གྱིས་གཟིགས་ནས། ཐམས་ཅད་བདུད་རྩིའི་རང་བཞིན་དུ་མཁྱེན་ཏོ།། དེ་ནས་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་ཞིང་བརྐྱང་ཕྱག་འཚལ་ནས་བསྐོར་བ་མཛད་དེ། རྡོ་རྗེ་ཁྲོས་པ་ལ་ཞུས་པ། ཐམས་ཅད་བདུད་རྩིའི་རང་བཞིན་ལ།། དུག་ཅེས་འབྱུང་བ་ཅི་ཡི་ཕྱིར།། སྐྱེ་ཤི་འབྱུང་བ་ཅི་ཡི་རྒྱུ།། འདི་དག་གསོ་ན་ཇི་ལྟར་ལགས། ། གདུལ་བའི་ཐབས་ནི་ཇི་ལྟར་བགྱི།། ཞེས་ཞུས་པས། རྡོ་རྗེ་ཁྲོས་པས་བཀའ་སྩལ་པ། ཐམས་ཅད་ཡེ་ནས་བདུད་རྩི་ལ།། དུག་ཅེས་བྱ་བ་ག་ལ་ཡོད།། རང་གི་སྦྱོར་བ་ལོག་མོད་ཀྱི།། ཧ་ལ་ནག་པོ་རྨ་བྱའི་གསོས། ། ཆུ་དང་མར་སྦྱར་སྙིང་རླུང་སྨན།། དུག་ཏུ་འཛིན་པ་སྦྱོར་བའི་སྐྱོན།། གྲང་བ་ཅན་ལ་ག་པུར་རྣམས།། སྦྱོར་བ་ལོག་ན་འཆི་བར་ནུས།། ཆུ་ཡིས་གསོས་ན་སྨན་མར་དུག། དེ་བཞིན་བདུད་རྩི་ཐམས་ཅད་དང། ། སྦྱོར་བ་ལོག་ན་ཀུན་ཀྱང་དུག། མཁས་པས་སྨན་དུ་ཤེས་གྱུར་ན།། འཇིག་རྟེན་གསུམ་དུ་གྲག་པ་ལ།། དུག་ཅེས་བྱ་བའི་མིང་ཡང་མེད།། ཐམས་ཅད་སྨན་དུ་གྱུར་པ་ལ།། མཁས་པས་སྦྱོར་བ་རིག་པར་བྱ། ། སྐྱེ་རྒ་ན་འཆིའི་ཆུ་བོ་ལ།། འཁོར་བའི་ས་བོན་རྩུབ་མོ་རྣམས།། སྡུག་བསྔལ་ལམ་གྱི་རྒྱུན་དུ་ཆགས།། རྩ་བ་བདུད་བཞི་མ་ཆོད་ན།། སྐྱེ་འཆི་འདི་ལས་ཐར་དུས་མེད།། དེ་དག་གསོ་བ་རྣམ་བཞི་སྟེ།། སྐྱེ་བ་གསོ་ན་བསོད་ནམས་ཚོགས། ། སྐྱེ་བ་རྣམ་བཞི་ཀུན་དཀའ་ཡིན།། ན་བ་གསོ་བ་སྨན་གྱིས་གསོ།། དེ་ལ་བཞི་བརྒྱ་རྩ་བཞི་ཡིན།། རྒས་པ་གསོ་ན་ཟས་ཀྱིས་གསོ།། ཡང་ན་རླུང་རྣམས་ཟད་པ་ཡིན།། འཆི་བ་གསོ་ན་བདུད་རྩི་བསྒྲུབ། ། ཚེ་ཡི་རིག་འཛིན་ཐོབ་པ་ཡིན།། གདུལ་བའི་ཐབས་ནི་སྐུ་གསུང་ཐུགས།། ཆོ་འཕྲུལ་ཟད་མི་ཤེས་པས་འདུལ།། ཞེས་བཀའ་སྩལ་པས། ཡང་ཕྱག་ན་རྡོ་རྗེས་ཞུས་པ། འཇིག་རྟེན་ཁམས་ནི་རབ་འབྱམས་ན། ། ཤིན་ཏུ་ལོག་པའི་སེམས་ཅན་རྣམས།། སྨན་ཞེས་བྱ་བའི་མིང་མེད་པས།། བདུད་རྩི་རྣམས་ཀྱང་སྒྲིབ་པས་བསྒྲིབས།། ལུས་ཀྱང་བཞི་བརྒྱ་རྩ་བཞིས་ཉེན།། ངག་ཀྱང་དེ་ཡི་རྗེས་སུ་འབྲེལ།། འདུ་བའི་དབང་པོ་དེ་ཡིས་སུ། ། སེམས་ཀྱི་སྐྱེ་ཤི་ཐག་མ་ཆོད།། ཤིན་ཏུ་རྨུགས་པའི་སེམས་ཅན་ལ།། གདུལ་ཐབས་སྤྲུལ་པ་མཛད་པར་རིགས།། ཞེས་ཞུས་པས། རྡོ་རྗེ་ཁྲོས་པས་དཀའ་སྩལ་པ། ཐམས་ཅད་བདུད་རྩིའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྤྲུལ་པ་མཛད་པ། ས་བཅུའི་བྱང་ཆུབ་སེམས་དཔའ་ལ།། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། བརྒྱད་པའི་ས་ལ་རིགས་གསུམ་མགོན།། ཚངས་རིག་རྣམས་ལ་ལྷ་ཆེན་གཟུགས།། ལྷ་རྣམས་ཀུན་ལ་བརྒྱ་བྱིན་ཏེ། ། ལྷ་མིན་རྣམས་ལ་ཐགས་བཟང་རིས།། གཟའ་སྐར་རྣམས་ལ་ཁྱབ་འཇུག་གཟུགས།། ཀླུ་རྣམས་ཀུན་ལ་འཇོག་པོ་སྟེ།། དམྱལ་བ་རྣམས་ལ་གཤེད་པོ་སྟེ།། སྒྲིབ་པ་རྣམས་ལ་ཁ་འབར་མ། ། དུད་འགྲོ་རྣམས་ལ་སེང་གེའི་ཚུལ།། མི་རྣམས་ཀུན་གྱི་འཇིག་རྟེན་དུ།། ཤཱཀྱ་ཐུབ་པའི་ཚུལ་བསྟན་ནས།། ལ་ལ་ཁྱིམ་པ་ལྟ་བུའི་ཚུལ།། ལ་ལར་ཁབ་ནས་རབ་ཏུ་འབྱུང།། ལ་ལར་དཀའ་ཐུབ་དཀའ་བ་སྤྱོད། ། ལ་ལར་བྱང་ཆུབ་ཤིང་དབང་དྲུང།། ལ་ལར་བདུད་བཞི་འདུལ་བར་སྟོན།། ལ་ལར་མྱ་ངན་འདས་ཚུལ་སྟོན།། ལ་ལར་སྐུ་གདུང་རིང་བསྲེལ་སྟོན།། ལ་ལར་ཆོས་ཀྱི་གླེགས་བམ་སྟོན།། ཞེས་ཐམས་ཅད་བདུད་རྩི་སྨན་གྱི་རང་བཞིན་དུ་བཏུལ་ལོ། ། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། གླེང་སློང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ། རྡོ་རྗེ་ཁྲོས་པ་ལ་ཞུས་པ། དེ་ཚེ་འགྲོ་དྲུག་སེམས་ཅན་རྣམས།། བདུད་རྩིའི་དོན་གྱི་ཐུལ་ལགས་ཏེ།། འཇིག་རྟེན་བཀོད་པའི་ས་ཤེད་ན།། རཱུ་ཏྲ་ནག་པོ་མ་ཐུལ་བ།། ཐུགས་རྗེའི་བདག་པོས་གདུལ་བར་རིགས།། ཐུགས་རྗེའི་བདག་པོ་བདེ་གཤེགས་ཏེ། ། རྩ་བ་སྡོང་པོ་ཡལ་ག་ཤུན་ལྤགས་དང།། ངར་བ་ལོ་མ་མེ་ཏོག་འབྲས་བུར་བཅས།། སེམས་ཅན་རྣམས་ཀྱི་གསོས་སུ་བྱིན་བརླབས་པས།། ཁྱེད་ཀྱི་བསྟེན་པ་འདི་ལ་གཟུད།། བཞི་བརྒྱ་རྩ་བཞིའི་ནད་དང་བྲལ། ། སྐྱེ་འཆི་བྱ་བའི་མིང་ཡང་མེད།། ཅེས་བཀའ་སྩལ་པས། རཱུ་ཏྲ་ནག་པོ་དེས་སེ་གོལ་ལན་གཅིག་བརྡབས་ནས། ཁམས་གསུམ་སྲིད་གསུམ་ང་ཡི་ཡུལ།། འགྲོ་དྲུག་སེམས་ཅན་ང་ཡི་ཟས།། རྩི་ཤིང་ནགས་ཚལ་ང་ཡི་གསོས། ། ས་ཕྱོགས་འདིར་ནི་ཁྱོད་ཅི་གཏོགས།། ཟེར་ནས་ཁོ་མ་ཉན་ནོ།། བདུད་རྩི་རིན་པོ་ཆེ་ཇི་ལྟར་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས་མ་དད་པ་གདུལ་བའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་རྡོ་རྗེ་འཛིན་པས་ཞུས་པ།། ལོག་པའི་རཱུ་ཏྲ་ཆེན་པོ་དེ།། རྒྱུ་དང་རྐྱེན་ནི་ཅི་ལས་བྱུང།། རིགས་དང་སྡེ་ནི་གང་དུ་གཏོགས།། འབྲས་བུ་སྨིན་པ་ཅི་ཞིག་ལགས།། བཏུལ་ན་ཡོན་ཏན་ཇི་ཙམ་ཐོབ། ། མ་བཏུལ་བ་ཡི་སྐྱོན་ནི་ཅི།། བཀའ་སྩལ་པ། རྒྱུ་ནི་གཟུང་འཛིན་སྨོན་ལམ་རྒྱུ།། རྐྱེན་ནི་ཆགས་སྡང་སྤྱོད་ལ་ཞེན།། རིགས་ནི་འཁོར་བའི་རིགས་ཅན་ཏེ།། སྡེ་ནི་འབྱུང་པོ་གདོལ་པར་གཏོགས།། སེམས་ལ་དུག་གསུམ་རྒྱུན་བཅངས་ནས། ། འཁོར་བའི་ལོ་འདབ་རྒྱས་པ་ཡིས།། སེམས་ཅན་སྨན་དུ་མ་ཤེས་པར།། འཇིག་རྟེན་ཁམས་ཀུན་དུག་ཏུ་སྤྱད།། འབྲས་བུ་རཱུ་ཏྲ་ཆེན་པོར་སྨིན།། བཏུལ་བའི་ཡོན་ཏན་དཔག་ལས་འདས། ། དུག་གསུམ་རྩད་གཅོད་འཁོར་དོང་སྤྲུགས།། འཁོར་བ་ཆོས་ཉིད་ཆེན་པོར་འགྱུར།། སེམས་དང་རྡོ་རྗེ་སེམས་དཔར་གནས།། ཁོག་པ་དུར་ཁྲོད་བརྒྱད་དུ་གྱུར།། ཕུང་པོ་བདུད་རྩི་སྨན་དུ་འཁྲུངས།། དུག་ཅེས་བྱ་བའི་མིང་ཡང་མེད། ། སྲིད་པ་གསུམ་གྱི་འཇིག་རྟེན་ཡང།། རཱའ་ས་ཡ་ན་སྨན་དུ་འགྱུར།། ཐམས་ཅད་བདུད་རྩི་བྱང་ཆུབ་སེམས།། མ་གཏུལ་བ་ཡི་སྐྱོན་བསྟན་པ།། ལྷ་དང་མི་ཡི་སྲིད་བརླག་ནས།། ཁ་ལོ་ལོག་པར་བསྒྱུར་ནས་ནི། ། ལུས་ལ་འཁོར་བའི་གཏེར་ཆགས་པས།། སྨན་ཞེས་བྱ་བ་མིང་ཡང་མེད།། འཇིག་རྟེན་གསུམ་ཡང་དུག་ཏུ་སྤྱོད།། དེ་བས་མངོན་པར་འདུ་མཛད་ནས།། ཐུགས་རྗེ་ཆེན་པོས་གཟིགས་པར་རིགས། ། ཞེས་གསུངས་སོ།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས་འབྲས་བུ་གཏན་ལ་ཕབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་བཀའ་བགྲོས་པ་ནི། རྡོ་རྗེ་འཛིན་པས་བཀའ་བགྲོས་པ། ། རང་སེམས་བདུད་རྩིའི་རང་བཞིན་ལ།། དུག་ཅེས་བྱ་བའི་མིང་མེད་དེ།། ཤིན་ཏུ་འཁྲུལ་པའི་དུག་ཏུ་བཟུང།། དེ་བས་མངོན་པར་འདུ་མཛད་རིགས།། ཞེས་བགྲོས་སོ།། དེ་བཞིན་གཤེགས་པའི་རིགས་ཀྱིས་བགྲོས་པ། ཕུང་པོ་ཡེ་ནས་བདུད་རྩི་ལ།། དུག་ཏུ་གཟུང་བས་སྐྱེ་ཤི་བྱུང།། དེ་བས་མངོན་པར་འདུ་མཛད་རིགས།། ཞེས་བགྲོས་སོ།། རིན་ཆེན་རིགས་ཀྱིས་བགྲོས་པ། འདུ་ཤེས་བདུད་རྩིའི་རང་བཞིན་ལ། ། སྦྱོར་བ་འཁྲུགས་པས་དུག་ཏུ་འགྱུར།། དེ་ལ་མངོན་པར་འདུ་མཛད་རིགས།། ཞེས་བགྲོས་སོ།། པདྨ་རིགས་ཀྱིས་བགྲོས་པ། འདུ་ཤེས་བདུད་རྩིའི་རང་བཞིན་ལ།། འཛིན་པ་ལོག་པས་དུག་ཏུ་འཁྲུལ།། དེ་ལ་མངོན་པར་འདུ་མཛད་རིགས། ། ཞེས་བགྲོས་སོ།། ལས་ཀྱིས་རིགས་ཀྱིས་བགྲོས་པ།། འཇིག་རྟེན་གསུམ་གྱི་རཱུ་ཏྲ་འདི།། ལས་ཀྱིས་འཇིག་རྟེན་ཁམས་འདིར་བྱུང།། དྲག་པོ་རང་དག་འཐུབ་ཚོད་ཀྱིས།། སྲིད་པ་གསུམ་གྱི་བདག་པོར་སྨིན། ། འཇིག་རྟེན་ཁམས་ཀུན་འཇིག་པར་བྱེད།། ཚངས་པ་ལྷ་དང་ཀླུ་དང་མི།། གནོད་སྦྱིན་གཟའ་དང་རྒྱུ་སྐར་དང།། སྨན་གྱི་དྲང་སྲོང་ཡིན་མོད་ཀྱང།། ཁོ་ཡི་འཁོར་དུ་བསྡུས་ནས་ནི།། སྲིད་པ་འཇིག་རྟེན་སྣང་སྲིད་ཀུན། ། དུག་ཏུ་སྤྱོད་པའི་རཱུ་ཏྲར་གྱུར།། ལྷ་མོ་ཀླུ་མོ་མཁའ་འགྲོ་མ།། རྩི་དང་ནགས་ཚལ་སྨན་རྣམས་ཀྱི།། ཡེ་ནས་ལྷ་མོ་ཡིན་པ་ལ།། སླས་དང་བྱི་མོ་བྲན་མོར་བསྡུས།། ནད་དང་རིམས་ཀྱི་རྐྱལ་པ་བསྐུར། ། བཞི་བརྒྱ་རྩ་བཞི་ཤིན་ཏུ་འཁྲུགས།། ནད་ཀྱི་བདག་མོར་མངའ་ཡང་བསྐུར།། གཙང་རིགས་མགོན་པོ་བདུན་ཅུ་དང།། བཻ་ཤྲ་བ་དང་ཛཾ་བྷ་ལ།། བདུད་དང་གཤིན་རྗེ་མུ་སྟེགས་དང།། རྒྱལ་པོ་བཙན་དང་འབྱུང་པོའི་ཚོགས། ། ཁ་རླངས་བསམ་སྦྱོར་དུག་ཏུ་བསྒྱུར།། བཞི་བརྒྱ་རྩ་བཞིའི་ནད་ཀྱིས་འགེངས།། ཐམས་ཅད་བདུད་རྩི་སྨན་ཆེན་ལ།། དྲང་སྲོང་ཙམ་དུ་བཞག་པ་ཡི།། གདུག་པའི་རཱུ་ཏྲ་དྲག་པོས་སྒྲོལ།། ཞེས་བགྲོས་སོ། ། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས་བདེ་བར་གཤེགས་པ་བཀའ་བགྲོས་པའི་ལེའུ་སྟེ་ལྔ་པའོ།།།། དེ་ལྟར་བགྲོས་ནས་བདེ་བར་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་བསྡུས་ནས། རཱུ་ཏྲ་ཆེན་པོ་དེའི་ཚུལ་དང་བསྟུན་པའི་ཕྱིར་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བས་མཐའ་དང་དབུས་མེད་པར་ཁྱབ་པོ།། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཉོན་མོངས་པ་དུག་གསུམ་དང་དུག་ལྔ་དང། བཞི་བརྒྱ་རྩ་བཞིའི་ཉེན་པ་རྣམས་ལ། ཐུགས་རྗེ་ནམ་མཁའ་ལྟ་བུ་གཅིག་གིས་ཁྱབ་པར་མཛད་དོ།། ཐམས་ཅད་སེམས་ཀྱི་རང་བཞིན་དུག་ལྔ་འཇོམས་པའི་རང་བཞིན་ཡི་གེ་ཧཱུཾ་དུ་གནས་སོ། ། དེ་ལྟ་བུའི་ཡི་གེ་ལས་འོད་འཕྲོས་ཏེ།། ཨེ་ཞེས་པའི་སྒྲ་ལས་ནམ་མཁའི་རང་བཞིན་གོ་འབྱེད་པའི་བདུད་རྩིར་ཤར་རོ།། ཡཾ་ཞེས་པ་ལས་བསྒུལ་བསྐྱོད་ཐོགས་མེད་རླུང་གི་བདུད་རྩིར་ཤར་རོ།། རཾ་ཞེས་པ་ལས་སྲེག་པར་བྱེད་པ་མེའི་བདུད་རྩིར་ཤར་རོ། ། འཇུ་བ་དང་སྨིན་པར་བྱེད་པའི་རྐྱེན་བྱས་སོ།། ཁཾ་ཞེས་པ་ལས་ཆུའི་བདུད་རྩི་ཆེན་པོ་རླན་ཅིང་གཤེར་བ་གཅིག་ཏུ་གྱུར་ཏོ།། ཀུན་མཁའ་བསྐྱེད་ཅིང་སྒེག་པའི་ལས་བྱེད་དོ། ། སུ་ཞེས་པས་ཐམས་ཅད་པའི་བདུད་རྩིར་གྱུར་ཏེ། ཐམས་ཅད་བསྐྱེད་པ་དང་སྐྱེ་བའི་གཞི་བྱེད་དོ།། ལཾ་ཞེས་པས་སྤྱིར་སྡུད་པའི་བདུད་རྩི་ཤར་རོ།། དེ་ལྟར་འབྱུང་བ་ལྔ་ཤར་བའི་བདུད་རྩིའི་རང་བཞིན་གྱིས་ཤར་བ་དེ་ནམ་མཁའི་བདུད་རྩིས་གོ་འབྱེད། ས་ཡིས་གཞི་སྩལ། བྱང་ཆུབ་སེམས་ཀྱི་བྱིན་གྱི་བརླབས་ཀྱི་ས་བོན་བཏབ། ཆུ་ཡིས་རླན་སྩལ། མེ་ཡིས་དྲོད་སྩལ། རླུང་གིས་བསྐྱོད་པར་བྱས། དེ་བཞིན་དུ་རྩ་བ་བརྒྱད་ལོ་མ་དང་བཅས་པར་སྨིན་ནོ། ། རྟེན་འབྲེལ་བཅུ་གཉིས་ལ་བརྟེན་ཏེ་འཇིག་རྟེན་གྱི། ཁམས་ཐམས་ཅད་བདུད་རྩི་ཆེན་པོའི་གཞལ་ཡས་ལས་དུག་གི་སྣང་བ་མིང་ཡང་མེད་པར་འགྱུར་རོ།། དེའི་ཚེ་དེའི་དུས་ན་བདུད་རྩི་བླང་དོར་མེད་པ་ལ་དགོངས་ནས་ཁྲོས་པས་ཆོ་འཕྲུལ་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྲོ་བོ་འཆོལ་པས་མེར་གྱིས་བཀང་ངོ།། ཚམ་རྔམས་དྲག་པོས་འདིར་ཞིང་བརྫི་བའི་ཚུལ་མཛད། ཁྲོ་མོ་བཅུས་བདུད་རྩི་འཕྲོ་བའི་ཕྲིན་ལས་མཛད། ཁྲོ་བོ་བཅུས་ནི་ཡེ་ཤེས་ཀྱི་བདུད་རྩི་བསྲུངས། རིགས་ཀྱི་ཡུམ་ལྔས་ནི། ཡེ་ཤེས་ཀྱི་བདུད་རྩི་བསྐྱིལ། རིགས་ཀྱི་སྲས་ལྔས་བདུད་རྩི་འབེབས་སོ།། མཆེ་གཤོག་ཉི་ཤུས་བདུད་རྩི་འགུགས། དབུ་དགུ་ཕྱག་བཅོ་བརྒྱད་པ་ནི་བདུད་རྩིའི་ངོ་བོར་བཞུགས། དབུ་ལ་བུདྡྷ་བཞི་བཅུ་རྩ་བཞི་ནི་དུག་བཞི་བཅུ་རྩ་བཞིར་བསྒྱུར་ཞིང་བདུད་རྩིའི་མཆོག་ཏུ་བཞུགས་སོ།། ཤིན་ཏུ་བརྗིད་ཆེ་ཞིང་ཆེ་མཆོག་དབུ་དགུ་རུ་བརྩེགས་ཏེ་ཐམས་ཅད་བདུད་རྩིའི་ངང་དུ་ཤར་རོ། ། བདུད་རྩིའི་ངང་དུ་ཤར་བས་རཱུ་ཏྲ་དེས་ལན་ལྡོན་པ་དང་སྤོབས་པའི་གླགས་མ་རྙེད་དོ།། རུས་སྦལ་རྒྱར་ཞུགས་པ་བཞིན་གནས་སོ།། ཐུགས་རྗེ་ཆེན་པོའི་ལྕགས་ཀྱུས་གཟུང་སྟེ། ར་ཏྲི་རཱུ་ཏྲ་ར་ཀ་ཤའི་སྒྲ་བསྒྲགས་པས་རཱུ་ཏྲ་ནག་པོ་དེ་ན་རེ་ཡེ་ཤེས་ཁྱོད་ཀྱིས་གཟུང་བ་ལ་ཉམ་ཐག་པ་མ་ཡིན་ཏེ་ངའི་གནས་འཁོར་གཟི་བརྗིད་ལ་ལྟོས་དང་ཞེས་ཟེར་རོ།། དེར་དཔལ་ཆེན་པོས་ཁོའི་འཁོར་ལ་གཟིགས་པས་གནས་འཁོར་དེའི་ཕྱི་རོལ་ན་མ་དང་ཆུང་མ་བུ་མོ་བྲན་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་གཟིགས་ནས་དབང་དུ་བསྡུས་ཏེ་སྦྱོར་བ་མཛད་ནས། ཐམས་ཅད་དབང་དུ་བསྡུས་ནས་ཐམས་ཅད་བདུད་རྩི་སྨན་གྱི་ལྷ་མོར་བཞག་གོ། གདུག་པ་ཅན་གྱི་ཆགས་སྟག་དང་དོམ་དང་མགོ་ཅན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་དབང་དུ་བསྡུས་ཏེ་བསྒྲལ་ལ་ཁད་པ་ཙམ་དུ་མཛད་དོ། ། གཞལ་ཡས་ཁང་གི་གནས་འཁོར་ཕྱི་རོལ་ན། བྱང་ཆུབ་སེམས་ཀྱི་རང་བཞིན་གོ་རོ་ཙ་ན་དང་ཀེཾ་རུས་བསམ་གྱི་མི་ཁྱབ་པ་རྣམས། གསང་བ་བྱང་ཆུབ་སེམས་ལས་བདུད་རྩིར་སྤྲུལ་ཏེ། ཞལ་དུ་རོལ་ལོ།། མི་གཙང་བའི་འདམ་རྫབས་སྣ་ཚོགས་ཡོད་པ་དེ་དག་ནི། དྲི་ཆེན་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ཏེ་ཞལ་དུ་རོལ་ལོ།། གནས་འཁོར་དེ་ན་རྣག་དང་ཆུ་སེར་གྱི་ཞམ་ཆུ་བསམ་གྱི་མི་ཁྱབ་པ་གཅིག་གནས་པ་དེ་རྣམས་དྲི་ཆུ་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ཏེ་རོལ་ལོ། ། གནས་འཁོར་དེ་ན་རཀྟའི་རྒྱ་མཚོ་འཁྱིལ་པ་རྣམས་པདྨ་རཀྟ་ལས་བདུད་རྩིར་ཞལ་དུ་རོལ་ལོ།། དེར་རཱུ་ཏྲ་གཟི་བརྗིད་ཉམས་སོ།། ཉམས་པ་དེ་ལ་གདབ་པའི་སྔགས་དྲུག་གི་འཁོར་ལོ་དྲུག་རྫོགས་པར་བསྐོར་ནས། མིག་གཉིས་བར་སྣང་ལ་ཁམས་སུ་བསྐྱུར་བས། ཉི་ཟླ་གསལ་བ་ཐོབ་བོ།། ཁོའི་ལོངས་སྤྱོད་ཀྱི་རྒྱན་དུ་དུར་ཁྲོད་ཆས་བརྒྱད་ལ་སོགས་པ་ཕྱོགས་དེར་གནས། དེ་ཡང་ཡེ་ཤེས་ཀྱི་ཕུར་པས་བཏབ་ནས་བསྒྲལ་ལོ།། ག་གོ་ཐད་ཐེད་ནི་ཞལ་དུ་གསོལ། བདེ་བའི་ལྟོ་རུ་མིང་དེ་གནས་སོ།། ཡན་ལག་དང་བ་སྤུ་ཁ་ཅིག་ནི་ཡེ་ཤེས་ཀྱི་མེ་དཔུང་གིས་བསྲེགས་ནས་སྐུ་དང་གསུང་དུ་གནས་སོ། ། ལུས་ཀྱི་ཡན་ལག་རྣམས་བཤིགས་ཏེ་འཇིག་རྟེན་གྱི་ཁམས་ཁྱབ་པར་གཏོར་རོ།། ལམ་ཕྱིན་ཅི་མ་ལོག་པར་གནས་སོ།། སྙིང་བརྒྱ་རྩ་བརྒྱད་ཚངས་པའི་གནས་སུ་བརྒྱུད་པས་ཚངས་པའི་ཚེ་དང་ལྡན་པར་གྱུར་ཏོ། ། གློ་བ་ལྷའི་ཡུལ་དུ་བསྐྱུར་བས་ལྷ་ལོངས་སྤྱོད་དང་བློ་ཚད་དུ་ལྡན་ནོ།། ལྕེ་གནོད་སྤྱིན་ཡུལ་དུ་བསྐྱུར་བས་གནོད་སྤྱིན་མཐུ་སྟོབས་ཆེ་བར་གྱུར་ཏོ།། མིག་གཉིས་བར་སྣང་ཁམས་སུ་བསྐྱུར་བས་ཉི་ཟླ་གཉིས་ཀྱི་གསལ་བ་ཐོབ་བོ། ། རྐང་པ་འབྱུང་པོའི་ཡུལ་དུ་བསྐྱུར་བས་འབྱུང་པོ་ཁྱབ་ཆེའོ།། མགོ་སྲིན་པོའི་ཡུལ་དུ་བསྐྱུར་བས། སྲིན་པོ་གདོན་ཆེ་ཞིང་ཤ་ཟ་བའི་ལས་བྱེད་དོ།། ལག་པ་གཡས་པ་ཤར་ལྷོའི་གླིང་དུ་བསྐྱུར་བས་བཟོ་མཁས་ཤིང་སྒྱུ་མའི་གླིང་དུ་གནས་སོ། ། ལག་པ་གཡོན་པ་བདུད་ཀྱི་གླིང་དུ་བསྐྱུར་བས། བདུད་སྟོབས་དང་ལྡན་ནོ།། ཕོ་མཚན་སྒྲ་མི་སྙན་དུ་བསྐྱུར་བས། ཚེ་ལོ་སྟོང་ལས་མི་འགྱུར་རོ།། སྙིང་འཛམ་བུ་གླིང་གི་ཡུལ་མ་ག་དྷར་བསྐྱུར་བས། སྤྲུལ་སྐུའི་ཞབས་ཀྱིས་བཅག་པ་དང། སླད་ནས་བྱོན་པའི་སྙིང་སྟོབས་ཆེ། ལྟེ་བ་ཀླུ་ཡི་ཡུལ་དུ་བསྐྱུར་བས། སྲིད་པའི་མ་ཐ་ཙམ་བྱེད་པའི་གཏན་ཚིགས་བྱུང། སླད་མ་ལུས་ཀྱི་བྱེ་བྲག་རྣམས། ། འཇིག་རྟེན་ཁམས་ཀུན་ཁྱབ་པ་རུ།། ཐམས་ཅད་བདུད་རྩི་སྨན་དུ་སྤྲུལ།། ཕྱག་གིས་དྲངས་ནས་བཙིར་ནས་ནི།། རཱུ་ཏྲ་ཆེན་པོ་སྣམ་དུ་བཏོན།། ཤིན་ཏུ་རཱུ་ཏྲ་འགྱོད་པ་སྐྱེས།། ངུ་ཞིང་འགྱོད་པས་བཤགས་པར་བྱས། ། བདུད་རྩི་ཆེན་པོའི་དོན་གཉིས་བྱས།། ལྷག་མའི་ལུས་ཀྱང་གདན་དུ་ཕུལ།། སེམས་ནི་རྡོ་རྗེ་སེམས་དཔར་བརྟགས།། འཇིག་རྟེན་ཁམས་འདི་ཁྱབ་པ་རུ།། བདག་གི་རྣམ་ཤེས་སྨན་དུ་ཤོག། ཅེས་དམོད་བོར་བས་ལུས་བཤིག་ཚད་སྨན་དུ་གྱུར་ནས། དཔྱིད་རྩ་བའི་སྨན། དབྱར་སྡོང་པོའི་སྨན། སྟོན་མེ་ཏོག་དང་འབྲས་བུ་སྙིང་པོའི་སྨན་དགུན་ཤུན་ལྤགས་དང་ཐང་ཆུ་ཉིལ་བའི་སྨན། རང་རང་གི་རྩ་བ་བརྒྱད་ལ་ཡོན་ཏན་སྟོང་དང་ལྡན་ཞིང་འཇིག་རྟེན་ཁམས་སུ་ས་ལས་གནས་སོ། ། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲ་བསྒྲལ་ནས་ལུས་འཇིག་རྟེན་དུ་གྱུར་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་རྡོ་རྗེ་འཛིན་པས་རང་གི་སྟན་ལངས་ནས་རྡོ་རྗེ་ཁྲོས་པ་ལ། ཨེ་མ་ཧོ་རྡོ་རྗེ་ཁྲོས་པའི་གཙོ།། སངས་རྒྱས་ཡབ་གྱུར་དམ་པའི་བདག། བདུད་རྩི་ཉིད་ལ་ཕྱག་འཚལ་བསྟོད།། དབུ་ལ་སངས་རྒྱས་བཞི་བཅུས་བརྒྱན། ། བདུད་རྩི་མཆོག་ལ་ཕྱག་འཚལ་བསྟོད།། ཆེ་མཆོག་དབུ་རུ་བརྩེགས་ནས་བཞུགས།། བདུད་རྩི་འབེབས་ལ་ཕྱག་འཚལ་བསྟོད།། གདུག་པ་སླད་ཀྱིས་ཚར་བཅད་ནས།། འཇིག་རྟེན་ཁམས་ཀུན་བདུད་རྩིར་འཁྲུངས། ། སྨན་པའི་མཆོག་ལ་ཕྱག་འཚལ་བསྟོད།། ཐམས་ཅད་སྨན་དུ་བསྒྱུར་བ་དེ།། བདག་ཅག་འཁོར་བཅས་ངོ་མཚར་ཆེ།། ཐུགས་རྗེ་ཆོས་ཀྱི་ཆར་སྤྲིན་གྱིས།། སྟེང་དང་འོག་མེད་འཇིག་རྟེན་གསུམ། ། རི་རབ་རྩེ་དང་རི་སུལ་དང།། ཐམས་ཅད་ཁྱབ་པའི་ཐུགས་རྗེ་ཡིས།། བདུད་རྩིའི་ཆར་ཆེན་དབབ་ཏུ་གསོལ།། ཞེས་ཞུས་པས། རྡོ་རྗེ་ཁྲོས་པའི་རྒྱལ་པོས་བདུད་རྩིའི་དྲོད་ནམ་མཁའི་རླན་བཞིན་དུ་གཡོས། ། བདུད་རྩི་སྦེད་པར་བྱེད་པའི་སྤྲིན་མགོ་ནི་ཕྱོགས་རིས་མེད་པར་གཏིབས།། བདུད་རྩིའི་སྐྱེ་གནས་ས་དང་གངས་དང་རི་བྲག་ཀླུང་ཤོང་དང།། བྲག་སུལ་ནམ་མཁའ་ཆུ་དང་རི་ཁྱུད་དང།། རྩི་ཐོག་རང་བཞིན་དྲོད་ནི་གཡོ་མཛད་པ། ། རང་བཞིན་འབྲུག་དང་གློག་སྒྲ་ཡང།། བདུད་རྩིའི་ཆར་ཆེན་འབེབས་པའི་རྐྱེན།། ཐུགས་རྗེ་ཆོས་ཀྱི་ཆར་སྤྲིན་གྱིས།། ཕྱོགས་རིས་མེད་པར་ཁྱབ་པར་བབས།། མེ་ཡིས་བདུད་རྩི་དྲོད་ཕབ་ནས། ། སྨིན་པ་འབྱུང་བ་འདི་ལྟ་སྟེ།། རྩ་བ་སྡོང་པོ་ཡལ་ག་རྣམས།། རཱུ་ཏྲའི་ལུས་ལས་སྐྱེས་པར་མཛད།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲའི་ལུས་བཤིགས་ནས་བདུད་རྩི་ས་བོན་དུ་བཏབ་པ་ལ་ཐུགས་རྗེའི་ཆར་སྤྲིན་ཕབ་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་རྡོ་རྗེ་གཞོན་ནུ་ཡི།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། སྲོག་པ་རྩ་ཡི་ཁྲག་ཡར་བས།། རྒྱ་མཚོ་ཀླུ་ཡི་ཡུལ་དུ་ཡར།། རྩ་བ་དམྱལ་བའི་ཡུལ་དུ་ཟུག། སྡུག་བསྔལ་སེལ་བའི་སྨན་བརྒྱད་བྱུང།། ཚ་བ་བརྒྱད་དང་གྲང་བ་བརྒྱད།། ཆོས་ཀྱི་རྒྱལ་པོའི་ལག་ན་སྤྱོད།། སྡོང་པོ་ཀླུ་ཡི་ཡུལ་དུ་ཟུག། བདུད་རྩི་ཤུ་དག་དཀར་པོ་བྱུང།། རྩ་རྒྱུས་ཀུན་ལ་ཕན་པའི་སྨན། ། ཤིན་ཏུ་སྐྲངས་པའི་ལུམས་ལ་འཇིབས།། བཅངས་ན་ཀླུ་ཡི་ཁ་རླངས་འཇིལ།། ཀླུ་ཡི་དྲང་སྲོང་བཅུ་པོས་སྤྱོད།། ངར་བ་བར་སྣང་ཁམས་ན་འཕྱོ།། བདུད་རྩི་ཆེན་པོ་ཐང་ཀར་བབས།། སྐར་མའི་དྲང་སྲོང་བཅུ་གཉིས་སྤྱོད། ། ཡན་ལག་ལྷ་མིན་ཡུལ་དུ་སྐྱེས།། སྟོབས་དང་ལྡན་པའི་བདུད་རྩི་བབས།། གཟའ་ཡི་དྲང་སྲོང་བརྒྱད་རྣམས་སྤྱོད།། འདབ་མ་གཞོང་ཐོགས་ལྷ་ལ་སྒྲིབ།། ཟས་དང་ལྡན་པའི་བདུད་རྩི་འཁྲུངས།། འབྲས་བུ་སུམ་ཅུ་རྩ་གསུམ་ཀྱི། ། ལྷ་ཡི་ཡུལ་ཀུན་ཁྱབ་པར་འཁྲུངས།། དེ་ཡི་སྙིང་པོར་གྱུར་པ་ནི།། འབྲས་བུ་སྨན་མཆོག་ཨ་རུ་ར།། ལྷ་ཡི་དབང་པོ་བརྒྱ་བྱིན་དང།། ཉེ་དབང་སུམ་ཅུ་རྩ་གཉིས་ནི།། སྨན་མཆོག་དེ་ལ་སྐྱོད་པ་ཡིན། ། སྨན་དེ་ཟོས་པའི་ནུས་པ་ཡིས།། འཆི་བ་མེད་པའི་གཡུང་དྲུང་ཐོབ།། ལྷ་རྣམས་བསོད་ནམས་ཆེ་ཞེས་བྱ།། ལྷ་རྣམས་ཀུན་ཀྱང་ངོ་མཚར་ནས།། ཤིང་ལ་བསྐོར་བ་ལན་གསུམ་བྱས།། ངོས་ངོས་དག་ནས་མིང་ཡང་བཏགས། ། ཤར་གྱི་ལྷ་ཡིས་མིང་བཏགས་ལ།། རྩ་བ་རྩེ་མོ་ཚུན་ཆད་ལ།། དཔག་ཚད་ཁྲི་ཚོ་བཅུ་བདུན་བཅས།། སེམས་ཅན་ཀུན་ལ་བཞོན་པར་འདུག། མིང་ཡང་དཔག་ཚད་བཞོན་ཤིང་ཞེས། ། ཤར་གྱི་ལྷ་རྣམས་ཀུན་གྱིས་བཏགས།། རྩ་བ་སྡོང་པོ་ཡོན་ཏན་སྟོང།། ཡོན་ཏན་དེ་བཞིན་འབྱུང་བས་ན།། བྱང་ན་གནས་པའི་ལྷ་རྣམས་ཀྱི།། ཁ་ལེ་སྟོང་འབྱམས་ཞེས་སུ་བཏགས།། རི་རབ་ཆེན་པོའི་དཀྱིལ་བརྟོལ་ནས། ། ནུབ་ན་གནས་པའི་ལྷ་རྣམས་ཀྱི།། ཡོངས་འདུ་ས་བརྟོལ་ཞེས་སུ་འདོགས།། འཛམ་བུ་གླིང་གི་དབུས་ཤེད་ན།། ལྷ་རྣམས་ཀུན་གྱིས་བཀྲ་ཤིས་གསོལ།། ཚེ་རིང་ལོངས་སྤྱོད་འཕེལ་འགྱུར་བས།། འདི་ནི་ལྷ་ཡི་བསོད་ནམས་ཡིན། ། ཤིང་ཆེན་བྱམས་ལྡན་ཞེས་སུ་བཏགས།། ཤིང་གི་ཡལ་ག་དུམ་བུ་ཀུན།། བྱིས་པ་ཀུན་གྱི་རྩེ་རྒྱུར་པས།། སྐད་ཅིག་ཡུད་ལ་ལུས་བོང་རྫོགས།། ཤིང་བུ་བིལ་བ་ཞེས་སུ་གྲགས།། བཀྲ་ཤིས་ཆོས་རྣམས་འབྱུང་བའི་རྒྱུ། ། འབྲས་བུ་སྨན་ཆེན་ཨ་རུ་ར།། འཆི་བ་མེད་པ་ཨ་རུར་བཏགས།། མེད་ཀྱང་ཆགས་པས་ར་རུ་བཏགས།། རིགས་ནི་རྣམ་པ་བཅུ་རུ་གྱེས།། ངོ་མཚར་ལྡན་པའི་ཨ་རུ་ར།། སྙིང་གི་དཀྱིལ་དང་འདྲ་བ་གཅིག། ཚངས་པའི་ཡུལ་དུ་གྱེས་ཏེ་སོང།། ཚངས་པ་ཀུན་གྲོལ་ཆེན་པོས་ཟོས།། ཚེ་ཡི་རིག་འཛིན་ཆེན་པོ་ཐོབ།། ཚངས་པའི་དྲང་སྲོང་བརྒྱད་རྣམས་དང།། བུ་དང་ཚ་བོ་ཡང་ཚར་བཅས།། ཚངས་པའི་དྲང་སྲོང་བུ་རྣམས་ཀྱིས། ། འཆི་བ་མེད་པའི་དངོས་གྲུབ་ཐོབ།། སྨན་དེ་ཟོས་པའི་ནུས་པ་ཡིས།། ཚེ་ལོ་འབུམ་དང་ཁྲི་རུ་འགྱུར།། གཅིག་ནི་དགའ་ལྡན་གནས་ན་སྤྱོད།། དགའ་བར་ལྡན་པའི་ཨ་རུ་ར།། དབྱིབས་ནི་རིན་པོ་ཆེ་རུ་འདུག། རྒྱལ་བ་བྱམས་པའི་བྱིན་གྱི་བརླབས།། སྦྱར་ན་འཆི་བའི་ནད་ཀུན་སེལ།། བློ་རྣམས་རྣོ་བའི་ཡོན་ཏན་ཐོབ།། གཅིག་ནི་ལྷ་ཡི་ཡུལ་དུ་སྤྱོད།། དཔག་ཏུ་མེད་པའི་ཨ་རུ་ར།། ཆེ་ཆུང་ཚད་ནི་པི་ནི་ཁ། ། སྟོད་དང་སྨན་དག་ཕྲ་བར་འདུག། སུལ་བུ་དག་ཀྱང་མེད་པ་ལ།། དཀར་སེར་མདོག་ཀྱང་གཏིང་ན་འཚེར།། འཇམ་དཔལ་རྣོན་པོས་བྱིན་གྱིས་བརླབས།། བཞག་པ་ཙམ་གྱིས་ནད་རྣམས་སེལ།། ལྷ་རིགས་ལྟ་བུའི་མི་རྣམས་སམ། ། བསོད་ནམས་ཅན་ལ་སྦྱར་བ་ལས།། གཞན་གྱིས་དེ་ནི་ཐུབ་པ་མེད།། གཅིག་ནི་གནོད་སྦྱིན་ཡུལ་དུ་འཁྲུངས།། སྟོབས་དང་ལྡན་ཞིང་གཅུ་ཐབས་ཅན།། ཁ་དོག་དག་ཀྱང་ནག་པོར་གནས།། ཆེ་ཆུང་ཚད་ནི་བཅའ་ཅའི་སྟོད། ། རྩེ་མོ་རྡོ་རྗེའི་དབྱིབས་སུ་འདུག། ཕྱག་ན་རྡོ་རྗེས་དབང་བསྐུར་བས།། མཐུ་དང་སྟོབས་སུ་ལྡན་པ་ཡིན།། བགེགས་ཀྱིས་སྤྱོད་པའི་ནད་ལ་གཏང།། གཅིག་ནི་གཟའ་ཡི་ཡུལ་དུ་ཡར། ། དབྱིབས་ནི་རྭ་ཡི་དབྱིབས་སུ་འདུག། ཆེ་ཆུང་ཚད་ནི་སྦྱངས་དང་མཉམ།། བཻཌཱུརྱ་ཡིས་བྱིན་གྱིས་བརླབས།། དྲག་ཤུལ་སྤྱོད་པའི་ནད་ལ་གཏང།། གཟའ་ཡི་དྲང་སྲོང་བརྒྱད་རྣམས་སྤྱོད།། གཅིག་ནི་རི་བདུན་ཁ་ལ་བབས། ། སྲིད་པ་གཞོམ་པའི་ཨ་རུ་ར།། དབྱིབས་ནི་ཟླ་བའི་དབྱིབས་སུ་འདུག། སེར་ལ་དམར་བ་ཉི་མའི་མདོག། སུལ་བུ་ཕྱོགས་གཅིག་དག་ནས་སྐྱེ།། ཕྲ་ཞིང་མང་བས་ཉི་ཟེར་འདྲ།། འོད་ཀྱི་རྒྱལ་པོས་བྱིན་གྱིས་བརླབས། ། ཆེ་ཆུང་ཚད་ནི་ལྡབ་དྲི་ཙམ།། གྲང་བས་ཉན་པ་རྣམས་ལ་སྦྱར།། གཅིག་ནི་ཀླུ་ཡི་ཡུལ་དུ་བབས།། འཇོམས་པརབྱེད་པའི་ཨ་རུ་ར།། སུལ་བུ་ཤིན་ཏུ་ཕྲ་ལ་ཞིབ།། སུལ་བུ་དམར་ཞིང་ལོགས་རྣམས་དཀར། ། གྱེན་དུ་གས་པའི་སེར་ག་ཅན།། ཆེ་ཆུང་ཚད་ནི་ནག་པི་ཙམ།། སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས།། རྨ་མི་གྲང་བདུན་ཁ་རུ་བབས།། རླུང་དང་བད་ཀན་དཀར་པོའི་སྤྲན།། གཅིག་ནི་གཙུག་འཛིན་ཡུལ་དུ་བབས། ། ཤིན་ཏུ་ཆེ་ཞིང་པགས་པ་མཐུག། ཡ་ཡོ་མེད་ཅིང་ཟླུམ་ལ་འདྲིལ།། ཆེ་ཆུང་ཚད་ནི་དི་འབི་ཏ།། གྲུབ་པའི་བློ་གྲོས་བྱིན་གྱིས་བརླབས།། ཤ་རྣམས་རབ་ཏུ་སྐམ་པ་དང།། རླུང་དང་རྒས་པར་གྱུར་པ་ཡི། ། ཤ་ཚིལ་མེ་ལྟར་འབར་བར་བྱེད།། གཞོན་ནུར་འགྲོ་ལ་ཐེ་ཚོམ་མེད།། གཅིག་ནི་གཙང་མའི་གནས་སུ་བབས།། དབྱིབས་ནི་སྒོ་ངའི་དབྱིབས་སུ་གནས།། སུལ་བུ་མེད་ཅིང་ཡུ་བ་ཅན།། ཆེ་ཆུང་ལུག་ཕོའི་ལོང་ག་ཙམ། ། ལྷ་མོ་སྒྲོལ་མས་བྱིན་གྱིས་བརླབས།། འཇམ་ཆོས་ཀུན་ལ་རབ་ཏུ་བསྔགས།། དེ་ལྟར་འཇིག་རྟེན་དགུ་པོ་རུ།། ཟོས་པས་ཚེ་ལོ་ཁྲི་འབུམ་ཐུབ།། བསྒྲུབས་པས་རྐྱེན་མཻད་དངོས་གྲུབ་ཐོབ།། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན། ། འཇིག་རྟེན་དགུ་རུ་ལྡང་མ་ནུས།། ཤིན་ཏུ་ངོ་མཚར་གྱུར་ནས་ནི།། འདི་ནི་ཚད་མེད་ཤིང་གི་སྨན།། རྩ་བ་དམྱལ་བའི་ཡུལ་ན་ཡོད།། རྩ་བ་བཅད་པས་སྡོང་མ་འགྱེལ།། ཀླུ་ཡི་བསོད་ནམས་ཡིན་པར་ངེས། ། སྡོང་པོ་བཅད་པས་ངར་མ་ཆགས།། ལྷ་མིན་གཟའ་སྐར་བསོད་ནམས་ཡིན།། ངར་པ་བཅད་པས་ཡལ་མ་བསྐམས།། དྲང་སྲོང་བརྒྱད་ཀྱི་བསོད་ནམས་ཡིན།། ཡལ་ག་བཅད་པས་འདབ་མ་ཡོངས་མ་ཉིལ། ། གཞོང་ཐོགས་ལྷ་ཡིས་བསོད་ནམས་ཡིན།། ལྷ་མ་ཡིན་གྱི་རལ་གྲི་ཡིས།། ལྷ་རྣམས་ཀུན་ལ་ཞེ་སྡང་ལངས།། འབྲས་བུ་འདབ་མའི་མཚམས་སུ་བཅད།། ལྷ་ཡི་བསོད་ནམས་མ་བྲི་བས།། འབྲས་བུ་བར་སྣང་ཁམས་སུ་སྨིན། ། མེ་ཏོག་ཨུ་དུམ་ཝ་ར་ཡང།། བདུན་གྱི་མཐའ་མ་བསྐོར་ནས་གནས།། སྔ་མ་བས་ཀྱང་མདངས་དང་ལྡན།། མེ་ཏོག་ཨུ་དུམ་ཝ་ར་ལ།། ལྷ་རྣམས་ཀུན་གྱིས་བལྟས་གྱུར་པས།། སྤྱན་གྱི་དངོས་གྲུབ་ཆེན་པོ་ཐོབ། ། རིག་པས་ལུས་ཀྱི་ནད་རྣམས་བྱང།། ཟོས་པས་ཚེ་ཡི་རིག་འཛིན་ཐོབ།། ལྷ་རྣམས་ཀུན་གྱི་ངོ་མཚར་ཐོབ།། ལྷུང་བའི་དཔག་བསམ་ལྗོན་ཤིང་འདི།། ལྷ་ཡི་བསོད་ནམས་ལས་ལས་གྲུབ། ། ཀླུ་དང་དམྱལ་བ་གཟའ་སྐར་གྱིས།། བཅད་དེ་ཐུང་བར་མི་འགྱུར་ལ།། བཞོག་སྟེ་ཕྲ་བར་མ་གྱུར་ལ།། ལྷ་མ་ཡིན་ནི་ཞེ་སྡང་གིས།། ལོ་མ་ཕྲལ་ཡང་འབྲས་བུ་སྨིན།། ཡ་མཚན་མེ་ཏོག་གཏིང་ནས་སྐྱེས།། འདི་ཡི་ངོ་མཚར་ཆེ་ཚོད་ལ། ། ཤིང་ལ་ལྷ་གཅིག་མི་བདོག་གམ།། སྨན་ལ་སྲུང་མ་མི་བདོག་གམ།། ཞེས་ནམ་མཁའ་ལ་བལྟས་ཏེ་ནམ་མཁའ་ལ་དམོད་པ་བོར་རོ།། དེ་ནས་ཅུང་ཞིག་ལོན་པ་དང།། ལྷ་རྣམས་བསོད་ནམས་ཆེ་བ་དང། ། མདུན་གྱི་ནམ་མཁའ་དག་ལས་ནི།། འདི་ལྟ་བུ་ཡི་སྒྲ་རྣམས་བྱུང།། ཨེ་མ་ཧོ།། ངོ་མཚར་ཆེ་བའི་ཤིང་དང་སྨན།། སྐྱེས་པ་རཱུ་ཏྲའི་སྲོག་རྩ་ཡིན།། མ་ཆོད་པ་ནི་རཱུ་ཏྲའི་མཐུ།། མེ་ཏོག་ལྷ་ཡི་བསོད་ནམས་ཡིན། ། འབྲས་བུ་སྨིན་པ་ཀུན་གྱི་གསོས།། འདིས་ནི་ལྷ་མོ་རིམ་པར་འབྱུང།། ཞེས་བྱ་བའི་སྒྲ་བྱུང་ནས། མདུན་གྱི་ནམ་མཁའ་ན་སྲིན་པོ་ཀྲོ་དྷཱི་ཤྭ་རཱི་ཞེས་བྱ་བ་བདུད་དང་རཱུ་ཏྲའི་ཆུང་མ་དེ་བྱུང་ནས། བདག་གི་གཙོ་བོ་དཔག་བསམ་གྱི་ཤིང་དུ་སྐྱེས་ནས་འདུག་གོ། ཤིན་ཏུ་གདུང་བའི་སེམས་ཀྱིས་ནི།། ཤིང་ལ་ཧྲིལ་གྱི་འཁྲིལ་ནས་འདུག། འོད་ནི་དཔག་ཚད་གཅིག་དང་ཆས།། ཤིང་གི་ལྷ་མོ་འོད་འཆང་མར།། ལྷ་རྣམས་ཀུན་གྱིས་མིང་ཡང་བཏགས། ། ཤིན་ཏུ་དུང་བའི་མཆི་མ་ནི།། ཐང་ལ་ཐིགས་གཅིག་ལྷུང་བ་ལས།། ག་བུར་དམར་རྩ་ཅན་གཅིག་འཁྲུངས།། བྱང་ཆུབ་སེམས་ཀྱི་སྐྱོབས་ཡིན་ཏེ།། དཀར་ལ་དམར་རྩ་ཆགས་པ་ཞིག། བལྟས་ན་གཏིང་རྣམས་ཤིན་ཏུ་འཚེར།། དྲི་ཡང་བྲོ་མོ་དག་ཏུ་མནམ།། ཁྲག་གིས་མིག་རྣམས་ལོང་ལ་ཕན།། ཤིན་ཏུ་ཆགས་པ་སྐྱེས་པ་ལས།། མངལ་གྱི་གཡའ་ཆུ་ཐིགས་གཅིག་འཐིགས།། ལྷ་རྣམས་ཀུན་ལ་ངོ་ཚ་ནས། ། ཙནྡན་ཤིང་གི་སྡོང་བུ་ཡིས།། གཡའ་ཆུ་བླངས་ཏེ་ས་ལ་བསྐྱུར།། འཛམ་བུའི་གླིང་གི་དབུས་སུ་སྐྱེས།། བདུད་རྩི་ག་པུར་ཞེས་སུ་གྲགས།། དེ་ཡང་ཤེལ་གྱི་པོག་ཕོར་དྲི།། མཁྲེགས་ཤིང་དཀར་ལ་མདངས་ལྡན། ། དྲི་ཡང་ལྷ་མོའི་མངལ་དུ་མནམས།། ཚ་བའི་ནད་རྣམས་ཕྱོགས་མེད་ལ།། ཤིན་ཏུ་བསིལ་བའི་བདུད་རྩི་ཡིན།། ཡབ་ཀྱི་བྱང་སེམས་ལྷག་མ་གཅིག། ཤིན་ཏུ་ཆགས་པས་གཡོས་པའི་རྩད།། ལྷ་མོས་ཆུ་གཅིག་གཏང་བ་ལས། ། དྲི་ཆུ་སྣ་ལ་ལུག་སྟེ་བྱུང།། ལྷ་རྣམས་ཀུན་ལ་ངོ་ཚ་ནས།། དུང་ཆེན་སྐྱོགས་ཀྱི་ལྷུམས་ཀྱིས་བཅུས།། རྒྱ་མཚོའི་ནང་དུ་སིབ་ཀྱིས་ཕོ།། བདུད་རྩི་མུ་ཏིག་དག་ཏུ་སྨིན།། རྒྱ་མཚོའི་མཐའ་ཀུན་ཁྱབ་པར་སྨིན། ། ཆུ་ལས་ཆུ་ཐིགས་སྔོན་པོ་འཁྲུངས།། མུ་ཏིག་དཀར་པོ་དྲི་མ་མེད།། ཉི་མའི་འོད་བས་ཤིན་ཏུ་འཚེར།། ཟླ་བའི་བཀྲག་པས་ཤིན་ཏུ་དཀར།། རུས་པ་ཆགས་པ་ཀུན་གྱི་གསོས།། སྟོབས་ཀྱང་ཟླ་བ་ཉ་བ་བཞིན། ། སེམས་རྣམས་གསོ་བར་ཤིན་ཏུ་ཤིས།། བྱང་ཆུབ་སེམས་ཀྱི་གཙོ་བོ་ཡིན།། ཆུ་ལས་ཆུ་ཐིགས་བྱུང་བ་ནི།། ཉི་མའི་ཟེར་གྱིས་ཕོགས་པ་ནི།། ནམ་མཁའི་ཐིགས་པ་འཐིགས་པ་འདྲ།། ཁ་དོག་འོད་ནི་ཨུཏྤ་ལ། ། དྲི་མ་མེད་ཅིང་བཀྲག་མདངས་ལྡན།། སྐྱོབས་ཆེན་བདུན་གྱིས་རབ་བརྒྱན་ནས།། ཆུ་རྣམས་སླགས་ས་ཀུན་ལ་ཕབ།། ས་དང་ཆུ་རུ་འདྲེས་པ་ལས།། མུ་མན་ཐེག་རྒྱུའི་རྡོ་རུ་སྨིན། ཁ་སྔོ་ས་ཡི་མདོག་ཏུ་གནས། ། སྣུམ་གྱིས་ཕོག་ན་བཀྲག་ཀྱང་གསལ།། སྐྱོབས་ཆེན་དྲུག་གིས་ཁྲིད་གྱུར་ན།། གླང་རྣམས་ན་བའི་སྨན་དུ་འགྲོ།། དེ་ནས་ལྷ་རྣམས་མདུན་མར་འདུས།། འུ་ཅག་བདུད་རྩིའི་རྒྱལ་པོ་འདུས།། རྨ་རྣམས་བྱུང་ཡང་སོས་གྱུར་བས། ། ལྷ་མ་ཡིན་ལ་དམག་དྲངས་ཟེར།། ལྷ་ཡི་གཡུལ་ངོ་ཆེན་པོ་བཟློག། ལྷ་མིན་རྣམས་ལ་དམག་དྲངས་བས།། ལྷ་ཡི་གཡུལ་ངོ་རབ་ཏུ་རྒྱལ།། ཤིང་གི་ལྷ་མོ་འོད་འཆང་མ།། ཞལ་ནས་སྨན་མཆོག་ཨ་བར་གསོལ། ། ལྷོ་རུ་བལྟས་ཏེ་འཛུམ་གཅིག་ཤོར།། སྨན་མཆོག་ཨ་རུ་ར་གཅིག་ནི།། ལྷོ་ཡི་འཛམ་བུའི་གླིང་དུ་ཡར།། དེར་སྐྱེས་རྒྱལ་པོ་བསོད་ནམས་ཅན།། ཛ་ཞེས་བྱ་བའི་ཁང་སྟེང་དུ།། དྲོ་ཁ་གཅིག་ལ་བབས་ཏེ་བྱུང། ། ཙིཏྟ་པི་ཏ་བྱ་བའི་ཤིང།། ཡ་མཚན་ཅན་ལ་འཁྲུངས་ཏེ་བྱུང།། མིང་ཡང་རྣམ་པར་རྒྱལ་བར་བྱ།། ཆེ་ཆུང་གྷོ་རའི་བྷནྡྷ་ཙམ།། དབྱིབས་ནི་བུམ་པའི་དབྱིབས་སུ་འདུག། དཀར་དང་སེར་དང་དམར་བའི་བཀྲག། སྤྲི་ཡི་བར་ན་ནག་པོ་ཡོད།། བདས་པའི་ཤུན་ནི་སྔོན་པོ་ལྡང།། ཟུར་གྱིས་ཚ་བའི་ནད་རྣམས་སེལ།། སྐྱིབས་ཀྱི་གྲང་བའི་ནད་རྣམས་སེལ།། ཤ་ཡིས་རླུང་གི་ནད་རྣམས་སེལ།། པགས་པས་རྨ་རྣམས་དག་ཀྱང་འཚོ། ། དྲི་ཡིས་འདུས་པ་ཀུན་ཀྱང་སེལ།། བཞི་བརྒྱ་རྩ་བཞིའི་ནད་རྣམས་ལ།། བཏང་ན་མི་ཕན་གཅིག་ཀྱང་མེད།། སྦྱོར་བ་ཀུན་ཀྱང་འཇིལ་བའི་སྨན།། རྒྱལ་པོ་ཛ་ཞེས་བྱ་བ་དེས།། གསོལ་པས་ཚེ་ལོ་ཁྲི་ཁྲག་ཐུབ། ། སུལ་བུ་བརྒྱ་དང་བཅོ་ལྔ་གནས།། རོ་རེས་ན་བ་བཞི་བཞི་སེལ།། བཞི་བརྒྱ་རྩ་བཞིའི་གཉེན་པོ་ལ།། བཅུ་གཅིག་རྒས་པ་གསོ་བའི་སྨན།། ལྷ་མོ་རྣམས་ཀྱིས་བསྐོར་བ་བགྱིས།། ཆོས་སྐྱོང་མགོན་པོས་སྲུང་མ་བགྱིས། ། ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས།། བྱང་ཆུབ་སེམས་དཔའ་བཀྲ་ཤིས་གསོལ།། མི་རྣམས་ཀུན་གྱིས་ངོ་མཚར་བརྗོད།། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས།། བསམ་གཏན་མཛད་པའི་ཤར་ཕྱོགས་སུ།། ཁ་ནི་ཤར་དུ་བལྟས་ནས་སྐྱེས།། ལྷ་རྫས་དགེ་བ་ཨ་རུ་ར།། ལྷ་སྲིད་སྡེ་བརྒྱད་ཀུན་གྱིས་ནི།། བཀྲ་ཤིས་ངོ་མཚར་ཀུན་གྱིས་གསོལ།། གཟའ་ཆེན་ཁྱབ་འཇུག་སྐྱུག་པ་བདུན།། ལྷ་རྫས་དེ་ཡི་མགུལ་དུ་ལུག། རིགས་བདུན་ས་ལ་ལྷུང་སྟེ་སྨིན། ། ལྷ་རྫས་དགེ་བ་ཨ་རུ་ར།། རིགས་བདུན་ས་ལ་ལྷུང་བ་ནི།། བརྒྱ་བྱིན་བདུད་རྩི་འཐུང་བའི་ཚེ།། ཐིགས་པ་བདུན་ནི་ས་ལ་ལྷུང།། རླུང་གིས་ཁྱེར་ཏེ་ས་ལ་སྐྱེས།། བདུད་རྩིའི་གཙོ་བོར་རབ་ཏུ་གྲགས། ། དངོས་སུ་ཨ་རུའི་འབྲས་བུ་སྟེ།། རིགས་ནི་རྣམ་པ་བདུན་ཡོད་དེ།། རྣམ་པར་རྒྱལ་བ་དང། གསུམ་བསྒྲིབས་དང། གསོད་བྱེད་དང། འཇིགས་བྱེད་དང། རྩི་བྱེད་དང། སྐྱེས་བྱེད་དང། གསེར་འདྲ་དང་བདུན་ཏེ། དེ་དག་གི་ཡོན་ཏན་ནི། རླུང་དང་མཁྲིས་པ་བད་ཀན་དང།། དུས་ཀྱི་ནད་དང་འདུས་པའི་ནད།། དུས་མིན་འཆི་ལས་ཐར་བར་བྱེད།། ཅེས་སྨོས་ཏེ། ཨ་རུ་ར་ལ་ཡང་རོ་རྣམ་པ་ལྔས་སེལ་བར་བྱེད་པ་ནི། ཤུན་ལྤགས་བསྐ་བས་རླུང་ནད་སེལ།། རུས་པ་མངར་བས་མཁྲིས་པ་སེལ། ནང་ཚ་བས་བད་ཀན་སེལ། དབུས་སྐྱུར་བས་ཆུ་སེར་སེལ། དེ་ཀུན་སྤྱིར་འདུས་པས་འདུས་ནད་སེལ། རང་བཞིན་ནུས་མཐུ་དེ་འདྲ་ན། ། མན་ངག་ཅན་གྱིས་བསྒྲུབ་གྱུར་ན།། བྱིན་རླབས་ཡ་མཚན་ཆེན་པོར་འགྱུར།། ཚོང་དཔོན་བུ་མོ་ནོར་བཟང་མ།། ནོར་བུ་རིན་ཆེན་ཡོན་དུ་ཕུལ།། བཀྲ་ཤིས་མཆོག་ཏུ་འདི་བརྗོད་དོ།། འཛམ་གླིང་རྒྱལ་པོ་བསོད་ནམས་ཅན། ། མ་བརླན་མཁའ་ལས་བྱུང་བ་ཡི།། བཞི་བརྒྱ་རྩ་བཞིའི་གཉེན་པོ་འདི།། བདག་གི་དང་དུ་བླང་བར་བྱ།། ཞེས་ཕྱག་ཏུ་བཞེས་པས། མི་རྣམས་ཀུན་གྱིས་འཇིག་རྟེན་དུ། སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་ཞེས་སུ་གྲགས། ། ཨུ་དུམ་འབར་བ་བདུན་པོ་ལ།། ཡ་མཚན་ཆེ་བའི་བྱ་བདུན་ཆགས།། སྙིང་པོ་ཟ་བ་རྨ་བྱ་བྱུང།། སྨན་གྱི་བྱ་ཡིན་དུག་རྣམས་ཟ།། ལྷ་མོ་ཀུན་ཀྱང་རྨ་བྱའི་མགྲིན།། ནགས་ཀྱི་ལྷ་མོ་ཞེས་སུ་གྲགས། ། གེགས་དང་ཀུན་ཏ་ཀུན་ཏི་གདང།། བཟང་མོ་རྨ་བྱ་བཀྲ་ཤིས་འགྲོ།། ཁྱུང་ལ་སོགས་ཏེ་ལྡིང་བའི་བྱ།། སྨན་ལས་གྱུར་པས་དུག་རྣམས་ཐུབ།། སྤྱིར་ཡང་མཁའ་ལྡིང་བྱ་རྣམས་ཀུན།། ཤིན་ཏུ་ཚ་བའི་སྟོབས་དང་ལྡན། ། དཔག་ཚད་དག་གིས་གར་ཁྱབ་པ།། མཐུ་དང་དྲང་སྲོང་རྣམས་ཀྱིས་ནི།། གཟའ་དང་སྐར་མ་བརྩི་ཞིང་སྦྱར།། ཞེས་གསུངས་སོ།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲའི་སྲོག་པ་རྩ་ལས་དཔག་བསམ་གྱི་ཤིང་བུ་ཇི་ལྟར་སྐྱེས་པ་དང་ལྷ་མོ་གསུམ་གྱི་བྱུང་ཚུལ་དང་ཨ་རུ་རའི་ལེའུ་སྟེ་བརྒྱད་པའོ། །།། རཱུ་ཏྲ་ཆེན་པོ་བསྒྲལ་བ་ཡི།། སྲོག་ཆགས་བསད་པའི་ཁྲག་རྗེས་ཀུན།། ཀྲོ་དྷཱི་མ་ཡིས་འུབས་ཀྱིས་བསྡུས། ། ཐུ་བ་གཡས་སུ་བཅུག་གནས་ཁྱེར།། ལྷ་རྣམས་རོལ་མོ་བྱེད་པར་མཉན།། ཡེངས་པས་ཐུ་བའི་མགུལ་ནས་ཤོར།། ང་ཡི་སྒྲ་ལ་ཉན་པ་དེ།། བ་ཡིན་མ་རུང་ཟེར་ན་བྲང་གཅིག་བརྡུངས།། འཛམ་བུ་གླིང་གི་ནུབ་ཏུ་སྐྱེས། ། རྩ་རྣམས་འཇམ་པའི་ཕྱོགས་སུ་འཁྲུངས།། ནུབ་ཏུ་ཁ་བལྟས་ཀུན་ཏུ་སྐྱེས།། དབྱིབས་ནི་ཨ་རུ་དང་འདྲ་སྟེ།། སུལ་བུ་མེད་ཅིང་བ་བཅོའི་མདོག། ཡུ་བ་ཅན་ནི་ནད་ཀློང་ཡིན།། ཤིན་ཏུ་སྐྱུར་ལ་ཁ་བའི་རོ། ། མིང་ཡང་བི་ཙ་གྱི་རྩེ་བྱ།། ཟླུམ་ཞིང་འཁྱིལ་བ་སྨན་གྱི་མཆོག། རོ་ཡང་སྐྱུར་ཞིང་མདངས་དང་ལྡན།། ཁྲག་རྣམས་ཟགས་པ་ཀུན་ལ་གཏང།། འབྲས་བུ་གསུམ་དུ་སྦྱར་གྱུར་ན།། ཤ་རྣམས་སྐྱེ་ཞིང་ཚིལ་རྣམས་རྒྱས། ། ཧ་ཅང་མང་ན་ལྕི་བར་བྱེད།། མཁས་པས་སྨན་གྱི་ཆ་སྙོམས་ནས།། ཨ་རུ་ར་དང་གསུམ་སྦྱར་ནས།། གཙིག་རྐྱང་གཏང་བ་མ་ཡིན་ནོ།། དེ་ཡི་མིང་ཡང་སྐྱུ་རུ་ར་ཞེས་བཏགས།། ཨ་མྲྀ་ཏ་ནི་ཀུན་ལ་དགོད། ། སྨན་རྣམས་ཀུན་གྱི་ནུས་པ་སློང།། བཏོགས་ནས་ཞག་གསུམ་བར་དུ་ནི།། གཅན་གཟན་སྤུ་ཡིས་བྱིབས་ཏེ་བཞག།། ཕྱི་ཤུན་རང་གིས་འབྱེད་འདོན་ན།། དྲོད་ཚད་དུས་ལ་བབས་པ་ཡིན།། གྲིབ་མ་སྤངས་ལ་མེ་ཉེར་བསྐམ། ། ཧ་ཅང་ཚ་བར་གྱུར་ན་ནི།། ནུས་པ་ཅུང་ཞིག་འཛག་པ་ཡིན།། གྲང་སར་ཕྱིན་ཏེ་བསྐམ་པར་བྱ།། སྦྱོར་བ་གང་དང་གང་རྒྱུག་པ།། སུམ་ཅུ་ཐམ་པའི་ཆ་གཅིག་གཏང།། བུང་ནི་གཙོ་བོས་མཇལ་བ་ཡིན། ། སྨན་ཚད་དག་ཏུ་སྦྱོར་གྱུར་ན།། ཕུལ་གང་ཕན་ཆད་ཆུ་ཡིས་ནི།། ཉེན་པར་བྱས་པ་མ་ཡིན་ནོ།། གམ་ཕྱེ་དག་ལ་གཏོང་འགྱུར་ན།། རན་ལ་མཛེས་པའི་ཆང་དུ་སྦང།། དྲོད་ཀྱིས་ཞག་གཅིག་འབུག་ལ་གཏང། ། གལ་ཏེ་ཟངས་ཐལ་བྱུང་བ་ན།། མི་ཚ་དེ་ཡི་ཆ་གཅིག་དང།། ཁ་མོ་ཕབས་ལ་སྦྱར་ཏེ་གཏང།། དེ་ཡིས་ཁྲག་གི་ཟིལ་བ་རྣམས།། བདུད་རྩིར་བ་མེ་མེན་བུར་སྐྱེས།། སྤང་རྣམས་རྒྱས་པའི་ས་རུ་འཁྲུངས། ། ཕལ་ཆེར་ས་ལ་འཁྲུངས་མོད་ཀྱང།། རྩ་བ་ཕྲ་ལ་སྡོང་པོ་འཁྱོག། འདབ་མ་ར་ཡི་རྣ་བ་འདྲ།། ངར་པ་སྨུག་ལ་མེ་ཏོག་དཀར།། འབྲས་བུ་སྐེ་ཚེ་འདྲ་མོད་ཀྱང།། ཁ་གཏིང་མེད་པར་མངར་བའི་རོ།། བད་ཀན་སྨུག་པོའི་གཉེན་པོ་ཡིན། ། འཁྲུ་དང་སྐྱུགས་པ་གཅོད་བྱེད་ཅིང།། སྨན་རྣམས་ཀུན་གྱི་ཕབས་སུ་འགྱུར།། ཁ་བསིལ་ཞུ་རྗེས་ཅུང་ཞིག་ཚ།། རིག་པ་ཅན་གྱི་བྱ་རྣམས་ཟ།། མི་རྣམས་ཀུན་གྱིས་ཟོས་གྱུར་ན།། ཁོང་གི་ནད་རྣམས་ཁད་ཀྱིས་འབྱང། ། མནན་ནས་ཟོས་ན་ནུས་པ་འབྱུང།། ཕབས་སུ་བྱས་ནས་ཀུན་ལ་འཇུག། གཅིག་ནི་ཀི་ནི་པི་ཙེས་བྱ།། མཁའ་ལྡིང་གོང་མོ་ཀུན་གྱིས་ཚོར།། རྩ་བ་ལོ་མ་རམ་པུ་འདྲ།། འབྲས་བུ་འབྱུང་བར་མི་འགྱུར་རོ། ། རྩ་བ་བརྐོས་ཏེ་སྨན་བྱས་ན།། ཁོང་ནད་རྣམ་པ་ཀུན་ལ་བྱམས།། སྦྱར་ནས་སྨན་རྣམས་ལངས་པའི་སྨན།། ཁྲག་ཟགས་བ་ལ་རབ་ཏུ་བསྔགས།། རཱུ་ཏྲའི་སོ་ནི་ཡར་བ་ལས།། ཤིང་ཆེན་མ་གི་ཏ་རུ་སྐྱེས། ། མུ་ལེ་གྲམ་ཤིང་མགུལ་དུ་སྐྱེས།། དེ་ལས་ས་སྟེང་ཁྱབ་པ་ལ།། དཔྱ་རུ་བདུད་རྩི་ཅུའུ་གང་བྱུང།། མདོག་ནི་དཀར་ལ་དྲི་རོ་མེད།། གྲོ་སོགས་འདྲ་སྟེ་ཤིན་ཏུ་སྒྲོན། སྐྱེས། ཤིན་ཏུ་བསིལ་ཏེ་གློ་ལ་འཇུག། རཱུ་ཏྲའི་བ་སྤུ་ཡར་བ་ལས།། བདུད་རྩི་ཆེན་པོ་བ་ལེ་ཀ། ཕྲ་མཉེན་སྣ་ལམ་ལག་སྡོགས་འདྲ།། དཀར་སེར་མདོག་དང་མདམ་གྱི་དྲི།། སྟོན་པ་རབ་ཏུ་བྱུང་སར་སྐྱེས།། ཀུན་ལ་རབ་ཏུ་སྙོམས་པའི་སྨན།། རཱུ་ཏྲའི་ལྟེ་ཁྲག་ཡར་བ་ལས། ། ཙན་དན་སྨུག་པོ་དག་ཏུ་འཁྲུངས།། ཤིན་ཏུ་སྨུག་ཅིང་དྲི་ཡང་ལྡང།། ཁ་བསིལ་གཏིང་ཡང་ཚ་བ་བསྐྱེད།། བགེགས་རྣམས་ཀུན་གྱི་གཉེན་པོ་ཡིན།། ཁྲག་གི་ནད་དང་ལྟེ་བ་མགུལ།། ཕོ་བྲང་ཀུན་ལ་ཅུང་ཞིག་ཕན། ། རཱུ་ཏྲའི་སྐྲ་ཡི་སྐྲ་ཚོམས་གཅིག། ས་ཡི་སྟེང་དུ་ཡར་བ་ལས།། གནྡྷ་བྷ་དྲའི་སྨན་དུ་འཁྲུངས།། དབྱིབས་དང་གཟུགས་ནི་མ་ངེས་ཏེ།། ཤིང་གི་ཡལ་ག་དག་དང་འདྲ།། ནད་རྣམས་རྩ་རུ་ཞུགས་ལ་ཕན།། མཆིན་ཁྲག་དེ་ཡི་སྟེང་དུ་ཡར།། བདུད་རྩི་གུར་གུམ་ཞེས་སུ་གྲགས།། སྨན་མཆོག་དེ་ཡི་མེ་ཏོག་ནི།། ཁ་ཆེའི་རྒྱལ་ཁམས་ཀུན་ཏུ་སྐྱེས།། སྟོན་པས་ཁབ་ནི་བཞེས་པའི་སར།། དམར་རྩ་ལྡུམ་བུ་རྩ་རུ་སྐྱེས། ཁ་བའི་རོ་ལྡན་མཆིན་པའི་སྨན།། མིག་ནི་རྒུད་པ་ཀུན་ལ་ཕན།། དེ་ལས་གྱེས་པའི་ཡལ་ག་ཡང།། སྨན་མཆོག་བདུད་རྩི་ཨ་བ་བྱ།། རྩུབ་པ་བྲག་རིའི་སྐེད་ལ་འཁྲུངས།། ལྡུམ་བུ་སྨུག་པོ་རྩ་ཡི་དབྱིབས། ། རྩཝི་ཐོག་མར་དང་སྦྱར་གྱུར་ན།། དེ་ཡི་ནུས་པས་མིག་ནད་སེལ།། རཱུ་ཏྲའི་རླིག་འབྲས་ཡར་བ་ལས།། བདུད་རྩི་དེ་ཡི་སྟེང་དུ་བབས།། སྔ་སྐྱའི་མདོག་སྟེ་མི་མགོའི་གཟུགས།། མིང་ནི་ཛ་ཏི་ཕ་ལ་བྱ།། དྲི་ཡང་བཟང་ཞིང་སྟོབས་དང་ལྡན། ། རླུང་ནད་ཀུན་ལ་རབ་ཏུ་བསྔགས།། གལ་ཏེ་འགྱངས་པར་གྱུར་ན་ཡང།། དྲི་དང་སྟོབས་ཀྱིས་ནད་འཇིལ་ནུས།། སྦྱོར་བ་དག་ཏུ་གྱུར་པ་ན།། མེ་དང་ཆུ་ཡི་ཉེན་མི་བྱ།། ཀུན་ལ་སྙོམས་པ་བདུད་རྩི་ཡིན། ། སྙིང་རླུང་ཀུན་ལ་རབ་ཏུ་བསྔགས།། ཁ་རུ་ཚ་དང་ཆ་སྙོམས་ནས།། རྩི་ཐོག་མར་གྱིས་སྣ་ཁྲིད་ན།། ཟོས་པ་ཙམ་གྱིས་སྙིང་རླུང་རྣམས།། ངེས་པར་མིང་ཡང་མེད་པར་འགྱུར།། རཱུ་ཏྲའི་མཛུབ་མོ་ཡར་བ་ལས། ། ཁ་བྲག་ལམ་གསུམ་མདོ་ཆེན་དང།། གས་གླེ་བྲག་གི་སྣེ་ལ་འཁྲུངས།། བདུད་རྩི་ཆེན་པོ་ཀ་ཀོ་ལ།། འདབ་མ་རིན་ཆེན་ཕྱིར་སློག་འདྲ།། སྙིང་པོ་རེའུ་ཐུལ་ཕྱིར་སློག་འདྲ།། མགུ་པ་ཤིན་ཏུ་དྲ་བ་ལ། ། ཡན་ལག་ཤིན་ཏུ་མང་བར་གནས།། འབྲས་བུ་རཱུ་ཏྲའི་མཛུབ་མོ་འདྲ།། ཞུ་རྗེས་གྲང་བ་ཀུན་ལ་སྙོམས།། སྟོན་ཟླ་འབྲིང་པོའི་ཉ་ལ་བརྡ།། གྲིབ་མ་དག་ལ་བསྐམས་ཏེ་གཏང།། རཱུ་ཏྲའི་མཆན་ཁུང་དྲི་མ་ནི།། རྒྱ་གར་བལ་པོའི་མཚམས་སུ་ཡར། ། ཐང་ག་ས་བྲག་གླེ་དག་དང།། རུ་རྩུབ་དག་གི་ཤིང་དུ་འཁྲུངས།། བདུད་རྩི་ཆེན་པོ་སུག་སྨེལ་ཡིན།། རྩ་བ་ངན་ཞིང་ཤིན་ཏུ་ཕྲ།། སྙིང་པོ་ཕྲ་ཞིང་འདབ་མ་ལེབ།། འདབ་རྩེ་ཟུར་གསུམ་རྩེ་མོ་རྣོ། ། མེ་ཏོག་དམར་རྩ་འབྲས་བུ་རྩུབ།། དབྱིབས་ཀྱང་གྲུ་གསུམ་དཀྱིལ་དུ་སྦོམ།། སྟོན་ཟླ་ཐ་ཆུང་ཚེས་བརྒྱད་ལ།། བརྔས་ནས་ཞག་གཅིག་རས་ཀྱིས་བྱིབ།། ཉི་མའི་འོད་ལ་བསྐམས་ཏེ་གཏང།། ཙནྡན་མེ་ལ་བསྲོས་གྱུར་ན། ། གྲང་བ་ཀུན་གྱི་སྨན་དུ་བཤད།། མ་སྨིན་པ་ལ་བརྔས་གྱུར་ན།། ཚ་བ་ཀུན་གྱི་སྨན་ཡིན་ནོ།། དུས་གསུམ་བརྔས་པར་གྱུར་ན་ནི།། ཚ་གྲང་ཀུན་ལ་སྙོམས་པ་ཡིན།། རྩ་རྩེའི་ཁྲ་ཡིས་ཁྲིད་གྱུར་ན། ། དྲོད་ནད་ཀུན་གྱི་སྙིང་པོ་ཡིན།། རུ་ཏྲའི་མཚེར་ཁྲག་ཡར་བ་ལས།། བདུད་རྩི་ཆེན་པོ་ལི་ཤི་འཁྲུངས།། ཁྲག་གི་གཟེར་བུ་ཞེས་སུ་གྲགས།། དྲོ་ཞིང་ཞི་རྗེས་རབ་ཏུ་ཚ།། མཚེར་པའི་ནད་ལ་རབ་ཏུ་བསྔགས། ། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུན་ཞེས་བྱ་བ་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་ཡར་རྗེས་ཁྲག་གི་ལེའུ་སྟེ་དགུ་པའོ།།།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། ། དེ་ཡིས་མཁྲིས་པ་ཡར་བ་ལས།། ཐིགས་པ་བདུན་དུ་རབ་ཏུ་ཡར།། གཅིག་ནི་ས་ཡི་བདུད་རྩིར་ཡར།། སྤརྞྞ་ཞེས་པའི་མིང་དུ་གྲགས།། ཆུ་བོ་ཆེན་པོའི་མགུལ་དུ་བྱུང།། ན་བུན་རྨུགས་པའི་དཀྱིལ་དུ་གནས། ། ནག་མཚུར་དག་གིས་མདངས་ཕྱུང་ན།། ཉི་མའི་འོད་དང་ལྡན་པར་འགྱུར།། རིན་པོ་ཆེ་ཡི་གཙོ་བོ་སྟེ།། སྐྱེ་རྒྱུད་མི་འཕེལ་འདོད་པ་ན།། ལྷ་རྩ་འཚེར་པའི་བདུད་རྩི་ཡིན།། གཅིག་ནི་བདུད་རྩི་སྐྱེར་པར་འཁྲུངས། ། ས་ཕྱོགས་ངེས་པ་མེད་པར་སྐྱེ།། གདུག་པའི་ཚེར་མ་ཁ་ལྔས་བརྒྱན།། ས་སྨུག་མཆིན་པ་འདྲ་བའི་རི།། ཤིན་ཏུ་ནག་པའི་དཀྱིལ་ན་བརྐོ།། སྦྱོར་བ་ལེགས་པར་གྱུར་ན་ནི།། མིག་ནད་རིམས་ནད་བལ་ནད་དང། ། དུག་ནད་ཀུན་ལ་རབ་ཏུ་བསྔགས།། སྟེང་དུ་འཐོན་པ་དྲུག་གཅིག་ཚ།། ས་འོག་སྡོང་པོ་བསིལ་བ་སྟེ།། ཕྱི་དང་ནང་ལ་བྱ་བ་མིན།། བར་ཤུན་སོར་མོ་དག་དང་སྦྱར།། དབྱར་ཟླ་གསུམ་ལ་ནད་རྣམས་སློང། ། སྟོན་ཟླ་གསུམ་ལ་མཁྲིས་པ་ལྡོག། དགུན་ཟླ་འབྲིང་པོ་དག་དང་ནི།། དཔྱིད་ཟླ་འབྲིང་པོ་དག་ལ་བརྐོ།། ཤ་མཁྲིས་སྨིན་པའི་དུས་མིན་ནོ།། ཐིགས་པ་གཅིག་ནི་ཡར་བ་ལས།། སྐྱེར་ནི་ཁ་འདའ་དག་ཏུ་འཁྲུངས། ། ལོ་མ་ཀྱོག་པོར་གནས་པ་ལས།། ངར་བའི་ཚོགས་ཀྱང་ཀྱོག་པོར་གནས།། མེ་ཏོག་དམར་སྨུག་གཞུ་སྐུའོ། རྒྱུ།། ཕ་རྒན་རྩུབ་མོའི་ས་ལ་འཁྲུངས།། སྟོན་ཟླ་དགུན་ཟླའི་མཚམས་སུ་སྐྱེ།། གྲིབ་མ་དག་ལ་རབ་ཏུ་བསྐམ། ། ཤིན་ཏུ་བསིལ་བའི་ཐང་དུ་ཤིས།། ཐིགས་པ་གཅིག་ནི་ཡར་བ་ལས།། བདུད་རྩི་ཆེན་པོ་ཏིག་ཏ་བྱུང།། རྩི་ཤིང་འདྲེས་པའི་གསེབ་དག་དང།། རྡོ་བྲན་མང་བའི་རི་ལ་འཁྲུངས།། འདབ་མ་ཕ་ཝང་རྣ་བ་འདྲ། ། སྡོང་པོ་ཅུང་ཟད་ཕྲ་བ་ལ།། ངར་པ་ལྕག་གུ་དེ་བཞིན་ཕྲ།། མེ་ཏོག་ཟླུམ་ཞིང་བུ་གུ་ཕྲ།། སྟོན་ཟླ་ཐ་ཆུང་མར་ངོ་ལ།། བརྔས་ཏེ་དབྱངས་ལ་གདགས་པར་བྱ།། སྔ་ཕྱི་ཤོར་ན་ནུས་པ་མེད།། ཁ་བའི་རོ་ལ་མྱོང་ན་གདོང། ། ནད་རྣམས་འཁྱོགས་པའི་གོ་འབྱེད་ཡིན།། ཟས་རྣམས་ཀུན་གྱི་ལྡེ་མིག་ཡིན།། ཤིན་ཏུ་གདེང་བའི་སྨན་ཞེས་བྱའོ།། ཐིགས་པ་གཅིག་ནི་ཡར་བ་ལས།། ཇི་ལྟ་གསེར་གྱི་ཤིང་དུ་སྐྱེས།། ཁ་དོག་སྐྱེད་པ་འདྲ་མོད་ཀྱང། ། སྲོ་མ་བི་ཀར་ལྟ་བུར་སྐྱེ།། རི་མོ་མགུལ་ཀློག་འདྲ་བ་སྐྱེས།། པྲ་རྩི་གཏང་བའི་མདོག་དང་ལྡན།། ལོ་མ་ཆུང་ཞིང་རྩ་བ་སྡོམ།། ཤིན་ཏུ་དྲོ་བའི་བྲག་ལ་འཁྲུངས།། ཁྲག་གིས་སྦྱར་བར་གྱུར་བ་དང།། བལ་ནད་དག་གི་བདུད་རྩི་ཡིན། ། ཐིགས་པ་གཅིག་ནི་ཡར་བ་ལས།། བདུད་རྩི་ཆེན་པོ་དགའ་རུ་སྐྱེས།། རྩ་བ་ཤིན་ཏུ་ཕྲ་བ་ལས།། ལོ་མ་ནེ་ལེའི་གཤོགས་པ་འདྲ།། ངར་བ་སྦུ་གུ་མེ་ཏོག་ཕྲ།། གཡའ་དང་གངས་ཀྱི་མཚམས་སུ་འཁྲུངས། ། སྟོན་ཟླ་ཐ་ཆུང་དུས་སུ་བརྔ།། ལོ་མ་མར་དཀར་ཚྭ་དང་བཅས།། ཆུ་དང་བསྲེས་ཏེ་ཐང་དུ་གཏང།། བད་ཀན་ཉིད་ཀྱི་བདུད་རྩི་ཡིན།། ཟས་སུ་ཟོས་ན་ཡི་ག་འབྱེད། ། གལ་ཏེ་དུལ་བར་གྱུར་བ་ན།། བད་མཁྲིས་བཅས་ཏེ་ལྡོག་པར་འགྱུར།། གདུལ་བའི་ཐབས་ནི་ཆུ་ལུད་དེ།། གླ་བ་ཤ་བའི་རིལ་མས་དགབ།། ལོ་གཉིས་བར་དུ་བརྔས་ཤིང་བསྐྱུར།། ལོ་གསུམ་ལོན་ནས་འདབ་མ་བརྔ། ། རྩ་བ་ངར་བ་མ་ཡིན་ནོ།། ལོ་མ་ལེགས་པར་བརྔ་ཏེ་སྐམ།། ཤིན་ཏུ་ཞིབ་པར་བཏགས་ནས་ནི།། ཚོས་བར་བཙོ་བ་རབ་ཏུ་གཅེས།། ཟས་རྣམས་འཁྲེམ་པའི་བདུད་རྩི་ཡིན།། འདུ་བ་ཀུན་ལ་རབ་ཏུ་བྱམས། ། ཐིགས་པ་གཅིག་ནི་ཡར་བ་ལས།། བདུད་རྩི་ཆེན་པོ་མུཉྫར་འཁྲུངས།། འཁྲུངས་པ་གངས་ཀྱི་ལྟོངས་སུ་འཁྲུངས།། སྙིང་པོ་ནག་ལ་མེ་ཏོག་དཀར།། ལོ་མ་སྤྲེའུའི་གཞུག་མ་འདྲ།། དགུན་ཟླ་ར་བའི་སྟོད་ལ་བརྔ། ། ཞག་གསུམ་བར་དུ་སྦལ་ལ་བསུབ།། ངར་བ་རལ་བའི་ཆུ་ཡིས་བྲན།། ལེགས་པར་སྣོད་དུ་བསག་གྱུར་ན།། ཞུ་མཁན་ལྟ་བུའི་དྲི་འབྱུང་སྟེ།། ཆུ་དང་མར་དུ་སྦྱར་གྱུར་ན།། ཚ་བའི་ནད་རྣམས་ཀུན་ལ་ཕན། ། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་དྲག་བསིལ་མཁྲིས་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་རཱུ་ཏྲ་ཆེན་པོ་དེའི།། བཅུད་ཀྱི་ཆུ་བརྒྱད་བྱུང་བ་ལས། ། སེམས་ཀྱི་བཅུད་ནི་ཀླད་པ་དེ།། ཚན་པ་བདུན་དུ་ཡར་ཏེ་སོང།། ཀླད་པའི་ཕྱི་རྒྱ་ཡར་བ་ལས།། མན་དར་རྒྱ་དར་ལྡིབ་ཤོར་འཁྲུངས།། སྤང་དང་ན་ཐང་མཚམས་སུ་ཡང།། ཉི་ལྕབས་ཚུལ་དུ་འཁྲུངས་པ་ཡིན། ། བཏགས་ཏེ་སྣམ་བུར་བྱས་གྱུར་ན།། རྨ་ཡི་ཆིངས་དང་ཡན་ལག་ཆིངས།། ཐུན་མོང་སྨན་གྱི་སྐྱོབས་སུ་བྱུང།། ཀླད་ཁྲག་ཐིགས་གཅིག་ཡར་བ་ལས།། སྨུག་པོ་སྦལ་རྒྱབ་ཁྲག་ཤའི་མདོག། བཅག་ན་ཟུར་ཅན་ཞིབ་ན་འབོལ། ། གཡའ་སྤང་བྱི་བའི་རྡོ་རུ་འཁྲུངས།། ཁ་མོའི་ཆང་གིས་ཁྲིད་གྱུར་ན།། ཀླད་པ་ཉམས་པའི་བདུད་རྩི་ཡིན།། ཀླ་དཀར་ཐིགས་གཅིག་ཡར་བ་ལས།། གངས་དང་ཆུ་འཐབས་བར་དུ་འཁྲུངས།། མདོག་དཀར་མཁྲེགས་ཤིང་བཏགས་ན་འཇམ། ། ཕྱི་ནས་བི་ཙིས་ཁྲིད་གྱུར་ན།། རུས་པ་དུམ་བུ་སྟོང་སོང་ཡང།། འབྱར་བར་འདི་ལ་ཐེ་ཚོམ་མེད།། ཀླད་པ་མཐའ་ནས་ཡར་བ་ལས།། དེ་ཡང་རྣམ་པ་གཉིས་སུ་ཡར། ། གཅིག་ནི་མཚོ་འགྲམ་པ་ལ་ཡར།། ཤིན་ཏུ་འབོལ་བའི་ས་ལ་ཡར།། བདུད་རྩི་ཆེན་པོ་འབྲུག་རུས་ཏེ།། ཆེ་ཆུང་ཕོ་འདོམ་གསུམ་གྱི་ཚད།། ཉ་ཕྱིས་ལྟ་བུའི་ཁ་དོག་ལ།། སྲབ་མོ་ཤུན་ལྤགས་བརྩེགས་མར་གནས། ། མ་ཧེའི་ཀོ་བ་ལྟ་བུའི་ཚུལ།། ཞིབ་བཏགས་རྩི་དམར་དག་དང་སྦྱར།། ནུ་ཞོ་འཐུང་བའི་བྱིས་པ་ལ།། རུས་པ་སྲ་མཁྲེགས་ལྕགས་སུ་འགྱུར།། ཇི་ལྟར་རྒས་ཀྱང་ཤེད་མི་འཆོར།། རྒས་པ་རང་ཡང་འོང་བ་དཀའ། ། ཀླག་སྟེ་བུད་མེད་གཞོན་ནུ་ལ།། བཙོད་ཀྱི་ཁྲག་དང་སྦྱར་ཏེ་གཏད།། བྱིས་པ་བུ་མོ་སྐྱེ་མི་སྲིད།། རྐྱེན་གྱིས་རུས་པ་ཆག་གྱུར་ན།། བཏང་ན་ལྟ་བ་འཆོར་མི་སྲིད།། ཡང་ན་ན་ཚས་གང་ཟིན་པ། ། ཞིབ་ཏུ་བཏགས་ཏེ་སྣུམ་དང་བསྲེས།། བསྐུ་མཉེ་བྱས་པར་གྱུར་ན་ནི།། ལུས་ཟུངས་དག་ཀྱང་འཆོར་མི་སྲིད།། རཱུ་ཏྲའི་འགྲམ་པའི་རུས་པ་ནི།། གཅིག་ནི་ས་ལ་ཡར་བ་ལས།། རྒྱ་མཚོ་ཆེན་པོའི་སྣེ་ལས་འཁྲུངས། ། ལྟེང་ཆུ་ཕྲ་མོའི་ནང་དུ་འཁྲུངས།། སེམས་ཅན་བྲྀཤྩི་ཀ་རུ་འཁྲུངས།། བཏགས་ཏེ་ཞིག་དཀར་བརྔོས་གྱུར་ཏེ།། ཀླད་པ་རྒྱ་དང་སྦྱར་གྱུར་ནས།། མར་དཀར་དག་གིས་ཁྲིད་གྱུར་ན།། སྐྲ་རྣམས་ཉལ་གྱིས་བྱི་གྱུར་ལ། ། ཤིན་ཏུ་འཇམ་ཞིང་ལ་བ་ཡི།། སྐྲ་རྣམས་སྐྱེ་ལ་ཐེ་ཚོམ་མེད།། བ་སྤུ་གསོ་བའི་བདུད་རྩི་ཡིན།། ཀླད་པའི་དཀྱིལ་ནས་ཡར་བ་ལས།། རྒྱ་མཚོའི་གཏིང་གི་དུང་དུ་འཁྲུངས།། དེ་ཡང་རིགས་ནི་གསུམ་དུ་འཁྲུངས། ། གཡས་སུ་འཁྱིལ་བའི་དུས་བྱུང་བ།། ཀཽ་ཤི་ཀས་བྱིན་གྱིས་བརླབས།། ཕོ་དུང་མོ་དུང་གཉིས་བྱུང་བ།། ཀླུ་རྒྱལ་འཇོག་པོས་བྱིན་གྱིས་བརླབས།། བཏགས་ཏེ་སེང་གེའི་ཞོ་དང་སྦྱར།། སྐྱུ་རུ་ར་ཡིས་ཕབས་བྱས་ཏེ། ། ཞག་གསུམ་བར་དུ་མནན་བྱས་ཏེ།། བརྒྱད་ཅུ་ལོན་པའི་རྒན་པོ་ཡང།། སོ་ནི་གཏིང་ནས་མེད་གྱུར་བར།། ལོ་བཅུ་ལོན་པའི་བྱིས་པ་བཞིན།། བཀྲག་དང་བཅས་ནས་སོ་རྣམས་སྐྱེ།། གཞོན་པར་འགྲོ་ལ་ཐེ་ཚོམ་མེད། ། གལ་ཏེ་སེང་གེའི་ཞོ་མེད་ན།། བཙོད་དང་ཀྱང་ཡང་ནམ་ཀྱུངས་ལ་སོགས་པ་ཡི།། རི་དྭགས་སུམ་ཅུ་རྩ་གཅིག་ཞོ།། རྩཝ་མ་ཟས་པའི་རྒོད་ཀྱི་བུ།། དེ་ཡི་གློ་དང་འབྲི་མར་དང།། ཨ་རུ་ར་དང་སྦྱར་གྱུར་ན། ། རྒས་པ་གཞོན་ལ་ཐེ་ཚོམ་མེད།། ཀླུ་ཡི་ལུས་དང་ལྡན་པར་འགྱུར།། ཀླད་པའི་ཁྲག་རྩ་ཡར་བ་ལས།། རྒྱ་མཚོ་དངས་པའི་གཏིང་དུ་འཁྲུངས།། ས་ཡི་དངས་མ་མཚལ་དུ་འཁྲུངས།། ཞག་བདུན་བར་དུ་བཏགས་བྱས་ནས། ། སྒོ་ངའི་རྩ་དང་ཅོང་ཞི་སྦྱར།། ལྷ་བ་འཚོ་བའི་བདུད་རྩི་ཡིན།། ཀླད་པའི་རྩ་ཆེན་ཡར་བ་ལས།། རྒྱ་ཤུགས་འོད་ཟེར་དག་ཏུ་སྐྱེས།། བྲག་མེད་སྤང་མེད་རྩུབ་པའི་རི།། གཏིང་ན་གྲང་བ་ཡོད་ལ་འཁྲུངས།། ཤུན་ལྤགས་མངར་ཞིང་འབྲས་བུ་སྐྱུར།། ལོ་མ་ཐང་ཆུ་མངར་ལ་འཁྱིལ།། དེ་ཡི་པགས་པ་བཤུས་གྱུར་ནས།། ཆུ་ཡི་ནང་དུ་ཅུང་ཞིག་སྦང།། སྟོབས་ནི་དུ་བ་བཞིན་དུ་འོང།། ཤིན་ཏུ་བསྒྲུབས་ནས་འཐུང་གྱུར་ན།། ལྷུ་དུམ་རུས་པ་ཆགས་པ་རྣམས། ། ཚ་བའི་ནད་རྣམས་ལངས་གྱུར་ན།། བསིལ་བས་རབ་ཏུ་འཇིལ་བར་འགྱུར།། དེ་ལས་གྱེས་པའི་ཡལ་ག་ཡང།། གཅན་གཟན་སྟག་གིས་ཁྱེར་དེ་སོང།། ནགས་ཚལ་ཀུན་གྱི་གསེབ་ཏུ་སྐྱེས། ། མང་ཡང་སྟག་པ་དཀར་པོ་བྱ།། དེ་ཡི་གྲང་ཐང་བཏང་གྱུར་ན།། བསིལ་བར་ནུས་པའི་བདུད་རྩི་ཡིན།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་སེམས་བཅུད་ཀླད་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་རྡོ་རྗེ་གཞོན་ནུ་ཡིས།། རཱུ་ཏྲ་སྣམས་ནས་བཏོན་པའི་ཚེ།། མཆི་མ་གསུམ་ནི་ས་ལ་ཤོར།། མིག་འབྲས་ནག་པོའི་མཆི་མ་ལས།། གནོད་སྦྱིན་རྒོད་མ་ཁ་རུ་སྐྱེས། ། དཔྱིད་ནས་སྟོན་གྱི་བར་དུ་ནི།། གྷོ་ར་རྟ་རུ་རྫུས་ཏེ་སྡོད།། རྟ་ཡང་རང་རང་གསུམ་ཙམ་ན།། བདུད་ཀྱི་བུད་མེད་རལ་པ་ཅན།། མི་རྣམས་ཟ་བ་དཔལ་གྱི་གཟིས།། ནམ་མཁའི་མཐོང་ནས་ཕྱག་རྒྱ་བསྡམས། ། མཆི་མ་ས་ལ་བྲུལ་བ་ཡིས།། ཁ་སེར་སྤང་གི་སྟེང་དུ་སྐྱེས།། སྤང་གི་རྒྱན་དུ་རྣམ་པར་གྲགས།། རྩ་བ་ཕྲ་ཞིང་ལོ་མ་ཕྲ།། ཨུཏྤ་ལ་ཡི་མདོག་ཅན་དེ།། རུལ་ལམ་བམ་སུམ་མ་ཁྱེར་བར།། དགུན་ཟླ་ར་བའི་སྟོད་ལ་བརྔ། ། མིག་རྣམས་གསོ་བའི་སྨན་དུ་གཏང།། རཱུ་ཏྲའི་མིག་སྤྲིན་དཀར་པོ་ལས།། མཆི་མ་ཐིགས་གཅིག་ས་ལ་ཡར།། སྤང་དང་ཤིང་གི་བར་དུ་འཁྲུངས།། སྤང་རྒྱན་དཀར་པོ་བདུད་རྩི་ཡིན།། ཀ་ར་དཀར་དང་སྦྱར་བྱས་ནས། ། གྲངས་བའི་ཐང་དུ་འཐུང་གྱུར་ན།། དཔག་ཚད་གསུམ་དུ་གྲག་པ་ཡི།། མགྲིན་པ་བདེ་བའི་བདུད་རྩི་ཡིན།། མིག་སྤྲིན་དམར་པོའི་མཆི་མ་ལས།། ནགས་ཀྱི་གསེབ་ཏུ་ཡར་བ་ལས།། རྒྱ་ཤུག་གླང་མའི་མགུལ་དུ་འཁྲུངས། ། རྩ་བ་ཕྲ་ཞིང་ལོ་མ་ཕྲ།། དར་བའི་ཚད་ནི་མཐོ་གང་སྐྱེས།། ཕྱི་ལྗང་ནང་དག་སྨུག་པོ་ལ།། མིང་ཡང་ཨུ་མུ་ཏ་རུ་གྲགས།། མིག་ལ་རྐྱེན་གྱིས་བསླད་པ་ལ།། གོ་སྙོད་དག་གིས་སྣ་ཁྲིད་ནས། ། མར་དཀར་དག་དང་ཅུང་ཞིག་སྦྱར།། ལྟོ་རུ་ཟ་བར་བྱ་བའམ།། རྐང་མཐིལ་ལག་མཐིལ་སྤྱི་བོ་རུ།། ལུམས་ཀྱི་ཐབས་སུ་དུས་བྱས་ན།། མིག་ནི་ཚ་ལ་སོགས་པ་རྣམས།། འབྲས་བུ་ཞར་བར་གྱུར་པ་ནི། ། གསལ་བར་འགྱུར་ཏེ་ཐེ་ཚོམ་མེད།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་མིག་བཅུད་མཆི་མའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་རྡོ་རྗེ་གཞོན་ནུ་ཡིས།། ལྷ་ཡི་སྙན་དབང་འཐོབ་བྱའི་ཕྱིར། ། རཱུ་ཏྲའི་རྣ་བ་ཡར་བ་ལས།། ཆ་ནི་བཅུ་གཅིག་ཡར་ནས་སོང།། གཅིག་ནི་ཚངས་པའི་ཡུལ་དུ་ཡར།། ཡ་མཚན་འཕྲུལ་གྱི་མེ་ཏོག་སྐྱེས།། སངས་རྒྱས་ཆོས་རྣམས་འཆད་པ་ཐོས།། གཅིག་ནི་དགའ་ལྡན་གནས་སུ་ཡར། ། ཨུ་དུམ་ཝ་རའི་མེ་ཏོག་འཁྲུངས།། ཚངས་པའི་གསུང་དབྱངས་དྲུག་ཅུ་ཐོབ།། གཅིག་ནི་ལྷ་ཡི་ཡུལ་དུ་ཡར།། བྱམས་པའི་བསྟན་བཅོས་ཀུན་ཀྱང་ཐོས།། གཅིག་ནི་གནོད་སྦྱིན་ཡུལ་དུ་ཡར། ། བཻ་ཌཱུརྻ་ཡི་མེ་ཏོག་འཁྲུངས།། ཕྱག་ན་རྡོ་རྗེའི་རིགས་སྔགས་ཐོས།། གཅིག་ནི་རི་བདུན་ཁ་ལ་ཡར།། མེ་ཏོག་རྒྱ་བྱེ་སྨུག་པོར་འཁྲུངས།། འཁོར་ལོ་མཚོན་ཆའི་སྒྲ་ཡང་ཐོས།། གཅིག་ནི་ཀླུ་ཡི་ཡུལ་དུ་ཡར། ། རིན་ཆེན་མེ་ཏོག་ལྟ་བུར་འཁྲུངས།། ལྔ་ནི་འཛམ་བུ་གླིང་དུ་ཡར།། གཅིག་ནི་བྲག་སྤང་བར་དུ་འཁྲུངས།། བདུད་རྩི་ཆེན་པོ་ཚེ་ཡི་བྱ།། ལུས་རྣམས་རེངས་པར་གྱུར་པ་དང།། རྨ་རྣམས་དེངས་པར་འགྱུར་པ་ཡི། ། བདུད་རྩི་ཡིན་ཏེ་ལུམས་གྱི་སྨན།། ཐིགས་གཉིས་ས་ལ་ཡར་བ་ལས།། སྲིན་པོ་ཁྲོས་པའི་རི་ལ་འཁྲུངས།། བདུད་རྩི་ཆེན་པོ་ཧོང་ལེན་ཡིན།། སྡོང་པོ་བྲུལ་བས་རྩ་བ་ཆུང།། ལོ་མ་སེང་གེའི་རྣ་བ་འདྲ། ། རྩ་བའི་སྦུག་ལ་སུལ་བུ་ཡོད།། རོ་མཆོག་ཁ་བར་གྱུར་པ་ལ།། ཀུན་རྒྱུག་བདེན་པའི་བདུད་རྩི་ཡིན།། ཐིགས་གསུམ་ས་ལ་ཡར་བ་ལས།། ས་ཕྱོགས་ངེས་མེད་ཀུན་ཏུ་འཁྲུངས།། རྩ་བ་ཕྲ་བར་གྱུར་པ་ལ། ། འདབ་མ་ལུག་གི་རྣ་བ་འདྲ།། སྙིང་པོ་གུང་གང་མ་སེམས་ཅན་བཞིན།། མིང་ཡང་རྟག་གུ་ལ་དཀར་སྐྱེས།། དབྱར་ཟླ་ཐ་ཆུང་སྨད་ལ་བརྔས།། མར་དང་སྦྱར་ནས་ཟོས་ན་འཚོ།། ཅུང་ཞིག་ཚ་ས་རྐྱེན་གྱུར་ན།། ཡི་ག་འགགས་པའི་བདུད་རྩི་ཡིན། ། བདུངས་ཏེ་ལུམས་སུ་བྱས་གྱུར་ན།། རྨ་རྣམས་རེངས་བ་ཀུནཀྱང་འཚོ།། ཐིགས་བཞི་ས་ལ་ཡར་བ་ལས།། གངས་སྟོངས་བལ་པོའི་མགུལ་དུ་འཁྲུངས།། ལྡུམ་བུ་རེ་རལ་ཞེས་སུ་གྲགས། ། ལོ་མ་ཕུ་ལ་ཡལ་ག་མེད།། ཁམས་སེར་སྤང་ནི་མི་མཐོ་སྟེ།། དུག་ནད་གསོ་བའི་བདུད་རྩི་ཡིན།། ཐིགས་ལྔ་ས་ལ་ཡར་བ་ལས།། མཚོ་དང་གཡའ་ཡི་མགུལ་དུ་འཁྲུངས།། བདུད་རྩི་འུག་པ་རེ་རལ་ཡིན། ། རྩ་བ་ལོ་མ་ཤིན་ཏུ་ངན།། ཤུན་པ་འུག་པའི་ཕོད་དང་མཚུངས།། ཤ་དུག་གསོ་བའི་བདུད་རྩི་ཡིན།། དྲོད་རྣམས་བྲལ་བར་མ་གྱུར་ན།། ཤི་བ་སོས་པར་ཐེ་ཚོམ་མེད།། བདུད་རྩི་རིན་པོ་ཆེའི་རྒྱན་ཞེས་བྱ་བའི་རྒྱུད་ལས་རྣ་བཅུད་རྣ་སྦབས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་རྡོ་རྗེ་གཞོན་ནུ་ཡིས།། སྣ་ཡི་དངོས་གྲུབ་འཐོབ་བྱའི་ཕྱིར།། སྣབས་ནི་གསུམ་དུ་ཡར་བ་ལས།། ཐང་གཅིག་བྲག་དང་ཆུ་ལ་ཡར།། ཆུ་ལ་ཡར་བས་ཆུ་ཤེལ་འཁྲུངས། ། བཟུང་ན་ཡོད་ལ་བལྟ་ན་མེད།། བྱེ་མ་ཀ་རས་སྣ་ཁྲིད་ན།། གློ་བའི་ནད་ཀྱི་བདུད་རྩི་ཡིན།། བྲག་ལ་ཡར་བས་ཅོང་ཞི་བྱུང།། སྲམ་གྱི་མཆིན་པ་དག་དང་སྦྱར།། རང་གི་ལུས་ཀྱི་དྲི་མ་རྣམས། ། ཟས་ལ་སྦྱར་ཏེ་བཏབ་བྱས་ན།། བུ་མོ་གཞོན་ནུ་ལ་སོགས་པ།། ལྷ་མོ་ཀླུ་མོ་མདངས་ཅན་རྣམས།། སྙིང་སྡུག་ཤིན་ཏུ་དང་ཆགས་ནས།། འགུགས་པར་བྱེད་པའི་བདུད་རྩི་ཡིན།། གཅིག་ནི་ས་ལ་ཡར་བ་ལས། ། ལྕེ་པོག་དཀར་པོ་དག་ཏུ་སྐྱེས།། རྩ་བ་ཕྲ་ཞིང་མེ་ཏོག་ཕྲ།། ལོ་མ་དེ་དག་དེ་བཞིན་ཕྲ།། རོ་ཚོར་དྲི་ཡང་མི་ཞིམ་སྟེ།། ནད་ལོག་བྱིང་བའི་བདུད་རྩི་ཡིན།། གཅིག་ནི་མཚོ་གཏིང་མགུལ་དུ་ཡར།། སྟོན་ཟླ་དགུན་ཟླ་མཚམས་སུ་འཁྲུངས། ། ཤེལ་ཚ་མེ་ཚ་སྨན་ཚ་དང།། ལྕེ་མྱང་ཚ་དང་ཟི་རའི་ཚ།། རྒྱམ་ཚ་ཤིང་ཚ་ཐལ་ཚ་དང།། ར་ཚ་དང་ནི་ཁ་རུ་ཚ།། ནད་རྣམས་འདྲིལ་བར་གྱུར་པ་དང། ། སྐྲན་རྣམས་རེངས་དང་མ་ཞུ་དང།། མངར་བའི་ཟས་ཀྱིས་རོ་འདོན་ཞིང།། གནས་སུ་བསྟིམས་པའི་བདུད་རྩི་ཡིན།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་སྣ་བཅུད་སྣབས་ཀྱི་ལེའུ་སྟེ་བཅུ་བཞི་པའོ། །།། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། སྨྲ་བའི་སེང་གེས་དབང་བསྐུར་ཏེ།། ལྕེ་བཅུད་མཆིལ་མའི་བདུད་རྩིར་གྱུར།། ཐིགས་པ་བཞི་རུ་ཡར་བ་ལས། ། ཁྲག་དང་མཆིལ་མར་འདྲེས་པ་ལས།། གནོད་སྦྱིན་ཆེན་པོ་ཁ་འབར་བྱུང།། ཤཱཀྱ་ཐུབ་པའི་གམ་དུ་ཕྱིན།། རང་གི་ལྕེ་བཅད་ཕུལ་བ་ལས།། བདུད་རྩི་ཆེན་པོ་གསེར་བ་བྱུང།། མི་བདེ་རྩུབ་པའི་ས་རུ་འཁྲུངས། ། རྩ་བ་འདྲིལ་ཞིང་ངར་པ་ཤར།། ཤིང་མདོག་སྨུག་ལ་མེ་ཏོག་དཀར།། འབྲས་བུ་དམར་བའི་མདོག་ཏུ་འཁྲུངས།། རྩ་བ་སྐྱུར་ལ་མངར་བའི་སྨན།། བད་ཀན་ལ་སོགས་ནད་རྣམས་ལ།། ཅུང་ཞིག་ཕན་པར་བྱེད་མོད་ཀྱང། ། བསྡུས་ནས་ཁུ་བ་བཏང་གྱུར་ན།། ཆུ་སེར་གཏན་ནས་འདོད་པའི་སྨན།། ཐིགས་གཉིས་ས་ལ་ཡར་བ་ལས།། དཔལ་འབར་ཆེན་མོ་ཁྲོ་མོ་བྱུང།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན།། ལྕེ་བཅད་ཡོན་དུ་ཕུལ་བ་ལས། ། བདུད་རྩི་ཆེན་པོ་དྲོ་བར་སྐྱེས།། རྩ་བ་འདྲིལ་ལ་ངར་བ་སྦོམ།། འདབ་མ་རྔ་མོའི་རྣ་བ་འདྲ།། མེ་ཏོག་ལྕེ་འདྲ་གསེར་གྱི་མདོག། མི་སྨྲ་བ་ཀུན་སྨྲ་བར་བྱེད།། དིག་པ་གསོ་བའི་བདུད་རྩི་ཡིན། ། བད་ཀན་དག་ལ་ཅུང་ཟད་གནོད།། ཐིགས་གཅིག་ས་ལ་ལྷུང་བ་ལས།། ཡི་དྭགས་ཁ་འབར་མ་རུ་བྱུང།། ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན།། ལྕེ་བཅད་ཡོན་དུ་ཕུལ་བ་ལས།། བདུད་རྩི་རྨ་ལོ་ཀྲིལ་ཀྲིལ་བྱུང། ། ཤིང་ཕྲན་སྐྱེས་པའི་མ་རུ་འཁྲུངས།། རྩ་བ་འདྲིལ་ཞིང་ངར་བ་འཁྲིལ།། མེ་ཏོག་སྔོ་ཞིང་ལྕེ་ཡི་དབྱིབས།། ཤིན་ཏུ་བསིལ་བའི་སྨན་ཡིན་ཏེ།། སྦྱར་ལག་གཏང་བ་མ་ཡིན་ཏེ།། ཟོས་པ་ཙམ་གྱིས་ནད་རྣམས་འཚོ། ། ཐིགས་གཅིག་ལྷ་ཡི་ཡུལ་དུ་ཡར།། བྱ་ནི་ངང་མོ་གཅིག་ཏུ་སྐྱེས།། མི་ཡི་ཡུལ་དུ་ཆགས་ཏེ་བྱུང།། བུ་དྲུག་བདུན་ཙམ་སྐྱེས་པ་ལས།། ལྷ་ཡི་བྱ་གཅིག་འདིར་བྱུང་སྟེ།། མི་རྣམས་ཀུན་གྱིས་འཛི་བཏགས།། ངང་མོ་ལྷ་ཡི་ཡུལ་དུ་ཕུར། ། བུ་བྲུག་ཀུན་ལ་སྨན་བཞག་པ།། ཧག་ཅེས་གྲེ་བ་དག་ནས་བཏོན།། སྨུ་གནག་ཐལ་བའི་མདོག་འདྲ་ལ།། ཆེ་ཆུང་སྐྱེ་ཚེའི་ཚད་དུ་བྱུང།། ངང་མོ་དེ་ཡིས་དམོད་བོར་བས།། ང་ཡི་ལྷ་ཟས་འབྲུ་ཆུང་འདི། ། བུ་རྣམས་ཀུན་གྱི་གསོས་སུ་ཤོག། རྔོ་མི་དགོས་ཏེ་བཏགས་མི་དགོས།། ལྡུམ་བུ་ལྗང་བུ་ཟོས་པས་ཆོག། བཙོས་ན་ལྷ་ཡི་ལྡུམ་བུ་ཡིན།། བཙོས་ཏེ་སྐམས་པར་གྱུར་ན་ནི།། སྡན་ལ་ཟ་བའི་བདུད་རྩི་ཡིན། ། བཏང་ན་དུག་གི་སྦྱོར་བ་རྣམས།། མུ་སྟེགས་བུས་ནི་ཚུགས་མི་འགྱུར།། འབྱུང་བ་ཁ་ཅིག་འཇུ་བར་བྱེད།། རོ་མངར་ཞུ་རྗེས་མེད་པར་བསྟན།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། ལྕེ་བཅུད་མཆིལ་མའི་ལེའུ་སྟེ་བཅོ་ལྔ་པའོ།།།། བཅོམ་ལྡན་རྡོ་རྗེ་གཞོན་བུ་ཡིས།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། ཤིན་ཏུ་བྲེད་ནས་རྔུལ་གཅིག་བྱུང།། ཡར་ནི་ཐིགས་པ་གསུམ་དུ་ཡར།། སྐྲ་ཡི་རྩེ་ནས་རྔུལ་བྱུང་བས། ། ས་ཕྱོགས་ས་སྤོ་དག་ཏུ་འཁྲུངས།། བདུད་རྩི་ཆེན་པོ་རྔུལ་དངུལ་ལམ། རྡོ་བྱུང།། ཆུ་མདོག་དཀར་སྔོའི་མདངས་དང་ལྡན།། ཨ་རུ་ར་ཡི་སྣན་སྦྱར་རྣམས།། ཁོང་དུ་བཟའ་བར་བྱེད་པའི་དུས། ། ལུས་ཀྱི་དྲི་མ་བཀྲུས་གྱུར་ཏེ།། ཕྱི་ཡི་ཡུལ་དུ་བྱུགས་གྱུར་ན།། ཕུང་པོ་མི་འཇིགས་བདུད་རྩི་ཡིན།། ཤི་བའི་རོ་ལ་བཀྲུས་གྱུར་ན།། སེམས་དེ་ཁུག་པར་མི་འགྱུར་ཀྱང།། ལུས་ཀྱི་གཟི་བྱིན་མི་འཆོར་བར། ། བསྐལ་པ་མ་ཞིག་བར་དུ་ནི།། ཕུང་པོ་བརྟན་པའི་བདུད་རྩི་ཡིན།། མཆན་ཁུང་སྤུ་ཡི་རྔུལ་གཅིག་ནི།། ཤིང་ཆེན་ཤུག་པའི་སྟེང་དུ་ཡར།། ཤིང་གི་འབྲས་བུར་གྱུར་བ་ལ།། འདབ་མ་དབྱར་སྐྱེས་དགུན་ནི་སྐམས། ། འབྲུ་ཡི་ཟན་ལ་མནན་གྱུར་ན།། ཕབས་སུ་གྱུར་པའི་བདུད་རྩི་ཡིན།། ནད་ལ་བདུད་རྩིའི་བཅུད་བཏོན་ན།། སེམས་ཀྱི་རྩལ་ཤུགས་བསྐྱེད་པ་དང།། རླུང་ནད་ཀུན་གྱི་བདུད་རྩི་ཡིན།། ཤིང་ཆེན་དེ་ཡི་འབྲས་བུ་ཡང། ། ལོ་གཅིག་བ་སྤུའི་ཚུལ་དུ་འཁྲུངས།། ལུམས་སུ་བགྱིས་ན་ནད་རྣམས་འཚོ།། ལོ་གཉིས་མ་སྨིན་སྒོ་རིལ་འདྲ།། གཤེར་དུག་ཀུན་གྱི་སྣ་འདྲེན་ཡིན།། ལོ་གསུམ་ལོན་ནས་སྨིན་པ་ཡང།། རཱུ་ཏྲའི་རྔུལ་ནག་འདྲ་བ་གཅིག། རོ་མངར་ཐང་ཆུའི་བག་དང་ལྡན།། བརྡུངས་ཏེ་ཆུ་ལ་སྦྱར་གྱུར་ན།། ཆུ་བ་རེངས་དང་ཡན་ལག་རེངས།། རླུང་དང་ཆུ་སེར་བསྡོངས་ལ་ཕན།། ཕོ་མཚན་སྤུ་ལས་རྔུལ་བྱུང་བ།། བྱེ་མ་མུ་ཏྲའི་སྒང་ལ་ཡར། ། བདུད་རྩི་གྷ་ན་པ་ཏིར་འཁྲུངས།། རྩ་བ་རྩུབ་རྩིང་འདབ་མ་རྩུབ།། འབྲས་བུ་རྩུབ་སྟེ་ར་མགོ་འདྲ།། ཅུང་ཞིག་མ་སྨིན་པ་ལ་བརྡ།། ཡང་ན་དུས་དེ་ཉིད་དུའམ།། ཉི་མས་ལེགས་པར་བསྐམས་ལ་ནི།། གདུས་པའི་ཁུ་བར་གྱུར་ན་ནི། ། རླུང་དང་ཆུ་སེར་ཀུན་གྱི་སྨན།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། བ་སྤུའི་བཅུད་རྔུལ་གྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། ། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། ཁྲག་གི་བཅུད་ནི་མཆིན་པ་ལས།། ཐིགས་པ་བདུན་དུ་ཡར་གནས་སོང།། གཅིག་ནི་རིན་ཆེན་ཟངས་རྡོར་འཁྲུངས།། ཤིན་ཏུ་བརྡར་བར་གྱུར་ན་ཡང།། དུད་འགྲོ་ར་ལུག་རྔ་མོ་ཡི། ། མིག་ལ་ལིང་ཐོག་བྱུང་བའི་སྨན།། ཐིགས་གཉིས་ས་ལ་ཡར་བ་ལས།། བདུད་རྩི་གྷ་ན་ཨ་མྲྀ་ཏ།། བྲག་དམར་མོ་མཚན་འདྲ་བའི་ཤོད།། ས་ཕྱོགས་ཤིན་ཏུ་འཇམ་པར་འཁྲུངས།། རྩ་བའི་རིང་ཞིང་དར་བ་ཤར། ། གྲངས་མེད་མེ་ཏོག་སེར་ལ་སྨུག། འབྲས་བུ་ཁྲག་གི་ཐིགས་པ་བཞིན།། མོ་ནད་གསོ་བའི་བདུད་རྩི་ཡིན།། ཐིགས་གསུམ་ས་ལ་ཡར་བ་ལས།། ག་རུ་ཊ་ཡི་ཤིང་དུ་འཁྲུངས།། ཐང་ཆུ་དམར་སེར་ཁ་བའི་རོ། ། དེ་ཡང་མོ་ནད་གསོ་བའི་སྨན།། ཐིགས་པ་བཞི་རུ་ཡར་བ་ལས།། སྨུག་ལྡེམ་ཨ་གད་བ་རུའི་ཤིང།། འབྲས་བུ་ཆེ་ཞིང་སྙིང་པོ་བསིལ།། སྨུག་སྐྱ་ཟིལ་བུར་གྱུར་པ་དེ།། ནད་རྣམས་ཀུན་ལ་བྱམས་པར་འཁྲུངས། ། མཆིན་པའི་ནད་ལ་རབ་ཏུ་བསྔགས།། ཐིགས་ལྔ་རྡོ་ལ་ཡར་བ་ལས།། བདུད་རྩི་ཆེན་པོ་མུག་ཆེན་བྱུང།། གཡའ་དང་བྱེ་མ་འདྲེས་སར་འཁྲུངས།། རྨ་རྣམས་ཀུན་གྱི་རྩི་རུ་འཁྲུངས།། མཆིན་པའི་རྩ་གཡས་ཡར་བ་ལས། ། བདུད་རྩི་ཆེན་པོ་ལ་རྟོག་ནི།། སྙི་ལ་འབོལ་བའི་ས་རུ་འཁྲུངས།། ལོ་མ་འབད་ཅིང་རྩ་བ་རིང།། སྐྱུར་ལ་མངར་བའི་རོ་དང་ལྡན།། ཁ་དོག་དམར་ཞིང་ལྕུག་ཕྲན་འདྲ།། རྩ་ནད་ཚ་བས་ཟིན་པ་དང། ། གློ་དང་མཆིན་ལ་ཚད་ཞུགས་ན།། གཏན་ནས་འབྱིན་པའི་བདུད་རྩི་ཡིན།། མཆིན་པའི་རྩ་གཡོན་ཡར་བ་ལས།། བདུད་རྩི་ཆེན་པོ་མ་ནུར་སྐྱེས།། རྩ་བ་དམར་ཞིང་འདབ་མ་ལྟེབ།། རྩེ་ལ་སྤུ་ཡི་ཚེར་མ་ཡོད། ། མེ་ཏོག་སྨུག་ལ་ཐུར་དུ་གུག། དེ་ཡང་རྩ་ཡི་སྨན་ཡིན་ནོ།། བདུད་རྩི་རིན་པོ་ཆེ་ཆེན་པོ་འཁྲུངས་པའི་རྒྱུད་ལས། ཁྲག་བཅུད་མཆིན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། ། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། རྩ་བཅུད་ཆུ་བ་ཡར་བ་ལས།། དེ་ཡང་ཐིགས་པ་བཞི་རུ་ཡར།། གཅིག་ནི་གངས་ཀྱི་སྟོངས་སུ་ཡར།། བདུད་རྩི་ཆེན་པོ་ལ་ཆུ་བ།། མངར་ལ་ཞིམ་པའི་རོ་དང་ལྡན།། རྩ་བ་སེར་ཞིང་རྩ་མཚམས་དཀར། ། དར་བ་སྨུག་ཅིང་འདབ་མ་ཤོག། སྙིང་པོ་འབྲས་བུ་མེད་པའི་རྩི།། བཙོས་ཏེ་ཟས་སུ་ཟོས་གྱུར་ན།། བད་ཀན་གཉིས་ཀ་མིང་ཡང་མེད།། ཐིགས་པ་ལུང་པའི་སྲོལ་དུ་བབས།། བདུད་རྩི་ཆེན་པོ་ཆུ་ཆུང་བ། ། རྫ་མོ་ལུང་པའི་དཀྱིལ་དུ་འཁྲུངས།། འདབ་མ་ཆུང་ཞིང་དར་བ་སྨུག། འབྲས་བུ་བྲ་པོའི་ཟན་བཅངས་འདྲ།། རོ་ནི་སྐྱུར་ལ་ཅུང་ཞིག་འཕྲིགས།། བཅོས་སྟེ་ཟོས་པར་གྱུར་ན་ཡང།། བན་ཀན་སྨུག་པོ་གཏན་ནས་ལེན། ། ཐིགས་གཅིག་ས་ལ་ཡར་བ་ལས།། སྲ་བརྟན་བྲག་གི་སྐེད་ལ་འཁྲུངས།། འདབ་མ་ངར་བ་གོང་བཞིན་ཏེ།། སྙིང་པོ་པི་ཝང་ལྟ་བུ་སྟེ།། རོ་ནི་སྐྱུར་ལ་གདང་བར་སྟོན།། བཙོས་སྟེ་ཟོས་པར་གྱུར་ན་ཡང། ། བད་ཀན་དཀར་པོ་མིང་ཡང་མེད།། སོལ་བུར་ཟོས་པར་གྱུར་ན་ཡང།། བད་ཀན་དག་ལ་ཅུང་ཞིག་ཕཊ།། གོང་གི་རོ་དང་མི་ལྡན་ཞིང།། ས་ཕྱོགས་དྲོ་སར་སྐྱེས་གྱུར་ན།། དེ་ལ་བདུད་རྩི་སྨན་མི་འབྱུང། ། ཐིགས་གཅིག་ས་ལ་ཡར་བ་ལས།། རི་ཀླུང་ཆེན་པོའི་འདབས་སུ་སྐྱེས།། བདུད་རྩི་ཆེན་པོ་ལྡུམ་བུ་སྐྱེས།། དབྱིབས་རྣམས་ཆུ་བ་འདྲ་མོད་ཀྱང།། རོ་ནི་ཅུང་ཞིག་སྦྲེ་ལ་ཁ།། ཕོ་ལ་དགོས་པ་མ་ཡིན་ཏེ།། མོ་རྣམས་ཀུན་ལ་ནལ་བའི་སྨན། ། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རྩ་བཅུད་ཆུ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། བཅོམ་ལྡན་རྡོ་རྗེ་ཁྲོས་པ་ཡིས།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། དེ་ཡི་གློ་བ་བཤེགས་པ་ལས། ། ཐིགས་བརྒྱད་ས་ལ་ཡར་བ་ལས།། ཙནྡན་དཀར་པོའི་བདུད་རྩི་ཡིན།། འཁྲུངས་ནི་ནགས་ཚལ་དབྱིབས་སུ་འཁྲུངས།། རྩ་བ་ཟབ་ཅིང་ངར་བ་བཤན།། འདབ་མ་དག་ཀྱང་སྤྲིན་བཞིན་གྱི།། དཀར་ཞིང་མདོག་སྟེ་ཆུང་ཞིང་སོབ། ། དེ་ཡང་རིགས་ནི་གསུམ་དུ་གནས།། གདང་བའི་དྲི་དང་མངར་བའི་དྲི།། ཅུང་ཞིག་ཚ་བའི་དྲི་དང་གསུམ།། གདང་བའི་དྲི་ནི་གཤེར་ལ་འཁྲུངས།། ཚ་བའི་དྲི་ནི་ཤིང་དག་ཟད་པའི་ཟེ་ལ་འཁྲུངས། ། རྐྱེན་གྱིས་རལ་དང་ལྕུགས་ཀྱིས་ལྟེབ།། ཅི་རིགས་རིམ་པ་དང་སྦྱར་ནས།། གློ་རྣམས་གསོ་བའི་བདུད་རྩི་ཡིན།། མངར་ལ་གྱུར་བའི་ཙནྡན་ལ།། འདབ་ཆགས་བྱ་ཡི་ཚང་བཅས་ན།། བསིལ་བར་འགྱུར་ཏེ་བྱར་མི་འགྱུར། ། གལ་ཏེ་བྱ་ཡིས་མི་འཚལ་ནས།། མཉམ་འདྲ་ཤིང་དང་མཚུངས་པ་ལ།། བསིལ་བའི་ཆུ་ཡིས་བྲན་ནས་ནི།། གཞན་གྱི་ཟིལ་པ་ཞུ་གྱུར་ཀྱང།། དེ་ཡི་ཟིལ་པ་ཞུ་མི་སྲིད།། གལ་ཏེ་མི་ཡིས་ཚོལ་གྱུར་ན། ། མཉམ་འདྲེའི་ཤིང་གཉིས་བསྲེག་པ་རབ།། འཚིག་དང་མི་འཚིག་ཤིན་ཏུ་གསལ།། ཐིགས་གཅིག་ས་ལ་ཡར་བ་ལས།། མཚན་པ་གསུམ་དུ་གྱེས་ཏེ་སོང།། ཤིང་ཆུ་གཏོང་དང་ལྟེངས་ཀའི་མཚམས།། ས་མ་བྲག་གི་གསེབ་ཏུ་ཡར། ། ཤིང་གི་ཆུ་ལས་བྱུང་བ་ནི།། ཀ་ར་སྨུག་པོའི་རྒྱུ་རུ་འཁྲུངས།། རླུང་གིས་བཏབ་པའི་གློ་ལ་ཕན།། ལྟེངས་ཀའི་བར་ནས་བྱུང་བ་ནི།། ཀ་ར་དཀར་པོའི་རྒྱུ་རུ་བྱུང།། དུག་གིས་ཟིན་པ་ལ་སོགས་དང། ། ཚ་བའི་ནད་རྣམས་ཀུན་ལ་བཏང།། ཚ་བའི་གློ་ལ་རབ་ཏུ་ཕན།། ས་མ་བྲག་ལ་ཡར་བ་ནི།། ཤིན་ཏུ་དཀར་ལ་རྩུབ་པར་འཁྲུངས།། བྱེ་མ་ཀ་ར་ཞེས་སུ་གྲགས།། དེ་ལ་རིགས་ཀྱང་གསུམ་ཡོད་དེ། ། བྲག་ཏིང་ས་ཏིང་ཤེལ་ཏིང་གསུམ།། བྲག་ཏིང་ཁ་བ་བཞིན་དུ་སོབ།། ས་ཏིང་མདོག་ཀྱང་ཅུང་ཞིག་སྨུག། ཤེལ་ཏིང་ཟླ་བ་ཉ་བ་བཞིན།། བྲག་ཏིང་རུས་པ་ཚ་ལ་གཏང།། ས་ཏིང་ཤ་རྣམས་ཚ་ལ་གཏང།། ཤེལ་ཏིང་བྱ་བའི་བསིལ་བ་དེ། ། ག་པུར་ལྟ་བུས་ཐོབ་པ་མིན།། སྐྱོབས་ཀྱིས་ཁྲིད་ན་ཚ་མི་ནུས།། སྟོན་ཀའི་ཟླ་བ་ཉ་དང་མཚུངས།། ཤེལ་ཏིང་བཙལ་བའི་ཐབས་བསྟན་པ།། ཆུ་རྣམས་རབ་ཏུ་བསྐོར་བ་ལ།། ཤེལ་ཏིང་བཏབ་པར་གྱུར་ན་ནི། ། ཁོལ་ཤི་ཆུ་གྲང་ཚད་དུ་འགྱུར།། ཆུ་ཡིས་བཙལ་བའི་མན་ངག་ཡིན།། མེ་ཡི་བལྟ་བར་གྱུར་ན་ནི།། ཇི་ཙམ་བརྔོས་ཀྱང་མདོག་མི་ལྡོག། རླུང་གིས་བལྟ་བར་གྱུར་ན་ནི།། ལྕགས་ཀྱི་རྡོ་དང་བསྲེས་ཏེ་འཕྱར། ། སྙིགས་མར་ལས་ན་ཤེལ་ཏིང་ཡིན།། མཉམ་པར་འདུག་ན་བྲག་ཏིང་ཡིན།། སྣ་ལ་ཁྱེར་ན་ས་ཏིང་ཡིན།། ཐིགས་པ་གཅིག་ནི་ཡར་བ་ལས།། གཡའ་དང་གངས་ཀྱི་ལྟོངས་སུ་འཁྲུངས།། གཡའ་ཡི་བདུད་རྩི་ཟླ་བའི་འོད། ། སྲོ་ལོ་ཕུང་པོ་བདུན་གྱིས་བསྐོར།། རི་རྣམས་གཞན་ཡང་མཚན་གྱིས་འགེངས།། ལུང་མདོ་སྲུ་བ་ཡི་ས་བཅད།། ལྷ་ཤིང་སུར་བུའི་ཟུར་དུ་སྐྱེས།། སྐད་འདོན་ཆུ་ཡི་རལ་པ་བཞིན།། བརྟག་ལ་ལ་ཆུ་བ་ཡིས་བསྐོར། ། བྲག་དང་འཁན་པ་སྔོ་ཡང་འཁྲུངས།། མཐོང་བའི་རི་རྣམས་ཤིན་ཏུ་འཇམ།། རྩ་བ་དག་ཀྱང་བདུན་དུ་གྱེས།། རྩ་བའི་ལྕུགས་པ་ཅུང་ཞིག་དམར།། ལོ་འདབ་སྲོ་ལོ་དཀར་དང་འདྲ།། མེ་ཏོག་ཏི་པས་དཀར་སེར་འབྱུང། ། ཞག་བདུན་བར་ལ་སྐྱེ་མི་འཁྲུངས།། ཚན་དང་སྲོ་ལོ་གཞན་རྣམས་ཀྱིས།། ཁྲུ་གང་པ་ལ་ཉེ་མི་ནུས།། སྟོན་ཟླ་འབྲིང་པོའི་སྨད་ན་བཙལ།། ཅུང་ཞིག་མེ་ཏོག་མ་རྙེད་ན།། མེ་དང་ཆུ་ཡིས་གོང་བཞིན་བཙལ། ། གལ་ཏེ་ཅིས་ཀྱང་མ་རྙེད་ན།། རྐྱང་བུ་ཤ་བའི་གདོས་སུ་གཞུག། གློ་ལ་གྲི་བརྒྱབ་སུ་བར་བཏང།། སེམས་ཅན་དེ་ཡིས་རྙེད་པར་འགྱུར།། ཡང་ན་འདི་ཡིས་བཙལ་བར་བྱ།། རྒོད་ཀྱི་བྱེ་ཕྲུག་སྙི་ལ་བཟུང། ། གཏོད་དེ་གློ་ལ་ཐུར་མ་བརྡེག། ཕ་དང་མ་ཡིས་བཙལ་བ་བལྟ།། དེ་ཡིས་རྙེད་པར་གྱུར་ནས་ནི།། རྩ་བ་བརྐོ་བ་མ་ཡིན་ཏེ།། ལོ་མ་དག་གིས་ལོ་བརྒྱ་འཚོ།། ཐིགས་གཅིག་ས་ལ་ཡར་བ་ལས། ། སྲིབ་རིའི་ལོགས་དང་བྲག་ལ་འཁྲུངས།། བདུད་རྩི་ཆེན་པོ་བལ་བུ་བྱ།། རྩ་བ་འདྲིལ་ཞིང་ངར་བ་ཤར།། འདབ་མ་ཅུང་ཞིག་གཞུང་བུ་ཅན།། དྲི་ཡང་ཞིམ་ཞིང་རོ་ཡང་བསྐྱུར།། འདབ་མ་འདྲིལ་ཞིང་ངར་བ་བསྙོམས། ། སྡོང་པོ་རབ་ཏུ་བསིལ་བ་དེ།། ཚན་དང་སྦྱར་བ་གློ་ཡི་སྨན།། འདི་ཡང་ཚན་ཞེས་ཡོངས་སུ་གྲགས།། ཐིགས་གཅིག་ས་ལ་ཡར་བ་ལས།། སྤང་ནགས་གཉིས་ཀྱི་བར་དུ་འཁྲུངས།། རྩ་བ་འདྲིལ་ཞིང་འདབ་མ་ལེབ། ། བདུད་རྩི་ཆེན་པོ་སི་ལུ་ཁ།། ཁ་མངར་ཟས་དང་སྦྱར་བྱས་ནས།། དེ་ཡང་ཅུང་ཞིག་གློ་ལ་ཕན།། ཐིགས་གཅིག་ས་ལ་ཡར་བ་ལས།། ཀླུང་ཤོད་ཉེ་བའི་ས་རུ་འཁྲུངས།། བདུད་རྩི་ཆེན་པོ་འབྲི་མོག་ཡིན།། རྩ་བ་འདྲིལ་ལ་འདབ་མ་ཁྲད། ། དཔྱིད་ཟླ་ཐ་ཆུང་སྨད་ལ་བརྐོ།། མར་དཀར་ཀ་ར་དག་དང་སྦྱར།། དེ་ཡང་གློ་ཡི་སྨན་དུ་བཤད།། ཐིགས་གཅིག་ས་ལ་ཡར་བ་ལས།། འབྲུ་རྣམས་སྐྱེ་བའི་ས་རུ་འཁྲུངས།། བདུད་རྩི་བ་ཐག་ཅེས་ཀྱང་བྱ། ། དེ་ཡང་རིགས་གཉིས་དག་ཏུ་འཁྲུངས།། གཤེར་སར་འཁྲུངས་དང་སྐམ་སར་འཁྲུངས།། གཤེར་སར་འཁྲུངས་དག་ལྗིབས་རྗིབ་དག་ཡིན།། སྐམ་སར་འཁྲུངས་དག་སྐྱབས་དག་ཡིན།། བཙོས་ཏེ་རྟག་ཏུ་ཟོས་གྱུར་ན། ། གློ་ནད་ཕྱིས་ཀྱང་མི་འབྱུང་ལ།། བད་ཀན་དག་གི་གཉེན་པོ་ཡིན།། གློ་ཡིས་ཨོལ་གོང་ཡར་བ་ལས།། སྲ་བརྟན་བྲག་གི་སྐེད་དག་དང།། ས་ལ་ཡང་ནི་དེ་བཞིན་འཁྲུངས།། ར་སྒོག་གཡའ་སྒོག་དག་ཏུ་འཁྲུངས། ། གཡའ་སྒོག་ཅེས་སུ་བསྟན་པ་ལ།། ཤིན་ཏུ་རིང་ལ་སྣུམ་པ་གཅིག། རོ་ཡང་ཤིན་ཏུ་མངར་ཞིང་ཞིམ།། གློ་ནད་ཚ་གྲང་ཐམས་ཅད་ཀྱི།། སྔོན་དུ་འགྲོ་བའི་སྨན་ཡིན་ཏེ།། སྟོན་ཟླ་ར་བ་འབྲིང་པོ་གཉིས། ། རྟག་ཏུ་ལྟོ་རུ་ཟོས་བྱས་ན།། ལོ་བཅུ་ལོན་པ་ཚུན་ཆད་དུ།། གློ་ནད་བྱ་བ་འབྱུང་མི་སྲིད།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། བདུད་རྩི་གློ་བའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཁྲག་འཐུང་རྒྱལ་པོ་ཡིས། ། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། སྙིང་ལྤགས་ཤུན་པ་བཤུས་ཡར་བས།། མིང་ནི་པ་ཙི་ཤིང་དུ་བྱུང།། བྲག་ལྡེབས་འདྲ་བའི་ས་ལ་འཁྲུངས།། རྩ་བ་ཁྲད་ཅིག་སྙིང་པོ་རིང།། འབྲས་བུ་གོང་མོའི་སྙིང་འདྲ་འཁྲུངས། ། རོ་ལྕེ་ཅུང་ཞིག་ཡང་བ་ལས།། ཙིཏྟ་ཟླ་ཁྲོམ་ཞེས་སུ་གྲགས།། རྩི་མར་དག་དང་སྦྱར་གྱུར་ན།། སེམས་མི་དགའ་བའི་སྨན་དུ་གསུངས།། རཱུ་ཏྲའི་མཁལ་མ་ཡར་བ་ལས།། རི་མིན་ཐང་མིན་འདབས་སུ་འཁྲུངས། ། འཛིན་མེད་ཡེ་ནི་ཤིང་དུ་སྐྱེས།། རྩ་བ་བཟང་ལ་ངར་པ་རགས།། ལོ་མ་རྒྱས་ཤིང་མེ་ཏོག་དམར།། སྙིང་པོ་དག་ཀྱང་ཟླུམ་ཞིང་ཆེ།། མ་ཤ་དམིགས་མི་ཞེས་སུ་གྲགས།། ཁང་གི་ནད་རྣམས་འཁྲུགས་པ་དང། ། མཁལ་མའི་རྩ་རྣམས་ཀུན་ལ་ཕན།། རཱུ་ཏྲའི་ཆུ་ནི་ཡར་བ་ལས།། བྲག་དང་སྤང་གི་བར་དུ་འཁྲུངས།། ཕལ་ཆེར་བྱེ་མའི་གྲོག་ལས་སྐྱེས།། ཤིང་དང་ཁ་རི་དམར་པོ་འཁྲུངས།། འདབ་མ་ཕྲ་ཞིང་ངར་པ་འཁྱོག། ཁ་ནི་ཤོ་ཤ་ཞེས་སུ་གྲགས།། མཆུ་ནད་ཕལ་པ་དབལ་པོ་ཀུན་ལ་ཕན།། རཱུའུ་ཏྲའི་རྨེན་བུ་ཡར་བ་ལས།། རི་མིན་ཐང་མིན་རྩུབ་པར་འཁྲུངས།། རྩ་བ་ངར་པ་ཤིན་ཏུ་རྒྱས།། ལོ་མ་ཆུ་ཤིང་མེ་ཏོག་སྨུག། གླ་གོར་ཞོ་ཤ་ཞེས་སུ་གྲགས།། སྣོད་རྣམས་འགྱིང་ཞིང་ན་པའི་སྨན།། རཱུ་ཏྲའི་མཆེར་པ་ཡར་བ་ལས།། ཐིགས་པ་གསུམ་དུ་ཡར་བ་ནི།། རྡོ་ཡི་ཕྱོགས་སུ་འཁྲུངས་པ་ལས།། གཅིག་ནི་ཕ་ལམ་ཆོ་ལོ་རིས། ། བགེགས་ཆེན་གཟིར་བའི་སྟོབས་དང་ལྡན།། རྡོ་སྨན་དག་ཏུ་ཅུང་ཞིག་ཁྲོ་འགྲོ་ཡང།། གཅིག་ནི་ཁབ་ལེན་ལྗང་གུར་འཁྲུངས།། ལྕགས་འདུ་པ་ཡིས་སྟོབས་དང་ལྡན།། མཆེར་ཁྲག་འཁྲུགས་པའི་བདུད་རྩི་ཡིན། ། གཅིག་ནི་བལ་པོའི་ཡུལ་དུ་འཁྲུངས།། མཉེན་ལ་སྣུམ་པའི་རྡོ་རུ་འཁྲུངས།། རྒྱལ་བ་རྣམས་ཀྱི་སྐུ་ཡི་རྒྱུ།། ཁ་རུ་ཚ་དང་སྦྱར་གྱུར་ན།། སྦོ་བ་དག་ལ་ཅུང་ཞིག་ཕན།། བཏགས་ནས་དུག་ཏུ་བྱས་གྱུར་ན།། ཁྲག་རོ་རྙིང་པ་འབྱིན་པར་བྱེད། ། གསར་པ་དག་ལ་ཅུང་ཞིག་གནོད།། བསྲེགས་ཏེ་ཤིང་ཀུན་གཏང་གྱུར་ན།། སོ་ཡི་སྲིན་བུ་འདོན་པར་ནུས།། བཏགས་ཏེ་ཕྱེ་མར་བྱས་གྱུར་ན།། མེ་ཆོ་དག་གིས་ཅུང་དབེན་ནས།། བརྔོས་ཏེ་དུགས་སུ་བདུག་གྱུར་ན། ། མཁལ་མ་མཁྲེས་པ་གཏན་ནས་འདོན།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། སྣོད་ཕྲ་ལྒང་པའི་ལེའུ་སྟེ་ཉི་ཤུ་པའོ།།།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། ། དེ་ཡིས་གསང་མཛོད་ཡར་བ་ལས།། ཐིགས་པ་བཅུ་གཅིག་ས་ལ་ལྷུང།། ཐིགས་གཅིག་ས་ལ་ཡར་བ་ལས།། བདུད་རྩི་ཀུན་ཏུ་རྒྱུག་ཏུ་གྱུར།། འཇི་ཆུང་གི་ནི་མགུལ་དག་དང།། མུ་ཟི་ནག་པོ་ཡོད་སར་འཁྲུངས། ། ཀུན་རྣམས་འཇུ་བའི་བདུད་རྩི་སྟེ།། ཁྱད་པར་གློ་བའི་ནད་ལ་བསྔགས།། ཐིགས་པ་ས་ལ་ཡར་བ་ལས།། མཚོ་རྗིབ་མ་ཡི་མགུལ་དུ་འཁྲུངས།། བདུད་རྩི་ཆེན་པོ་འབྲི་མི་ཏ།། ནུ་ཞོ་སྐམས་པ་ཀུན་གྱི་སྨན། ། ཐིགས་གསུམ་ས་ལ་ཡར་བ་ལས།། ཆུ་འབབ་པ་ཡི་མགུལ་དུ་འཁྲུངས།། ཤིང་ཆུང་ཀི་ན་ཡོད་པ་ཡིས།། བདུད་རྩི་ཆེན་པོ་ཐལ་ཚས་བྱ།། མེས་ཚིག་ཀུན་གྱི་སྨན་དུ་གསུངས།། ཐིགས་བཞི་ས་ལ་ཡར་བ་ལས། ། གངས་དང་མཚོ་ཡི་མཚམས་སུ་འཁྲུངས།། བདུད་རྩི་ཆེན་པོ་རྒྱམ་ཚས་བྱ།། ཆུ་ནད་གསོ་བའི་བདུད་རྩི་ཡིན།། ཐིགས་དྲུག་ས་ལ་ཡར་བ་ལས།། རྒྱ་མཚོ་རུས་བུས་འགྲམ་དག་ཏུ་འཁྲུངས།། སྡིག་པ་ཀ་ཀ་རི་ཏུ་བྱུང། ། དེ་ཡང་ཆུ་ནད་གསོ་བའི་སྨན།། གཟུགས་ནི་སྡིག་པའི་དབྱིབས་འདྲ་ལ། ཁ་དོག་དཀར་ཞིང་ཤ་སྲུལ་མེད།། རོ་ནི་སྒྲེ་ཞིང་ཅུང་ཞིག་འདམ།། ཤིན་ཏུ་ལེགས་པར་སྐམས་གྱུར་ན།། ཡན་ལག་ནད་དང་ཆུ་ཡི་སྨན། ། ཐིགས་པ་བདུན་པ་ཡར་བ་ལས།། དབྱར་ཆུ་དགུན་སྐམས་ལྟེང་ཀར་འཁྲུངས།། ས་ཕྱོགས་དྲོ་ཞིང་ས་དྲི་ཅན།། དབྱིབས་