CLOSE WINDOW

Gpb025.002: དེ་བཞིན་རིགས་ཀྱི་སྒྲུབ་ཐབས་གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད
Wylie

། ལས་ཀྱི་བསྒྲུབ་པ་གཞུང་པདྨ་སཾ་བྷ་བས་བསྲང། ལས་མདེའུ་ཆུང་ཧཱུཾ་ཀཱ་རས་བསྲང་བའོ།།།། རྒྱ་གར་སྐད་དུ། ཏ་ཐཱ་ཀུ་ལ་ས་ངྷ་གུ་ཧྱ་ཨགྞི་ཙིཏྟ་ཏནྟྲ། ། བོད་སྐད་དུ། དེ་བཞིན་རིགས་ཀྱི་སྒྲུབ་ཐབས་གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ན། སྟོང་གི་སྟོང་ཆེན་པོ་འཇིག་རྟེན་དཔག་ཏུ་མེད་པའི་ཁམས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་བརྡལ་བ་ཆེན་པོ་ན། འཁོར་རིགས་ལྔའི་རྒྱལ་བ་སྡུད་པ་པོ་རྡོ་རྗེ་རྣོན་པོ་དང། ཆོས་དེ་ཉིད་བཤད་པའི་གནས་ཀུན་གཞིའི་ཕོ་བྲང་ན་བཞུགས་སོ།། དེ་ནས་ཐུགས་ཐམས་ཅད་མཁྱེན་པའི་ཀློང་ནས། མྱ་ངན་ཆེན་པོ་ལས་འདས་པའི། ལྟ་བ་ཆེན་པོའི་གདེང་དུ་བཀའ་སྩལ་ཏོ།། ཕྱི་ནང་སྣོད་བཅུད་མ་ལུས་ཀྱང།། ཕྱག་རྒྱ་ཆེན་པོར་རང་སྣང་ཞིང།། དེ་ཡང་སྣང་བའི་དཀྱིལ་འཁོར་ལ། ། རང་བཞིན་མེད་ལས་ཡེ་ཤེས་ཤར། མཚན་མ་མེད་པའི་གཟུགས་རྣམས་ཀུན།། མཚན་མའི་གཟུགས་རྣམས་ཀུན་ལ་ཁྱབ།། གཟུགས་དང་དངོས་པོར་འཛིན་སྣང་བ།། དེ་ནི་སེམས་ཀྱི་བྱེ་བྲག་སྣང། ། རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀྱང།། རིག་པ་རྣམ་དག་སེམས་ལས་བྱུང།། རང་བྱུང་ཉིད་ཀྱང་རྒྱལ་བའི་སྐུ།། ཆོས་སྐུ་བྱང་ཆུབ་སེམས་སུ་གསལ།། བྱང་ཆུབ་སེམས་སུ་རྣམ་བཤད་པ།། མ་སྐྱེས་པས་ན་སྙིང་པོར་བཤད། ། མི་སྤང་འཛིན་པས་དབུ་མའོ།། སྣང་བ་དག་པས་སེམས་ཞེས་བྱའོ།། སེམས་ཉིད་མི་འགྱུར་རྡོ་རྗེ་སྟེ།། སེམས་དཔའ་རྡོ་རྗེ་ཡེ་ཤེས་དོན།། ཐམས་ཅད་ངོ་བོ་ཉིད་ཀྱིས་དག། གདོད་ནས་མ་བཅོས་ཉིད་ལ་རྫོགས། ། ཡེ་ཤེས་ཕ་རོལ་ཕྱིན་པའི་ཚུལ།། ཐེག་པ་ཐམས་ཅད་འདུས་པའི་རྩེ།། ཐེག་ལེའི་དོན་ལས་གང་གོལ་བ།། དེ་ནི་