Wylie |
། ཕྱིས་སྐ་བ་དཔལ་རྩེགས་ལ་སོགས་པས་ཡོངས་སུ་གཏན་ལ་ཕབ་པའོ།།།། རྒྱ་གར་སྐད་དུ། མ་ཧཱ་ཨམྲྀ་ཏ་ཙཀྲ་ཛྭ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཆེན་པོ་དེ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་ཆེན་པོ་འོག་མིན་གྱི་གནས་མ་བཀོད་པར་སྣང་བ་ཞེས་བྱ་བར། འདི་ལྟར་ས་བཅུ་པའི་དུས་གསུམ་གྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང། ལུས་ཀྱི་ཁམས་དགུ་འདུས་པའི་དངས་མ་བདུད་རྩི་ཆེན་པོ་ཡེ་ནས་སངས་རྒྱས་པའི་དོན་ལ་སོ་སོ་མ་ཡིན་ཐ་མི་དད་ཅིང་དབྱེར་མེད་པར་བཞུགས་སོ།། དེ་ནས་རྡོ་རྗེ་སྙིང་པོ་རང་གི་གདན་ལས་བཞེངས་ནས། སེང་གེའི་འགྲོ་སྟངས་ཀྱིས་བཅོམ་ལྡན་འདས་དཔལ་ཀུནཏུ་བཟང་པོའི་སྤྱན་སྔར་མཆིས་ནས། གླང་པོ་ཆེའི་ལྟ་སྟངས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཆེན་པོའི་ཞལ་དུ་བལྟས་ཏེ། ། ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ཅན་ལས་དྲན་པ་སྣ་ཚོགས་ནམ་མཁའི་སྤྲིན་བཞིན་དུ་སྣང་བར་ཡང་མཁྱེན་ནས་ཆོས་ཉིད་སྐྱེ་བ་མེད་ཅིང་འགག་པ་མེད་པར་ཤར་བའི་ཕྱིར། བདུད་རྩི་ཆེན་པོ་རྣམ་པར་རྟོག་པའི་བློ་ལས་རབ་ཏུ་འདས་པའི་དོན་འདི་ཞུ་བར་མཛད་པའི་ཕྱིར། འདི་སྐད་ཅེས་གསོལ་བ་འདེབས་སོ།། ཀྱེ་མ་ཧོ་ཆོས་སྐུ་ནམ་མཁའི་རང་བཞིན་ལ།། འཁོར་བ་སྤྲིན་གྱིས་རབ་བསྒྲིབས་པས།། རླུང་སེམས་དྲན་པའི་རྣམ་རྟོག་ལངས། ། བླ་མའི་ཐུགས་ཀྱི་དཔལ་བེའུ་ནས།། མན་ངག་སྒྲོན་མེ་དྲན་མེད་ཤར།། ཆོས་ཉིད་སྐྱེ་བ་མེད་པའི་དོན།། བདུད་རྩི་ཆེན་པོ་ཆོས་ཀྱི་སྐུ།། རྣམ་རྟོག་བློ་ལས་རབ་འདས་པ།། སྐལ་ངན་སེམས་ཅན་འདུལ་བའི་ཕྱིར། ། འོག་མིན་རྣལ་འབྱོར་དབང་ཕྱུག་དང།། རྣམ་དག་ས་ཐོབ་དྲང་སྲོང་དང།། རྗེས་སུ་འཇུག་འགྱུར་མ་འོངས་པའི།། དོན་དུ་བདུད་རྩི་སྒྲུབ་པ་ཡི།། དམ་ཆོས་འཁོར་ལོ་བསྐོར་དུ་གསོལ། ། ཞེས་གསོལ་བ་རབ་ཏུ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོ་ཆོས་ཀྱི་སྐུ་དྲི་མ་མེད་པའི་དགོངས་པ་ལས་སྐབས་ཕྱེ་ནས། སྐུ་ཡིད་བཞིན་དུ་འབྱུང་བའི་ནོར་བུ་རིན་པོ་ཆེ་འབར་བ་ལྟ་བུས། ། འཁོར་གྱི་ཚོགས་ཐམས་ཅད་ལ་རབ་ཏུ་གཟིགས་ནས། འདི་སྐད་ཅེས་གསུངས་སོ།། ཁམས་གསུམ་འཁོར་བར་སྡུག་བསྔལ་དུག་ཆེན་ལ།། མྱ་ངན་འདས་པ་བདུད་རྩིའི་སྨན་སྦྱར་བས།། དོན་དམ་ཀུན་བཟང་དབྱེར་མེད་ལྷུན་གྲུབ་ཆོས། ། རིགས་དྲུག་སེམས་ཅན་ཀུན་ལ་རང་གནས་པ།། ལུས་ཁམས་བདུད་རྩི་ཆེན་པོ་མཆོག་གི་ཆོས།། གསང་བ་བས་ཀྱང་ཚེས་གསང་རབ་ཏུ་གསང།། ཡང་གསང་རྨད་བྱུང་ཆོས་ཀྱི་སྒྲུབ་པ་འདི། ། དྲན་པ་རྣམ་རྟོག་སེམས་ཉིད་ཚོགས་བརྒྱད་ལ།། དྲན་མེད་ལུས་ཁམས་བདུད་རྩི་སྨན་སྦྱར་ནས།། ཡི་དམ་ལྷ་སྐུའི་བདུད་རྩི་སྐྱེ་བ་མེད།། ཞེན་སྣང་འཁོར་བའི་བློ་ལས་རབ་འདས་ནས།། མཆོག་དང་ཐུན་མོང་སྒྲུབ་པ་ཀུན་གྱི་གཞི། ། རྨད་བྱུང་བདུད་རྩི་ཆོས་ཀྱི་འཁོར་ལོ་འདི།། ཁྱེད་རྣམས་ཚོགས་ལ་རབ་ཏུ་བསྐོར་བྱ་ཡི།། དད་པའི་ཐེག་པས་རྡོ་རྗེ་བླ་མ་ཟུང།། བརྩོན་འགྲུས་ལ་གོར་སྐྱེན་པོས་སྨན་རྣམས་བཙལ།། ཤེས་རབ་མིག་རྣོན་མན་ངག་མཐོང་བར་བྱ། ། ལས་དང་སྐལ་བར་ལྡན་པའི་རྣལ་འབྱོར་པས།། དཔའ་བོ་དཔའ་མོ་མཆེད་དང་ལྕམ་དྲལ་ལ།། ཕྱི་རབས་དོན་དུ་བཤད་ཀྱིས་ལེགས་པར་ཉོན།། ཅེས་གསུངས་སོ།། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས། གླིང་གཞི་དང་གླེང་བསླང་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་འདི་གསུངས་སོ།། ཕྱི་དང་ནང་དང་གསང་བ་དང། ། གསང་ཆེན་རབ་གསང་དེ་ཁོ་ན།། སྒྲུབ་པ་ཀུན་གྱི་གཞི་ཡིན་པས།། སྟོན་འཁོར་གནས་དུས་སྒྲུབ་པའི་རྫས།། སྟོན་པ་ཆོས་ཀྱི་མཛོད་འཛིན་པ།། རྒྱུད་ལུང་མན་ངག་རབ་ཤེས་བྱ།། རྒྱུ་འབྲས་ཐེག་པ་ཀུན་ལ་མཁས། ། མངོན་དུ་བྱུང་དང་རྣ་བར་བརྒྱུད།། ཐུགས་ལ་བརྣག་པ་ཁོ་འདུག་པ།། ཟབ་དང་རྒྱ་ཆེའི་དགོངས་པ་རྣམས།། མ་ལུས་ལུས་པ་མེད་པའི་ཆོས།། ཐེག་པ་རབ་རྒྱས་ཡོངས་ཤེས་བྱ།། ཐུན་མོང་ཁྱད་པར་འཁོར་ལྡན་པའི། ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། འདོད་ཡོན་ལྔ་སྤང་མ་ཡིན་དང།། ཀྲི་ཡ་ཨུ་པ་ཡོ་ག་དང།། བདུད་རྩི་དཀའ་ཐུབ་སྤང་བ་ཡིན།། རྒྱལ་ཐེབས་གིང་དང་ལས་མཁན་དང།། པདྨ་ཙནྡན་ལྟ་བུ་ཡི། ། བུང་བ་དུག་སྦྲུལ་ལྟར་གནས་པ།། རབ་ཏུ་དད་པས་བསྒྲུབ་པ་ཉིད།། མ་ལྟར་བྱམས་ཤིང་སྲིང་ལྟར་གདུང།། ཇོ་མོས་སྐྱོང་ལ་བྲན་ལྟར་ལས།། གཟུངས་མ་རབ་ཏུ་ལྡན་པ་ཡང།། འཁོར་གྱི་དམ་པར་རབ་གསུངས་པས། ། རྡོ་རྗེ་འཆང་གི་གྲལ་དུ་འཁོད།། དང་པོར་བསྒྲུབ་པའི་གནས་བཙལ་བ།། བདུད་རྩི་དམ་པ་བསྒྲུབ་པའི་གནས།། གཙང་ཞིང་གཞོལ་བ་དྲང་སྲོང་གནས།། དུར་ཁྲོད་མ་མོ་མཁའ་འགྲོའི་གནས། ། རྩི་སྨན་ནགས་ཚལ་སྨན་གྱིས་གསུངས།། ཁྲོ་བོ་སྲིན་པོ་རབ་གནས་ཡུལ།། ཆུ་བོའི་ངོགས་སམ་བྲག་ཕུག་གམ།། རབ་ཏུ་དབེན་པར་གནས་པ་ཡང།། བརྟག་དང་བསླང་དང་གཟུང་བ་དང།། རིན་བཅལ་བ་དང་བསྐྲད་པ་དང། ། སྦྱང་དང་བསྐོར་ཞིང་བྱིན་གྱིས་བརླབ།། དགོན་པར་བརྩིགས་སམ་དཀྱིལ་འཁོར་བྱ།། སྟོན་ནམ་དཔྱིད་སོས་སྨན་བཙལ་བྱ།། ཡང་ན་དུས་ནི་བཞི་པོ་ལ།། རྩ་བ་ལོ་མ་མེ་ཏོག་གསུམ།། འབྲས་བུ་བཞི་ཡང་བཙལ་བར་བྱ། ། བསྒྲུབ་པ་བྱ་བའི་དུས་ཤིས་པ།། ཚེས་བརྒྱད་དག་ལ་འདུ་བར་བྱ།། ནང་དུ་དཀྱིལ་འཁོར་བྲི་བ་ཡང།། གང་ཡིན་སྔ་དྲོའི་དུས་ན་ཤིས།། བསྒྲུབ་པ་གདོན་པར་བྱ་བ་ཡང།། བཅོ་ལྔ་དག་ལ་རབ་ཏུ་ཚར། ། དངོས་གྲུབ་བླང་བར་བྱ་བ་ཡང།། ཐོ་རངས་སམ་ནི་ཉི་མ་བྱེད།། དུས་འདི་རབ་ཏུ་ཤེས་འགྱུར་ནས།། དེ་ལས་འགལ་བར་མི་བྱའོ།། འཚོ་བ་ཟས་ཀྱི་ཡོ་བྱད་ཀྱང།། ཉིས་ལྡབ་སུམ་ལྡབ་དག་ཏུ་བྱ།། ཆ་གསུམ་དག་ཏུ་རབ་གནས་པ། ། དང་པོ་དཀོན་མཆོག་འཕགས་པ་མཆོད།། བར་དུ་ཚོགས་ཀྱི་འཁོར་ལོ་བྱ།། ཐ་མ་གཏང་རག་སྦྱིན་པར་དགྱེ།། བར་ཆད་རྐྱེན་ཡང་རབ་བཟློག་ཕྱིར།། གོ་མཚོན་མདའ་གཞུར་རབ་བསགས་ཏེ། ། ཡུངས་ཀར་དང་ནི་གུ་གུལ་གྱིས།། བགེགས་རྣམས་འབྲོས་པར་བྱེད་པ་དང།། ནད་ཁམས་གང་ལ་ཡོད་འགྱུར་བ།། སྨན་དང་དཔྱད་ཀྱང་རབ་ལྡན་པ།། མཆོད་རྫས་མཆོད་པ་རྣམ་ལྔ་དང།། རྫས་བརྒྱད་རིན་ཆེན་སྣ་བདུན་ཉིད། ། གཏོར་མ་རཀྟ་བདུད་རྩི་དང།། རོལ་མོ་རྔ་གླིང་དུང་དང་བཅས།། མེ་ལོང་མདའ་དང་ཚོན་སྐུད་དང།། རྒྱལ་མཚན་བླ་བྲེ་གདུགས་དང་བཅས།། ཨ་འབྲས་རྒུན་འབྲུ་པ་ན་སེ།། ན་ལི་ཀེ་ར་ཨ་ག་རུ། ། ག་པུར་ཅུ་གང་ཨ་རུ་ར།། ཛ་ཏི་ཙནྡན་དམར་པོ་དང།། གུར་གུམ་ལ་སྩོགས་ཚང་བར་བྱེད།། ཡིད་ཀྱི་རྣམ་པར་ཤེས་པ་ནི།། ཆོས་དང་སེམས་སུ་འདྲེས་འགྱུར་ཤེས།། ཀུན་བཟང་ཡབ་ཡུམ་རང་བཞིན་པས། ། སྟོན་པའི་དམ་པར་རབ་རྟོགས་བྱ།། ཉོན་མོངས་ལྔ་ནི་རིགས་ལྔ་ཉིད།། ཆེ་བས་རབ་ཏུ་ཁེངས་པས་ན།། ང་རྒྱལ་ཆེན་པོ་བདུན་དང་ལྡན།། རྟེན་འབྲེལ་བཅུ་གཉིས་སྣང་བ་ཡང།། ཐབས་མཁས་རྒྱལ་སྲས་སེམས་དཔར་བཤད། ། འབྱུང་བ་ལྔ་ཉིད་གཟུངས་མ་ཡུམ།། རང་ལུས་དག་པའི་ཞིང་ཁམས་ན།། ཀུན་གཞིའི་གནས་ཆེན་ཆོས་ཀྱི་དབྱིངས།། ལྟ་བས་ཆོས་རྣམ་རྟོགས་པའི་དུས།། ཏིང་འཛིན་བསྒོམ་བསྒྲུབ་རྫས་ལ་སྤྱོད། ། རིག་འཛིན་སངས་རྒྱས་འགྲུབ་པའི་དུས།། དུས་ཆེན་འདི་དང་རབ་ལྡན་བྱ།། ཤེས་རབ་དང་ནི་ཏིང་འཛིན་ནམ།། རྣལ་འབྱོར་པ་ཡི་སྒྲུབ་རྫས་ཡིན།། ཐབས་ཀྱི་རྡོ་རྗེ་ཆེན་པོ་ནི།། གསང་བའི་སྟོན་པར་རབ་ཏུ་ཤར། ། ཤེས་རབ་པདྨ་ཡུམ་གྱི་འཁོར།། ཡབ་ཡུམ་བརྡ་སྤྲོད་ཐུན་མོང་འཁོར།། རྡོ་རྗེ་པདྨ་བཞུགས་པའི་གནས།། གསང་བ་ཆེན་པོར་རབ་གནས་པ།། སྒྲོན་མར་རབ་ཏུ་འབྱོངས་པའི་དུས།། མཚན་ལྡན་གཟུངས་མ་རྙེད་དུས་ཉིད། ། ཀུན་རྫོབ་བྱང་སེམས་དཀར་དམར་རྫས།། དོན་དམ་བདེ་བ་བཞི་དང་ལྡན།། གསང་ཆེན་བསྟན་པས་ལྟ་བ་རྟོགས།། རང་གནས་ཏིང་ངེ་འཛིན་གྱིས་འཇོམས།། སྒྲོལ་གིང་དག་གིས་སྒྲོལ་བར་ནུས། ། སྤོར་གིང་དག་གིས་སྤོར་བར་ནུས།། གསང་བའི་དཀྱིལ་འཁོར་ཆེན་པོ་རུ།། དྲག་པོ་གྲུ་གསུམ་འབར་བའོ།། ནང་དུ་གནས་སྦྱང་འབྱོངས་པ་དང།། ཞིང་བཅུ་གནས་སུ་ཁུགས་པའི་དུས།། མི་དང་གླང་པོ་རྟ་དང་ནི། ། བྱ་ཁྱི་འབྱོང་པའི་རྫས་ལྔ་ལྡན།། རབ་གསང་སྟོན་པ་ཞེས་བྱ་བ།། བལྟ་བས་རབ་ཏུ་རྟོགས་པར་བྱས།། ཏིང་ངེ་འཛིན་གྱི་འཁོར་དང་ལྡན།། བྱིང་རྒོད་གཉིས་ལས་རབ་ཏུ་གྲོལ།། སྤྱོད་པའི་གནས་ལ་འདུག་བྱས་ནས། ། མཉམ་གཞག་རྗེས་སྤྱོད་འབྲེལ་བར་ཤོག། མཆོག་དང་ཐུན་མོང་འབྲས་བུ་ནི།། ཐོབ་པ་དུས་ཞེས་བྱ་བ་ཡིན།། བླ་མའི་གདམས་ངག་རྫས་ལ་སྤྱོད།། རྫས་འདི་གཞན་ལས་ཁྱད་པར་འཕགས། ། དེ་ཁོ་ན་ཉིད་རབ་བཤད་བྱ།། ཀུན་བཟང་བླ་མ་ཐ་དད་མེད།། ཡུམ་དང་ཀུན་ཏུ་བཟང་མོ་མཉམ།། རིགས་ལྔ་བླ་མའི་འཁོར་དུ་གཅིག། ཆོས་ཀྱི་དབྱིངས་དང་འོག་མིན་གནས།། བསྒྲུབ་པའི་ཡུལ་ཁམས་དབྱེ་བ་མེད། ། འདི་ལྟར་གང་ཤེས་དུས་ཀྱི་མཆོག། དུས་རྣམས་ནང་ནས་ཁྱད་པར་ཆེ།། འཁོར་བ་འདས་པར་གྲུབ་པའི་རྫས།། ཀུན་བཟང་འཁོར་བར་སྣང་བ་ཀུན།། དོན་དམ་མྱ་ངན་འདས་པར་སྒྲུབ།། ཅེས་གསུངས་སོ། ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས་བསྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་དུ་བྱ་བའི་རིམ་པ་འདི་དག་གསུངས་སོ། ། ཕྱི་ནང་བཤགས་བསྐང་མཚམས་བཅད་ནས།། དཀྱིལ་འཁོར་བྱས་ལ་བྱིན་གྱིས་བརླབ།། ཆོས་ཀྱི་སྦྱིན་པ་གཏང་བའི་ཕྱིར།། ཤར་དུ་ཤེས་རབ་ཕ་རོལ་ཕྱིན།། ལྷོ་རུ་རྒྱས་པ་བཀྲ་ཤིས་བྱེད།། འཕགས་པ་སྣང་བརྒྱད་གདོན་པར་བྱ། ། བདུད་ཀྱི་བར་ཆད་ཞི་བའི་ཕྱིར།། ནུབ་ཏུ་ཏོག་ཀྱང་བཀླག་པར་བྱ།། འགྱོད་ཚངས་བར་གཅོད་སྤ་བཀོང་ཞིང།། བྱང་གི་ཕྱོགས་སུ་གདོན་པར་བྱ།། ཤེས་རབ་ཕ་རོལ་ཕྱིན་མའི་སྐུ། ། ཞལ་གཅིག་གསེར་མདོག་སེང་གེའི་ཁྲི།། དང་པོ་ཆོས་འཆད་མཉམ་པར་གཞག། ཐ་མ་རྡོ་རྗེ་གླེག་བམ་འཛིན།། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས།། ནང་དུ་ཡང་དག་མཆོད་པར་བྱ།། རྣམ་པར་སྣང་མཛད་སྣང་མཐའ་ཡས། ། རྡོ་རྗེ་སེམས་དཔའ་གཙོ་བོ་གསུམ།། སངས་རྒྱས་སྤྱན་དད་མཱ་མ་ཀཱི།། གོས་དཀར་མོ་ནི་ཡུམ་དུ་གནས།། འཇམ་དབྱངས་སྤྱན་གཟིགས་རྡོ་རྗེ་ཅན།། བདག་པོ་གསུམ་ནི་སྲས་སུ་འཁྲུངས། ། གཤིན་རྗེ་གཤེད་དང་རྟ་མགྲིན་དཔལ།། བདུད་རྩི་འཁྱིལ་པ་ཁྲོ་བོ་ཡིས།། རྣོན་པོ་རྩེ་མོ་ཀཱི་ལ་ཡ།། ཕོ་ཉ་གསུམ་དང་རབ་ལྡན་པས།། དཀོན་མཆོག་གསུམ་དང་དཔལ་མགོན་རྣམས།། བགེགས་རིགས་འགྲོ་དྲུག་ལ་སོགས་པ། ། གཏོར་མ་མཆོད་པས་བསྐང་བར་བྱའོ།། གནས་དང་ཉེ་བའི་གནས་དང་ནི།། ཞིང་དང་ཉེ་བའི་ཞིང་གནས་པ།། ཚནྡོ་ཉེ་བའི་ཚནྡོ་དང།། དུར་ཁྲོད་ཉེ་བའི་དུར་ཁྲོད་སོགས།། མ་མོ་མཁའ་འགྲོ་ལྷ་སྲིན་རྣམས། ། རབ་ཏུ་བསྐང་བར་བྱས་ནས་ནི།། ཚ་ཚ་གདབ་དང་འགྱོད་ཚངས་དང།། སྲོག་ཆགས་ཚེ་ཡང་བསྐྱབ་པར་བྱ།། སྐུ་བཞི་དཔལ་བརྒྱད་ཚང་བ་ཡི།། ཤར་ཕྱོགས་སུ་ནི་ཡུལ་འཁོར་སྲུང།། ལྷོར་ནི་རྒྱལ་པོ་འཕགས་སྐྱེས་པོ། ། ནུབ་ཕྱོགས་སུ་ནི་སྤྱན་མི་བཟང།། བྱང་ནི་རྣས་ཐོས་བུ་བཀོད་ནས།། ཕྱི་མཚམས་ཐོ་ཡིས་གཅད་པར་བྱ།། མི་གཡོ་མགོན་པོས་དམ་སྲི་གནན།། ཕྱི་ཡི་བར་ཆད་གཤིན་རྗེས་བསྲུང།། ནང་གི་དངོས་གྲུབ་འཕྲོག་པ་རྣམས། ། བདུད་རྩི་འཁྱིལ་པས་བསྲུང་བྱས་ན།། བར་གྱི་མཚམས་ཡང་གཅད་པར་བྱ།། མི་དགེ་བཅུ་པོ་བསྲུང་བའི་ཕྱིར།། ཕྱོགས་སྐྱོང་བཅུ་ལ་ཕུར་པ་གདབ།། དུག་ལྔའི་མཚོན་ཆས་ཀུན་འཇོམས་ཕྱིར། ། མཚོན་ཆ་འབར་བའི་དྲ་བ་དང།། ར་བ་གུར་གྱིས་བསྲུང་བ་བྱ།། ལུས་ངག་ཡིད་ལ་བདག་འཛིན་པའི།། རཱུ་ཏྲ་རྣམ་པ་གསུམ་པོ་ཡང།། བལྟ་སྤྱོད་གཉིས་ཀྱི་མནན་བྱས་ནས།། སྒོ་སྲུང་དུར་ཁྲོད་བདག་པོས་བྱ། ། དེ་ནས་བྱིན་གྱིས་རློབས་པ་ཡང།། དབང་བསྐུར་ཆེན་པོའི་ཏིང་འཛིན་གྱིས།། གནས་ཁང་བྱིན་གྱིས་རླབས་པ་ཡང།། སྣོད་ཀྱི་འཇིག་རྟེན་ཁང་པ་ན།། བཅུད་ཀྱི་སེམས་ཅན་སྣ་ཚོགས་བཞུགས། ། སྲིད་གསུམ་བདུད་རྩི་རྣམ་ལྔར་བསལ།། ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གྱིས།། རྣལ་འབྱོར་བྱིན་གྱིས་རླབས་པར་བྱ།། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས།། སྤྱོད་ལམ་རྣམ་བཞི་ལྷ་སྐུར་གསལ། ། འབྱུང་བ་བཅུད་ལེན་ཏིང་འཛིན་གྱིས།། ཆད་རླབས་ཛ་གད་བྱིན་གྱིས་བརླབ་པར་བྱ།། བསྲེག་སྦྱང་སྟོང་པ་གཞལ་ཡས་ཁང།། མི་བསྐྱོད་དབྱིངས་ཕྱུག་འོད་དུ་ཞུ།། མཱ་མ་ཀཱི་ཡིས་བཅུད་བསྡུས་ནས།། ཆ་གཞི་དག་ཏུ་འགོ་བར་བྱ། ། ཡིད་བཞིན་ནོར་བུའི་ཏིང་འཛིན་གྱིས།། རྫས་དང་ཡོ་བྱད་བྱིན་གྱིས་བརླབ།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། དཔག་བསམ་འདས་པའི་ཤིང་ཆེན་དང།། བུམ་པ་བཟང་པོ་འདོད་འཇོའི་བ། ། ཇི་ལྟར་དམིགས་པར་འབྱུང་བར་སྣང།། ས་ཡི་ལྷ་མོ་བརྟན་མ་ཉིད།། སེར་མོ་ཕྱོགས་གཉིས་བུམ་པ་བསྣམས།། ཕག་གི་ཁྲི་ལ་ཡང་དག་གནས།། ཀླུ་གཉན་ས་བདག་འཁོར་དང་བཅས།། དེ་ལ་ས་ནི་རབ་བསླང་ནས། ། བསྒྲུབ་པའི་དཀྱིལ་འཁོར་ཆག་ཆག་གདབ།། ཡེ་ཤེས་དམ་ཚིག་ཐིག་གདབ་ལ།། ཀ་བ་བརྒྱད་དང་འཁོར་ལོ་བརྒྱད།། པདྨ་བརྒྱད་དང་རིན་ཆེན་བརྒྱད།། སྒོ་བཞི་རྟ་བབས་བརྒྱད་ལྡན་པ། ། རྡུལ་ཚོན་བྱིན་གྱིས་བརླབས་ནས་བྲི།། དེ་ལ་ལྷ་ཡི་སྐུ་ཡང་དགོད།། ཅེས་གསུངས་སོ།། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས།། བསྒྲུབ་པའི་སྔོན་དུ་འགྲོ་བའི་ལས་རིམ་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲུབ་པར་བྱ་བ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་འདི་གསུངས་སོ།། ཕྱག་རྒྱ་ཆེན་པོ་ལྷ་ཡི་སྐུ།། ལས་ཀྱི་ཕྱག་རྒྱ་ཡུམ་དང་འཁྲིལ།། དམ་ཚིག་ཕྱག་རྒྱ་སྦྱོར་བར་བྱ། ། ཆོས་ཀྱི་ཕྱག་རྒྱ་ལྷ་རྣམས་བསྐྱེད།། རང་སེམས་ཡི་གེ་གསུང་དུ་གསོལ།། ཕ་མའི་ཆ་ཤས་ཐུགས་མཚན་ཉིད།། འབྱུང་ཆེན་ལྔ་ལས་སྐུ་རྫོགས་པས།། ཆོ་ག་རྣམ་པ་གསུམ་ལས་བསྐྱེད།། རྣམ་ཤེས་ཕུང་པོ་རྡོ་རྗེ་སེམས། ། གཡས་མཐིང་གཡོན་དམར་དབུས་མ་དཀར།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི་དྲིལ་བུ་བཅས།། གཟུགས་ནི་སྣང་མཛད་གསེར་གྱི་མདོག། མཐིང་ག་དམར་པོའི་དབུ་གསུམ་པ།། འཁོར་ལོ་རྡོ་རྗེ་རིན་ཆེན་དང། ། དྲིལ་བུ་པདྨ་རལ་གྲི་འཛིན།། ཚོར་བ་དཀོན་མཆོག་དཔལ་ནི་མཐིང།། དཀར་དང་དམར་བ་ཕྱག་དྲུག་པ།། རིན་ཆེན་རྡོ་རྗེ་འཁོར་ལོ་དང།། དྲིལ་བུ་པདྨ་རལ་གྲི་འཛིན།། འདུ་ཤེས་འོད་དཔག་མེད་པའི་སྐུ། ། དཀར་དང་སྔོ་དང་བྱེ་རུའི་མདོག། པདྨ་རྡོ་རྗེ་འཁོར་ལོ་དང།། དྲིལ་བུ་རིན་ཆེན་རལ་གྲི་བསྣམས།། འདུ་བྱེད་དོན་ཡོན་གྲུབ་པའི་སྐུ།། དཀར་དམར་ལྗང་གུ་ཞལ་གསུམ་པ།། རལ་གྲི་རྡོ་རྗེ་འཁོར་ལོ་དང། ། དྲིལ་བུ་རིན་ཆེན་པདྨ་གཡོན།། དབྱིངས་ཕྱུག་མ་དང་སངས་རྒྱས་སྤྱན།། མཱ་མ་ཀཱི་དང་གོས་དཀར་སྒྲོལ།། རིགས་ལྔ་བདུད་རྩི་ལྔར་གནས་ཤིང།། ཡུམ་ལྔས་ཤ་ལྔ་སྦྱོང་མཛད་པ།། ཁམས་དགུ་འདུས་པའི་དངས་མ་ཉིད། ། ཕུང་པོ་ལྔ་དང་འབྱུང་བ་ལྔ།། སངས་རྒྱས་རིགས་མ་ཡུམ་དང་འཁྲིལ།། ས་ཡི་སྙིང་པོ་སྒེག་མོ་དཀར།། རིན་ཆེན་སྨྱུ་གུ་མེ་ལོང་འཛིན།། ནམ་མཁའི་སྙིང་པོ་མཱ་ལེ་མཐིང།། རལ་གྲི་རིན་ཆེན་འཕྲེང་བ་འདྲེན། ། སྤྱན་རས་གཟིགས་དང་ཀླུ་མ་དམར།། པདྨ་དཀར་པོ་པི་ཝང་འདྲེན།། ཕྱག་ན་རྡོ་རྗེ་གར་མཁན་ལྗང།། རྡོ་རྗེ་རྩེ་ལྔ་གར་མཛད་བསྒྱུར།། རྣམ་ཤེས་བཞི་དང་ཡུམ་བཞི་ཡིས།། བློ་དང་དངོས་པོ་བསྲེག་ནས་ནི། ། བྱང་ཆུབ་སེམས་དཔའི་ལྷ་མོ་གནས།། ནང་དུ་ཡང་དག་སྤྲོ་བའོ།། བྱམས་པ་སྤོས་མ་དཀར་མོ་ལ།། ཀླུ་ཤིང་འདུག་སྤོས་ག་པུར་བསྣམས།། སྒྲིབ་པ་སེལ་དང་མེ་ཏོག་མཐིང།། ཆོས་ཀྱི་འཁོར་ལོ་མེ་ཏོག་ཕྲེང། ། ཀུན་བཟང་མར་མེ་དམར་མོ་གསལ།། རིན་ཆེན་སྙེ་མ་སྣང་གསལ་འབར།། འཇམ་དཔལ་དྲི་ཆབ་མ་ནི་ལྗང།། ཨུཏྤལ་དུང་ཕོར་དྲི་ཆབ་མཐིང།། དབང་པོ་བཞི་དང་དེ་ཡུལ་བཞི།། ཕྱི་ཡི་སྣང་བ་དག་དང་འབྲེལ། ། བྱང་ཆུབ་སེམས་དཔའི་རིགས་མ་རྣམས།། ཡུལ་སེམས་གཉིས་སུ་མེད་པར་བྱེད།། ཀུན་བཟང་ཡབ་ཡུམ་མཉམ་བཞག་མཐིང།། ལྷ་དབང་བརྩོན་འགྲུས་པི་ཝང་བསྣམས།། ལྷ་མིན་བསམ་གཏན་གོ་ཆ་དང། ། མི་དབང་ཚུལ་ཁྲིམས་གསེག་པར་ཉིད།། བྱོལ་སོང་ཤེས་རབ་པོ་ཏི་འཛིན།། ཡི་དྭགས་སྦྱིན་པ་རིན་ཆེན་སྒྲོམ།། དམྱལ་བ་བཟོད་པ་མེ་དང་ཆུ།། གཤིན་རྗེ་མི་གཡོ་ལྕགས་ཀྱུ་དཀར།། རྣམ་རྒྱལ་རྡོ་རྗེ་ཞགས་པ་སེར། ། རྟ་མགྲིན་སྦྲུལ་ཞགས་ལྕགས་སྒྲོག་དམར།། བདུད་རྩི་རྒྱ་གྲམ་དྲིལ་བུ་ལྗང།། བླ་མ་རྡོ་རྗེ་འཛིན་པ་ལ།། རྒྱུ་ཡི་དུས་ནས་དབང་ཐོབ་པས།། བུམ་པ་མི་བསྐྱོད་ཆུ་ཡི་དབང།། ཅོད་པན་བདུད་རྒྱལ་རིན་འབྱུང་ལ། ། རྡོ་རྗེ་བདུད་འཇོམས་སྣང་མཐའ་ཡས།། དྲིལ་བུ་ཆོས་སྒྲ་དོན་ཡོན་གྲུབ།། མིང་ནི་རྣམ་པར་སྣང་མཛད་དོ།། ལམ་དུས་རིགས་ལྔར་དབང་བསྐུར་བྱ།། ཟབ་མོའི་དབང་གསུམ་ཐོབ་པའི་ཕྱིར།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། བདུད་རྩི་ཁྲོལ་བུ་བསྒྲུབ་པར་བྱ།། ཐུན་མོང་དམ་པ་རིགས་བརྒྱ་ཡིས།། རང་གི་རྟོག་ཚོགས་ལྷ་རུ་སྦྱང།། རྩ་ཡི་དབྱིབས་ནི་ལྷ་སྐུར་གསལ། ། སྔགས་ཀྱི་ཡི་གེ་གསུང་དུ་སྒྲོགས།། ཁམས་ཀྱི་བདུད་རྩི་ཟས་སུ་ཟ།། སྙིང་པོ་རླུང་ནི་ཐུགས་ལ་སྤྲོ།། བསྒྲུབ་པའི་དམ་པ་རིགས་བརྒྱ་ཡིས།། སྨན་གྱི་རྟོག་པ་བཟློག་བྱས་ནས།། ཐམས་ཅད་ལྷ་ཡི་སྐུ་རུ་གསལ། ། སྤྲུལ་པའི་སྐུ་རུ་སངས་རྒྱས་སོ།། གསུང་གི་བསྒྲུབ་པ་བྱས་པ་ཡང།། དེ་ཉིད་རིགས་ལྔར་ཡན་ལག་གནས།། ལྷར་འཛིན་ཐ་དད་སོ་སོ་དང།། སྨན་གྱི་དངོས་པོ་རང་རྒྱུད་པར།། འཛིན་པའི་རྟོག་པ་བཟློག་བྱས་ནས། ། རིགས་ལྔ་ཡེ་ཤཻས་ལྔ་རུ་སྒྲུབ།། ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པའོ།། དྲན་པ་སྣ་ཚོགས་སྣང་བ་ཡང།། སྣོད་བཅུད་དམ་པ་རིགས་བརྒྱར་སྦྱང།། དེ་ཉིད་དྲན་མེད་རིགས་ལྔར་འདུས།། སྣོད་བཅུད་རིགས་སུ་དབྱེ་བ་མེད། ། དེ་ཕྱིར་གསང་ཆེན་རིགས་གཅིག་བསྒོམ།། རིགས་ལྔ་ཡེ་ཤེས་ཐ་དད་དུ། འཛིན་པའི་རྟོགས་པ་བཟློག་བྱས་ནས།། གཉིས་མེད་ཆོས་སྐུར་སངས་རྒྱས་པས།། དྲན་མེད་ངང་དུ་རིགས་གཅིག་གནས། ། གཉིས་མེད་ཆོས་ཀྱི་དབྱིངས་སུ་ཐིམ།། བཏག་ཙག་མི་རྟོག་བདུད་རྩི་ཆེ།། གཟུང་འཛིན་སྐྱེ་བ་མེད་པར་བསྒྲལ།། ཕྱེ་མ་གོང་བུ་གཅིག་པ་ཡིས།། ཐམས་ཅད་འཁོར་འདས་དབྱེར་མེད་ཅིང།། བདུད་རྩི་ཆེན་པོར་རོ་གཅིག་པས། ། བློ་སྣང་སྣང་བ་ལས་འདས་སོ།། ཨ་མྲ་སྐྱོང་བའི་བུ་མོ་སྟེ།། ཤིང་གི་ལྷ་མོ་འོད་ལྗང་མ།། དུག་འཇོམས་སྨན་གྱི་བསྒྲུབ་པ་བྱ།། རྒྱ་སྤོས་ནི་ལོ་པ་ལ་དང།། ལྡོད་རོས་བ་གླང་མཁྲིས་པ་དང། ། ཙནྡན་དཀར་པོ་སྤང་སྤོས་དང།། ཤ་མོ་ས་དང་ཤ་སིང་ར།། ཀ་ར་ཀ་ཏ་བ་ལ་ཀ། རུ་རྟ་རྣམས་ནི་ཆ་མཉམ་སྟེ།། ཞིབ་བཏགས་དར་ཚགས་དག་ལ་བཙག། དཀྱིལ་འཁོར་ཟླུམ་པོ་མཎྜལ་སྟེ།། གའུ་ཁ་སྦྱར་ནང་དུ་བླུག། གཟུངས་ཐག་བཏགས་ནས་དར་ཁང་དབུབ།། ཤིང་གི་ལྷ་མོ་འོད་འཆང་མའི།། སྔགས་འདིས་རབ་ཏུ་གདབ་པར་བྱའོ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ལཱ་སྱེ་ཧཱུཾ། ཀལྤ་བྲྀཀྵ་དེ་བཱི་པྲ་བྷཱ། ན་མོ་བྷ་ག་བ་ཏེ་ཏུ་ད་ཏྲ་ཡཱ། ཧ་ར་བི་ཥཱ་ན་ཧ་ར། བི་ཥ་ནི་མུ་སྭཱ་ཧཱ། ཤིང་གི་ལྷ་མོ་འོད་འཆང་མ།། རྡོ་རྗེ་ལཱ་སྱེའི་སྤྲུལ་པ་སྟེ།། སྐུ་མདོག་དཀར་ལ་འོད་ཟེར་འབར།། ཕྱག་ན་ཤིང་གི་བུམ་པ་བསྣམས།། ཤིང་ཏོག་ཀུན་གྱི་སྲུང་མ་སྟེ། ། ཤིང་གི་ལྷ་མོར་ཕྱག་འཚལ་ལོ།། སྨན་འདི་ཆུ་ཡིས་ཕུལ་བྱས་ནས།། ཁོང་དུ་བཏུང་བར་བྱ་བ་དང།། ཡང་ན་སྣར་ཡང་བླུག་པར་བྱ།། ལུས་ལ་བསྐུས་པར་བྱས་པ་ན།། སྦྱར་བའི་དུག་ནི་སྣ་ཚོགས་པ།། གང་ཡང་རུང་བར་འགྱུར་བ་སྟེ། ། དུག་གོ་ཅོག་རྣམས་མེད་པར་བྱེད།། སེམས་ཅན་མཆེ་བ་དུག་ཅན་རྣམས།། སོ་ཡི་གདུག་པས་ཟིན་པ་ཡང།། དེ་དག་མེད་པར་བྱེད་པ་དང།། ཕོལ་མིག་དང་ནི་འབྲས་ནད་དང།། མེ་དབལ་ལ་སྩོགས་སེལ་བྱེད་ཅིང། ། གཞན་གྱི་ངན་དུ་བྱས་པ་ཡི།། དུག་གིས་མི་ཚུགས་ཞི་བར་བྱེད།། ཉེས་སྡིག་བྱང་བར་བྱེད་པ་སྟེ།། བྲམ་ཟེའི་སྔགས་གྱིས་གནོན་བྱས་པ།། དེ་དག་ལས་ཀྱང་ཐར་པར་འགྱུར། ། མགོན་པོ་གནོད་གནས་བུ་མོ་སྟེ།། སྨན་གྱི་ལྷ་མོ་ནོར་གྱི་རྒྱུན།། ཡོ་བྱད་ནོར་གྱི་བསྒྲུབ་པ་ནི།། དབེན་པའི་གནས་སུ་རབ་གནས་ནས།། སྲོག་ཆགས་མེད་པའི་ས་གཙང་མ།། བཟང་ཞིང་སྣུམ་པ་རབ་བཙལ་ནས། ། མཎྜལ་ཟླུམ་པོ་ལེགས་བྱས་ནས།། གུར་གུམ་གི་ཝང་ཛཱ་ཏི་དང།། སྤོས་དང་སྦྱར་ནས་བྱུག་པ་ནི།། བ་ཡི་སྣ་ལྔ་དག་གིས་བྱ།། ཙནྡན་དཀར་པོའི་ཆུ་སྦྱར་ལ།། སྔགས་རིང་བརྒྱ་རྩ་བརྒྱད་བཟླས་ནས།། ལག་པ་གཡོན་པས་མཎྜལ་དབུལ། ། སྲིན་ལག་གཡོན་པས་ཆོས་འབྱུང་བྲི།། དེ་སྟེང་ལྷ་མོ་བསམ་པ་ནི།། སྨན་གྱི་ལྷ་མོ་ནོར་རྒྱུན་མ།། ཞལ་གཅིག་ཕྱག་ནི་གཉིས་པ་ལ།། སྐུ་མདོག་བཙོ་མ་གསེར་གྱི་མདོག། ཛམ་བུ་ནཱ་དའི་གསེར་འོད་འདྲ། ། གཡས་པའི་ཕྱག་ན་བསྣམས་པ་ནི།། ཤིང་ཐོག་བཱི་ཛ་པཱུ་ར་བསྣམས།། གཡོན་ན་འབྲུ་ཡི་སྙེ་མ་བསྣམས།། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན།། བཞེངས་ནས་བཞུགས་པའི་ཞབས་གཉིས་འོག། རིན་པོ་ཆེ་ཡི་བུམ་པ་ནི། ། ཅུང་ཞིག་ཡོ་བར་རྣམ་པར་མནན།། གསང་བའི་སྔགས་འདིས་སྐུ་ཡང་བསྐྱེད།། ཨོཾ་སྡུད་དུ་སྡུད་དུ། མ་མ་ཀུ་ནེ་ཀུ་ནེ་ན་སྭཱ་ཧཱ། སྨན་གྱི་ལྷ་མོ་ནོར་གྱི་དབྱིབས།། རྡོ་རྗེ་མཱ་ལེའི་སྤྲུལ་པ་སྟེ།། སྐུ་མདོག་སྔོ་སངས་འོད་ཟེར་འབར། ། ཕྱག་ན་གཏེར་གྱི་བུམ་པ་བསྣམས།། སྨན་དང་གཏེར་གྱི་སྲུང་མ་སྟེ།། སྨན་གྱི་ལྷ་མོར་ཕྱག་འཚལ་ལོ།། རྩ་བའི་གསང་སྔགས་འདི་ལ་ནི།། བསྙེན་པ་འབུམ་ཚོ་སུམ་འབུམ་བཟླས། ། ཨོཾ་ཤྲི་བ་སུ་ནི་དྷ་ན་ཀྵེ་ཏྲེ་སྭཱ་ཧཱ།། མཎྜལ་འབུལ་ཞིང་བསྒྲུབ་པ་ཡིས།། སྔགས་རིང་ཕྲེང་བ་དཔལ་དང་ལྡན།། འདོད་པ་ཐམས་ཅད་རབ་སྒྲུབ་པ།། གསང་སྔགས་རྒྱལ་པོ་འདི་དག་བཟླས།། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། གྷ་ཏ་མ་ཛི་བ་ས་ར་ཀྵ་ནི། ཕ་ལ་ཧ་ཏི་བྷ་སུན་དྷེ། ཛྷི་ཝང་ཀ་རི་ཤཱནྟི་ཀ་རི། བྷ་ཡ་ནཱ་ས་ནི་སརྦ་དུཥྟཱན། བྷན་ཛ་བྷན་ཛ། ཛཾ་བྷ་ཛཾ་བྷ། ཨ་མྲྀ་ཏ་ཨུཏྦྷ་བེ། ཀུ་རུ་ཀུ་རུ། མ་མ་ཀརྱ་སྭཱ་ཧཱ།། མི་སྙིང་རབ་ཏུ་སྤྲུལ་པའི་སྔགས་སོ། ། རབ་ཏུ་གསང་བའི་དམ་པ་འདི།། ཨོཾ་བཛྲ་མཱ་ལེ་བཻཌཱུརྱ་དེ་བཱི་བ་སུ་དྷ་ར། འགུལ་འགུལ། མ་མ་ཧྲིང་ཧྲིང། མ་ཁ་ཤི་མི་སྙིང་འགུལ། མི་འགྲམ་ཆོག། ཧྲིང་ཧྲིང་སྡུས་སྡུས། མ་མ་ནི་བཾ་སྭཱ་ཧཱ། ཕོ་མོ་དབང་དུ་བྱ་བ་ནི། གསང་སྔགས་རིག་པ་དམ་པའོ།། ཨཱ་ཀརྵ་ཡ་ཧཱུཾ་ཧྲཱིཿ། སྲིད་པའི་མོ་ཆགས་ཐམས་ཅད་ཀུན།། དབང་དུ་བྱེད་པའི་གསང་སྔགས་སོ།། ཨཱ་ཀརྵ་ཡ་ཧཱུཾ་ཛ་ཛ། སྲིད་པ་ཕོ་རུ་གྱུར་པ་ཀུན། ། དབང་དུ་བྱ་བའི་གསང་སྔགས་སོ།། ལྷ་མོ་ཉིད་ཀྱི་རིག་པ་ནི།། བཅོམ་ལྡན་འདས་ལ་རབ་ཕུལ་ལོ།། རྩི་ཡི་ལྷ་མོ་བློ་གྲོས་མ།། རིགས་རྒྱུད་སྲིད་ཀྱི་བསྒྲུབ་པ་ནི།། སྔགས་པ་བློ་ལྡན་དབེན་དགའ་བས། ། གནས་སུ་བཙལ་བར་བྱ་བ་ཡང།། རྩི་སྨན་འཁྲུངས་པའི་ཡུལ་ཁམས་ཏེ།། ནུབ་ཏུ་ཁ་བལྟས་རྩི་རྣམས་སྐྱེས།། དེར་ནི་བསྒྲུབ་པའི་མཎྜལ་ཡང།། རབ་ཏུ་ཟླུམ་པོར་བྱ་བའོ།། ཡང་ན་རིགས་རྒྱུད་གང་སྤེལ་བའི། ། གནས་སུ་བསྒྲུབ་པ་རབ་ཏུ་བྱ།། བ་བླ་བ་ཡི་ཆུ་ནང་དུ།། ཞག་གསུམ་བར་དུ་སྤངས་བྱས་ལ།། སྔགས་དེ་ཞལ་གསུམ་བར་དུ་གདག། དེ་ནས་བ་ཆུ་འཐུངས་པ་ནས།། མངལ་ཆགས་པ་ཡི་གདམས་པ་ཡིན། ། ཡང་ནི་ལན་ཚྭ་རྣམས་ལྔ་དང།། ཀ་ར་དཀར་དང་སྦྲང་རྩི་དང།། མར་དང་ལྡན་པས་བུད་མེད་ལ།། ཟླ་མཚན་བྱུང་ནས་སྔགས་ཁྲུས་བྱས།། གང་ལ་བླུད་པར་བྱས་པ་དེ།། མོ་གཤམ་ཡིན་ཡང་བུ་སྐྱེ་འགྱུར། ། ཡང་ནི་རབ་ཏུ་བཤད་པར་བྱ།། པ་ཏོ་ལ་ཡི་རྩ་བ་དང།། ཀ་ར་གཉིས་ལ་རེ་རེ་ལ།། ཞོ་ནི་གཉིས་གཉིས་ཞོ་བཞི་པོ།། ཆུ་གྲང་སྦྱར་ལ་སྔགས་བཏབ་བླུད།། མོ་གཤམ་བུ་ཡང་སྐྱེ་བར་འགྱུར།། ཡང་ནི་ཡུངས་ཀར་ལྡོང་རོས་དང། ། པི་པི་ལིང་ནི་རྩ་བ་དང།། ཤིང་མངར་དང་ནི་པི་པི་ལིང།། གྷི་ཧང་རྣམས་ནི་ལྷན་ཅིག་བཏགས།། བྱིན་ན་སྲིད་ཀྱང་འཕེལ་བར་འགྱུར།། ཡང་ནི་ནཱའ་ག་གེ་སར་དང།། ཁ་ལུང་དང་ནི་བ་ལ་དང། ། སྦྲང་རྩི་རྣམས་ནི་ཆ་མཉམ་པར།། ཀུན་ལ་ཞོ་ནི་གཉིས་གཉིས་ཏེ།། ཕྱེ་མ་དག་ཏུ་ལེགས་བཏགས་ནས།། འོ་མ་དང་ནི་ལྷན་ཅིག་ཏུ།། ཟླ་མཚན་བྱུང་ནས་ཞག་གསུམ་དུ།། གསང་སྔགས་བཏབ་ནས་དེ་འཐུངས་ཏེ། ། དེ་དག་ཞུ་བའི་ཚོད་ཙམ་ནས།། འོ་མ་དང་བཅས་ཟན་ཕྱིན་ན།། ངེས་པར་མོ་གཤམ་བུ་ཡང་སྐྱེ།། ཡང་ནི་ཨ་ཤོ་ཀནྡྷ་ཡིས།། རྩ་བ་མ་རུལ་མ་སུམས་པ།། འོ་མ་སྲང་ནི་ཉི་ཤུ་བརྒྱད།། བསྐོལ་ཏེ་མར་དང་ལྷན་ཅིག་བླུད། ། བུད་མེད་མངལ་ཡང་འཛིན་པར་འགྱུར།། ཡང་ནི་ཀ་ཙ་མ་ཏི་དང།། པུ་ཤེལ་ཙེ་དང་པིལ་བ་དང།། ཡུངས་ཀར་དང་ནི་རུ་རྟ་དང།། གླ་སྒང་དང་ནི་བུ་རམ་རྣམས།། ལྷན་ཅིག་བསྲེས་ནས་སྦྱར་བ་ཡང།། ཞུན་མར་དང་ནི་ལྷན་ཅིག་ཏུ། ། ཟླ་མཚན་རྒྱུ་བའི་དུས་སུ་ནི།། ཞག་བདུན་སྔགས་བཟླས་བཏུང་བ་དང།། ཟླ་བ་དག་ཀྱང་རེ་རེ་ལ།། ཞག་གྲངས་གསུམ་གསུམ་བཏུང་བར་བྱ།། དེ་ནས་ཞག་གསུམ་བསྡད་པ་དང། ། དེ་ནས་ཡང་ནི་ཞག་བདུན་འཐུངས།། གང་འཐུང་བུད་མེད་དེ་ཡི་ནི།། མངལ་གྱིས་བུ་ནི་མྱུར་དུ་ལེན།། འདི་ལ་ཐེ་ཚོམ་མེད་པའོ།། ཡང་ནི་གླ་གོར་ཞོ་ཤ་དང།། ནཱ་ག་གེ་སར་ས་བོན་གཉིས།། ཕྱེ་མ་སྦྲང་རྩིས་སྦྲུས་བྱས་ལ། ། འོ་མ་དང་ནི་སྦྱར་ལ་བླུད།། ཟས་སུ་འབྲས་ཀྱི་ཟན་དང་ནི།། འོ་མ་ལྷན་ཅིག་ཟོས་པ་ན།། བུད་མེད་མོ་གཤམ་ཡིན་གྱུར་ཀྱང།། དེ་ལ་བུ་ནི་སྐྱེ་བར་འགྱུར།། དེ་དག་ལ་ནི་གདབ་པའི་སྔགས། ། སྲིད་སྤེལ་མས་ནི་འདི་གསུངས་ནས།། བཅོམ་ལྡན་འདས་ལས་འགྲོ་དོན་དུ།། རང་གི་རིག་པ་ཕུལ་བའོ།། ཨོཾ་བཛྲ་གིརྟཱི་ན་མོ་ཨ་དྷྱིད་ཤུ་ཀ་ར། ཏ་རི་དྷ་བ་ཀི་བི་ཏི་སྭཱ་ཧཱ།། ན་ས་ཤ་ཚ་འདི་ཞེས་བྱ་བ་ལས་སྐྱེ་བར་གྱུར་ཅིག་སྭཱ་ཧཱ། སྔགས་འདི་ལན་འབུམ་བཟླས་པ་ན།། དེས་ནི་རབ་ཏུ་འགྲུབ་པར་འགྱུར།། དམུ་བྱ་ཕུག་རོན་སྙིང་དང་མིག། གོ་རོ་ཙ་ན་ལྕེ་དང་ཁྲག། དངུལ་རྡོ་རྣམས་སུ་སྦྱང་བྱས་ལ།། སྔགས་འདི་ཞག་གྲངས་ཉི་ཤུ་གཅིག། བཏབ་ན་བུད་མེད་དབང་དུ་འགྱུར། ཨོཾ་ན་ཡ་ན་མ་ནོ་ཧ་རི། ནི་ནི་མོ་དེ་པ་སྭཱ་ཧཱ། ལང་ཏང་ཙེ་དང་བྱེ་རུག་པ།། ཨ་པ་མརྒ་ཏིལ་དང་ནི།། ཡུངས་ཀར་བཏགས་ནས་ཏིལ་མར་སྦྱར།། བུད་མེད་བྷ་གར་རབ་བསྐུས་ནས། ། རབ་ཏུ་དམ་འགྱུར་སྔགས་འདི་གདབ།། ཨོཾ་ན་མོ་ཤ་ཙ་ཡ། ཙི་རི་བི་སི་བི་སི་ནི་ནི། ཆེ་གེ་མོ་ཞེས་བྱ་བ་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ།། མོན་སྲན་གྲེའུ་དང་གཟི་མ་དང།། འབུ་སྲིན་གསུམ་པོ་ཆ་མཉམ་སྟེ། ། བསྐོལ་བ་གང་གིས་འཐུང་བ་ཡིས།། མི་དེའི་རྡོ་རྗེ་རྟག་ཏུ་འགྲེང།། གཏི་ནི་གཉིད་པར་མི་འགྱུར་རོ།། བྷི་ཧ་ཏི་ཡི་འབྲས་བུ་དང།། བལ་པོ་སེའུ་གི་ཤུན་པ་དང།། གོ་ཕྱེ་རྣམས་ནི་ཉུངས་མར་བསྐོལ། ། རྡོ་རྗེ་བསྐུས་ཤིང་མཉེས་པ་ན།། ཇི་ལྟར་འདོད་པ་བཞིན་དུ་ནི།། སྦོམ་ཞིང་ཆེ་བར་འགྱུར་བའོ།། བ་དང་ར་ཡི་འོ་མ་དང།། རྡོ་རྗེའི་འོ་མ་རྣམས་སྦྱར་བ།། རྐང་པ་གཉིས་ལ་བསྐུས་པ་ན།། འདོད་པ་བསྟེན་པར་བྱས་ཀྱང་ནི། ། ས་བོན་འབྱུང་བར་མི་འགྱུར་རོ།། བྱི་བའི་གཞང་དང་ཏིལ་མར་དང།། བྱེའུ་ས་རྟ་ཀ་ཡི་ནི།། ཤ་ཁུ་དེ་རྣམས་སྦྱར་བྱས་པ།། མོ་མཚན་བསྐུས་པར་གྱུར་པ་ནི།། བྷ་ག་ཁ་ཆེ་ཆུང་བར་འགྱུར།། དེ་དག་རིག་སྔགས་བཤད་པ་ནི། ། ལྷ་མོ་དག་གིས་རིག་པ་ཕུལ།། ཨོཾ་གི་རི་ཧི་རི་ཙི་རི།། ཨཱ་ཨཱ་ཤུ་མ་ཤ་ནི་སྭཱ་ཧཱ། སྔགས་འདི་ལན་བདུན་བཟླས་བྱས་ནས།། བྷ་ག་ལ་ནི་བསྐུ་བར་བྱའོ།། རྩི་ཡི་ལྷ་མོ་བློ་གྲོས་མ།། ལྷ་མོ་གཱིར་ཏིའི་སྤྲུལ་པ་སྟེ། ། སྐུ་མདོག་དམར་གསལ་འོད་ཟེར་འབར།། ཕྱག་ན་བདུད་རྩིའི་བུམ་པ་བསྣམས།། རྩི་དང་སྨན་གྱི་སྲུང་མ་སྟེ།། རྩི་ཡི་ལྷ་མོར་ཕྱག་འཚལ་ལོ།། ནགས་ཀྱི་ལྷ་མོ་རྨ་བྱའི་མདོངས།། གནོད་པ་སྲུང་བའི་བསྒྲུབ་པ་ནི། ། སྔགས་པ་གཞན་ལ་ཕན་འདོད་དམ།། ཡང་ན་རང་ཉིད་བསྲུང་བར་བྱ།། མི་ཡི་རུས་པ་སྐྲ་དང་ནི།། ལྷ་ལ་ཕུལ་པའི་མེ་ཏོག་དང།། ཤིན་ཀུན་དང་ནི་ཙནྡན་དང།། འབུ་སུག་ཧཾ་དང་ཤུ་དག་དང། ། སྐྱུ་རུ་ར་དང་ཙ་རོད་དང།། ཨ་རུ་ར་དང་མུ་ར་དང།། ཨཾ་ཀྵ་ཡང། ཡང་ཀྵ་མུ་ར་སྤང་སྤོས་དང།། གྷི་ཧ་ཏི་དང་རྣམ་གཉིས་དང།། ཛཱ་ཏི་ཕ་ལ་ཡུངས་ཀར་དང།། རྨ་བྱའི་མཁྲིས་པ་རས་བལ་དང།། སྲེ་མོའི་ཀླད་པ་ཁྱི་རུས་དང། ། བྱི་ལའི་བྲུན་དང་གླང་པོའི་བྲུན།། བ་གླང་ལྕི་བ་ཐང་ཤིང་དང།། ཨ་པ་མརྒ་སྒོག་སྐྱ་དང།། ཤྲ་བ་ཎ་དང་འབྲས་གང་དང།། བུད་ཏ་གོ་ཤིང་གོ་ལོ་མིན།། ཕ་ལ་ཏ་ཀ་པོ་སོ་འཆའ།། དེ་རྣམས་ལྷན་ཅིག་སྦྱར་བ་ཡིས། ། རྫས་དེ་གའུ་བླུགས་ནས་ནི།། སྔགས་འདི་བརྗོད་པར་བྱའོ།། ཨོཾ་བཛྲ་ནིར་ཏི་དེ་བ་ན་ན་མོ་བྷ་ག་བ་ཏེ། རུ་ཏྲ་ཡ་ཏདྱ་ཐཱ། ཧ་ར་ཧ་ར། ཏུ་རུ་ཏུ་རུ། ཏ་ལ་ཏ་ལ། ནི་མི་ལེ་སརྦ་གྲ་ཧ་ནཱ་ཤ་ནི། བཛྲ་པཱ་ཎི་ཧ་ར་ཧ་ར། མུ་ཏྲ་བེ་ཏ་ནི་སྭཱ་ཧཱ། སྔགས་འདི་ལན་བདུན་བཟླས་པ་ཡི།། རྫས་ཀྱི་དུད་པས་བདུག་པ་ན།། གྲིབ་གནོས་སྨྱོ་བྱེད་བརྗེད་བྱེད་གདོན།། གནོད་སྦྱིན་གདོན་ལ་སོགས་པ་ཡིས།། རྣམ་པ་སྣ་ཚོགས་གདོད་ཟིན་པ། ། གདོན་རྣམས་མེད་པར་བྱེད་པ་སྟེ།། ལྐུགས་པ་རྨི་ལམ་ངན་པ་དང།། གང་དག་བཀྲ་ནི་མི་ཤིས་པ།། ཐམས་ཅད་རབ་ཏུ་ཞི་བར་བྱེད།། ནགས་ཀྱི་ལྷ་མོ་རྨ་བྱའི་མདོངས།། རྡོ་རྗེ་ནཱིར་ཏིའི་སྤྲུལ་པ་སྟེ། ། སྐུ་མདོག་ལྗང་སེར་འོད་ཟེར་འབར།། ཕྱག་ན་དྲི་སྤོས་རྨ་བྱ་བསྣམས།། དྲི་སྤོས་ཀུན་གྱི་སྲུང་མ་སྟེ།། ནགས་ཀྱི་ལྷ་མོར་ཕྱག་འཚལ་ལོ།། གསད་པ་དུར་ཁྲོད་མཁའ་འགྲོ་མ།། བསྒྲུབ་པར་བྱ་བའི་ལས་དག་ནི། ། གང་དག་སངས་རྒྱས་བསྟན་པ་འཇིག། དཀོན་མཆོག་དབུ་འཕང་སྨོད་པར་བྱེད།། རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས།། དམ་ཆོས་འཁོར་ལོ་རྨད་བྱུང་ལ།། བར་དུ་གཅོད་པ་བསྒྲལ་བའི་ཕྱིར།། དུར་ཁྲོད་གནས་སམ་ཆུ་གླིང་ངམ། ། མ་མོའི་གནས་སམ་ལྷ་ཆེན་གནས།། ལམ་གྱི་བཞི་མདོ་གཙུག་ལག་ཁང།། དེ་ལ་སོགས་པའི་གནས་ཕྱིན་ནས།། འབྲུབ་ཁུང་ཁྲུ་གང་གྲུ་གསུམ་སྟེ།། དུར་སོལ་ཁྲག་བསྲེས་དམར་ནག་བྱ། ། དེ་ཡི་ཁ་ལ་གཏོར་མ་གཞག། འོག་ཏུ་ལིངྒ་བཅས་ཏེ་གཞུག། གྲི་ལག་གཡས་པའི་མཆོག་ཕུ་གདབ།། ཚོན་སྐུར་བཏགས་ཏེ་འོད་ཟེར་སྤྲོ།། དུས་གཉན་རྣམས་ལ་གཏོར་མ་བཏང།། མཚན་མ་བྱུང་ནས་ཕྱོགས་སུ་འཕང། ། འགྲོ་འདུག་བྱེད་ཚེ་གཏོར་མ་བཟུང།། ཟས་ཕུད་སྔགས་ཀྱིས་དང་པོ་དབུལ།། གཏོར་མའི་གོང་དུ་ཕུར་པ་གདབ།། བསྙེན་པའི་དུས་སུ་སྙིང་པོས་གདབ།། བསྒྲུབ་པའི་དུས་སུ་བསད་པས་གདབ།། ལིང་རོ་གཏུབས་ཏེ་གཏོར་མར་གཏང། ། ཕྱི་མ་བརྗེ་ཞིང་བསྐྱར་བ་བྱ།། བདག་ཉིད་བསམ་པར་བྱ་བ་ནི།། ཤིང་གི་ལྷ་མོ་འོད་འཆང་མའི།། སྤྲུལ་པ་མཁའ་འགྲོ་རྒྱས་འདེབས་མ།། སྨན་གྱི་ལྷ་མོ་ནོར་རྒྱུན་མའི།། སྤྲུལ་པའི་མཁའ་འགྲོ་རྨོངས་བྱེད་མ། ། རྩེ་ཡི་ལྷ་མོ་བློ་གྲོས་མའི།། སྤྲུལ་པ་མཁའ་འགྲོ་ཟ་བྱེད་མ།། ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན།། སྤྲུལ་པའི་མཁའ་འགྲོ་ཚེ་འཕེལ་མ།། གསང་བའི་མཁའ་འགྲོ་བཞི་ཡི་ནི། ། ལས་མཁན་བདག་ཉིད་བསྒོམ་པ་ནི།། སྐུ་མདོག་ནག་མོ་རལ་པ་ཅན།། གཡས་ན་གྲི་གུག་བསྣམས་པ་ལ།། གཡོན་ན་བྷནྡྷ་འཛིན་པའོ།། སྐུ་སྟོད་དར་རས་ཁྲ་བོས་བརྒྱན།། དཔུང་པ་གཉིས་ཀྱང་དེ་བཞིན་ནོ། ། ལྷ་མོ་སྐུ་མདོག་དེ་བཞིན་དུ།། བདག་ཉིད་ཀྱང་ནི་བསྒོམ་པར་བྱ།། མོན་པ་མོན་མོ་བུད་མེད་དང།། རབ་བྱུང་ལ་སོགས་ཆོ་འཕྲུལ་མང།། འོད་དང་དྲི་ལ་སོགས་པ་འོང།། འོད་ལོང་ལྟག་ཉན་སྨྲ་བ་འབྱུང། ། མཁའ་འགྲོ་གཡོན་བསྐོར་སྔགས་ཀྱི་དགོད།། བདག་ཉིད་གོས་ནག་རེ་བ་གོན།། སྟོད་གཡོགས་དར་རས་ཁྲ་བོས་བརྒྱན།། དམོད་གཟུག་ཤགས་ཀྱང་གདབ་པར་བྱ།། གཏོར་བསྐུལ་བཅོལ་བ་དྲག་ཏུ་བྱ། ། ཉམས་པ་བཤགས་ན་བུ་མོ་ནི།། བདུན་བསགས་ཟས་བྱིན་མེ་ཏོག་གཏོར།། ཚིག་མཐོལ་མགོ་ལ་བཤགས་པ་བྱ།། བདག་གི་མགོ་ལ་འཇོག་ཏུ་གཞུག། མཐུན་པའི་དངོས་གྲུབ་སྩོལ་ཞེས་བརྗོད།། སྨྲ་བཅད་དཀྱིལ་འཁོར་གཞན་མི་བསྟན། ། རྩ་བ་ཡན་ལག་དམ་ཚིག་ནི།། ཉི་ཤུ་རྩ་བརྒྱད་ཚུལ་བཞིན་བསྲུང།། བདུད་རྩི་སྨན་གྱི་མཆོད་པ་བྱ།། ཨོཾ་ན་ནི་ན་ནི་མ་ཧཱ་ཀཱ་ལི། གྷ་རེཾ་གྷ་རེཾ། བུ་ལ་མི་ཛི་མ་ར་ལི། ས་ད་ན་ས་ད་ན། ཕོ་དྷི་ཀ་དྷི། ཀེ་ར་ཀེ་ར་ཀ་པ་དྷ། ཕོ་དྷི་ཆེ་གེ་མོ་ཀེ་ར་མ་གཾ་བྷ། པི་པི་དུ་གི་ཁ་དཾ་ད་པྲ། བསྙེན་པ་འབུམ་དང་བྱེ་བ་བཟླས།། རྟག་ཏུ་མཆོད་པར་བྱ་བ་ཡིན།། དྷ་ཀི་ནི་དྷ་དྷུཾ་དྷེ་དྷུཾ་དྷཱ། རཀྵི་ནི་རཾ་རཾ་རུཾ་རཾ་རུཾ་རཱ། ལ་ཀི་ནི་ལཾ་ལཾ་ལུཾ་ལོཾ་ལུཾ་ལཾ། ཀ་ཀི་ནི་ཀིཾ་ཀུཾ་ཀེཾ་ཀུཾ་ཀཱ་པ་ཀ་ནི་སཾ་སིཾ་སུཾ་སེཾ་སུ་སྭཱ་ཧཱ། ཧ་ཀི་ནི་ཧཾ་ཧིཾ་ཧཱུཾ་ཧེ་ཧུ་ཧཾ། གོང་མའི་རྩ་སྔགས་རེ་རེ་ལ། སྔགས་འདི་རེ་རེ་གདགས་པར་བྱ།། སྲི་མོ་བཛྲ་ནོ་ཏི་སྟ་ཀཱི་ལ་ཡ་ཀཱི་ལ་ཡ།། ས་མ་ཡ་བྷེ་ས། གཙོ་མོ་སྨན་གྱི་སྲུང་མ་བཞི།། སྤྲུལ་པ་གསང་བའི་ཡུམ་ཡང་བཞི།། ལས་མཁན་མཁའ་འགྲོ་རྣམ་པ་དྲུག། འབྱུང་ལྔ་དབང་བསྒྱུར་ཚེ་བདག་མོ།། སྔགས་བརྗོད་ཕུར་པ་གཙུགས་པ་ཡིས།། ཕུར་བུ་སྐུ་ནི་རེ་རེར་གྱུར། ། ཀྲོང་ཀྲོང་འབྱིན་ཞིང་བཞུགས་པར་བསམ་མོ།། ས་ཡི་མཁའ་འགྲོས་གཟུགས་ཕུང་འཇིག། ཆུ་ཡི་མཁའ་འགྲོ་ཚོར་བ་འཇོམས།། མེ་ཡི་མཁའ་འགྲོས་འདུ་ཤེས་བསྲེག། རླུང་གི་མཁའ་འགྲོས་འདུ་བྱེད་སྡུད། ། ནམ་མཁའི་མཁའ་འགྲོས་སྲོག་རླུང་སྤོར།། ཚེ་བདག་མོས་ནི་གནས་ནས་འབྱིན།། ཉམས་པ་གང་དག་ཞིང་དུ་བསྒྲལ།། སྐྱེ་བ་མེད་པའི་ས་ལ་གནས།། མཎྜལ་བརྒྱད་པའི་དཀྱིལ་འཁོར་དུ།། བཅུ་དྲུག་འཁོར་ལོས་མཐའ་བསྐོར་ནས། ། སྐུ་གསུང་ཐུགས་ལྡན་ཀ་པཱ་ལར།། ཤ་རཱི་རམ་དང་ཉ་རཱི་རམ།། ཅུ་གང་དང་ནི་ག་པུར་དང།། ཐལ་ཀར་རྡོ་རྗེ་ལ་སོགས་པའོ།། ཡོན་ཏན་རྫོགས་ལྡན་ག་པཱ་ལར།། ཆང་གི་རྣམ་པ་མང་པོ་བླུག། ཡིད་བཞིན་གཏེར་ལྡན་ཀ་པཱ་ལར།། སྙིང་ཞོ་ཤ་དང་མཁལ་ཞོ་ཤ། གླ་གོར་ཞོ་ཤ་ཙི་ཏྲ་ཀ། ཀ་ཀོ་ལ་སོགས་སྦྱར་བའི་སྨན།། བཀྲ་ཤིས་མཚན་ལྡན་ཀ་པཱ་ལར།། རིན་ཆེན་སྣ་ཚོགས་བདར་བ་གཞག། ཁམས་གསུམ་ཡོངས་བསྒྲལ་ཀ་པཱ་ལར།། པདྨ་རཀྟ་སྦྱར་བའི་སྨན།། ཙནྡན་སྨུག་པོ་ལི་ཤི་དང།། སྐྱུ་རུ་ར་དང་སྟར་བུ་དང།། རྒུན་འབྲུ་ལ་སོགས་སྦྱར་བའོ།། མི་འགྱུར་ས་མཁྲེགས་ཀ་པཱ་ལར།། འོ་མ་སྣ་ཚོགས་སྦྱར་བ་བླུག། ཆོ་འཕྲུལ་རྟགས་འབྱིན་ཀ་པཱ་ལར།། བདུད་རྩི་དྲི་ཆུ་བྲག་ཞུན་དང།། ཅོང་ཞི་དང་ནི་གུར་གུམ་དང།། ལྕེ་པོག་དཀར་པོ་ལ་སོགས་སོ།། མཚན་མ་སྤྲོས་བྲལ་ཀ་པཱའ་ལར།། སྣ་ཚོགས་ཆུ་རྣམས་བླུག་པར་བྱ། ། ཡེ་ཤེས་རྣམ་ལྔའི་ཀ་པཱ་ལར།། དྲི་ཆེན་དག་དང་སྦྱར་བའི་སྨན།། ཛཱ་ཏི་ཕ་ལ་ཨ་རུ་ར།། ཨ་ག་རུ་དང་དུ་རུ་ཀ། གླ་རྩི་དག་དང་སྦྱར་བའི་སྨན།། དྲི་ཆེན་དབུས་ལ་བྱང་སེམས་ཤར།། མཱཾ་ས་ལྷོ་ལ་རཀྟ་ནུབ། ། དྲི་ཆུ་བྱང་སྟེ་རྩ་བ་ལྔ།། ཤར་ལྷོ་ཆང་ལ་ལྷོ་ནུབ་ཏུ།། རིན་ཆེན་ནུབ་བྱང་འོ་མ་ཡིན།། བྱང་ཤར་ཆུ་ནི་སྣ་ཚོགས་གཞག། དེ་བཞིན་དར་གྱི་མཐིལ་ཡོལ་གྱིས།། དཀྱིལ་འཁོར་ཕྱོགས་བཞི་འཁོར་བར་བྲི།། མདའ་བཞི་དང་ནི་དར་སྣ་བཞི། ། ཚོན་སྐུད་སྣ་ལྔ་ཕུར་པ་བརྒྱད།། མཎྜལ་དེ་ཡི་རྒྱན་དུ་དགོང།། རྣལ་འབྱོར་མཆེད་དང་ལྕམ་དྲལ་ལ།། ཛ་གད་ཕྱག་ཏུ་བཞག་ནས་ཀྱང།། ལས་དང་བྱ་བ་བསྐོས་ལ་གདབ།། རང་རེའི་ཕྲིན་ལས་ཅི་ནུས་བྱའོ། ། སྣོད་རྣམས་སེམས་མ་བཅུ་དྲུག་བསྒོམ།། སྒེག་མོ་དང་ནི་སྤོས་མེ་མ།། ལྕགས་ཀྱུ་མ་དང་རྡོ་རྗེ་སྒྲོལ།། ཤར་གྱི་རྩིབས་ལ་ཡང་དག་གནས།། ཕྲེང་བ་མ་དང་མེ་ཏོག་མ།། ཞགས་པ་མ་དང་རིན་ཆེན་སྤྱན། ། ལྷོ་ཡི་རྩིབས་ལ་ཡང་དག་གནས།། པི་ཝང་མ་དང་མར་མེ་མ།། ལྕགས་སྒྲོག་མ་དང་གསལ་བཀྲ་མ།། ནུབ་གྱི་རྩིབས་ལ་ཡང་དག་གནས།། གར་མཁན་མ་དང་དྲི་ཆབ་མ།། དྲིལ་འཁྲོལ་མ་དང་རྡོ་རྗེའི་འབེབས། ། བྱང་གི་རྩིབས་ལ་ཡང་དག་གནས།། བཅུད་རྣམས་སེམས་དཔའ་བཅུ་དྲུག་བསྒོམ།། དེར་ནི་ཙ་ཀ་ལི་ཡང་དགོད།། རྡོ་རྗེ་སེམས་དཔའ་རྡོ་རྗེ་བསྣམས།། རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་འཛིན།། རྡོ་རྗེ་ཆགས་པ་མདའ་གཞུ་འགེངས། ། རྡོ་རྗེ་ལེགས་པ་སེ་གོལ་སྒྲོལ།། ཤར་གྱི་རྡོ་རྗེའི་རིགས་སུ་གྲགས།། རྡོ་རྗེ་རིན་ཆེན་རིན་པོ་ཆེ།། རྡོ་རྗེ་གཟི་བརྗིད་ཉི་མ་བསྣམས།། རྡོ་རྗེ་རྒྱལ་མཚན་རིན་ཆེན་ཏོག། རྡོ་རྗེ་བཞད་པ་སོ་ཕྲེང་འདྲེན། ། ལྷོ་ཡི་རིན་ཆེན་རིགས་སུ་གྲགས།། རྡོ་རྗེ་ཆོས་ནི་པདྨ་བསྣམས།། རྡོ་རྗེ་རྣོན་པོ་རལ་གྲི་འཛིན།། རྡོ་རྗེ་འཁོར་ལོ་འཁོར་ལོ་ཉིད།། རྡོ་རྗེ་སྨྲ་བ་ལྕེ་ཡང་འཛིན། ནུབ་ཕྱོགས་པདྨ་རིགས་སུ་གྲགས།། རྡོ་རྗེ་ལས་ནི་རྒྱ་གྲམ་བསྣམས། ། རྡོ་རྗེ་སྲུང་བ་གོ་ཆ་འཛིན།། རྡོ་རྗེ་གནོད་སྦྱིན་མཆེ་བ་འཆང།། རྡོ་རྗེ་ཁུ་ཚུར་ཁུ་ཚུར་ཉིད།། བྱང་གི་སེམས་དཔའ་ལས་ཀྱི་རིགས།། སོ་སོའི་སྐུ་རྣམས་གདོད་པར་བྱ།། སྣོད་བཅུད་དབྱིངས་སུ་སངས་རྒྱས་ཡིན། ། དབུས་ན་རྣམ་པར་སྣང་མཛད་ཆེ།། སངས་རྒྱས་སྤྱན་དང་གཉིས་སུ་མེད།། ཤར་ན་རྡོ་རྗེ་མི་བསྐྱོད་པ།། ཤར་ལྷོར་དབྱིངས་ཕྱུག་མ་ཉིད་དེ།། ལྷོ་ན་རིན་འབྱུང་དཀོན་མཆོག་དཔལ། ། ལྷོ་ནུབ་མཱ་མ་ཀཱི་ཞེས་བྱ།། ནུབ་ན་སྣང་བ་མཐའ་ཡས་ལ།། ནུབ་བྱང་ན་བཟའ་དཀར་མོ་ཉིད།། བྱང་ན་དོན་ཡོད་གྲུབ་པ་ལ།། བྱང་ཤར་དམ་ཚིག་སྒྲོལ་མ་ཉིད།། དབུས་ཀྱི་ལིང་ཚེ་དགུ་པོ་ལ།། རིགས་ལྔ་ཡབ་ཡུམ་སྐུ་རྣམས་དགོད། ། ཆོས་སྐུ་དྲི་མ་མེད་པ་ལས།། དེ་བཞིན་ཉིད་དུ་རྣམ་པར་གནས།། ལོངས་སྐུ་ཡེ་ཤེས་སྒྱུ་མ་ལས།། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན།། སྤྲུལ་སྐུ་སེམས་ཅན་དོན་མཛད་ཕྱིར།། རྒྱུ་ལས་སངས་རྒྱས་སྐུ་ཡང་བསྐྱེད། ། སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ།། ཡུལ་ལྔ་བྷ་ག་བདེ་བའི་དབྱིངས།། མ་བསྒྲིབས་ཡོངས་སུ་འོད་གསལ་བས།། གཞལ་ཡས་ཁང་པ་གདན་དང་བཅས།། བདག་འཛིན་ཕུང་པོ་ལྔ་སོགས་པ།། ལྷ་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ། ། འོག་མིན་གནས་ནས་སྤྱན་དྲངས་ནས།། བཞུགས་སུ་གསོལ་ནས་ཕྱག་འཚལ་ཏེ།། ཕྱི་དང་ནང་དང་གསང་བ་དང།། དེ་ཁོ་ན་ཡི་མཆོད་པ་དབུལ།། བསྟོད་ཅིང་ཐུགས་དམ་བསྐུལ་བྱས་ནས། ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང།། བཅུད་ཀྱི་འགྲོ་བ་ལྷ་ཡི་སྐུ།། འབྱུང་བཞི་ལས་སྐྱེས་རྩི་ཤིང་དང།། ནགས་ཚལ་མ་ལུས་སྣང་བ་རྣམས།། ཐམས་ཅད་སྨན་ཆེན་ར་སཱ་ཡན།། དགུན་གྱི་དུས་ན་རྩ་བའི་སྨན། ། དཔྱིད་ནི་ལོ་མ་འདབ་མར་སྐྱེས།། དབྱར་ནི་མེ་ཏོག་མདངས་དང་ལྡན།། སྟོན་ནི་འབྲས་བུ་སྨིན་པ་སྟེ།། སྣང་བའི་དུས་ན་སྟོང་ཉིད་པས།། གཉིས་མེད་ཆོས་ཀྱི་དབྱིངས་སུ་ཐིམ།། ཞེས་གསུངས་སོ།། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས། སྨན་ཁྲོལ་བུར་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་བཏག་བཙག་ཕྱེ་མ་སྒྲུབ་པ་འདི་གསུངས་སོ།། སྦྱོར་སྒྲོལ་མ་མོ་བཅུ་དྲུག་གིས། ། བཏག་བཙག་སྦལ་ལ་སྦྱར་ཏེ་གཞུག། གང་ཞིག་སྦྱོར་བས་སྦྱང་བ་ནི།། མར་མེ་གསོ་དང་ཚངས་པའི་ཐོག། རྩ་དང་སྲུབ་ཤིང་ཐིག་ལེ་དང།། གཅིག་གཉིས་བཞི་དང་མན་ངག་དགུ།། སྲིན་པོ་རཱུ་ཏྲ་ཀྵ་གནས་ལ། ། མེ་རླུང་དྲག་པོས་བསྐྱོད་བྱས་ན།། ལྟེ་བའི་ཨཱཾ་ཡིག་བདུད་རྩི་འབབ།། མར་མེ་གསོ་བར་བྱ་བའོ།། མེ་རླུང་རབ་ཏུ་གཡོས་པ་ཡིས།། སྤྱི་བོའི་ཧཾ་ཡིག་བདུད་རྩི་འབེབས།། ཚངས་པའི་ཐོག་ཅེས་བྱ་བ་ཉིད། ། དབུགས་ཉིད་ཕྱིར་ལ་ལྡང་པ་ན།། གཡས་ཀྱི་རོ་མ་ཉི་མ་མེ།། དབུགས་ནི་ནང་དུ་འཇུག་ལ་ནི།། གཡོན་གྱི་རྐྱང་མ་ཟླ་བ་ཆུ།། རླུང་ཉིད་ཁོང་དུ་གནས་པ་ན།། དབུས་ཀྱི་ཀུན་འདར་མ་ཉིད་ནི།། པདྨ་ཆུ་ཤིང་ཏིལ་མར་དང། ། རྒྱ་སྐྱེགས་སྡོང་ཆེན་ལ་གནས་པའི།། ཕྲ་ཞིང་དྲང་ལ་གསལ་ཞིང་དམར།། རྩ་ཡི་རྣལ་འབྱོར་བསྒོམ་པར་བྱའོ།། དབུས་མ་ཀུན་འདར་སྲོག་ཤིང་ལ།། རོ་རྐྱང་སྲུབ་ཐག་བསྲུབས་བྱས་པས།། ལྟེ་ལྐོག་ཁྲག་གི་ཐིག་ལེ་འབར། ། སྲུབ་ཤིང་འཁོར་ལོ་ཞེས་བྱའོ།། སྙིང་གར་ཉི་ཟླ་ཁ་སྦྱོར་ནས།། ལྟེ་བའི་དཔའ་བོ་འབའ་ཞིག་ལ།། གསང་གནས་བདེ་བའི་ཐིག་ལེ་དང།། མཛོད་སྤུ་སྐྲ་དཀར་ས་བོན་བཞི། ། རླུང་དང་བསྟུན་ལ་ཉམས་སུ་བླང།། ཐིག་ལེའི་རྣལ་འབྱོར་བསྒོམ་པའོ།། བཤང་སྒོར་རླུང་ལ་སུམ་མདོར་མེ།། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་དུ།། ཕྱི་སྐོར་དྲུག་ཅུ་རྩ་བཞི་སྟེ།། ནང་སྐོར་འདབ་མ་བརྒྱད་པ་ལ། ། སྡེ་ཚན་བཅོ་བརྒྱད་གཡས་སུ་བསྐོར།། ལྟེ་བ་ཕྲ་བའི་ཨ་ཡིག་དམར།། རླུང་གིས་མེ་བུས་ཨ་ལས་མེ།། རབ་ཏུ་འབར་བར་བསྒོམ་པར་བྱ།། འཁོར་ལོ་གཅིག་ལ་བརྟེན་པའོ།། ལྟེ་བ་དང་ནི་སྙིང་ག་གཉིས།། སྙིང་གའི་དཀྱིལ་འཁོར་འདབ་བརྒྱད་ལ། ། ཐུར་བསྟན་སྔོན་པོ་ཧཱུཾ་ནི་དབུས།། ཨ་ཧཾ་ཤིན་ཏུ་ཆ་ཕྲ་བས།། ཀུན་འདར་མ་ལ་ཟུང་དུ་འབྲེལ།། བྱང་སེམས་དཀར་དམར་རབ་ཏུ་འཛག། རླུང་ཡང་རིམ་གྱིས་ཁ་སྦྱར་བ།། འཁོར་ལོ་གཉིས་ལ་བརྟེན་པའོ། ། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་དུ།། འདབ་མ་དྲུག་ཅུ་རྩ་བཞི་ལ།། ཨཱ་ལི་གཡོན་བསྐོར་ཀཱ་ལི་གཡས།། ཧ་དང་ཥ་ཡིག་རྣམ་པར་སྤང།། ནང་བསྐོར་སྡེ་ཚན་བརྒྱད་ཀྱང་དམར།། སྙིང་ག་ཆོས་ཀྱི་དཀྱིལ་འཁོར་དུ། ། འདབ་བརྒྱད་ཡིག་འབྲུ་གནག་ཅིང་འཚེར།། ཕྱོགས་བཞི་ཡབ་ལ་མཚམས་བཞི་ཡུམ།། དབུས་ན་ཧཱུཾ་ཡིག་གནས་པའོ།། མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་དུ།། འདབ་མ་བཅུ་དྲུག་ལྟེ་བ་ཨཾ། ། ཡི་གེ་དམར་པོ་གྱིན་དུ་ལྟ།། སྤྱི་བོ་བདེ་ཆེན་དཀྱིལ་འཁོར་དུ།། འདབ་མ་སུམ་ཅུ་རྩ་གཉིས་ལ།། ཨཱ་ལི་བཅུ་དྲུག་གཡོན་དུ་བསྐོར།། ཀ་ནས་ཏ་སོགས་བཅུ་དྲུག་གཡས།། ཧཾ་ཡིག་ཐུར་བསྟན་ཡི་གེ་དམར། ། གཡས་ཀྱི་རོ་མའི་ནང་སོང་བས།། ཡིག་འབྲུ་མ་ལུས་རྣམ་པར་བསྲེག། ཧཾ་ཞུ་གཡོན་པ་རྐྱང་མར་བབས།། རིམ་པས་གསལ་བཏབ་ལྟེ་བར་ལ་འབབས།། འཁོར་ལོ་བཞི་ལ་བརྟེན་ནས་བསྒོམ།། རྐང་མཐིལ་རཾ་ལས་ལོང་བུ་མེ། ། བརླ་ཡི་རྩ་ཆེན་གསང་གནས་འཛོམ།། རྣོ་མྱུར་དྲག་ཅིང་རྩུབ་ལ་ཚ།། ཐིག་ལེ་འཐབ་མོ་འཐབ་པ་དང།། འཁོར་ལོ་ནང་དུ་འགྲིམ་པ་དང།། མེ་འབར་ཆེ་རུ་འབར་བ་དང།། ཐམས་ཅད་མེ་རུ་འབར་བ་ཉིད། ། མན་ངག་གནད་ཀྱིས་ཟིན་པར་བྱ།། ལམ་སྦྱངས་བལྟ་བ་རྐྱང་པ་དང།། དྲོད་ནི་བྱུང་རྒྱལ་དག་ཏུ་བཏང།། ཐུན་གྲངས་ཚད་མེད་ཡོད་པར་སྦྱར།། ཡིད་ཀྱི་འཇུག་ཡུལ་རབ་བརྟགས་ལ།། ཁམས་ཀྱི་ཚད་ཀྱང་རབ་ཏུ་གཟུང། ། ཡུམ་ལ་སྦྱོར་བ་བྱས་ནས་ནི།། རང་བྱུང་ཡེ་ཤེས་རྣམ་པ་བཞི།། ཉོན་མོངས་རྣམ་པར་རྟོག་པ་དང།། སྣེལ་ཞི་གསལ་ཞིང་ཡང་བ་ཡིས།། གསང་བའི་དབང་བསྐུར་བྱ་བ་དང།། སྦྱར་བའི་བྱང་སེམས་སྨན་དུ་བླུག། སྒྲོལ་བས་སྦྱང་བ་བྱ་བ་ནི།། རི་རབ་རྩེ་ན་ལྷ་གནས་ནི།། ཡི་གེ་ཨ་དཀར་ལོངས་སྤྱོད་ལྡན།། ལྷ་མིན་སུ་ནི་སེར་པོ་སྟེ།། འཐབ་རྩོད་རི་རབ་ཁོང་སེང་གནས།། གླིང་བཞི་མི་རྣམས་གནས་གྱུར་པས། ། ནརྀ་ཡིག་སྔོན་པོར་གནས་པའོ།། ཕྱི་ཡི་རྒྱ་མཚོ་དུད་འགྲོ་གནས།། དུ་ནི་དུད་ཁར་གནས་པའོ།། གྲོང་ཁྱེར་སེར་སྐྱར་ཡི་དྭགས་གནས།། པྲི་ཡིག་དམར་པོ་གནས་པ་ཉིད།། རྡོ་རྗེ་གདན་གྱི་གདན་འོག་ན། ། དམྱལ་བ་ཏྲི་ཡིག་ནག་པོར་གནས།། རཾ་ཡཾ་ཁཾ་ལས་བྱུང་བ་ཡིས།། བཀྲེས་སྐོམ་སྡུག་བསྔལ་རཾ་གྱིས་བསྲེག། གླེན་ལྐུགས་ཡཾ་གྱིས་མཚན་ཉིད་མེད།། ཚ་གྲང་ཁཾ་གྱིས་རྣམ་པར་བཀྲུས།། འབྲུ་ལྔ་རིགས་ལྔའི་སྐུར་གྱུར་ནས། ། བསྒྲལ་ནས་ཆོས་ཉིད་ངང་དུ་སྤར།། ཕུང་པོ་བདུད་རྩིར་རབ་སྦྱར་བྱ།། དཀར་མོ་དང་ནི་རྐུན་མོ་དང།། རྨོངས་མོ་དང་ནི་ཐལ་བྱེད་མ།། སྦོས་མོ་དང་ནི་གཏུམ་བྱེད་དང།། སྨེ་ཤ་ཅན་དང་མ་ཚོགས་དང། ། སེང་སྟག་སྤྱང་ཀི་ཝ་མོའི་གདོང།། བཞད་དང་ཀ་ཀ་བྱ་རོག་དང།། འུག་གདོང་མ་མོ་བཅུ་དྲུག་སྦྱང།། ཤར་དུ་ལྟ་བ་ཡངས་པས་བཏུལ།། ལྷོ་རུ་བསྒོམ་པ་གསལ་བས་བཙག། ནུབ་ཏུ་སྤྱོད་པ་ཞིབ་བས་སྦལ། ། བྱང་དུ་འབྲས་བུ་མཐར་ཕྱིན་སྦྱར།། ཕོ་མོ་ཐོད་པ་ཁ་སྦྱར་ནས།། དར་གྱིས་བཅིངས་ནས་བཞུགས་སུ་གསོལ།། ཞེས་གསུངས་སོ།། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས་སྨན་ཕྱེ་མ་བཏག་བཙག་གི་ལེའུ་སྟེ་ལྔ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱི་བདུད་རྩི་གོང་བུ་གཅིག་པའི་སྨན་སྦྱར་བར་བྱ་བ་འདི་དག་ཡོངས་སུ་གསུངས་སོ།། སྐུ་དང་གསུང་དང་ཐུགས་དང་ནི།། ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། ། སྟོང་གསུམ་ཁྲོ་བོ་སྐུ་གདུང་འབར།། རྟ་མགྲིན་དབང་དང་མཁའ་མཉམ་ཀློང།། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་རྣམས།། སྐུ་ཡི་དཀྱིལ་འཁོར་ལྷུན་གྱིས་གྲུབ།། ཆོས་ཉིད་ཡོངས་སུ་རྒྱ་ཆད་མེད།། དེ་ཕྱིར་ལྟེ་བ་ཟླུམ་པོར་གནས། ། ཚོགས་བརྒྱད་ཡུལ་ལས་མ་རྨོངས་གཅོད།། དེ་རྟག་ཀ་བ་མཆོག་བརྒྱད་ལྡན།། ཉོན་མོངས་གཡུལ་གཅོད་འཁོར་ལོ་བརྒྱད།། ཡོན་ཏན་ཟད་མེད་རིན་པོ་ཆེ།། ཡེ་ཤེས་བཞི་ལྡན་སྒོ་བཞིར་ཤར། ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། མུ་ཏིག་ཨ་སྨ་གརྦྷ་དང།། རིན་པོ་ཆེ་ཡི་གདན་ཁྲི་འབར།། རིགས་གསུམ་རིགས་བཞི་རིགས་ལྔ་ཉིད།། རྩེ་གཅིག་རྩེ་ལྔ་རྩེ་དགུ་གྲག། ཉི་ཟླ་དབང་ཕྱུག་ཕོ་མོ་དང། ། བྱོལ་སོང་གཙོ་བོ་བརྒྱད་སྟེང་ན།། རྣམ་པར་རྒྱལ་བ་དབྱུག་སྔོན་ཅན།། གཤིན་རྗེ་གཤེད་དང་མི་གཡོ་མགོན།། རྟ་མགྲིན་འདོད་པའི་རྒྱལ་པོ་དང།། བདུད་རྩི་འཁྱིལ་པ་རྣམ་རྒྱལ་ཁམས།། སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་གྱིས། ། ཕྱོགས་བཅུའི་བདུད་བཏུལ་མཚམསབཅད་པ།། ཕྱེ་མ་བཏགས་བཙག་ཁྲོལ་བུ་དང།། གོང་བུ་གཅིག་པ་ཀུན་ལ་ཁྱབ།། ཤར་ན་བུདྡྷ་ཧེ་རུ་ཀ། ལྷོ་ན་རིན་ཆེན་ཁྲག་མཐུང་ཉིད།། ནུབ་ན་པདྨ་ཁྲོས་པའི་སྐུ། ། བྱང་ན་ལས་ཀྱི་ཁྲོ་རྒྱལ་ཆེ།། དབུས་སྟེང་བཛྲ་ཧེ་རུ་ཀ། སྐུ་གདུང་འབར་བའི་དཀྱིལ་འཁོར་རྣམས།། འབྱུང་ལྔའི་སྐལ་པ་རྣམ་སྦྱང་ཞིང།། དུག་ལྔ་ཡེ་ཤེས་རྣམ་ལྔ་འབར།། ས་ཡིརླུང་ནི་ཐད་ཀར་གནས། ། མེ་ནི་གྱེན་འབར་ཐུར་དུ་ཆུ།། རླུང་ནི་གསེགས་ལ་འགྲོ་བ་དང།། ནམ་མཁའ་རྒྱུ་བ་མེད་པས་ན།། སྲོག་དང་རྩོལ་བའི་རང་བཞིན་ཅན།། རླུང་ལྔ་ལ་ནི་ཡང་དག་གནས།། མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། ཁྲོ་མོ་གནམ་ཞལ་དབུ་དགུ་མ།། བཅོ་བརྒྱད་ཕྱག་དང་ཡང་དག་ལྡན།། ཞབས་ཀྱང་རྣམ་པ་བརྒྱད་དུ་གནས།། ལྷ་རྣམས་བསྐྱེད་དང་སྦྱོར་བ་དང།། དབང་བསྐུར་སྦྱིན་སྲེག་ལ་སོགས་པ།། ཡུམ་འདིར་རབ་ཏུ་སྒྲུབ་པར་བྱེད། ། དེ་ཕྱིར་མཁའ་ཀློང་རྣམ་པར་དག། རྟ་མགྲིན་དབང་གི་དཀྱིལ་འཁོར་དུ།། རྟ་མགྲིན་གསང་བའི་ཡུམ་དང་བཅས།། ཧཱུཾ་ཆེན་སྟོབས་ཆེན་སྟེང་འོག་གནས།། བཅོམ་ལྡན་རྟ་ཡི་རྒྱལ་པོ་ནི། ། མཚམས་ཀྱི་དུས་ན་ནུབ་ན་གནས།། ཉུ་ལེ་བཟློག་ན་བདག་གི་སྐུ།། ནམ་མཁའ་བར་སྣང་གནས་ལ་བཞུགས།། འགྲོ་འདུལ་སྨན་གྱི་ཕོ་བྲང་བཞུགས།། བཟླས་པ་དགུ་ཡི་ཕྱག་རྒྱ་ཉིད།། ཕྱེ་མ་གནམ་ཞལ་བྷ་ག་ན། ། དངོས་གྲུབ་ཟླ་གམ་དཀྱིལ་འཁོར་སྟེང།། དབང་བསྐུར་ལས་ཀྱི་སློབ་དཔོན་ཉིད།། ཁྲོལ་བུ་རུས་སྦལ་ཁོག་པ་ལ།། མཛད་པའི་ལས་ཡང་དེ་བཞིན་མཛད།། འཆི་མེད་རྡོ་རྗེའི་དཀྱིལ་འཁོས་དུ།། ཆེ་མཆོག་མ་མོ་དགོངས་པ་ནི། ། དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་གནས།། ཆེ་མཆོག་བདུད་རྩི་སྨན་ལ་དགོངས།། ཕྱག་ན་ཕྲ་མེན་མཁའ་འགྲོ་དང།། ཤུགས་འགྲོ་མ་མོ་འབར་མ་རྣམས།། ཆེ་མཆོག་ཆོསཉིད་དགོངས་པ་ནི།། སངས་རྒྱས་བཞི་བཅུ་རྩ་གཉིས་བསྣམས། ། དབུ་ནི་ཉི་ཤུ་རྩ་གཅིག་ལ།། སངས་རྒྱས་བདུན་གསུམ་ཉི་ཤུ་གཅིག། ཕྱག་ཀྱང་བཞི་བཅུ་རྩ་གཉིས་སོ།། ཞབས་བརྒྱད་རབ་ཏུ་རྣམ་པར་བཞུགས།། ལྗགས་ལས་ས་ནུ་ཧེ་རུ་ཀ། དཀྱིལ་འཁོར་བདུན་བརྩེགས་རྣམ་པར་གསལ།། སྦྱོར་བ་བརྒྱད་ནི་འཇུ་འདུལ་གྱིས།། ལུས་དང་ངག་དང་ཡིད་དང་གསུམ།། སྐུ་གསུང་ཐུགས་སུ་རྣམ་པར་སྦྱང།། འབྱུང་བ་ལྔ་ཡི་ཐུགས་རྗེ་ལས།། མཎྜལ་བརྒྱད་པའི་གཞུང་བཞིན་དུ། ། དཔལ་དང་ལྡན་པའི་སྣོད་བཞག་སྟེ།། སྟོང་ལས་སྦྱར་བ་ཡེ་ནས་དག། ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ།། འབྲུ་དགུ་ཡེ་ཤེས་འཕྲོ་འདུ་ལས།། སྟོང་ཁམས་ཁྱབ་པའི་དོན་བྱས་ནས།། དུས་གསུམ་རྒྱལ་བ་མཆོད་པའི་ཕྱིར། ། མུ་ཏིག་དཀར་པོ་དྲི་མེད་ལྟར།། སྒྲུབ་པ་པོས་ནི་ནན་ཏན་བྱའོ།། བདག་ཉིད་ཆེ་མཆོག་སྐུར་གནས་པས།། ཙིཏྟ་འབར་བའི་གཞལ་ཡས་ཁང།། ཡེ་ཤེས་སེམས་དཔའ་ཚོན་གང་བ། ། ཐུགས་ཀར་རིན་ཆེན་ཟུར་བརྒྱད་ལས།། ཡིག་འབྲུ་ཐུགས་མཚན་འོད་དུ་འཕྲོས།། འགྲོ་བ་འདུལ་བའི་ཐུགས་ཀར་ཐིམ།། ཐུགས་ཉིད་འགྲོ་བའི་དོན་ལ་བསྐུལ།། ཞེ་སྡང་རྒྱུ་འབྲས་རྩད་ནས་བཅད།། སླར་འདུས་བདུད་རྩི་སྨན་ལ་ཐིམ། ། མུ་ཏིག་དཀར་པོ་དྲི་མེད་ལྟར།། སྒྲུབ་པ་པོས་ཀྱང་ནན་ཏན་བྱའོ།། བདག་ཉིད་ཆེ་མཆོག་སྐུར་འགྱུར་ཏེ།། ལྗགས་ཀྱི་པདྨའི་གདན་སྟེང་དུ།། པདྨ་སེམས་དཔའ་ཚོན་གང་བ།། པདྨའི་ཡིག་འབྲུ་གསུང་ལ་ཐིམ། ། ཁྲོ་བོ་གསུང་གི་དབྱིག་ཏུ་གྱུར།། གསུང་ཉིད་འགྲོ་བའི་དོན་ལ་བསྐུལ།། འདོད་ཆགས་སྒྱུ་འབྲས་རྩད་ན་བཅད།། སླར་ཉིད་བདུད་རྩི་སྨན་ལ་ཐིམ།། སྨན་ཉིད་བདུད་རྩི་འོད་དུ་ཞུ། ། པདྨ་རཀྟ་དྲི་མེད་ལྟར།། སྒྲུབ་པ་པོས་ནི་ནན་ཏན་བྱ།། བདག་ཉིད་ཆེ་མཆོག་ཧེ་རུ་ཀ། དུང་ཁང་ཟླ་བའི་གདན་སྟེང་དུ།། བདེ་གཤེགས་སེམས་དཔའི་ཚོན་གང་ལ།། འཁོར་ལོའི་ཡིག་འབྲུ་སྐུ་ལ་ཐིམ།། སྐུ་ཉིད་འགྲོ་བའི་དོན་ལ་བསྐུལ། ། གཏི་མུག་རྒྱུ་འབྲས་རྩད་ནས་བཅད།། སླར་འདུས་བདུད་རྩི་སྨན་ལ་ཐིམ།། སྨན་ཉིད་བྱང་ཆུབ་སེམས་སུ་ཞུ།། བཙོ་མ་ཞི་གར་བྲུབ་པ་ལྟར།། སྒྲུབ་པ་པོས་ནི་ནན་ཏན་བྱའོ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ། འགྲོ་འདུལ་སྐུ་དང་སྐུ་གདུང་ཞབས་སུ་སྦྱོར།། སྐུ་གདུང་དབུ་དང་མཁའ་མཉམ་ཞབས་སུ་སྦྱོར།། བཛྲ་ཧེ་རུའི་དབུ་དང་བྷ་གར་སྦྱོར།། མཁའ་མཉམ་དབུ་དང་ཚེ་མཆོག་ཞབས་སུ་སྦྱར།། མཁའ་མཉམ་དབུས་ཞལ་ཆེ་མཆོག་གསང་བར་སྦྱོར། ། ཆེ་མཆོག་ཕྱག་དང་ཕྱག་མཚན་ཞེ་གཉིས་སྦྱོར།། ས་ནུ་ཡེ་ཤེས་ཐབས་དང་ཤེས་རབ་སྦྱོར།། རྟ་མགྲིན་གསང་བའི་ཡུམ་བཞི་གཉིས་མེད་སྦྱོར།། སྦྱོར་མཚམས་བརྒྱད་ན་བདུད་རྩིའི་ཕོ་བྲང་བརྒྱད། ། སྦྱོར་བ་བརྒྱད་བརྩེགས་ངེས་པ་དེ་ལ་རྫོགས།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ། རང་བྱུང་རྩ་བ་ཆེ་མཆོག་གསལ་བ་ཡི།། ཐུགས་ཀར་ཉི་དཀྱིལ་རྡོ་རྗེ་འབྲུ་དགུ་བསྐོར།། འཕྲོ་འདུ་རང་བཞིན་མེད་ལ་བཟླས་བརྗོད་རླུང། ། གུ་ཧྱ་ཕྱག་རྒྱས་བར་ཆད་དབང་མི་གཏང།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ། བཟླས་བསྐུལ་གསུང་ཡིག་བདུད་རྩི་མཁའ་ལས་བབ།། མཁའ་ནས་ཤངས་བྲ་གསང་བའི་གསུང་དང་འདྲེས། ། གསུང་ཉིད་བྱང་སེམས་དཀར་དམར་གཉིས་སུ་འཕྲོས།། རྟ་མགྲིན་སྦྱོར་མཚམས་ཐམས་ཅད་དབང་དུ་སྡུད།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་སྦྱོར་མཚམས་ནས།། འོད་འཕྲོས་ཕོ་བྲང་རྟ་མགྲིན་ཡབ་ཡུམ་གྱི། ། ཐུགས་ཀར་ཕོག་པས་སྒལ་ཚིགས་རྟ་བརྒྱུད་དེ།། བྱང་སེམས་དཀར་དམར་བདུད་རྩི་ཉིད་དུ་གྱུར།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་ལས་འོད་འཕྲོས་རྟ་མགྲིན་ཐུགས་ཀར་ཐིམ། ། ཐུགས་ཀྱི་དབྱིངས་སུ་བྱང་སེམས་དཀར་དམར་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱི:ཐ།། དེ་ལས་འོད་ཟེར་ཁ་དོག་ལྔ་རུ་འཕྲོས།། སྐུ་གདུང་འབར་བའི་ཐུགས་ཀྱི་དབྱིག་ཏུ་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ། ། དེ་ནས་འོད་འདུས་མེ་ལོང་ཧས་བཏབ་ཚུལ།། བཛྲ་ཧེ་རུའི་ཐུགས་ཀྱི་དབྱིག་ཏུ་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་ནས་འོད་དཀར་སྲོག་ཐག་ལམ་མས་འཕྲོས།། དབུ་ཡི་གཙུག་ཏུ་མཁའ་མཉམ་བྷ་གར་འཁྱིལ། ། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀཏ་ཧཱུཾ་ཧྲཱིཿཐ།། དེ་ནས་འོད་ཟེར་གྱེན་དུ་ཐུགས་ནས་ལྗགས།། གསང་བའི་ལམ་ཞུགས་ཐུགས་ཀར་འོད་དམར་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་ནས་ཕྱག་བརྒྱུད་ཕྱག་མཚན་ཐུགས་ནས་འཕྲོས། ། གཙུག་གི་རྟ་མགྲིན་ཡབ་ཡུམ་ཐུགས་ཀར་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་ནས་མར་སྤྲོས་ཕོ་བྲང་སྟེང་དུ་བབ།། རྟ་མགྲིན་སྒལ་བརྒྱུད་ཡུམ་མཁར་བདུད་རྩི་འཁྱིལ། ། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་འོད་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད།། ཁོང་སེང་ནས་བརྒྱུད་རྣལ་འབྱོར་ཐུགས་བདུན་རྒྱས།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། རང་བྱུང་བརྒྱུད་ནས་གཟུངས་ཐག་བརྒྱུད་ཡིག་འཕྲོས། ། རྟ་མགྲིན་ཡབ་ཡུམ་སྦྱོར་བའི་མཁའ་ལ་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་ལས་འོད་འཕྲོས་ས་ནུའི་མཁའ་གསང་ཐིམ།། ས་ནུ་ཡབ་ཡུམ་སྦྱོར་མཚམས་མཁའ་ལ་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ། ། དེ་ལས་འོད་འཕྲོས་ཐུགས་ལས་ཕྱག་མཚན་འཕྲོས།། ཕྱག་དང་ཕྱག་མཚན་སྦྱོར་བྱས་སླར་ལ་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་ནས་མར་བབས་ཞབས་བརྒྱད་དག་ནས་བརྒྱུད། ། དབུ་ཞབས་སྦྱོར་བྱས་བྱང་ཆུབ་སེམས་སུ་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། ཞབས་བརྒྱད་བྱང་སེམས་གསང་ལམ་ཞུགས་ནས་ནི།། གསང་བ་ཞབས་ཀྱི་སྦྱོར་བྱས་ལྗགས་ལ་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ། ། དེ་ནས་མར་བབས་པདྨའི་བྷ་གར་འདུས།། སྨིན་མཚམས་བྷ་གར་སྦྱོར་བྱས་དབུ་ལ་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་ནས་མཁའ་མཉམ་ཞབས་བརྒྱུད་སྐུ་གདུང་དབུ།། དབུ་དང་ཞབས་ཀྱི་སྤྱོད་བྱས་དབུ་ལ་འཁྱིལ། ། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། སྐུ་གདུང་སོ་སོའི་སྒལ་བརྒྱུད་ཞབས་ལ་བབ།། ཏ་ཀྲྀཏ་དབུ་དང་སྦྱོར་བྱས་ཐུགས་ཀར་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། ཁྲོ་བཅུའི་འོད་འདུས་རྟ་མགྲིན་གསང་བར་ཞུགས། ། ཡུམ་གྱི་མཁར་འཕྲོས་ཕོ་བྲང་བདུད་རྩིར་འཁྱིལ།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། དེ་ནས་བདག་ཉིད་རང་བྱུང་ལྷ་ལས་འཕྲོས།། སྦྱོར་བ་བརྒྱད་ཀྱིས་སྒྲིབ་དག་ཆོས་སྐུར་གསལ། ། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། བདག་ཉིད་བདུན་བརྩེགས་གསལ་བའི་ཆེ་མཆོག་གི། ཐུགས་ཀར་འབྲུ་གསུམ་བརྩེགས་པར་དགུ་པས་བསྐོར།། ལྕེ་སྟེང་དུ་ཡང་དེ་བཞིན་གསལ་བ་ནི།། ལྷུམས་སུ་ཞུགས་པ་ཞེས་ནི་དེ་ལ་བྱ། ། བཟླས་པས་བསྐུལ་ཏེ་ལྗགས་སྟེང་ཡིག་འབྲུ་རྣམས།། མགུར་ལམ་བྱུང་ནས་ཐུགས་ཀའི་འབྲུ་ལ་ཐིམ།། བཟླས་པས་བསྐུལ་ཏེ་ཡི་གེ་ཕྲེང་བ་ཉིད།། གཟུངས་ཐག་བསྐྱོན་པ་ལྷུམས་ནས་བལྟམས་པའི་ཚུལ། ། རྩ་བའི་བདུན་བརྩེགས་ཆེ་མཆོག་སྤྱི་གཙུག་གི།། རྟ་མགྲིན་ཐུགས་ཕོག་དགུ་པས་བསྐོར་བ་ལས།། སྦྱོར་མཚམས་མཁའ་ལ་འབྲུ་གསལ་བྱང་སེམས་བསྟིམ།། བརྒྱ་བྱིན་གྱིས་བླངས་སྐུ་ཁྲུས་གསོལ་བའི་ཚུལ། ། རྟ་མགྲིན་ཉིད་ཀྱི་ཐུགས་ལས་ཡིག་འབྲུ་འཕྲོས།། ཆེ་མཆོག་ཐུགས་ཀར་རྡོ་རྗེ་དགུ་པས་བསྐོར།། དེ་ནས་རིམ་རྒྱུད་རྣམ་རྒྱལ་རིགས་ལྔ་སྟེ།། བདུན་ཐུགས་ཡིད་གསལ་གོམ་བདུན་བོར་བའི་ཚུལ།། རིགས་ལྔའི་ཐུགས་ནས་དགུ་པ་ཕྱོགས་བཅུར་འཕྲོས། ། འཁོར་འདས་ཀུན་ཏུ་ཏིལ་གོང་བཞིན་དུ་ཁྱབ།། བཟླས་པས་བསྐུལ་ཏེ་འཕགས་མཆོད་འགྲོ་དོན་བྱས།། འཁོར་འདས་ཡིག་འབྲུར་གྱུར་པ་རོལ་རྩེད་ཚུལ། ། ཡིག་འབྲུ་སླར་འདུས་ཐུགས་ཀར་ཐིམ་གྱུར་ཏེ།། སྒལ་ཚིག་རྟ་བརྒྱུད་གསང་བའི་ལམ་ནས་བྱུང།། རང་བྱུང་སྦྱོར་མཚམས་བྱང་སེམས་ཡིག་འབྲུ་གཉིས།། བདུད་རྩི་བྱང་སེམས་ཞུ་བ་ཁབ་བཞེས་ཚུལ།། དེ་ནས་གྱེན་དུ་སྒལ་ཚིགས་རྟ་བརྒྱུད་དེ། ། ཐུགས་ཀར་ཐིམ་ནས་ཡིག་འབྲུ་འོད་དུ་ཞུ།། གཟུངས་ཐག་ནས་བརྒྱུད་རྟ་མགྲིན་ཐུགས་ཀར་ཞུ།། རིམ་པར་ཆེ་མཆོག་དགྱེས་བསྟར་ལོངས་སྤྱོད་ཚུལ།། དེ་ནས་སྐུ་གསུམ་ཡབ་ཡུམ་མཁའ་ལ་འཕྲོས། ། ཆར་གྱི་རྒྱུན་བཞིན་བབས་པ་རབ་བྱུང་ཚུལ།། སྣོད་ཀྱི་འཇིག་རྟེན་ཡུམ་གྱི་མཁའ་ནང་དུ།། དུག་རྣམས་བདུད་རྩི་གྱུར་པས་དཀའ་ཐུབ་ཚུལ།། དེ་ནས་སླར་འདུས་ཕྱོགས་བཅུའི་ཁྲོ་བོ་ནས། ། བདུན་བརྩེགས་འཁོར་བཅས་བདུན་བརྩེགས་ངང་དུ་ཞུ།། འཕྲོ་འདུས་རང་བྱུང་རྩ་བ་གཉི་ག་ལ།། མགལ་མེ་ལྟ་བུར་བསྐོར་བ་ཆོས་འཁོར་ཚུལ།། སྣོད་བཅུད་བདུད་རྩིར་གྱུར་པས་སྐྱེ་ཤི་མེད།། དུག་ལྔ་བདུད་རྩི་གྱུར་པས་བདུད་བཏུལ་ཚུལ། ། དེ་ལྟར་བདག་གཞན་དོན་རྫོགས་བཞི་མཐར་ཕྱིན།། སྤང་བླང་ཞེན་རྟོག་མེད་པས་སངས་རྒྱས་ཚུལ།། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ།། སྐུ་ལྔ་ཡེ་ཤེས་སྐུ་གདུང་བགོས་པའི་ཚུལ། ། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ།། བདུད