ནི་ཞིང་མངའ་འདྲ་མོད་ཀྱང།། ཁ་དོག་གོང་མ་དེ་དང་མཚུངས།། རོ་ནི་ཁ་ལ་རོ་གཞུག་མངར། ། སྲིད་གིས་སྟོད་པ་འདུག་པ་དང།། ཆུ་ལ་བྲན་པ་གོང་བཞིན་ནོ།། ཐིགས་བརྒྱད་ས་ལ་ཡར་བ་ལས།། བལ་བུ་ཏ་ལའི་མགུལ་དུ་འཁྲུངས།། མིང་ཡང་མ་གི་ཏ་ཞེས་བྱ།། སྤོས་ཀྱི་གླང་པོ་ཞེས་ཀྱང་བྱ། ། ཆེ་ཆུང་ཚད་ནི་ལུག་ཙམ་ལ།། སྐེ་རིང་རྣ་བ་ཤིན་ཏུ་སྲབ།། རྨིག་པ་རྣོ་ཞིང་རྐང་ལག་བཞི།། དུས་གཅིག་མཆོང་ཞིང་འགྲོ་བར་བྱེད།། མོ་ལ་མི་གནས་ཕོ་ལ་འཁྲུངས།། ལྟེ་སྐོར་ཆུ་ཡི་མཚམས་ནས་བྱུང།། ཕྱི་ནི་འདྲིལ་ཞིང་ནང་ན་སོབ། ། ཆེ་ཆུང་སྐྱེས་པ་དར་མའི་ལྕེ།། དྲི་ལེ་འདི་ཞེས་བྱ་བ་ནི།། དཔག་གིས་མི་ལང་ཡོན་ཏན་འབྱུང།། རོ་གྱང་པ་ཡི་ཐབས་ཀྱི་མེད།། ཤིན་ཏུ་འཁྲིས་ནས་མི་ཞིམ་མོ།། རྩི་ཞེས་བྱ་བའི་མིང་ཡང་འདོགས། ། རཱུ་ཏྲའི་སྦྲེ་ནི་མཐར་ཐུག་ལས།། བྱང་ཆུབ་སེམས་དཔའི་སྦྲེ་ཡིན་པས།། དྲི་ཡིས་འཕགས་པ་མཆོད་གྱུར་ན།། ཡི་དམ་ལྷ་ཡི་ལུང་སྟོན་འགྱུར།། མན་ངག་ཅན་གྱི་བསྒྲུབ་གྱུར་ན།། ལྷ་མོའི་གཟུགས་ཀྱང་སྟོན་པར་གྱུར། ། འཛམ་གླིང་དྲི་ཡིས་འགེངས་པར་ནི།། ཐེ་ཚོམ་རྡུལ་ཙམ་མི་ཟའོ།། རཱུའུ་ཏྲ་ཆེན་པོའི་སྦྲེ་ཡིན་པས།། དྲི་ཆུ་རྣམས་ཀྱི་མཆོག་ཏུ་གསུངས།། ལུས་ལ་བཅངས་པར་གྱུར་ན་ནི།། རཱུ་ཏྲ་ཆེན་པོའི་དྲི་སྣམས་ནས། ། ཀླུ་ཆེན་བརྒྱད་ཀྱི་སྦྱོར་བ་ཡང།། ཡུད་ཙམ་གཅིག་ཀྱང་རྩོམ་མི་ནུས།། གདུག་པ་ཅན་གྱི་མཐུ་ཡིན་པས།། སྦྲུལ་དང་སྦྲང་བུ་ཏྲེ་མ་དང།། ཏྲཻ་མ་བུ་ག་ལ་སོགས་ཀྱིས།། མི་རྣམས་ཟ་རུ་འོང་མོད་ཀྱང།། མནམ་པ་ཙམ་གྱིས་མགོ་འགས་ཤིང། ། ཚོར་བ་ཙམ་གྱིས་ལྡན་པར་འགྱུར།། གཞན་ཡང་ལུས་ལ་བཅངས་གྱུར་ན།། རཱུ་ཏྲ་ཆེན་པོའི་དྲི་མནམ་ནས།། མ་མོ་མཁའ་འགྲོ་རྣམས་ཀྱང་ནི།། བསྒྲུབ་པ་བཞིན་དུ་དྲི་ལ་འཁོར།། བཞི་བརྒྱ་རྩ་བཞིའི་ནད་ལ་ཡང། ། སྟོབས་ཀྱི་མཐུ་རྣམས་ཡོད་མོད་ཀྱང།། ལྷག་པར་དྲི་ཆུ་བསྡམས་པ་དང།། ལྒང་པ་རྡོ་ཡིས་འགགས་པ་རྣམས།། ཆུ་སྨན་བཅུ་ཡིས་སྐྱོབས་བྱས་ན།། སོལ་བའི་སྡོང་པོ་དྲི་བ་ལ།། ལྕགས་ཀྱི་ཐོ་བས་བརྒྱབ་པར་བཞིན། ། གཞན་ཡང་ཡོན་ཏན་སྣ་ཚོགས་དང།། འདི་རུ་བརྗོད་པར་མི་ལང་ཀྱང།། དྲི་ཆེན་བརྒྱད་པའི་ནང་ནས་བཤད།། ཐིགས་པ་དགུ་པ་ཡར་བ་ལས།། ཙནྡན་ནགས་ཚལ་དབྱིངས་སུ་འཁྲུངས། ། ཤིང་ནི་པི་ལ་ལ་ཞེས་བྱ།། ཙནྡན་འོད་དང་འཛོམ་པ་འབྱུང།། མིང་ཡང་མ་ཏ་ལ་བྱའོ།། དེ་ཡང་དཀར་ནག་གཉིས་སུ་བྱུང།། དཀར་པོ་ལ་ཡི་ཐང་ཆུ་འདྲ།། ནག་པོ་རྩ་རྩེའི་འདབ་མ་འདྲ། ། མནམ་པའི་དྲི་ཡང་ཞིམ་པ་ལ།། བསྲེག་པའི་དྲི་ཡང་ཤིན་ཏུ་གདང།། དེ་ཡི་ཡོན་ཏན་བརྒྱ་དང་ལྡན།། ཡེ་ཤེས་ལྷ་ཡི་ཐུགས་དམ་རྒྱུད་བསྐུལ་ཞིང།། སྲས་མཆོག་ཀཱི་ལ་ཡ་ནི་བརྣག་པའི་ལས་ལ་འཛུད།། དམ་ཅན་མཁའ་འགྲོ་མ་ནི་མངག་པའི་ལས་ལ་འཛུད། ། དགྲ་བོ་སྡང་བ་ལྷ་དང་ཉེ་ཐག་བཅད།། བགེགས་ཀྱི་གྲོང་ཁྱེར་ཆོ་ངེས་ཆེན་པོ་འདེབས།། སྤོས་དང་དུ་བ་ཀུན་གྱི་མཆོག་ཆེན་བྱེད།། མ་མོའི་རིམས་ནད་བལ་ཡམས་ཐམས་ཅད་དང། ། བགེགས་ལས་ཕྱུང་བའི་ནད་དང་འབྱུང་པོས་རྐྱེན་པ་ལ།། དུ་བ་གཏང་བ་ཙམ་གྱི་འཇིལ་བར་བྱེད།། བཞི་བརྒྱ་རྩ་བཞི་རྣམས་ཀྱི་ནད་ལ་རྒྱུག་མོད་ཀྱང།། ལྷག་པར་ཆུ་སེར་ནག་པོ་གཏན་ནས་འདོན། ། ལུམས་སུ་བྱས་ན་སྤངས་ཤིང་འབུར་བ་འཇིལ།། ཐིགས་པ་བཅུ་པ་ཡར་བ་ལས།། སྡ་སྡོ་ཀོ་མོའི་ཤིང་དུ་འཁྲུངས།། ཆུ་ཡི་ཕུར་མོ་ལྟ་བུར་གནས།། ཆུ་བུར་ལྟ་བུར་བརྩེགས་པ་སྟེ།། སྟན་གྱི་ཀི་ཞེ་ས་སུ་གྲགས། ། ལུམ་པའི་རྩ་དང་སྦྱར་གྱུར་ན།། མིའམ་དུད་གྲོ་གང་རུང་གི། ཆད་ནས་ཧས་པའི་བདུད་རྩི་ཡིན།། གལ་ཏེ་མནམ་ནས་ཟ་མ་ནུས།། བུ་རམ་དཀར་པོ་དག་དང་སྦྱར།། འཕོང་ནས་བཅུག་པའི་འཚོ་བར་འགྱུར། ། ཆུ་ནད་ཅན་གྱིས་རྟག་ཏུ་བཟའ།། ཐིགས་པ་བཅུ་གཅིག་ཡར་བ་ལས།། རྒྱ་མཚོ་ཆབ་ཀྱི་ནང་དུ་འཁྲུངས།། ཆུ་ཡི་ནང་ནས་སྐྱེས་པ་ཡི།། ཙེ་ན་རྩ་མོ་དག་ཏུ་འཁྲུངས།། རྟག་ཏུ་ཟས་སུ་ཟོས་གྱུར་ན།། ཆུ་རྡོ་བཤིག་པའི་བདུད་རྩི་ཡིན། ། གླང་པོའི་རྩ་ལས་གྱུར་པ་ཡིན།། དབྱིབས་ཀྱང་ཕོ་མཚན་ཚུལ་དུ་གནས།། འཇམ་ཞིང་སྙིང་ཡང་མགོ་ལ་ཡོད།། ཉལ་རྡོ་ཆུ་ཡི་ནང་དུ་སྡོད།། དེ་ཟོས་ཆུ་རྡོ་འཇིག་པར་འགྱུར།། བདུད་རྩིའི་རྒྱལ་པོར་ངས་བཤད་དོ། ། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། ཆུ་སྣོད་ལྒང་བའི་ལེའུ་སྟེ་ཉེར་གཅིག་པའོ།།།། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། དེ་ཡི་ཕོ་མཚན་ཡར་བ་ལས། ། བེ་ཏ་གསང་མཚན་གསང་མཛད་དེ།། བེ་ཏའི་འབྲས་བུ་བཞི་རུ་ཡར།། གཅིག་ནི་བྱི་ཚེ་ཤིང་གི་མགུལ་དུ་འཁྲུངས།། ལོ་མ་རྩུབ་ཅིང་དར་བ་མཁྲང།། ཤ་བའི་རླིག་པ་འདྲ་མོད་ཀྱང།། སྤུ་ཅན་ཁོང་སྟོང་སྙིང་པོ་མེད། ། བདུད་རྩི་ཆེན་པོ་ཨ་འབྲས་ཡིན།། ཆུ་དང་མཁལ་མ་རླིག་པ་སྐྲང།། རྩ་རྣམས་ཅུང་ཞིག་འཁྲུགས་པ་དང།། འགགས་པ་གསོ་བའི་བདུད་རྩི་ཡིན།། ཐིག་པ་གཉིས་པ་ཡར་བ་ལས།། འཇམ་བྱེད་བྱིས་པའི་ཤིང་དུ་འཁྲུངས། ། པགས་པ་རློན་ཞིང་འདབ་མ་རློག། སྙིང་པོ་སྤུ་གུ་ཅན་དུ་འཁྲུངས།། འབྲས་བུ་གཡུ་སྒོང་ལྟ་བུ་ལ།། ནུས་པ་གོང་དང་འདྲ་བར་བཤད།། བདུད་རྩི་ཆེན་པོ་འཇམ་འབྲས་ཡིན།། གསུམ་པ་ས་ལ་ཡར་བ་ལས། ། ནགས་ཚལ་ཐག་ཆེན་གླིང་དུ་འཁྲུངས།། ཙུ་ཏའི་ཤིང་ལས་སྐྱེས་པས་ན།། བདུད་རྩི་ཆེན་པོ་ས་འབྲས་ཡིན།། གནག་ལ་འདྲིལ་ཞིང་ཟེ་མོ་ཀྱོང།། ནུས་པ་གོང་དང་དེ་བཞིན་འདྲ།། བཞི་པ་ས་ལ་ཡར་བ་ལས། ། བྲག་བར་ས་འཇམ་གླིང་ལ་འཁྲུངས།། རྩ་བ་ལྡེམ་ལ་ངར་བ་ལྡེམ།། སྤུ་བུ་ཅན་ལ་འདབ་མ་སྲབ།། བྱིན་པོ་མཁྲེགས་ལ་ཁ་ཚེ་གསུམ།། བདུད་རྩི་པོ་ནི་སོ་འཆའ་ཡིན།། སྐྱུག་པ་འདྲེན་པ་ཀུན་གྱི་སྨན། ། དེ་ཡི་གསང་མཚན་ཡར་བ་ལས།། ཚན་པ་ལྔ་རུ་གྱེས་ཏེ་སོང།། གཉིས་ནི་སྣང་ལྡན་ཤིང་ལ་བབས།། གཅིག་ནི་དོག་མོའི་ས་ལ་བབས།། སྣང་ལྡན་ཤིང་ལ་བབས་པ་ནི།། མཚན་མའི་པགས་པ་ཡར་བ་ཡིན། ། པགས་པའི་ཕྱི་ཤུན་ཡར་བ་ལས།། ལྟེ་བ་རྒྱུན་གཅད་ཅེས་སུ་བྱུང།། ཚར་ཆུང་ཡོད་པའི་ས་རུ་འཁྲུངས།། ཤིང་ཚད་གཞན་གྱི་ཐོ་ལུས་སུ།། སྔོ་དང་བཅས་ཏེ་སྐྱེ་མི་ནུས།། རྩེ་མོ་ཁྲད་ཅིང་རྩ་བ་གྱད།། འདབ་མ་དག་ཀྱང་ཅུང་ཞིག་སྐྱུར། ། སེམས་ཅན་བྱ་མ་བྱི་ཡང་ཟ།། གཅིག་ནི་སྔོ་མེད་གྲམ་པའི་གླིང།། སྔོ་རྣམས་སྐྱེ་བའི་མི་འགྱུར་ཞིང།། ས་ཕྱོགས་རྩུབ་པའི་གནས་སུ་འཁྲུངས།། དེ་ནི་རབས་ཆད་ནག་པོའི་ཤིང།། ནག་ལ་ཁྲད་ཅིང་འབྲས་བུ་ནག། ཤིང་ནི་དེ་ལྟར་གཉིས་དང་ནི།། བྱ་མ་བྱི་ཡི་སྤུ་དང་གསུམ།། རིན་ཆེན་གསེར་དང་བཞི་སྦྱར་ན།། སེམས་ཅན་མོས་པ་མི་མཐུན་པས།། སྐྱེ་བ་མངལ་གྱི་སྒོ་འགེགས་ཡིན།། བདུད་རྩི་ཆེན་པོ་ཡིན་པར་བཤད། ། ཕོ་མཚན་ཕྱི་ཤུན་ཡར་བའི་རྟགས།། འབྲས་བུ་མེད་པ་དེ་ལྟར་འབྱུང།། ཕོ་མཚན་ནང་ཤུན་ཡར་བ་ལས།། མཆི་ལ་པང་བྱིད་དེ་ལ་བབས།། ནམ་མཁའི་བདུད་རྩི་ཟ་བའི་ཕྱིར།། གངས་ཀྱི་ལྟོངས་ན་དེ་བཞིན་གནས། ། ནམ་མཁའི་བདུད་རྩི་ཐིགས་གསུམ་བྱུང།། ད་བྱིད་ཀྱིས་ནི་འཐུངས་པ་ལས།། ཁར་ཚད་འཐུངས་པའི་དེ་རིང་སྦྱར།། བཅུ་དྲུག་ཉིན་མོ་མི་ལ་བསྣུན།། དེ་ནས་རྩི་ཐོག་མ་རྒྱས་པར།། མོ་ཡི་ལུས་ལ་གནས་པར་ངེས། ། བདུད་རྩི་ཐིགས་གསུམ་བབས་པ་དེ།། གཞན་གྱིས་ཚོར་བར་མི་འགྱུར་ཏེ།། མཆིལ་པ་དག་དད་དེ་བཞིན་འཐུངས།། ད་བྱིད་མཆིལ་པ་དེ་ཉིད་ཤ། སེམས་ཅན་སྐྱེས་རྒྱུད་འཕེལ་བ་ཡི།། ཕོ་མཚན་ནང་ཤ་ཡིན་པའི་རྟགས། ། ཆུ་བ་འགྲེང་དང་འབྲས་བུའི་གསོས།། སེམས་ཅན་འཁོར་བར་ཆགས་པ་ལ།། སྐྱེ་རྒྱུད་འཕེལ་བའི་བདུད་རྩི་ཡིན།། དོག་མོ་ས་ལ་བབས་པ་དེ།། སྙི་ས་ཀླུང་ཤོད་དག་ཏུ་འཁྲུངས།། རྩ་བ་ཕོ་མཚན་ཤི་བའི་ཚུལ། ། ལོ་མ་གཅིན་གྱི་རྗེས་འདྲ་སྟེ།། དྲི་ཡང་མཇེ་ཡི་སྦྲེ་རུ་མནམ།། རོ་ཡང་མངར་ལ་སྦྲེ་རུ་ཁ།། བདུད་རྩི་ཆེན་པོ་ལྕ་བ་བྱ།། རླུང་དང་ཆུ་སེར་འདུལ་བའི་སྨན།། དེ་ཡི་གསང་མཛོད་ཡར་བ་ལས།། དེ་ཡང་ཐིགས་པ་གསུམ་དུ་ཡར། ། ཐིགས་གཅིག་ས་ལ་ཡར་བ་ལས།། བསིལ་ལམ་གླིང་གི་སྟེང་དུ་འཁྲུངས།། མདོག་སྨུག་ཚོར་མ་ཕྲ་བ་ལས།། མེ་ཏོག་དཀར་དང་སེར་པོས་བརྒྱན།། ཀླུ་ཡི་བདུད་རྩི་གྲ་མ་བྱ།། ཀླུ་རྣམས་ཀུན་གྱི་སྨན་གྱི་མཆོག། འདྲེ་ནད་ཀུན་གྱི་སྨན་གྱི་མཆོག། དབང་བསྐུར་བྱེད་ན་སོ་ཤིང་བྱ།། སྦྱིན་སྲེག་བྱེད་ན་ཤིང་བུ་བྱ།། ལུམས་སུ་བྱེད་ན་པགས་པ་བཞར།། སྨན་དུ་བྱེད་ན་མེ་ཏོག་ལ། ། གསང་མཛོད་རྐུབ་རླིག་བར་གྱི་ཆུ་བ་ཡར།། བསོད་ནམས་ཅན་གྱི་ཁང་རྩར་འཁྲུངས།། རྩ་བ་སྙི་ཞིང་ངར་པ་སྨུག། བཏབ་ན་སྐྱེ་ཞིང་འབྲས་བུ་ངན།། བདུད་རྩི་ཆེན་པོ་གུར་ཤིང་བྱུང།། དེ་ཡང་ཕོ་མོ་གཉིས་སུ་སྲིད། ། ཕོ་སྐྱེས་སེར་ལ་མོ་སྐྱེས་སྨུག། དུས་སུ་བཞུ་བར་གྱུར་ན་ཡང།། ཕོ་སྐྱེས་སྟེང་ལ་མོ་སྐྱེས་འོག། ཕོ་ནི་ལུ་གུའི་ཚན་བུ་འདྲ།། མོ་ནི་གྲང་ཆང་སྐྱོ་མ་བཞིན།། སྦྱིན་སྲེག་བྱེད་ན་མཆོད་པའི་རྫས།། བཞི་བརྒྱ་རྩ་བཞིའི་ནད་ལ་ཡང། ། ཕོ་སྐྱེས་ཕྱོགས་དག་ཀུན་དུ་རྒྱུག། མོ་སྐྱེས་ཅུང་ཞིག་ཚ་བར་གནས།། ནད་རྣམས་ཀུན་ལ་ཅུང་ཞིག་འགྱེངས།། ཕོ་སྐྱེས་འཇུ་བའི་བདུད་རྩི་ཡིན།། གཙོ་བོ་ཡིན་པར་ངས་མ་བཤད།། སྣམ་ལོག་གཡས་གཡོན་ཡར་བ་ལས། ། རྒྱལ་པོའི་ཁང་བཟང་ལྟ་བུ་འཁྲུངས།། བདུད་རྩི་ཆེན་པོ་ཤིང་ཀུན་ཡིན།། ཤིང་ཡང་ཚན་ཆེ་ལུ་མ་བཞིར།། ལྟེ་ལྟ་ནུ་ཡི་སྐྱུགས་པ་བཞག། དྲི་ཡང་འཚུབ་ཅིང་དྲི་གཞུག་ཁ།། ཕོ་སྐྱེས་དཀར་ལ་མོ་སྐྱེས་ནག། རི་བོང་གླ་བའི་རིལ་མ་འདྲ།། ཡ་མ་དཀར་ནག་གཉིས་དང་ནི།། ཚ་རླུང་གྲང་རླུང་གཉིས་ཀྱི་བསྐལ་པ་ལས།། ཕོ་མཚན་ཡར་བས་དེ་ལྟར་བྱུང།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། གསང་མཛོད་ཕོ་མཚན་གྱི་ལེའུ་སྟེ་རྩ་གཉིས་པའོ། །།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས།། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས།། དེ་ཡི་ལྕེ་ཆུང་ཡར་བ་ལས།། འཛམ་བུ་གླིང་གི་བྱང་དུ་འཁྲུངས།། མུ་ལེ་དྲུང་ཤིང་ཞེས་པ་བྱུང། ། ཡན་ལག་ཉིང་ལག་ཤིན་ཏུ་རྒྱས།། དེ་ལ་འབྲས་བུ་ལྔ་བྱུང་སྟེ།། གཅིག་ནི་མཁའ་ལྡིང་བྱ་རྒོད་ཟ།། གྲང་ནད་འཇུ་བའི་བདུད་རྩི་ཡོད།། གཅིག་ནི་གཤོག་རྒྱས་ནེ་ལེས་ཟ།། སློ་ཡིས་དུག་རྣམས་བྱས་གྱུར་ན། ། ཤིང་གིས་ཕོག་པའི་རྨ་རྣམས་འཚོ།། ཤིང་གི་ཉེས་པ་འཚོ་བར་འགྱུར།། གཅིག་ནི་མཁའ་ལྡིང་བགེགས་ལ་བབས།། སྤུན་རྣམས་འཇུ་བའི་བདུད་རྩི་ཡོད།། གཅིག་ནི་རྩལ་ཆེན་གླག་ལ་བབས།། ཁྲག་སྐྲན་འཇུ་བའི་བདུད་རྩི་ཡོད། ། ཀུན་ལ་འཇུ་སྨན་ཡོད་མོད་ཀྱང།། ཀླད་པ་གྲེ་བ་གློ་བ་དང།། མཁལ་མ་མཆིན་པ་དག་ལ་བཤད།། ལག་པའི་རྩ་ཆེན་ཡར་བ་ལས།། དེ་ཡང་གཡས་གཡོན་གཉིས་སུ་ཡར།། བདུད་རྩི་ཆེན་པོ་སེང་ལྡིང་ཤིང། ། སྨུག་པོ་རྩ་སྨུག་ཕྱི་ནས་ཡར།། དེ་ཡང་ཕོ་མོ་གཉིས་སུ་གནས།། ཕོ་སྐྱེས་སྲོ་མ་ཀ་རུ་ལ།། སྲོ་མ་ཐུར་ལ་བསྟན་ཏེ་བྱུང།། མདངས་དང་གཏིང་ནས་དུམ་གཅིག་ནག། མོ་སྐྱེས་སྲོ་མ་སྦུ་གུ་ལ།། ཁ་དོག་མདངས་ཀྱང་ཅུང་ཞིག་གསེར། ། ཁ་ཡང་གྱེན་ལ་བསྟན་ནས་བྱུང།། ཕོ་སྐྱེས་སྙིང་ལུང་སྙིང་པོ་ཡིན།། མོ་སྐྱེས་ཆུ་སེར་ཚོས་མཛེའི་སྨན།། བླ་རྩ་གཡས་གཡོན་ཡར་བ་ལས།། སྟག་པ་དཀར་པོའི་སླགས་སུ་འཁྲུངས། ། སྟག་པ་ཤུན་ལྤགས་བསིལ་བའི་སྨན།། སླག་ནི་ཁྲག་ཟགས་པ་ལ་གཏང།། ཀླད་པའི་རྩ་གཉིས་ཡར་བ་ལས།། ཤུག་པ་གླང་མ་ཕོ་མོར་འཁྲུངས།། ཤུག་པ་དག་གི་འདབ་མ་ཡང།། དུག་དང་བདུད་རྩི་ཀུན་ལ་རྒྱུག། གླང་མ་ལྕང་མ་ངར་བ་ཡང།། སྐྱོབས་དང་བྱང་བུ་འཇམ་པའི་རྩི།། ཆག་དང་ཚིགས་བྱུང་འཇམ་པའི་རྩི།། བཟོ་དབྱིབས་ལེགས་པར་ཐོན་ན་ནི།། རྐྱེན་གྱིས་ཆགས་པའི་བདུད་རྩི་ཡིན།། མཆན་རྩ་གཡས་གཡོན་ཡར་བ་ལས། ། ཕུ་དང་མདའ་ཡི་ཕྱོགས་སུ་འཁྲུངས།། ཕུ་སྐྱེས་ཕོ་ཡི་གྱ་རྟ་བྱ།། མདའ་སྐྱེས་མོ་ཡི་འོམ་བུ་བྱ།། ཡུན་གཅིག་ནུས་གཅིག་རོ་ཡང་གཅིག། དམར་ཤལ་འབྲུམ་པ་ཅན་གྱི་ཤིང།། རོ་མགོ་ཁ་ལ་རོ་རྩ་མངར། ། ཆུ་སེར་བད་ཀན་སྨུག་པོའི་སྨན།། མཁལ་མའི་རྩ་གཉིས་ཡར་བ་ལས།། བྲག་དང་རི་སུལ་ཁྱབ་པར་འཁྲུངས།། བདུད་རྩི་ཆེན་པོ་སྨྱུག་མ་འཁྲུངས།། དེ་ཡང་ཕོ་མོ་གཉིས་བྱུང་སྟེ།། ཕོ་ནི་སྦོམ་ཞིང་ཚིགས་ཐག་རིང། ། མོ་ནི་ཕྲལ་ཟེག་ཚིགས་ཐག་ཉེ།། འདབ་མ་ཟོ་བའི་ཚུལ་དུ་གནས།། ཕོ་ནི་ཕོ་ཡི་མཁལ་གྱི་སྨན།། མོ་ནི་མོ་ནད་ཀུན་ལ་གཏང།། ཨོལ་གོང་རྩ་ཆེན་ཡར་བ་ལས།། བྱིན་གྱི་བརླབས་པའི་ས་རུ་བབས། ། རྩ་བ་ཅུང་ཞིག་སྤོག་པ་དང།། འདབ་མའི་སྤུ་ཡང་ཅུང་ཞིག་སྤུན།། མོ་ཡི་ར་གཉེར་འདྲ་མོད་ཀྱང།། བུངས་དང་ཆས་ཏེ་སྐྱེ་མོད་ཀྱང།། ཤ་རྣམས་ལྕི་བར་གྱུར་པ་ལ།། ཡར་བར་གྱུར་ཏེ་གདོན་མི་ཟ།། སྨན་རྣམས་ནད་ལ་འདྲེད་གྱུར་ཀྱང། ། འདི་ཡིས་ཁྲིད་ན་ཕིགས་པར་འགྱུར།། ཁ་རུ་ཚྭ་དང་སྦྱར་གྱུར་ན།། རླུང་རྣམས་མིང་ཡང་མེད་པར་འགྱུར།། འོ་མ་དག་དང་སྦྱར་གྱུར་ན།། རླུང་གིས་གཏོགས་པའི་ནད་ལ་ཕན།། རེ་ཚ་མུར་ན་གདང་ཞིང་ཚ། ། ཞུ་རྗེས་སྐྱོབས་པའི་ཕྱོགས་སུ་འགྲབ།། རཱུ་ཏྲ་ཨོལ་གོང་པ་ཡི་ཤིང།། རླིག་རྩ་གཡས་གཡོན་ཡར་བ་ལས།། རྩ་གཅིག་ཆུ་ཡིས་མགུལ་དུ་འཁྲུངས།། བདུད་རྩི་ཤིང་རྩ་ཕོ་མོར་བྱུང།། ཆུང་ཞིང་ཁྲད་དེ་སྤ་མའི་ཚུལ། ། ཕོ་སྐྱེས་ས་ཁ་མོ་སྐྱེས་སྨུག། ཀུན་ལ་འཇུག་པའི་བདུད་རྩི་བཤད།། རྣ་རྩ་གཡས་གཡོན་ཡར་བ་ལས།། རྣ་རྩ་ཕོ་མོ་གཉིས་སུ་སྐྱེས།། རྣ་བ་ལྟ་བུའི་རི་ལ་འཁྲུངས།། སྐུ་མ་ཕོ་ཡི་ཤིང་དུ་འཁྲུངས། ། ལོ་མ་ངར་པའི་མཚམས་ན་ནི།། རྙིང་པའི་ལྡུམ་བུ་དམར་རྩ་གཅིག། ཤིན་ཏུ་བསིལ་བར་གྱུར་པ་ཡིན།། སྨིན་མའི་རྩ་གཉིས་ཡར་བ་ལས།། རྩ་མེད་བྲག་མེད་བྱེ་སར་འཁྲུངས།། འདབ་མ་གྲོག་མའི་སྐེད་འདྲ་ལ། མེ་ཏོག་སེར་པོ་བཀྲག་མེད་འབྱུང།། སྙིང་པོ་ཨུག་ཆོས་གཡག་གི་ཚུལ།། ལུག་གི་རྭ་བཞིན་སྐྱེས་པ་དེ།། འགྱང་ན་རོ་ནི་ཚ་རུ་བྲོ།། ར་ཚ་ཞེས་སུ་གྲགས་པ་ཡིན།། ཆུ་བ་འཇུ་བའི་བདུད་རྩི་ཡིན།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རྩ་བ་ཤིང་གི་ལེའུ་སྟེ་ཉི་ཤུ་གསུམ་པའོ།།།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། རཱུ་ཏྲ་རུས་པའི་མཆི་མ་དང། ཁ་ཆུ་སྣ་ཆུ་ཕོ་མཚན་ཆུ།། བཞི་ཆར་དུས་གཅིག་བྲུབས་པ་ལས། ། གཅིག་ནི་བདུད་རྩི་སྨན་ཆུར་འཁྲུངས།། ས་རྩུབ་བྲག་གི་མགུལ་དུ་འཁྲུངས།། དྲི་ཡང་ཆུང་ཞིང་འདབ་པ་ལས།། མཉམ་གཉིས་གཞན་ལས་ཅུང་ཞིག་ལྕི།། འཐུངས་ན་བད་ཀན་འཇོམས་པའི་སྨན