མུ་སྟེགས་རྟག་ཆད་འདྲ།། ཆོས་རྣམས་སྒྱུ་མ་བཞིན་ཏེ་སྣང་ལ་མེད།། མི་དམིགས་དམིགས་སུ་མེད་པས་བྱ་བྱེད་ཀུན་དང་བྲལ། ། སྐྱོན་མེད་རྣམ་པར་དག་པས་བྱང་ཆུབ་སེམས།། མི་གཡོ་མི་འགྱུར་བདེ་བ་ཆེན་པོ་ཡི།། གཟོད་ནས་མ་སྐྱེས་ཐིག་ལེ་བརྡལ་བ་ཆེ།། ཆོས་རྣམས་ནམ་མཁའི་ངོ་བོ་འདྲ། ། མེད་བཞིན་སྣང་ལ་སྣང་བཞིན་སྟོང།། སྲིད་གསུམ་འགྲན་ཟླ་མེད་པར་དབང་ཕྱུག་ཆེ།། བདག་དང་གཞན་དུ་མི་སྣང་བས།། བདག་ཉིད་ཐིག་ལེ་ཆེན་པོ་རྫོགས།། སེམས་ཀྱི་ཁྱད་པར་ནམ་མཁའ་ལ།། རེ་དོགས་མེད་པས་ཉམ་མི་ང། ། ཆེའོ་ཆེའོ་ཡེ་ཤེས་གཏེར།། ཐིག་ལེ་རང་བྱུང་རྩོལ་དང་བྲལ།། ཀུན་བཟང་བདག་ཉིད་ཆེ་བའི་ལྷ།། མེ་ཆུ་ས་རླུང་ནམ་མཁའ་ལྔ།། སངས་རྒྱས་ཉིད་ཀྱི་དཀྱིལ་འཁོར་མཆོག། ང་ཉིད་བྱང་ཆུབ་སེམས་ཀྱི་རྒྱན། ཀུན་བཞི་ཀུན་འབྱུང་ས་ཆེན་ཏེ།། ཀུན་བཟང་ཆེ་བའི་སྐུ་གསུང་ཐུགས།། ཐིག་ལེ་བླ་རྗེ་ཡེ་འབྱམས་རྨད་དུ་གྲགས།། ཡེ་ཤེས་ཐིག་ལེ་ཁམས་སུ་ཁྱབ་པར་རྫོགས།། སངས་རྒྱས་བདག་ཉིད་ཡིན་པའི་ཕྱིར། ། བདག་ཉིད་བདག་གི་རྟག་པར་བསྒོམ།། མཐའ་དབུས་ཀུན་ཀྱང་བདག་གི་ཐུགས།། བདག་ཉིད་བསྒོམས་པས་ཀུན་ཀྱང་བདག། སྟོང་གསུམ་ང་ཡིས་ང་ཡི་དབང།། སངས་རྒྱས་ཐམས་ཅད་ང་ཡི་སྲས། ། འཇིག་རྟེན་ཐམས་ཅད་ང་ཡི་ཞིང།། སྡུག་བསྔལ་དབྱིངས་སུ་གསད་པས་བྱང་ཆུབ་སེམས།། ང་ཡི་ཡེ་དབང་རྫོགས་པས་གོ་འཕངས་རྫོགས་པའི་ཐུགས།། གསང་ཆེན་གསང་ཆེན་གསང་བ་དེ་ཁོ་ན་ཉིད། ། གསང་བ་མེ་དཔུང་གི་རྒྱུད་ལས། མན་ངག་ལྟ་བའི་ལེའུ་སྟེ་དང་པོའོ།།།། ཡེ་ཤེས་གསང་བ་ལས་བྱུང་བ།། ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཐུགས།། རྡོ་རྗེ་ཐོགས་མེད་བསྡུས་པ་འདི། ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། ཨེ་མ་ཧོ།། གསང་བ་རང་བྱུང་ཐུགས་ཀྱི་མཆོག། རང་སྣང་ཉིད་ཀྱང་དབྱེར་མེད་ལྷ་ཡི་ལྷ།། དང་པོར་ཏིང་འཛིན་རྣམ་གསུམ་གྱིས།། བསྒོམ་པའི་རིམ་པ་མཆོག་ཏུ་གསལ། ། དང་པོར་སྐྱེ་མེད་རྣམ་བཤད་སེམས་ཀྱི་དབྱིངས།། མེ་ལོང་ལྟ་བུར་རང་ཤར་ཏེ།། གདོད་ནས་མ་བཅོས་དེ་བཞིན་གཤེགས།། གཏན་ཚིག་ཆེན་པོས་རབ་ཏུ་གཅེས།། མི་བསྒྲིབ་དང་བའི་དཀྱིལ་འཁོར་དུ། ། ཐམས་ཅད་ནམ་མཁའི་ཚུལ་དུ་གནས།། གསལ་བ་དང་འདྲ་གོ་འབྱེད་དེ།། མེ་ལོང་ཡེ་ཤེས་ངང་ཉིད་ལས།། ཐམས་ཅད་མ་བསྒྲིབ་ཀུན་ཏུ་སྣང།། རྒྱུ་ཡིས་ཐམས་ཅད་འབྱུང་བའི་གནས།། སྐྱེ་བའི་ངོ་བོར་རབ་ཏུ་སྣང། ། ཆོ་འཕྲུལ་ཆེན་པོ་སྣང་བའི་ཕྱིར།། དེ་ཉིད་རྒྱུ་ཡི་ཏིང་ངེ་འཛིན་ཏེ།། གཏན་ཚིགས་ཆེན་པོར་རབ་ཏུ་གཅེས།། དེ་ལྟར་ཏིང་འཛིན་གསལ་བསྒོམ་ནས།། ཡིད་ཀྱི་དཀྱིལ་འཁོར་ཆེན་པོ་ལ།། ཡི་གེ་ཨ་ཡི་ཆོ་འཕྲུལ་བསྒོམ། ། བྷཱུཾ་བི་ཤྭ་བི་ཤུདྡྷ་ཙཀྲ་བཛྲ་རཏྣ་རཾ། སྟོང་གསུམ་ཟླ་གམ་ཡུམ་གྱི་གཞལ་ཡས་སུ།། དུར་ཁྲོད་གཞལ་ཡས་བསྐྱེད་ནས་ནི།། བདག་གི་ཁྱད་པར་བསྐྱེད་པའི་ཕྱིར།། ལྷ་ཆེན་དབང་ཕྱུག་གདན་དུ་གཏིང།། དབུས་ཀྱི་གདན་གྱི་ཁྱད་པར་ནི། ། མ་ཧཱ་དེ་བ་སྣ་བསྣོལ་ཁ།། ཤར་དུ་དྲི་ཟ་ནི་བསྣོལ་ཁ།། ལྷོ་རུ་གཤིན་རྗེ་ནི་བསྣོལ་ཁ།། ནུབ་ཏུ་ཀླུ་ཆེན་ནི་བསྣོལ་ཁ།། བྱང་དུ་གནོད་སྦྱིན་ནི་བསྣོལ་ཁ།། དབང་ཕྱུག་ལྷ་ཡི་གདན་བཏིང་ནས། ། དུར་ཁྲོད་ཁྲོ་བོ་དབངཕྱུག་བསྐྱེད།། ཡིད་ཀྱི་ཏིང་འཛིན་ཁྱད་པར་ལས།། ཡི་གེ་ཧཱུཾ་གི་འཕྲོ་འདུ་བསྐྱེད།། ཆོ་ག་གསུམ་གྱི་བྱིན་རླབས་ལས།། ལྔ་བཅུ་རྩ་བརྒྱད་དབྱིངས་ནས་འདོན།། ཧཱུཾ་ཧཱུཾཾ་ཧཱུཾ། ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ།། ཧེ་ཧེ་ཧེ་ཧེ།། ཕཊ་ཕཊ་ཕཊ་ཕཊ།། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཐུགས་རྗེ་རྣམ་དག་རྒྱལ་བའི་ཕོ་བྲང་ནས།། བདེ་གཤེགས་ཁྲོ་བོའི་རྒྱལ་པོ་སྤྱན་འདྲེན་མཆོད། ། ལྷ་ཆེན་དབང་ཕྱུགས་གདན་ལ་བཞུགས་སུ་གསོལ།། དེ་ནས་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ལ།། ཐབས་ཀྱི་ཕྱག་རྒྱ་ཆེན་པོ་མཆོག། འབྱུང་བ་ལྔ་ཡི་ཆོ་འཕྲུལ་ལས།། འུར་འུར་ཆེམ་ཆེམ་རབ་ཏུ་འཁྲུགས། ། དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི།། མ་ཧཱ་དེ་བའི་གདན་ལ་བཞུགས།། སྨུག་ནག་འཇིགས་པའི་རྒྱན་དང་ལྡན།། ཤར་གྱི་ཁྲག་འཐུང་ཆེན་པོ་ནི།། དྲི་ཟ་བསྣོལ་བའི་གདན་ལ་བཞུགས། ། མཐིང་ནག་འཇིགས་པའི་རྒྱན་དང་ལྡན།། ལྷོ་ཡི་ཁྲག་འཐུང་ཆེན་པོ་ནི།། གཤིན་རྗེ་བསྣོལ་བའི་གདན་ལ་བཞུགས།། སྔོ་ནག་འཇིགས་པའི་རྒྱན་དང་ལྡན།། ནུབ་ཀྱི་ཁྲག་འཐུང་ཆེན་པོ་ནི།། ཀླུ་མེན་བསྣོལ་བའི་གདན་ལ་བཞུགས། ། དམར་ནག་འཇིགས་པའི་རྒྱན་དང་ལྡན།། བྱང་གི་ཁྲག་འཐུང་ཆེན་པོ་ནི།། གནོད་སྦྱིན་བསྣོལ་བའི་གདན་ལ་བཞུགས།། ལྗང་ནག་འཇིགས་པའི་རྒྱན་དང་ལྡན། ཁྲོ་བདག་ཁྲག་འཐུང་རྒྱལ་པོ་ལྔ། ། སོ་སོའི་གདན་ལ་ང་རྒྱལ་བསྐྱེད།། དབུས་ཀྱི་ཟ་བྱེད་དབང་མོ་ནི།། མ་ཆགས་མདངས་ཀྱིས་གཙོ་ལ་འཁྲིལ།། བྷུདྡྷ་ཀྲོ་ངྷཱི་ཤྭ་རཱི་ཛ། ཤར་གྱི་ཟ་བྱེད་དབང་མོ་ནི།། མ་ཆགས་མདངས་ཀྱིས་གཙོ་ལ་འཁྲིལ། ། བཛྲ་ཀྲོ་ངྷཱི་ཤཱ་རཱི་ཛ། ལྷོ་ཡི་ཟ་བྱེད་དབང་མོ་ནི།། མ་ཆགས་མདངས་ཀྱིས་གཙོ་ལ་འཁྲིལ།། རཏྣ་ཀྲོ་དྷཱི་ཤྭ་རཱི་ཛ། ནུབ་ཀྱི་ཟ་བྱེད་དབང་མོ་ནི།། མ་ཆགས་མདངས་ཀྱིས་གཙོ་ལ་འཁྲིལ།། པདྨ་ཀྲོ་ངྷཱི་ཤྭ་རཱི་ཛ། བྱང་གི་ཟ་བྱེད་དབང་མོ་ནི།། མ་ཆགས་མདངས་ཀྱིས་གཙོ་ལ་འཁྲིལ།། ཀརྨ་ཀྲོ་ངྷཱི་ཤྭ་རཱི་ཛ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས།། མཁའ་འགྲོ་བཅུ་དྲུག་དབྱིངས་ནས་བསྐྱེད།། སྔོན་མོ་དབྱུག་ཏོ་གོའུ་རཱི་ཛ། ། ལོག་རྟོག་རྡུལ་དུ་རློག་པའི་དཀྱིལ་འཁོར་དུ།། བསྙེན་བསྒྲུབ་དབང་གི་དངོས་གྲུབ་སྩོལ།། སེར་མོ་མདའ་འགེངས་ཙོ་རཱི་ཛ།། དབྱིངས་ནས་བསྐུལ་བའི་དཀྱིལ་འཁོར་ནས།། བསྙེན་