་རྩི་བྱང་ཆུབ་སེམས་ནི་གཉིས་མེད་ཆོས་ཀྱི་སྐུ་ཡི་ཚུལ།། བྱིན་རླབས་བདེ་གཤེགས་ལོངས་སྤྱོད་རྫོགས་པའི་སྐུ།། སྤྲུལ་སྐུའི་མཛད་པ་བཅུ་གཉིས་མཐར་ཕྱིན་ནས། ། སླར་འདུས་བདུད་རྩི་བུམ་པའི་ལུང་ལ་ཐིམ།། གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་སུ་འཁྱིལ།། དུས་གསུམ་བདེ་གཤེགས་གཉིས་མེད་བྱང་ཆུབ་སེམས།། བདག་ཉིད་རང་བཞིན་དཀྱིལ་འཁོར་མཁའ་ལ་ཐིམ། ། ཐབས་དང་ཤེས་རབ་བྱང་ཆུབ་སེམས་སུ་འཕྲོས།། ཐིག་ལེ་བྱང་ཆུབ་སེམས་ཀྱི་ངང་དུ་འཁྱིལ།། མཛད་པ་བཅུ་གཉིས་ཐིག་ལེ་འགྲོ་དོན་མཛད།། ཐུགས་ནི་བདུད་རྩི་ཆེན་པོའི་ངང་དུ་ཞུ།། བྱང་ཆུབ་སེམས་ནི་རྡོ་རྗེ་སེམས་དཔའི་སྐུ། ། མེ་ལོང་ལྟ་བུའི་ཡེ་ཤེས་དཀར་ལ་འཁྱིལ།། དྲི་ཆེན་བདུད་རྩི་གསེར་མདོག་རྣམ་སྣང་མཛད།། ཆོས་ཀྱི་དབྱིངས་སུ་མངོན་པར་སངས་རྒྱས་ནས།། ཤ་ཆེན་ཨིནྡྲ་ནཱི་ལ་རིན་ཆེན་འབྱུང། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེན་པོར་གསལ།། པདྨ་རཀྟ་སྣང་བ་མཐའ་ཡས་ཉིད།། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཤར།། དྲི་ཆུ་དོན་ཡོད་གྲུབ་པ་ལྗང་གུའི་མདོག། བྱ་བ་གྲུབ་པའི་ཡེ་ཤེས་ཆེན་པོ་གསལ། ། བདུད་རྩི་ཡེ་ཤེས་ཆེན་པོར་རང་ཤར་བས།། སྣོད་བཅུད་ཐམས་ཅད་དབྱིངས་སུ་ཡེ་ཤེས་ཤར།། དེ་ལས་མ་གཏོགས་སྣོད་བཅུད་གུད་ནས་མེད།། རྟོགས་པའི་ཀློང་ན་སངས་རྒྱས་དགོངས་པ་གསལ།། སོ་སོའི་མཁའ་ལ་བདུད་རྩི་དབབ་པར་བྱ། ། རུས་སྦལ་འགྲོས་ཀྱིས་དབབ་པར་བྱ་བ་ཡང།། རྩ་ཡི་དཀྱིལ་འཁོར་ནང་དུ་དབབ་པར་བྱ།། ལུས་ཁམས་བདུད་རྩི་ཆེན་པོའི་བཅུད་གནས་པ།། སྔགས་ཀྱི་ཡི་གེས་བྱིན་གྱིས་རབ་བརླབས་ནས། ། སྙིང་པོ་རླུང་གིས་བསྐུལ་ལ་དབབ་པར་བྱ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཕེཾ། དཀྱིལ་འཁོར་རྣམས་སུ་བདུད་རྩི་བསྐྱིལ་བ་ཡང།། རྩ་ནས་དཀྱིལ་འཁོར་བཞི་ཡི་རྫིང་ཆེན་དུ། ། སྲོག་ཤིང་གསུམ་གྱིས་བཅུད་ལ་བོར་བྱས་ནས།། ལུས་ཁམས་བདུད་རྩི་ཆེན་པོ་གནས་སུ་བསྐྱེལ།། གསང་བའི་སྔགས་ཀྱི་བྱིན་གྱིས་རབ་བརླབས་ནས།། སྙིང་པོ་རླུང་གི་གནས་སུ་བསྐྱིལ་བར་བྱ། ། སྲོག་གི་རླུང་གིས་ནང་དུ་རབ་བསྐྱིལ་ཏེ།། རྩོལ་བའི་རླུང་གིས་ཕྱི་ནས་ནང་དུ་བསྡུས།། ས་ཡི་རླུང་གིས་མིག་གཡོ་བརྟན་པར་འཛིན།། ཆུ་ནི་ཞི་གནས་བདུད་རྩི་རྫིང་དུ་འཁྱིལ།། མེ་ཡི་རླུང་ནི་ལྷག་མཐོང་གནས་སུ་འཛིན། ། རླུང་གི་རླུང་ནི་རྡོ་རྗེ་རྒྱ་གྲམ་བརྟན།། ཡོན་ཏན་བདུད་རྩི་གྲུབ་པའི་རྟགས་ཤར་བ།། བྱང་ཆུབ་སེམས་ཀྱི་འོད་ནི་རྡོ་རྗེའི་རྟགས།། དྲི་ཆེན་དྲི་ནི་རྣམ་པར་སྣང་མཛད་ལ།། མཱཾ་ས་འཕེལ་བ་རིན་ཆེན་འབྱུང་ལྡན་གཙོ། ། རཀྟའི་སྒྲ་ནི་སྣང་བ་མཐའ་ཡས་ཉིད།། དྲི་ཆུའི་དུ་བ་དོན་ཡོད་གྲུབ་པའི་རྟགས།། དམ་རྫས་ལྔ་འདུས་ལྷ་མོའི་གཟུགས་ཀྱང་སྟན།། འོད་ནི་རྣམ་པ་གཉིས་ལས་གྲུབ་པའི་སྐུ།། ཉི་ཟླ་སྐར་མ་འཇའ་ཚོན་དང། ། འཕྲོ་འདུ་མེ་སྟག་ཡུད་ཙམ་ཟེར།། སྣང་བ་ཚ་ཚ་མར་མེའི་འོད།། བར་ཆོད་འོད་ནི་རྣམ་པ་གསུམ་དུ་སྣང།། སྨུག་ནག་མ་མོ་སྐྱ་འོད་རྒྱལ་པོ་དང།། ལྗང་དམར་ཀླུ་གཉན་ས་བདག་འབྱུང་པོ་ཀུན།། འོད་ཀྱི་དངོས་གྲུབ་བསྟིམ་ནས་ལེན་ཐོབ་པ། ། འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ།། བར་ཆད་ཉམས་གྱི་ཕྱག་རྒྱས་རང་དོན་སད།། བྱུང་ན་བསྲུང་ཞིང་བཟློག་པར་བྱའོ།། དྲི་ནི་ཞིམ་གྱུར་དངོས་གྲུབ་རྫས་ལ་བསྡུ། ། ཚེ་ལ་དབང་བའི་རིག་འཛིན་འགྲུབ་པར་འགྱུར།། བསེ་དྲི་བྲག་སྲིན་དྲི་ཏྲེ་ཏྲི་ཏི་ཡང་བར་དུ་གཅོད།། སད་པ་བཞི་ཡི་བར་ཆད་བསྲུང་བར་བྱ།། མང་དུ་འཕེལ་བ་དངོས་གྲུབ་ཐ་མ་ཉིད།། ནན་ཏན་བྱས་ན་ཚེ་ཡི་དངོས་གྲུབ་འགྲུབ། ། གྲུབ་པའི་སྒྲ་དང་བར་ཆད་གྲུབ་སྒྲ་གཉིས།། གོ་དང་མི་གོ་གོ་བའི་སྒྲ་དགུ་འབྱུང།། སངས་རྒྱས་ཆོས་དང་དགེ་འདུན་དང།། མངོན་ཤེས་བྱང་སེམས་བདུད་བཞི་འཕམ།། ཕ་རོལ་ཕྲིན་ལས་ཕྱིར་མི་ལྡོག། དངོས་གྲུབ་བླངས་ཤེས་བསྟིམ་པར་བྱ།། མི་གོ་འབྱུང་བ་རྔ་སྒྲ་སོགས།། གང་ཡང་དངོས་གྲུབ་བླང་བ་ནི།། ཕྱག་རྒྱ་ཆེན་པོའི་རིགའཛིན་འགྲུབ།། དུ་བའི་རྟགས་ནི་རྣམ་པ་བདུན།། རྡོ་རྗེ་འཁོར་ལོ་རིན་ཆེན་དབྱིབས། ། པདྨ་རལ་གྲི་ལྕགས་ཀྱུ་དང།། མཆོད་རྟེན་དབྱིབས་འབྱུང་ཧཱུཾ་གིས་རྡུབ།། ཕྱག་རྒྱ་ཆེན་པོ་རིག་འཛིན་འགྲུབ།། ལྷ་མོ་ལྷ་དང་བར་ཆད་གཟུགས།། བར་ཆད་གཟུགས་མཛེས་དྲི་མི་ཞིམ།། ལྷ་མོ་མཆོད་རྟེན་ལྟ་བུ་དང། ། ལྷ་མོ་དངོས་དང་རིག་འཛིན་འགྲུབ།། བདུད་རྩི་ཆེན་པོའི་ཕྲིན་ལས་བརྩམ་པ་ཡང།། བར་ཆད་བསྲུང་དང་མ་གྲུབ་སྤོགས་པ་དང།། དངོས་གྲུབ་བླང་དང་དབང་རྣམས་བསྐུར་བ་དང། ། ཡོན་ཏན་འབྲས་བུ་ལས་མཐར་ཕྱིན་པར་བྱེད།། བར་ཆད་བདུད་རྣམས་རབ་ཏུ་བསལ་བ་ཡང།། དང་པོ་ལམ་ལ་འཇུག་པ་རྣམས།། འཇིག་རྟེན་མི་ཆོས་བར་གཅོད་བསྲུང།། ལམ་ལ་ཞུགས་པར་གྱུར་པ་རྣམས། ། ཕྱི་རོལ་བདུད་ཀྱི་བར་ཆད་བསྲུང།། ལམ་དྲུག་ཅུང་ཟད་བརྟན་གྱུར་ན།། བདུད་སྟོབས་འཕེལ་བའི་བར་གཅོད་བསྲུང།། སེམས་བརྟན་ལམ་དུ་གྱུར་པ་ན།། ཏིང་ངེ་འཛིན་གྱི་བར་གཅོད་བསྲུང།། སད་པ་བཞི་ཡིས་བསྲུང་བར་བྱའོ། ། ཉམས་ཀྱི་སད་དང་ཏིང་འཛིན་སད།། སྔགས་དང་ལྷ་གྲུབ་སད་པ་ཡིས།། བར་གཅོད་བསྲུང་བར་བྱའོ།། རྫས་ཀྱིས་སྤོ་སྦ་དང་ཏིང་འཛིན་སྔགས།། རྩལ་ཤུགས་ཕྱུང་ནས་འབད་པར་བྱ། ། ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད།། མཆོག་གིས་སྐུ་གསུམ་ས་ལ་འགྲོ།། སློབ་མའི་ཚོགས་རྣམས་མ་ལུས་ལ།། ནུས་པའི་དབང་ལྔ་བསྐུར་བ་ཡང།། བུམ་པ་རྡོ་དྲིལ་ཅོད་པན་མིང།། བདུད་རྩི་བུམ་པ་སྤྱིར་བཞག་བསྐུར། ། ཟབ་མོའི་དབང་གསུམ་བསྐུར་བ་ཡང།། བདུད་རྩིའི་རྫས་ནི་ལྕེ་ལ་བསྟིམ།། གསང་དབང་ཤེས་རབ་ཡེ་ཤེས་དང།། བདེ་བ་ཆེན་པོའི་མན་ངག་སྦྱིན།། ཚེ་འདིར་ནད་མེད་འབྱོར་པ་འཕེལ།། མཁའ་འགྲོ་མཆོད་པའི་མཐུ་ལས་བྱུང། ། ཕྱི་མར་ཏིང་འཛིན་ས་ཐོབ་པ།། དྲང་སྲོང་མཉེས་པའི་མཐུ་ལས་བྱུང།། མཐར་ཐུག་སངས་རྒྱས་འབྲས་ཐོབ་པ།། སྐུ་དང་གསུང་དང་ཐུགས་དང་གསུམ།། མི་ཟད་རྒྱན་གྱི་འཁོར་ལོ་འགྲུབ། ། སངས་རྒྱས་མཆོད་པའི་མཐུ་ལས་བྱུང།། བདུད་རྩི་ཆེན་པོའི་ཕྲིན་ལས་མཆོག། ཉན་ཐོས་རང་རྒྱལ་བྱང་སེམས་ཀྱིས།། འབུམ་གྱི་ཆར་ཡང་མི་ཉེ་བས།། ཤིན་ཏུ་བརྩོན་པས་འབད་པར་བྱའོ།། བདུད་རྩི་ཆེན་པོའི་འཁོར་ལོ་འབར་བའི་རྒྱུད་ལས། བདུད་རྩི་གོང་བུ་གཅིག་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་བརྗོད་པ། བཅོམ་ལྡན་འདས་ནི་ཀུན་མཁྱེན་མཛོད། ། ཆོས་སྐུ་དྲི་མེད་སྙིང་པོ་ལས།། གཟུགས་སྐུ་གཉིས་སུ་སྣང་བར་མཛོད།། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས།། ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ།། ཤེས་བྱའི་དྲི་མ་དག་པར་མཛད། ། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། སྤྲུལ་སྐུའི་མཛད་པ་མཐར་ཕྱིན་པས།། ལས་དང་ཉོན་མོངས་སྒྲིབ་པ་སྦྱོང།། འབྲས་བུ་སངས་རྒྱས་ས་ལ་འདྲེན།། སྐུ་གསུམ་དོན་ལྡན་ཆེ་བའི་ལྷ།། སྟོན་པ་ཁྱོད་ལ་ཕྱག་འཚལ་འདུད། ། བདུད་རྩི་ཆེན་པོའི་བསྒྲུབ་པའི་རྒྱུ།། སྣོད་ཀྱི་འཇིག་རྟེན་ཞིང་ཁམས་སུ།། བཅུད་ཀྱི་སེམས་ཅན་འཁོར་བ་རྣམས།། ཤིང་རྟའི་འཁོར་ལོ་ལྟ་བུར་འཁོར།། སྣོད་ལས་བྱུང་བ་སྐྱོབས་པའི་སྨན། ། བཅུད་ལས་བྱུང་བ་རྩ་བའི་སྨན།། བདུད་རྩི་ཆེན་པོ་རབ་འབར་བས།། འཁོར་ལོ་འབར་བའི་རྒྱུད་ཆེན་འདི།། བདག་ཅག་རྣམས་ཀྱིས་ངེས་བཟུང་ནས།། ལྷ་མིས་འཛིན་པརབསྒྲུབ་པར་བྱ། ། ཞེས་རྗེས་སུ་ཡི་རང་ངོ།། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས་ཡོངས་སུ་གཏད་ཅིང་བཟུང་ནས་རྗེས་སུ་ཡི་རང་བར་བསྟན་པར་བསྟན་པའི་ལེའུ་སྟེ་བདུན་པའོ།།།། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་བོད་ཀྱི་ལོཙྪ་བ་གཉག་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ།།།། རྒྱ་གར་སྐད་དུ།། སརྦ་པཉྩ་ཨ་མྲྀ་ཏ་བྷཱ་བ་རཏྣ་མཱ་ལ་ཏནྟྲ་ནཱ་མ།
CLOSE WINDOW