། ། ཕོ་མཚན་ཆུ་ཆེན་ཡར་བ་ལས།། གཏིང་འཁྱིལ་མ་དྲོས་མཚོ་རུ་འཁྱིལ།། དེ་ཡི་དཀྱིལ་དུ་དུག་པའི་རི།། ཕོ་མཚན་ལྟ་བུའི་དབྱིབས་འདྲ་ལ།། ཛམ་བུ་བྲྀ་ཀྵའི་ཤིང་དུ་འཁྲུངས།། རཱུ་ཏྲ་དྲེགས་པས་ངར་ཆུ་ལུག། བར་དུ་བྱ་ཡི་ཆུ་རུ་ལུག། སྒོང་ང་དགུ་ཡི་ཐང་དུ་ལུག། ཀྱི་ནི་ཐང་ཆུང་གསང་བ་དང།། མོ་ནི་ཐང་ཆུང་རྣོ་བ་ཡིས།། གཏན་ཚིགས་དང་པོ་དེ་ནས་བྱུང།། རྭ་གཉིས་གྱེན་དུ་བཏེགས་པ་ནི།། ལྷ་ཡི་བདུད་རྩི་ཆེན་པོ་ཡིན། ། ས་ལ་འབྱུང་བས་ལུག་རུར་འཁྲུངས།། ལུམས་སུ་བྱས་ན་ལྕི་བའི་ནད།། ཞག་གསུམ་ལོན་ནས་སེལ་བར་བྱེད།། མོ་རུ་བྱས་ན་རྨུག་པ་བབས།། ནད་པ་སྨན་པ་བཞི་བདག་ལ།། ལྷ་ཡིས་འགོ་བ་སྤྱོད་མི་སྤྱོད། ། རིག་པ་དེ་རུ་ཤར་དུ་བྱུང།། རྭ་དེ་ཅུང་ཞིག་བསྲེགས་བྱས་ནས།། ཧ་ཅང་ཚིག་མིན་གྲང་བ་མིན།། ཁ་རུ་ཚ་དང་སྦྱར་གྱུར་ན།། ཕོ་ལོག་ན་བར་གྱུར་ན་ཡང།། སྐད་ཅིག་མ་ཡིས་འཚོ་བར་འགྱུར། ། དེ་ཡི་བལ་དགུན་ཐ་ཆུང་བརྔ།། དེ་ཡང་གསུམ་དུ་གསུངས་པ་ལས།། གཅིག་ལ་ཇུ་ཐིག་ཐི་གུའི་མོ།། དགྲ་དང་གྲོགས་དང་གཉེན་སྟོབས་རྣམས།། རིག་པ་དེ་ལས་འབྱུང་ཞིང་བབས།། གཅིག་ནི་གོས་སུ་བྱས་གྱུར་རམ། ། སྟན་དུ་བཏིང་ནས་མལ་གཡོགས་ན།། བལ་སྤུས་ཆེན་པོ་ཞེས་བྱ་སྟེ།། གྲང་བའི་ནད་མེད་ཉམས་བདེར་འགྱུར།། ཤིང་བལ་བེའུ་འཕྲུག་དར་ཟབ་རྣམས།། དྲོ་བར་གྱུར་ཡང་ནད་སྐྱེད་དུག། དེ་ཡི་སྐྱོབས་སུ་འགྲོ་བར་ཡང། ། འདབ་ཆགས་སྒྲོ་དང་གཅན་གཟན་སྤུ།། སྟག་སྤུ་དོམ་སྤུ་མ་གཏོགས་པ།། ཐམས་ཅད་དེ་ཡི་སྐྱོབས་སུ་བཤད།། དོམ་སྤུ་མིག་གི་སྨན་ཡིན་ཏེ།། སྟག་སྤུ་དེ་བཞིན་ཆུ་སེར་སྨན།། གྲང་བས་ན་བ་མ་གཏོགས་ནི། ། གཞན་དག་རྣམས་ལ་བཀག་པ་མེད།། གཅིག་ནི་བར་ཕྱིང་དཀར་པོར་བསླིང།། དེ་ཡང་གསུམ་དུ་གནས་པ་ལས།། ཞྭ་རུ་བྱས་ཏེ་གྱོན་གྱུར་ན།། ཚ་བ་ཅན་རྣམས་གྲང་བར་ནུས།། གྲང་བ་ཅན་ལ་ཕྱི་དྲོད་བསྐྱེད། ། དེ་ཡང་སྙོམས་པའི་བདུད་རྩི་ཡིན།། ཆུ་སེར་ལུག་པའི་རྣ་རྣམས་ལ།། ཆུར་བཅུག་དེ་ཡིས་དཀྲི་བར་བྱ།། ཆུ་སེར་ནག་པོ་འཇིལ་བ་དང།། དུམ་བུ་ཕྱེད་དེ་སྣུམ་དུ་བཙོ།། རླུང་ནད་རྣམས་ཀྱི་རྩ་སྒོ་བསྲུང། ། དེས་ན་ལུས་ཀྱི་བདུད་རྩི་ཡིན།། དབྱིབས་ལ་ངེས་པ་མེད་པར་གཏུབ།། སྒོ་ང་བག་ཕྱེ་དག་དང་སྤྲད།། གོང་དུ་སྐྲངས་ལ་བཅིངས་གྱུར་ན།། འབུར་བའི་ནད་རྣམས་འཕགས་མི་ནུས།། དེ་ཡང་བལ་གྱི་བདུད་རྩི་ཡིན། ། མགོ་ཡི་ལྕེ་དང་ཀླད་པ་དང།། འབྲི་མར་དག་དང་སྦྱར་གྱུར་ན།། བརྒྱུངས་པ་དག་ཀྱང་དེ་བཞིན་གཏད།། ཁ་རུ་ཚྭ་ཡིས་ཁ་ཚར་གདབ།། ཀླད་པ་ལེགས་པར་ཆོས་ནས་ནི།། ཆུ་སྐམས་འོ་མས་བསླད་ཅིང་བཙོ། ། སྲོག་པ་རྩ་ལ་ནད་ཞུགས་དང།། མགོ་འཁོར་ལུས་ཀྱི་ཆ་འཁྱོམ་ན།། ཞག་བདུན་ཟོས་ན་འཚོ་བའི་སྨན།། ཆུ་འཐུང་ར་ཤ་ཟོས་གྱུར་ན།། དེ་ལ་ནུས་པ་མི་འབྱུང་ངོ།། དེ་ཡི་གློ་དང་རྩ་ཡི་ཁྲག། རྨ་གསར་དག་པ་གླན་འགྱུར་ཞིང། ། དེ་ཡི་པགས་རློན་དག་གིས་དཀྲིས།། རེ་འཇམ་བདུད་རྩི་ཞེས་ཀྱང་བྱ།། བདུད་རྩི་ལྔ་ཡི་སྐྱོབས་བཏང་ན།། རེག་པ་ཀུན་ཀྱང་འཚོ་བར་འགྱུར།། དེ་ཡི་ཀླད་པ་ཅུང་ཟད་དང།། རྒྱ་དར་བསྲེགས་པའི་ཐལ་བ་རྣམས། ། ཁྲག་མེད་ཁྲག་ཏུ་འགུགས་པ་ཡིན།། དེ་ཡི་སོགས་པ་གཡས་གཡོན་ནི།། རཱུ་ཏྲའི་འཁོར་གྱིས་བྱིན་གྱིས་བརླབས།། ནད་པའི་ཁང་ས་དུར་ས་དང།། འཚོ་དང་མི་འཚོའི་མངོན་ཤེས་འབྱུང། ། དུང་སྐྱོང་མ་ཡི་བྱིན་རླབས་ཀྱིས།། མེ་སྨན་སྤྲ་བས་བསྲེགས་གྱུར་ན།། ནད་པ་བགེགས་ཀྱིས་བསྐྱོད་མ་བསྐྱོད།། ཉི་མའི་འོད་བས་གསལ་བར་འགྱུར།། སོག་པ་ལྟས་ཀྱིས་ཤ་ཡིན་པས།། སྨན་པ་བཟང་བར་བཤད་པ་ལས། ། དེ་ཡི་ལག་འོག་རྩིབས་མ་ཡང།། ནད་པས་ཟོས་ན་ནད་རྣམས་ཀྱང།། གཅན་གཟན་ཟོས་པའི་ཤ་བྱུང་ན།། རྩིབས་མ་བདུད་ཀྱི་ཐག་པ་ཡིན།། གཅིག་ཀྱང་ཟ་བར་མི་བྱའོ།། མཆིན་སོག་ལྷ་ཡི་མཆིན་པ་ཡིན། ། བཟང་ངན་ལྟས་ཀུན་དེ་ལ་བལྟ།། ཤ་བཅུད་སྙིང་དང་རུས་བཅུད་རྐང།། ཁྲག་བཅུད་མཆིན་དང་རྒྱུ་བཅུད་ཞག། ལྷ་མོའི་འཕྲིན་བྱེད་དབང་ཐུན་བསྐྱེལ།། རིག་པའི་ལྟས་ཀུན་བབས་པ་ལས།། བདུད་རྩི་གཅིག་ཀྱང་མ་བབས་སོ། ། ནད་པ་འཚོ་དང་སྔ་ཕྱི་རྣམས།། རིག་པ་སྣོད་ཅན་དེ་ལ་དྲི།། མཁས་ཏེ་ཤེས་པར་གྱུར་ན་ནི།། རྩ་ཆུ་གཉིས་ཀྱི་དོ་ཡང་མིན།། ནད་པ་ཀླད་པ་ཆག་གྱུར་ན།། དེ་བཞིན་ལུག་གི་མགོ་ལ་ཡང། ། རུས་པ་སྟེང་འོག་དེ་ལ་བརྟག། དེ་བཞིན་སྣོད་ལ་ཉེན་ལངས་ན།། སྣོད་ཀྱི་མཚན་ཉིད་ཕྱེས་ཏེ་བརྟགས།། རིག་པའི་གནས་གཞི་བརྟག་གྱུར་ན།། ལ་ཕྱི་བཟང་ངན་ཀུན་ཀྱང་མཐོང།། ཕྱི་མ་ཤ་རྣམས་ཀུན་ཀྱང་རྒྱུ། ། གློ་ལོང་བདུད་རྩི་ཡིན་མོད་ཀྱི།། རིལ་མ་ཕན་ཆད་སྨན་ཡིན་ནོ།། ཤ་ཡི་སྦྱོར་བ་གོང་དང་མཚུངས།། གལ་ཏེ་རླུང་ནད་ཆེ་བ་ལ།། གསར་དུ་གཏང་དང་རྙིང་དུ་གཏང།། སྦྱར་ལ་གཏང་དང་གསུམ་དུ་འདུས། ། གསར་དུ་གཏོང་བར་གྱུར་ན་ཡང།། ཤ་དང་རུས་པ་ཁྲག་དང་གསུམ།། ཚིལ་དང་མར་རྙིང་དག་གིས་བསྲེས།། མི་ཚ་དྲོད་ཀྱི་དེ་བཞིན་བརྒྱན།། ནས་རྗེན་ཕྱེ་ཡིས་ཁ་བླངས་ནས།། གྲོད་པ་དག་ཏུ་བླུགས་གྱུར་ནས། ། གཡམ་སྔོན་པ་ཡི་སྟེང་དུ་གཞག། རྫ་མ་དུ་བ་མེད་པའི་བར།། འོད་ཀྱི་ཁ་རིང་ཚོས་པར་བཙོ།། ནར་ཕྱིན་ཆར་ཡང་གཏང་གིན་བཟང།། ཤེས་པ་རྒྱལ་པོའི་ཐུགས་ཀ་ནས།། ཚངས་པ་ལྷ་བྱ་དཀར་པོ་བྱུང། ། གཤིན་རྗེ་ནག་པོའི་ཐུགས་ཀ་ནས།། ཤ་ཟན་མཆུ་དམར་ནག་པོའི་བྱ།། ཁྲོས་ནས་སྒོ་ང་དགུ་རུ་བྱུང།། སྒོང་གསུམ་གནམ་ལ་འདྲིལ་ཏེ་སོང།། གནམ་ལ་བདུད་རྩི་ཐིགས་གསུམ་ནི།། ཕོ་རོག་བྱ་རོག་ཁྭ་དང་གསུམ། ། སྙིང་རྗེ་ལྡན་པའི་རྟགས་ཡིན་ཏེ།། བསད་པའི་ཤ་རྣམས་མི་ཟ་བར།། སེར་བུ་ཤིན་ཏུ་རྫུད་པར་ཡོད།། དེ་ཡི་སྙིང་དང་མཛའ་བའི་སྨན།། བསིལ་བའི་སྐྱོབས་ནི་བདུན་ཡོད་ན།། ཤིན་ཏུ་བརྗོད་པ་མི་ཡོང་ཞིང། ། སྙིང་རླུང་དག་གི་གཉེན་པོ་ཡིན།། ཚེ་གསུམ་དྲན་བྱེད་ཐེ་ཚོམ་མེད།། ཕོ་རོག་སྲོག་གཅོད་ཤིན་ཏུ་ཚོ།། སྲོག་པ་རྩ་ཡི་ཁྲག་དང་ནི།། འབྲུ་གསུམ་ཨ་རུ་ར་དང་སྦྱར།། རྩི་མར་དག་གིས་སྣ་ཁྲིད་ན། ། བར་གཅོད་ཅིས་ཀྱང་མི་ཚུགས་སོ།། ལོ་སྟོང་ཐུབ་ལ་ཐེ་ཚོམ་མེད།། ཁྭ་ཏ་ནག་རུང་སྐད་ཀྱང་ཆེ།། ཤ་དང་རུས་པ་ཨ་བར་སྦྱར།། མིག་འབྲས་ཀླད་པས་ཚོ་བྱས་ཏེ།། མར་དཀར་དག་གིས་སྣ་ཁྲིད་ན།། མིག་སྨན་ཀུན་གྱི་གཙོ་བོ་ཡིན། ། ས་ཡི་འོག་ཏུ་སྦས་པ་ཡི།། གཏེར་མཐོང་བ་ལ་ཐེ་ཚོམ་མེད།། སྒོང་གསུམ་བར་དུ་ཡར་བ་ལས།། ཁྲ་དང་འུག་པ་ཧོར་པ་གསུམ།། འུག་པའི་ཤ་ཡིས་ཀུན་ཀྱང་འཇིགས།། ཧོར་པའི་ཤ་ཡིས་ཀུན་ཀྱང་འཇུ། ཁྲ་ཡིས་དྲོད་རྣམས་ཀུན་ཀྱང་སྙོམས།། འུག་པའི་ཀླད་པ་ཧོར་པའི་བྲང། ཁྲ་ཡི་བཤུལ་ཤ་དག་ལ་ཡོད།། སྒོང་གསུམ་ས་ལ་ཡར་བ་ལས།། གཅིག་ནི་ཁ་རུ་མ་རྡོལ་ཞབས་སུ་ལུག། ལུག་པས་ཤིན་ཏུ་སླེབ་པར་ལུག། ལུག་ཅེས་བྱ་བའི་སེམས་ཅན་འབྱུང།། སྒོ་ང་དྲོད་ནི་མ་ཡལ་བར།། དྲོ་ལ་ལུག་པས་དྲོད་ཀྱི་སྨན།། དེ་ཡང་ཕྱི་ཡི་མངོན་པ་དྲུག། ཤ་ཡི་གདེང་ཡིབ་ཤིན་ཏུ་དྲོ།། ཐོང་ཚེར་གྲང་བའི་སྒོ་རྣམས་སེལ། ། ཚེ་སུག་ཀུན་ཀྱང་དེ་དང་མཚུངས།། ཁྲག་དང་ནང་ཁྲོལ་དག་ལ་ཡང།། འཚོ་བར་བྱེད་པའི་སྨན་མེད་དོ།། ཅུང་ཞིག་འབྲས་ཀྱི་ཕུབ་མ་རུ།། ཟླ་བ་གཉིས་སུ་བཅུད་བླངས་ན།། ཁ་གཏིང་མེད་པར་དྲོད་ཏུ་འགྱུར། ། རླུང་ནད་ཅན་གྱི་གཉེན་པོ་སྟེ།། རྨ་ཅན་དག་གིས་ཅུང་མི་ཐུབ།། ཤིང་གི་སྒྲོམ་བུར་བཞག་གྱུར་ན།། དུག་རོ་ཅན་གྱི་དེ་མེད་པ།། རྨ་ཅན་རྣམས་ལ་སོལ་བུ་བརྫངས།། དེ་ཡང་གང་ཞིག་རློན་གྱུར་ན།། ཆུ་སེར་སྐྱེ་བའི་རྒྱུ་ཡིན་ནོ། ། ཧ་ཅང་ཚོས་པར་མི་བྱ་ཞིང།། ཞག་པོ་བགྲངས་ཏེ་བཏང་བར་འབྱུང།། ཕྱི་སྐམས་ནང་མ་གཡོས་ལ་གཏང།། བཙོས་བསྒྲལ་གཉིས་པོ་དེ་བཞིན་ནོ།། བསྒྲལ་བའི་དུས་དང་དགུན་ཟླ་གསུམ། ། སྟོན་ཟླ་བསྒྲལ་ན་ཁྲག་ནད་སྐྱེད།། དཔྱིད་ཟླ་གསུམ་ལ་བད་ཀན་སློང།། དབྱར་ཟླ་མཁྲིས་པ་དེ་བཞིན་ཏེ།། ཚིལ་བུ་རྒྱས་པའི་དུས་སུ་ནི།། ནད་རྣམས་གཞན་གྱི་རོ་མི་ལྡང།། དེ་ཕྱིན་ཚོ་ན་ནམ་ཡང་བཟང། ། སྒོ་ང་གཅིག་ནི་ཟུར་ལ་ཡར།། ར་ཞེས་བྱ་བའི་སེམས་ཅན་བྱུང།། ངད་པས་སྤུ་ཡང་ཅུང་ཞིག་རྩུབ།། ཁེངས་པས་རྭ་ཡི་གཉེར་མ་མང།། ཟུར་དང་བྲག་ལ་འཛེགས་པ་དགའ།། རྩ་རྩེ་འཐོག་ཅིང་རྩེ་ཡང་གཡབ། ། ཤིན་ཏུ་བསིལ་བའི་བདུད་རྩི་ཡང།། གློ་བ་ཀླད་པ་མཆིན་པར་ཡོད།། འོ་མ་ཀ་རས་མཆིན་བརྒྱངས་ན།། མེ་ཡི་རྩེ་ཡང་འཆི་བར་བཤད།། ཆུ་གྲང་དག་ལ་མཆིན་བགྲང་ན།། མི་ཚངས་མངལ་བ་བཀུབ་ནས་ནི། ། གབ་པ་ལ་སོགས་ཚ་བའི་ནད།། དུས་དེར་མོད་ལ་འཇིལ་བར་ནུས།། ཀླད་པ་དག་ནི་བཙོས་གྱུར་ནས།། མར་དཀར་དག་དང་སྦྱར་གྱུར་ན།། ཚ་བའི་རླུང་རྣམས་རབ་ཏུ་འཇིལ།། མར་རྙིང་དག་ལ་རླུང་ལྡང་ན། ། དུས་དེར་མིག་རྩ་འདེབས་པར་བྱེད།། སྒོང་གཅིག་ས་ཡི་ཕག་ཏུ་ཡིབ།། ཞག་གཅིག་ལོན་ནས་གཟོད་གཅིག་རྙེད།། མིང་ཡང་ཕག་པ་ཞེས་སུ་བཏགས།། ས་དང་འདྲེས་པའི་མཚན་ཉིད་ཀྱིས།། ཞེས་ཁ་གཙང་སྨེ་རབ་ཏུ་ཆུང། ། ཕག་ན་འདུག་པའི་གཏན་ཚིགས་ཀྱིས།། ས་ཡི་ཁྲོན་དག་སྣ་ཡིས་རོག། ཤིན་ཏུ་གྲང་བའི་སྤུ་ཡང་རྩུབ།། མཆེ་བ་ཅན་ཏེ་རྨ་ཡང་འཇིག། ཤ་རྣམས་གཞུན་ཏེ་རླུང་མི་ཐུབ།། མགོ་དང་སྣ་ཡང་ལྷོག་པའི་སྨན། ། ཀླད་པ་སྐྲངས་ནད་ཀུན་གྱི་ལུམས།། སྤུ་ཡི་གཞོབ་དང་སློ་ཡི་ལུམས།། ཉ་དང་སྦྲུལ་དང་སྦལ་པ་དང།། ས་བདག་གཟུགས་སུ་སྟོན་པ་ཡང།། ཁོ་ཡི་ཟས་སུ་བྱེད་པའི་ཕྱིར།། སྣ་ཡིས་སྐྲངས་ནད་ཀུན་ཀྱང་ཐུབ། ། མཆེ་བས་ལྷོག་པའི་གཉེན་པོ་འོང།། འབུ་དང་གྲོགས་མ་སྦུར་བ་ཟ།། ལྷོག་པ་དེ་འདྲ་བརྫུས་ཏེ་འབྱུང།། དེ་ཕྱིར་མགོ་བཅུ་ཀླད་པ་ཡང།། ཤ་རུས་ཚིལ་དང་བཅས་ཏེ་གཏང།། རུ་ལུ་ཟ་ཟའི་སྐད་འདོན་ནས། ། མ་མོ་གཉེན་གྱི་ལྷོག་པ་ཐུབ།། ཁོ་རང་སྔགས་པ་ཡིན་པའི་ཕྱིར།། སྤུ་ཡི་ལྕགས་ཀྱི་ཐུར་མ་ཡིས།། བདུད་དང་གཤིན་རྗེའི་ལྷོག་པ་ཐུབ།། མིག་ནི་དཔྲལ་བའི་འཛིན་ས་ལྟེ།། འབྱུང་པོ་བགེགས་ཀྱི་ལྷོག་པ་ཐུབ། ། དེ་ཕྱིར་ཤ་རྒོད་སྨན་གྱི་མཆོག། ཤིན་ཏུ་སྐྲངས་ནས་བྱུང་བའི་འཇིབས།། ཕྱི་ཤ་བད་ཀན་གཏན་ནས་འདོན།། ནང་ཁྲོལ་ཀུན་དང་ཁྲག་ཚིལ་གྱིས།། མཁྲིས་པ་ཁྲག་གི་མིང་ཡང་མེད།། རྣམ་རྟོག་འཇོམས་པའི་བདུད་རྩི་པ། ། གང་གིས་སྐྱོབས་པ་མ་ཡིན་ཏེ།། གཅིག་པུས་ཐུབ་པའི་སྨན་ཡིན་ནོ།། ཁྲག་ཟགས་པ་དང་རྒས་པ་དང།། རིམས་ནད་དྲག་ལ་གཏང་མི་བྱ།། དར་ལ་བབས་པའི་མི་རྣམས་ལ།། གང་ལ་གཏང་ཡང་ཉེས་པ་མེད། ། ལུས་ཞེས་བྱ་བའི་མིང་ཡང་བཏགས།། དེ་ཡང་རྣམ་པ་གསུམ་ཡིན་ཏེ།། རླུང་ནད་ཀུན་ལ་མཆོག་ཏུ་བསྔགས།། རྙིང་པར་གཏང་བའི་མཚན་ཉིད་ནི།། ཤ་དང་རུས་པ་མགོ་བོ་རྣམས།། བཅུད་བླངས་ཤིང་གི་སྒྲོམ་དུ་གཞུག། ལོ་གཅིག་ལོན་ནས་ཤ་གཏང་ན།། ཤ་རླུག་རློག་པའི་རླུང་ལ་ཕན།། ལོ་གཉིས་ལོན་ནས་རུས་པ་གཏང།། ལྟག་མིག་ལྷོག་པའི་རླུང་ལ་གཏང།། རླུང་དང་སྲིན་བུ་བསྡོངས་ལ་ཕན།། ལོ་བཞི་ལོན་ནས་མགོ་གཏང་ན། ། ཡ་མ་དཀར་ནག་འཇོམས་པར་ནུས།། ལོ་ལྔ་ལོན་པར་གྱུར་ནས་ནི།། སྨྱོ་བའི་རླུང་ནད་ཀུན་ལ་ཕན།། ལོ་དྲུག་ལོན་ནས་འཐིབས་པ་སེལ།། ལོ་བདུན་ལོན་ནས་ཤེད་ཆུང་བ།། ཆེ་བར་འགྱུར་ཏེ་ཐེ་ཚོམ་མེད། ། བརྒྱད་ནས་ནུས་པ་ཟད་ཅེས་བྱ།། ཤ་ཡི་སྦྱོར་བར་འགྱུར་ན་ནི།། བུད་མེད་ཤ་དང་བསྲེས་ཏེ་བཙོ།། མཛེ་ནད་དག་ལ་རབ་ཏུ་བསྔགས།། ལོ་བརྒྱད་འདས་ཀྱི་མར་ནི་རྙིང་པ་དང།། མ་ཕྲད་གཞོན་གྱི་ཤ་དང་རུས་པར་བཅས། ། ལུག་གི་མཇུག་རུས་མེད་པ་དེ་བཞིན་བརྡུང།། ལུག་གི་པགས་པས་གྲོལ་ཏེ་ཟླ་གཅིག་བསྙལ་དུ་གཞུག། ཤིན་ཏུ་ཚོས་པར་བྱས་ཏེ་ཁུ་བ་དེ་ལ་བསྟིམ།། ཆང་གསར་ཐིགས་གཅིག་བླུགས་ཏེ་བཙོས་གྱུར་ན། ། སྤོད་དེ་ཁ་རུ་ཚྭ་ཡིས་རབ་བརྒྱན་ན།། སྙིང་རླུང་བརྗེད་བྱེད་སྨྱོ་བྱེད་རྩ་བ་གཏིང་ནས་འདོན།། ཕག་པའི་ཤ་ཚིལ་དག་དང་སྦྱར་གྱུར་ཞིང།། དོང་གྲ་དག་གི་སྤོད་བྱས་གསར་པར་གྱུར་ན་བད་ཀན་སྨན། ། རྔ་བྲན་ཤ་དང་གཉིས་སུ་མེད་པར་བརྡུང།། ཀ་ར་དཀར་པོའི་སྤོད་ཀྱིས་བརྒྱན་པར་གྱུར།། ཤིན་ཏུ་བཙོས་དང་མཛོ་ཞོ་མངལ་དང་སྤྲད།། རྨ་རྣམས་ཚད་སྐྱེས་རྣག་རྣམས་གཅོད་པའི་སྨན།། ལོ་གསུམ་ལོན་པའི་ལུག་རུ་དང། ། རྒོད་གཡག་སར་གྱི་ཤ་ཚིལ་ཤིན་ཏུ་ཚོ།། ལུག་གི་ཁོག་པར་བླུགས་ཏེ་བཀབ་བྱས་ཏེ།། ཚ་བ་གསུམ་གྱི་སྤོད་དང་ཁ་རུ་ཚྭ།། འབྲི་མར་ཅུང་ཞིག་དག་དང་སྦྱར། ཁ་ཆེས་ལུམས་སུ་བྱས་ཏེ་ཆང་གིས་བཙོ། ། ནར་ཕྱིན་ཆང་གིས་བཏུང་ཆུ་བྱས་གྱུར་ན།། ལྕགས་ཀྱི་རྡོ་རྣམས་ཁོང་ན་ཡོད་ཀྱང་འཇུ།། གལ་ཏེ་སྨན་མར་དག་གི་གསོས་བྱེད་ན།། གྲང་བ་དག་ལ་སྦྱར་ན་ཤ་རྙིང་གཏང།། དཔྱིད་དང་དབྱར་སྟོན་ཤ་དེ་གཏང་བ་མིན། ། སྙོམས་པར་འདོད་ན་འཕྲལ་ཤ་གཏང།། དཔྱིད་དང་དབྱར་གྱི་ཤ་ཡང་གསར་མི་གཏང།། དཔྱིད་དང་དབྱར་ནི་རྔ་བྲན་ཤ་ཡིས་གསོ།། ལུག་གི་ཤ་ནི་ཟླ་དྲུག་ཡིན་ཏེ་ཟླ་དྲུག་བཟང་པོ་མིན། ། མིག་ཆུ་སྣ་ཆུ་གཉིས་པོ་ཡང།། གོང་དུ་འཁྲུངས་པ་དེ་དང་མཚུངས།། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཆུ་བཞི་འདྲུབ་པ་ལས། ཕོ་མཚན་དྲི་ཆུའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། །།། བཅོམ་ལྡན་རྡོ་རྗེ་གཞོན་ནུའི་ས།། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ།། དེ་ཡིས་དྲེག་པ་ཡར་བ་ལས།། བྱང་གི་རྩ་མར་འཁྲུངས་སོ།། རྭ་ལ་གཞུ་བྱུང་དྲང་སྲོང་ཐོགས།། མི་རྣམས་འཇིག་རྟེན་མདའ་ཡིས་སུ། ། ཤ་ལས་དྲོད་བྱུང་གྲང་བ་འཇོམས།། སྟོན་ཟླ་ཐ་ཆུང་དཔྱིད་ཟླ་ཆུང།། དུས་ནི་ཕོ་ལ་ཡོད་མོད་ཀྱང།། བརྒལ་ནས་མོ་ལ་བདུད་རྩི་འབྱུང།། ཕོ་མོ་འཁོར་བར་གནས་མོད་ཀྱང།། དེད་ཤ་དག་ལ་སྨན་མི་འབྱུང། ། འདྲིལ་ན་ནམས་ཀྱང་ལེགས་པར་བཤད།། རཱུ་ཏྲ་ཆེན་པོའི་དྲེགས་ཡིན་པས།། དེ་ནས་རྡུལ་གྱིས་ཕྱིས་གྱུར་ན།། དྲེག་པ་ཞུ་བཞིན་རྟུལ་བས་ཡལ།། འདྲིལ་བས་དྲེག་པ་ཞུ་འགྱུར་ཏེ།། རྐང་དཔྱི་གཉིས་ཀྱི་བར་ནས་ནི། ། གྲང་བ་འཇོམས་པའི་སྨན་ཡོད་དེ།། དཔྲལ་བའི་ཀ་བ་དག་ལ་ཡང།། མེ་རོ་རྙིང་དང་འདའ་སྨན་དང།། ཚིག་པ་བྱེད་པའི་སྨན་ཡོད་དོ།། རཱུ་ཏྲའི་བ་སྤུ་ཡར་བ་ལས།། རྐྱང་དང་རྔས་དང་གཙོས་སུ་འཁྲུངས། ། རྐྱང་ཞེས་བྱ་བའི་སྨན་རྣམས་ནི།། ཞོ་ལ་རྩལ་རྫོགས་ས་ལ་བྲོ།། བྱ་ཡི་ཟོས་པས་དུས་ཚོད་མཁས།། གཙོས་ཞེས་བྱ་བའི་སྙིང་ཁྲག་ལ།། སྲིད་ཚོལ་བ་ཡི་བདུད་རྩི་བབས།། བུ་མོར་སྐྱེ་བའི་བུད་མེད་དང། ། ཤ་མ་མ་བྱིན་པ་ལ་གཏང།། རྔས་ཞེས་བྱ་བའི་སྤུན་མོ་དེ།། ཀླད་པ་འགྱུར་བའི་ཚིལ་བུ་ལ།། མགོ་སྲིན་སེལ་པའི་སྨན་ཡོད་དོ།། རཱུ་ཏྲའི་རྐང་སོར་ཡར་བ་ལས།། རྟ་རྐྱང་རྔ་མོ་བ་མེན་ཤ། མཛོ་དང་བོང་བུ་གཉན་དང་ནི། ། གནའ་དགོ་གཉིས་ཏེ་བཅུ་བྱུང་ངོ།། རྟ་ནི་ཆུ་སེར་ཚབས་རེའི་སྨན།། མཆིན་པ་དག་ལ་ཡོད་པ་ཡིན།། ཚོ་ན་བྲང་གི་ལྡེབས་ལ་གནས།། རྐྱང་ནི་ཆུ་སེར་སྐྲངས་པའི་སྨན།། རྔ་མོ་དྲེག་ལ་སྨན་པའི་ཤ། བ་མེན་ཤ་འུ་གསོ་བའི་སྨན།། རྨེ་ཤ་ལ་དུག་གསོ་བའི་སྨན།། མཛོ་ནི་ཤིན་ཏུ་སྙོམས་པ་སྟེ།། བོང་བུ་ཚབས་རོ་དག་ལ་ཕན།། རྔ་མོ་ཀུན་ལ་སྙོམས་པའི་སྨན།། གཉན་ཤ་གནའ་དགོ་སྙོམས་པར་གསུངས། ། རཱུ་ཏྲའི་རྐང་སོར་ཡིན་པའི་ཕྱིར།། རྟ་མགྱོགས་རྐྱང་གྲིམས་རྔ་མོ་སྐེ།། བ་མེན་རྭ་དང་རྨེ་ཤའི་གཟུགས།། མཛོ་ཡི་རྩལ་དང་བོང་བུའི་སྐད།། གཉན་གྱི་བང་དང་གནའ་བའི་འཛེགས།། ཁྱད་པར་སྤྱོད་པའི་ཡོན་ཏན་རི། ། རཱུ་ཏྲའི་རྐང་པ་ཡིན་པས་བྱུང།། རཱུ་ཏྲའི་ལྕེ་ལས་གྱེས་པ་ནི།། ཀོམ་པའི་ཀོ་བ་རྒྱ་ཡི་ཤ། ཤིན་ཏུ་འཇམ་ཞིང་སྙོམས་པའི་སྨན།། རཱུ་ཏྲ་དེ་ཡི་མཐུ་ལས་ནི།། ལྷག་པའི་ཡོན་ཏན་རེ་རེ་ཡོད།། རྒྱ་ཡི་དར་ནི་རིན་པོ་ཆེ། ། དགོ་བའི་ཐུལ་བ་ཆུ་བས་མཉེན།། ཀོམ་པའི་གཉའ་བས་ས་གཞི་རློག། དེ་ལྟར་མི་རྣམས་དོན་དུ་བྱུང།། རཱུ་ཏྲའི་མཆེ་བ་བཅུ་བཞི་ལ།། མཆེ་བ་རེ་རེ་བཏོན་པ་ལས།། སྨད་དང་ངན་སྐྱུགས་བཅས་ནས་བྱུང། ། འོ་མ་བསིལ་ལ་ཚིལ་བུ་དྲོད།། ཤ་རུས་སྲིས་རྣམས་ཆ་སྙོམས་ཕན།། དེ་ཡི་ངན་སྐྱུག་ཆུ་སྲིན་ཡིན།། མི་དྲེག་ཕྱུགས་དྲེག་དོམ་དང་གསུམ།། ཤ་ཚིལ་གྲང་བའི་གཉེན་པོ་ལ།། སྐྲངས་དང་རེངས་པ་ཐམས་ཅད་འཇུ། ། མཁྲིས་པ་དེ་བཞིན་རྨ་ཡི་སྨན།། དོམ་གྱི་བྲང་ཟེ་སྙིང་ལ་ཡོད།། དེ་རྟགས་སྤུ་ནི་ཀ་རུར་འབྱུང།། མི་དྲེག་ནུ་མའི་དཀྱིལ་ན་ཡོད།། དེ་རྟགས་ནུ་མ་སྤུས་མི་འགེགས།། ཕྱུགས་དྲེག་བརླ་ཡི་སུལ་ན་ཡོད།། དེ་ཕྱིར་བརླ་ལ་སྲོ་མི་ཆགས། ། སྤྲ་དང་སྤྲེ་དང་བྱི་ལ་གསུམ།། དེ་ལྟར་གསུམ་ནི་ངན་སྐྱུགས་ཡིན།། སྟག་དང་གཟིག་དང་གུང་དང་གསུམ།། བད་ཀན་འཇོམས་པའི་སྨན་ཡིན་ནོ།། ལྷོག་རྒལ་སྐྲན་དང་མེས་ཚིག་དང།། གཞན་མ་ཅིས་ཀྱང་མི་འཚོ་བའི། ། མ་རྙིང་དག་ལ་མཁྲིས་པས་ཕན།། སྲམ་དང་གྱི་སྲམ་ཆུ་བྱི་གསུམ།། དེ་ལྟར་གསུམ་ནི་ངན་སྐྱུགས་ཡིན།། སྟག་གི་འགྲམ་པ་དག་ལ་ཡོད།། དེ་རྟགས་འཇུམ་ཕྲན་དག་ཏུ་བྱུང།། གཟིག་གི་སྤུ་སུལ་དག་ན་ཡོད། ། དེ་རྟགས་སྤུ་ཡང་ཐིག་ལེར་བྱུང།། གུང་གི་བཤུལ་ཤ་དག་ལ་ཡོད།། དེ་རྟགས་མཇུག་མའི་སྤུ་ཡང་འཚེར།། སྤྱང་ཀི་འཕར་བ་ཝ་དང་ཁྱི།། སྤྱང་ཀི་བཤུལ་ཤ་དྲོ་བའི་སྨན།། འཕར་བ་སྔ་དྲོ་གསོད་ན་རྐང་པ་གཡས། ། དགོངས་མོ་གསོད་ན་དམིགས་ལ་བབས།། ནུབ་མོ་སྙིང་ལ་དེ་བཞིན་ཏེ།། བདུད་རྩི་འཕར་བས་འཕར་མ་ཡིན།། རྨ་རྣམས་དྲོས་པར་གྱུར་པ་དང།། མོ་ཚད་ལངས་པར་གྱུར་པའི་སྨན།། ཁྱི་ཡི་ལྕེ་ཡང་རྨ་ཡི་སྨན། ། ཝ་ཡང་གློ་ལ་ཕན་པའི་སྨན།། ས་བྱས་སྤོ་དཀར་བྲ་བ་བྱི།། དེ་ལྟར་བཞི་ནི་ངན་སྐྱུགས་ཡིན།། སྤྲ་དང་སྤྲེ་དང་བྱི་ལ་གསུམ།། གྲང་བ་འཇོམས་པའི་བདུད་རྩི་ཡིན།། གཡི་ཡི་རྣ་བ་གསའ་ཡི་མཇུག། སྤྲེ་ཡི་ནུ་མ་གསུམ་ལ་ནི།། མ་དགུག་པ་ཡི་སྨན་ཡང་ཡོད།། ཆུ་ལུག་ཆུ་རྟ་ར་རྒོད་གསུམ།། དེ་ལྟར་གསུམ་ནི་ངན་སྐྱུགས་ཡིན།། ར་རྒོད་བསིལ་ཏེ་རྨ་རྣམས་འཇོམས།། སོག་བྲག་དག་ལ་ཅེ་སྤྱང་བྱུང། ། ཁྲག་རེངས་ཀུན་ཀྱང་འཇུ་བར་བཤད།། དེ་ཡི་ངན་སྐྱུགས་ཁ་ཤ་ཡིན།། རཱུ་ཏྲའི་ལག་སོར་གྱེས་པ་ལས།། གཅིག་ནི་མོ་རྣམས་ཀུན་ལ་བབས།། མ་ཕྲད་ཞོན་གྱི་ཤ་རུས་རྣམས།། རླུང་གི་བདུད་རྩི་ཡིན་པར་བཤད། ། འཕྱི་བའི་ཚིལ་བུ་དགུན་ཟླ་གསུམ།། རླུང་དང་མིག་གི་བདུད་རྩི་ཡིན།། རྩངས་པའི་ཤ་ཡང་དྲེག་ལ་ཕན།། སྦལ་པ་དེ་བཞིན་ལྐོག་མའི་སྨན།། དེ་རྣམས་ལག་པ་གཡོན་པ་ཡིན།། གཡས་པ་འཇིག་རྟེན་མཁའ་ལ་སྐྱུར། ། གཅིག་ལ་བབས་པ་ཡོད་མ་ཡིན།། གཞན་ཡང་སེམས་ཅན་ཐ་དད་པའི།། མཐུན་པའི་བདུད་རྩི་ཡོད་མོད་ཀྱང།། རཱུ་ཏྲའི་བདུད་རྩི་བབས་པ་མེད།། ཤར་རེ་སྨན་རེ་སྨོས་པ་ཡང།། རང་རེའི་ཤ་དང་སྟོབས་ཀྱི་ཤ། བསིལ་བའི་སྐྱབས་ཀྱང་བསིལ་བས་བྱ།། ཚ་བའི་སྐྱབས་ཀྱང་དེབཞིན་བྱ།། སྙོམས་པ་ཅི་རིགས་པ་ཡིས་བྱ།། གལ་ཏེ་འཁྲུགས་པར་གྱུར་ན་ནི།། རཱུ་ཏྲའི་བབས་ལུགས་ནོར་བ་ཡིས།། ཁོ་ཡི་མཐུ་དཔལ་བྱིན་རླབས་ཀྱིས། ། ནད་རྣམས་རེངས་ནས་འཁྲུགས་པར་འགྱུར།། དཔོན་མེད་ཐོ་ཆོ་སྒྲ་ལ་བརྟེན།། ཤེས་རྒྱུད་མེད་པའི་ཁོང་དྲེགས་མཁན།། ནད་རྣམས་འཁྲུགས་པའི་དཀའ་བ་མེད།། གདམས་མེད་དུག་ཏུ་སྦྱོར་བ་དེ། ། རྒྱུས་མེད་མཐོང་བའི་སྐྱོན་ཡིན་པས།། རྡོ་རྗེ་དམྱལ་བར་དེ་འགྲོ་སྟེ།། ནད་རྣམས་འཁྲུགས་པས་མི་ཆོག་སྟེ།། རཱུ་ཏྲ་ཆེན་པོའི་བཀའ་ཆད་འབྱུང།། ཤ་སྨན་དེ་དག་ཀུན་ཀྱང་ནི།། རཱུ་ཏྲའི་སྤྲུལ་པ་མ་ཡིན་ཏེ།། ཁོ་ཡི་བདུད་རྩི་བབས་པ་ཡིན། ། ནོར་བས་ལོག་པའི་ལམ་དུ་འགྲོ།། རྡོ་རྗེ་ཕུར་པ་བདུད་རྩི་ཇི་ལྟར་འཁྲུངས་པའི་རྒྱུད་ལས། རཱུ་ཏྲའི་ལུས་བཤིག་ཤ་སྨན་གྱི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།།། དེ་ནས་རཱུ་ཏྲའི་དཔག་བསམ་ཤིང། ། ཤིང་གི་དཀྱིལ་དུ་སྲིན་གཅིག་བྱུང།། སྲིན་བུ་དེ་ཡི་ཁ་ཆུ་ལས།། སྲིན་དེ་ཞག་ཏུ་ཁྱིལ་གྱིས་ཆགས།། དེ་ཡང་དངུལ་སྒོར་དཀར་པོ་སྨིན།། དེ་ལས་དངུལ་ཤ་རུ་བཅུ་བྱུང།། སྐྱོ་ནས་ཤིང་གི་ཁ་ལ་རྩེ། ། བདུད་ཀྱི་བྱོལ་ཁ་ལོག་པ་ཡིན།། སྐྱོ་ནས་བདུད་རྩི་ཐིགས་པ་འཐུངས།། མཐོ་རིས་གནས་བཅུའི་བདུད་རྩིའི་རྟགས།། རྭ་བཅུ་གནམ་ལ་འགེངས་པ་ཡང།། མི་ཡི་ཚེ་སྲོག་གཅོད་པ་འཛིན།། ལྟོགས་ན་ཤིང་གི་འབྲས་བུ་ཟ། ། མི་ཡི་ཡུལ་དུ་འཁོར་བའི་རྟགས།། རྭ་བཅུ་དུང་གི་ཀ་ར་ཡོད།། ལྷ་ཡི་སྤྲུལ་པས་དོན་བྱེད་རྟགས།། དབྱར་ཟླ་འགོ་པ་རྭ་བཅུ་སྐྱུར།། ལྷ་ཡིས་བྱིན་གྱིས་བརླབས་པའི་རྟགས།། པགས་པ་གཉེན་ལ་མཚོན་རྩེ་དྲུག། བདུད་ཀྱིས་དབང་བསྒྱུར་བྱས་པའི་རྟགས།། ས་ལ་རྡུང་ན་ཕྱི་བ་འགུམ།། ཤ་ལ་བདུད་རྩི་བབས་པའི་རྟགས།། རླུབས་སུ་རུལ་དང་དུག་ཏུ་ཡོད།། མོ་ལ་བྱིན་གྱིས་མ་བརླབས་པས།། རྭ་མེད་ཡུལ་མོ་སྨན་མེད་དོ། ། སྲིན་གྱི་བུ་ལས་སྐྱེས་པའི་ཕྱིར།། མཇུག་མའི་སྟེང་ན་སྲིན་སྨན་ཡོད།། སྟོན་ཟླ་ཐ་ཆུང་ཉི་ཤུ་བདུན།། ལྷག་པའི་བདུད་རྩི་གསུམ་ཡོད་དོ།། དགུན་ཟླ་བྱུང་ནས་མོ་ལ་འཇུག། མོ་ཡི་མངལ་དུ་ཞག་བདུན་གནས། ། དཔྱིད་ཟླ་ཐ་ཆུང་ཉི་ཤུ་བདུན།། འཛི་ཀླད་གཉིས་ཀྱི་བར་ན་གནས།། དེ་ནས་གཞུང་པ་དག་ལ་ཞེན།། ཞག་གྲངས་རྩི་ཡིན་ནུ་བར་ཞེས།། དང་པོ་ཤིང་གི་སྲིན་རྒོད་ཡིན།། དེ་ལྟར་རང་མིག་ཡིན་པ་ལ། ། སྲིན་ལ་མ་ཕན་ཅི་ཡང་མེད།། བྱུང་བའི་དུས་ན་ཕྱིར་ལ་ལོག། རྭ་ནི་ལྷ་ཡི་སྲིན་སྨན་བྱེད།། ལྷ་ཡིས་གཟུང་བས་གཟུང་རྟགས་སུ།། རུ་བཅུ་ཡོད་དེ་བརྡུང་མི་ཤེས།། རྭ་གསུམ་གདུས་པའི་ཁུ་བ་དེ།། རྒྱལ་བ་དགེ་འདུན་དགེ་བཤེས་སྨན། ། རྨིག་པ་ལྕེ་ནི་བདུད་ཀྱི་སྨན།། བདུད་ཀྱིས་ཁྱེར་བའི་ཁྱེར་རྟགས་སུ།། ཚིལ་བུ་རྒྱས་པའི་དུས་ན་དུ།། དྲག་ཤུལ་སྲིན་ལོག་ཀུན་ལ་གཏང།། མཁྲིས་པ་ཀླུ་ཡི་སྨན་དུ་ཁྱེར།། ཀླུ་ཡི་ཁྱེར་བའི་རྟགས་སུ་ནི། ། མཁྲིས་པ་གཟུགས་མེད་རྒྱུ་མར་ཟུག། མཁྲིས་རྟེན་ཁྲག་གི་མཆིན་པ་ནི།། སྟོན་ཟླ་ཐ་ཆུང་དགུན་ཟླ་ལ།། ཟས་ཀྱི་སྲིན་ལོག་རྣམས་ལ་གཏད།། དེ་ནས་ལྷ་མོ་ཕྲིན་ལས་མཛད།། ཆར་ནི་ཟིམ་ཟིམ་དུས་སུ་བབས། ། གངས་ཀྱི་ལྟོངས་སུ་བབས་པ་ལས།། ལྟོག་པས་གཡའ་སྨན་ཟླ་ཚེར་ཟིས།། གཡའ་སྨན་སྐྱུགས་སྡང་ཁ་ཆུ་ལས།། སྲོ་ལོ་ཕུང་པོ་བདུན་དུ་བྱུང།། སྐྱེས་པའི་འདབ་མ་ལ་སོགས་པ།། གངས་སྨན་དེ་དང་འདྲ་མོད་ཀྱང། ། ཅུང་ཞིག་ཀླད་པ་མེ་ཏོག་མེད།། ཡོན་ཏན་གངས་སྨན་སུམ་གཉིས་དང།། བསིལ་བའི་སྒོ་ནས་འདྲ་བར་བཤད། བལ་བུ་སུར་བུའི་ཚ་རུ་གཤེགས།། ཁ་ཆུ་བཅད་དང་ཐིགས་པ་ཡར།། ཚ་བསིལ་བདུད་རྩིའི་སྨན་བྱུང་སྟེ། ། དེ་ཡང་ཡོན་ཏན་བཞི་རུ་ཤེས།། ཅོ་དོ་ཚ་ལ་སྡོང་པོ་བསིལ།། རུ་བས་ལྷ་མིན་ཕྲིན་ལས་སྐྱོང།། ངར་བས་དགྲ་ལྷའི་བླ་ཤིང་བྱེད།། སུར་བུ་ཤིན་ཏུ་ཚ་གྱུར་ཏེ།། ལྷ་དང་ཀླུ་ཡི་བདུད་རྩི་ཡིན།། རྩ་བ་ལོ་མ་མེད་པར་ཚ། ། དེ་ནས་བྲག་གི་སྐེད་ལ་གཤེགས།། བྲག་སྨན་མཁན་བུ་ནེ་ལེ་ཆུ།། དེ་ཡང་བསིལ་ཏེ་གློ་ཡི་སྨན།། དེ་ནས་ལུང་གི་མདོ་རུ་གཤེགས།། ཆུ་ངན་ཐིགས་གཅིག་ཡར་བ་ལས།། སྲུ་སྲུ་སྲུ་འདྲ་མཁན་དམར་གསུམ། ། གྲང་བ་ཚ་བ་སྐྱེད་པའི་སྨན།། དེ་ཡང་མི་ཡུལ་སྐྱི་ཏིང་བྱོན།། ཁ་ཆུ་གནམ་ལ་ཡར་བ་ལས།། ལུམས་ཀྱི་བདུད་རྩི་ཆེན་པོར་བབས།། ཤེའུ་ཕོ་ལ་སྨན་མི་འཁྲུངས།། སྒེའུའི་དུས་ན་བད་ཀན་སྐྱེ།། སྐོམ་བུ་སྔ་རེས་སྙོམས་པའི་སྨན། ཁ་རུ་གཉིས་ལ་སྨན་ཡོད་དེ།། ཕོངས་ནས་ཤ་བྲུན་བདུན་དུ་ཡར།། གཉིས་ནི་ཨ་བ་དུ་རུ་ཀ། གཉིས་ནི་སྤང་སྤོས་གཡའ་སྤོས་གཉིས།། གཉིས་ནི་བྲག་སྤོས་རྒོད་སྤོས་གཉིས།། བླུག་ལ་རྒྱ་སྤོས་བྲེ་གང་བྱུང། ། དེ་དང་ལྟ་མི་ཕྲིན་ལམ་འབྱོར།། དེ་ཡི་རྗེས་ནི་བདུན་དུ་བོར།། མི་ཡུལ་རྗེས་ལས་ས་གྲོ་བྱུང།། ནགས་ཀྱི་རྗེས་ལས་སྤ་མ་བྱུང།། ན་ཡི་རྗེས་ལས་ཐུལ་པ་བྱུང།། གཡའ་ཡིས་རྗེས་ལས་རོ་ཐང་བྱུང། ། བྲག་གི་རྗེས་ལས་གླང་པོ་བྱུང།། སྤང་གི་རྗེས་ལས་བྱང་བ་བྱུང།། ཆུ་རུ་ཉལ་བས་ཤ་བལ་བྱུང།། ཤིང་སྲིན་ཤ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།།། དེ་ལྟར་རཱུ་ཏྲ་ཆེན་པོ་དེའི་ལུས་སྨན་དུ་བཤིགས་ནས་འཇིག་རྟེན་གྱི་ཁམས་སུ་ཁེངས་པ་དེ་ཉིད། སེམས་རྡོ་རྗེ་སེམས་དཔར་གནས་ཐོབ་ཅིང་སངས་རྒྱས། འཁོར་རྣམས་ཕྱི་རབས་ཀྱི་ཚོགས་ཀྱང་ངོ།། ཡང་འཁོར་རྣམས་སངས་རྒྱས་ཀྱི་བསྟན་པ་བསྲུང་ངོ། ། འཇིག་རྟེན་གྱི་ཁམས་ན་སྨན་མིན་པའི་མིང་ཡང་མི་གྲག་གོ། དེ་ནས་འཇམ་དཔལ་རྣོན་པོས་རང་གི་སྟན་ལས་ལངས་ཏེ། བསྐོར་བ་ལན་སྟོང་བྱས་ནས་ཀྱང། ཕྱག་ལན་སྟོང་འཚལ་ནས་མཆོད་པ་དུ་མས་མཆོད་ནས་འདི་སྐད་ཅེས་བསྟོད་དོ། ། ཨེ་མ་བདེ་གཤེགས་ཀུན་གྱི་སྐུ།། གྲགས་ཚད་རྨད་བྱུང་ངོ་མཚར་ཆེ།། ཨེ་མ་བདེ་གཤེགས་ཀུན་གྱི་གསུང།། སྨན་གྱི་སྦྱོར་བ་ངོ་མཚར་ཆེ།། ཨེ་མ་བདེ་གཤེགས་ཀུན་གྱི་ཐུགས།། སྒྲུབ་པའི་ལྟ་སྤྱོད་ངོ་མཚར་ཆེ། ། ཨེ་མ་བདེ་གཤེགས་ཡོན་ཏན་ཆེ།། དྲང་སྲོང་རིག་པ་བཅོ་བརྒྱད་མཁྱེན།། ཨེ་མ་བདེ་གཤེགས་ཕྲིན་ལས་ཆེ།། རཱུ་ཏྲའི་མཐུ་དཔལ་སྨན་དུ་ཆེ།། རཱུ་ཏྲ་སྨན་དུ་གྱུར་པ་བཞིན།། བདག་ཅག་རྣམས་ཀྱང་སྨན་དུ་གྱུར། ། རཱུ་ཏྲ་སངས་རྒྱས་ས་ཐོབ་བཞིན།། བདག་ཅག་རྣམས་ཀྱང་ས་ལ་ཞོག། ཅེས་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང། དྲང་སྲོང་རྣམས་ཀྱིས་གསོལ་བ་བཏབ་པས། དེར་བཅོམ་ལྡན་འདས་ཀྱི་གསོལ་བ་བཏབ་པ་མཁྱེན་ནས། འཇམ་དཔལ་གྱི་ཕྱག་གཡས་སུ་ལོག་རྟོག་ཐམས་ཅད་འཇོམས་པའི་རལ་གྲི་གཅིག་གཏད་དེ། སེམས་སྤར་ཏེ་བདུད་རྩི་སྨན་དུ་གྱུར་པར་དབང་བསྐུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱི་དབང་ཐོབ་ནས་འཇམ་དཔལ་གྱིས་རང་ལུས་བཤིགས་ནས་བདུད་རྩི་སྨན་དུ་སྤྲུལ། དེ་ནས་ལྷའི་གནས་ཐམས་ཅད་བདུད་རྩི་སྨན་གྱི་གང་ངོ།། དེ་ནས་བརྒྱ་བྱིན་ལ་བབས། དེ་ནས་དེད་དཔོན་ལ་བབས། དེ་ནས་གཞོན་ནུ་སྲེད་ལ་བབས། དེ་ནས་ལི་ཙཱ་བི་དྲི་མ་མེད་པ་ལ་བབས་སོ།། དེ་ནས་འཇམ་དཔལ་ཀྱི་རལ་གྲི་ཕྱག་ན་རྡོ་རྗེ་ལ་གཏད་དོ།། ཡང་ལུས་གོང་བཞིན་བསྒྲལ་ཏེ། གནོད་སྦྱིན་གྱི་ཡུལ་ཐམས་ཅད་བདུད་རྩིས་བཀང་ངོ། ། དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བབས་སོ།། དེ་ནས་ནབ་སོ་སྐྱེས་ལ་བབས་སོ།། དེ་ལ་སོགས་པ་དྲང་སྲོང་བཅོ་ལྔ་ལ་བབས་སོ།། མིའི་གནས་སུ་ཕ་ཁོལ་ལ་བབས་སོ། ། དེ་ནས་འཇམ་དཔལ་གྱི་རལ་གྲི་དེ། སྤྱན་རས་གཟིགས་ལ་གཏད་ནས་ལས་བཤིགས་ནས། ཀླུའི་ཡུལ་དུ་སྨན་དང་བདུད་རྩིས་བཀང་ངོ།། དེ་ནས་དགའ་བོ་ལ་སོགས་པ།། དྲང་སྲོང་བཅུ་གསུམ་ལ་བབས་སོ། ། མིའི་གནས་སུ་ཀླུ་སྒྲུབ་སྙིང་པོ་ལ་བབས་སོ།། དེ་བཞིན་དུ་ལྷ་དང་ཀླུ་དང། ཚངས་པ་དང། གཟའ་དང། སྐར་མ་དང། གནོད་སྦྱིན་དང། ལྷ་མ་སྲིན་སྡེ་བརྒྱད་དང། ནམ་གྲུ་དང། མཁའ་འགྲོ་དང། རོ་ལངས་དང། མི་དང་དུད་འགྲོ་དང། དམྱལ་བ་དང། ཡི་དྭགས་ལ་སོགས་པ་ཀུན་ལ་རལ་གྲི་དེ་གཏད་དེ། ལུས་བཤིགས་ནས། འཚོ་བ་རྣམས་མཆོད་པར་ཕུལ་ཏེ་སྨན་དུ་མཛད་དེ་འདི་སྐད་ཅེས་དམོད་བོར་རོ། ། བདག་ཅག་རྣམས་ནི་བདུད་རྩིའི་མཆོག་མ་ནོར་པ་ཡིས་བསྒྲུབས་ལགས་ན། གལ་ཏེ་དམ་ལོག་བལྟ་ནོར་ན། རཱུ་ཏྲ་གཅིག་ཏུ་སྐྱེས་བར་ཤོག། དཔལ་གྱི་ཐུགས་རྗེ་འབྱུང་བར་ཤོག། བདག་ཅག་རྣམས་ནི་བསྒྲལ་བར་ཤོག། བསྒྲལ་ནས་དཔལ་ཆེན་གསོལ་བར་ཤོག། ཡན་ལག་སྨན་དུ་འཁྲུངས་བར་ཤོག་ཁོག་པ་གདན་དུ་འདིང་བར་ཤོག། སེམས་ནི་རྡོ་རྗེ་སེམས་དཔར་ཤོག་ཅེས་དམོད་བོར་ཞིང་ལྷན་ནེ་ལྷང་ངེར་ཀུན་ཀྱང་བསྒྲུབ་ཅིང་གནས་སོ། ། དྲང་སྲོང་རྣམས་ཀྱི་ཡུལ་ན། ཙ་ར་ཀ་བམ་པོ་འབུམ་སྡེ་གཅིག་བཞུགས་པ་ལས། རཱུ་ཏྲ་སྨན་གྱི་ལེའུ་བརྟུལ་ཞུགས་དྲག་པོའི་བམ་པོ་དྲུག་པ་ལས། དྲང་སྲོང་ཕྱིས་འབྱུང་གི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །།། དེ་ལྟར་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ནས། དོན་ཕྱིན་ཅི་མ་ལོག་པར་གྲགས་སོ།། མཛད་སྤྱོད་སྤ་བཀོད་པའི་བམ་པོ་དང། ཁྱད་པར་སྲོག་རྩའི་བམ་པོ་དང། སྣང་བཅུད་བརྒྱད་ཀྱི་བམ་པོ་དང། དངས་པ་རྩའི་བམ་པོ་དང། དངས་མ་སྣོད་ཀྱི་བམ་པོ་དང། ཡན་ལག་ཤའི་བམ་པོ་དང། ལམ་རིང་དྲང་སྲོང་གི་བམ་པོ་དང་བདུན་ནོ།། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། དཔལ་ཆེན་རྡོ་རྗེ་གཞོན་ནུས་མཛད་སྤྱོད་བརྒྱད་ལས། ཞི་བའི་མཛད་སྤྱོད་སེམས་ཅན་འདུལ།། ཁྲོ་བོའི་མཛད་སྤྱོད་རཱུ་ཏྲ་འདུལ།། ཏ་ན་སྐྱེ་ཤི་མེད་པས་གནས་ལུང་སྟོན།། ག་ཎ་བཅིང་གྲོལ་མེད་པས་མོ་རྣམས་སྦྱོར།། མཐུན་འཇུག་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟོན། ། མི་འགྱུར་ཆོས་ཉིད་རོལ་པའི་ལྟ་བ་སྟོན།། ཐུགས་རྗེའི་གསོས་ཀྱི་ཐམས་ཅད་སྨན་དུ་འཁྲུངས་པ་ལས།། འོག་མིན་ཐུགས་རྗེའི་གསོས་ཀྱིས་མཛད་པ་ལས། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་འོག་མིན་དུ་གྲགས་པ་རྫོགས་སོ། །།། ལྷ་ཡུལ་དུ་གྲགས་པར་ཡང་འགྲོའོ།། མི་ཡུལ་དུ་གྲགས་པར་ཡང་རྒྱུད་ཁ་ཅིག་བཞུགས་སོ།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང། གཉགས་ཛྙཱ་ནས་བསྒྱུར་བའོ། །།།
CLOSE WINDOW