བསྒྲུབ་དབང་གི་དངོས་གྲུབ་སྩོལ། ། དམར་མོ་ཆུ་སྲིན་པྲ་མོ་ཧཱ།། ཚངས་མའི་ཚུལ་གྱིས་དབང་མཛད་མ།། བསྙེན་བསྒྲུབ་དབང་གི་དངོས་གྲུབ་སྩོལ།། ནག་མོ་རྡོ་རྗེ་བེ་ཏཱ་ལཱི།། ས་དགུ་འབྱོངས་པའི་རྟགས་དང་ལྡན།། བསྙེན་བསྒྲུབ་དབང་གི་དངོས་གྲུབ་སྩོལ། ། དམར་སེར་རྒྱུ་ཞགས་སྡོག་འཕེན་པུ་ཀ་སི།། དུས་གསུམ་དབྱིངས་སུ་འདྲེན་པའི་དཀྱིལ་འཁོར་དུ། བསྙེན་བསྒྲུབ་དབང་གི་དངོས་གྲུབ་སྩོལ།། ལྗང་ནག་ཁྲག་འཐུང་གྷསྨ་རཱི།། ཐུགས་རྗེ་ཆགས་པའི་དཀྱིལ་འཁོར་དུ། ། བསྙེན་བསྒྲུབ་དབང་གི་དངོས་གྲུབ་སྩོལ།། མཐིང་ནག་སྙིང་ཟན་སྨ་ཤ་ནཱི།། ཙིཏྟ་ཐུགས་ཀྱི་དཀྱིལ་འཁོར་དུ།། བསྙེན་བསྒྲུབ་དབང་གི་དངོས་གྲུབ་སྩོལ།། དཀར་སེར་མགོ་གཅོད་ཙཎྜ་ལཱི།། ཡ་མཚན་ཆེ་བའི་དཀྱིལ་འཁོར་དུ། ། བསྙེན་བསྒྲུབ་དབང་གི་དངོས་གྲུབ་སྩོལ།། སེང་གདོང་ཕྲ་མེན་ཟ་བྱེད་སེང་གེའི་མགོ། མི་འཇིགས་དབང་པོ་ཟིལ་གནོན་དངོས་གྲུབ་སྩོལ།། སྟག་གདོང་དམར་མོ་དཔའ་བརྟུལ་སྟག་གི་མགོ། དཔའ་རྟུལ་འཇིགས་བྱེད་དངོས་གྲུབ་སྩོལ།། དམར་མོ་ཞག་ཆེན་ཝ་མགོ་སྲྀང་གཱ་ལི།། གཡེང་མེད་ལས་མཛོད་དངོས་གྲུབ་སྩོལ།། མཐིང་ནག་རྔམས་ཁྲོ་ཤ་ཟན་སྤྱང་ཀིའི་མགོ། སྒྲིན་བྱེད་རྔམ་པའི་དངོས་གྲུབ་སྩོལ། ། དམར་སེར་མཁའ་ལ་རྒྱུ་བའི་བྱ་རྒོད་མགོ། སྐེམས་བྱེད་ཀུན་ཏུ་སླེབས་པའི་དངོས་གྲུབ་སྩོལ།། དུར་ཁྲོད་ཀུན་ཏུ་ཉུལ་བྱེད་དུར་བྱའི་མགོ། དུར་ཁྲོད་ཚོགས་ཀྱི་དངོས་གྲུབ་སྩོལ།། ནག་མོ་བྱ་རོག་རྣམ་དག་ཆོས་ཀྱི་སྐུ། ། དུག་གསུམ་སྐྱོན་བྲལ་དངོས་གྲུབ་སྩོལ།། སྣ་ཚོགས་སྤྱན་ལྡན་འུག་པའི་མགོ། ཐུགས་རྗེ་རྣམ་དག་སྤྱན་གྱི་དངོས་གྲུབ་སྩོལ།། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན།། དཀར་མོ་འགུགས་པ་རྟ་ཡི་མགོ། སྔོན་མོ་ཕག་མགོ་ཞགས་པ་ཅན། ། དམར་མོ་ཉིད་ཟླ་ལྕགས་སྒྲོག་མ།། ལྗང་གུ་སྤྱང་མགོ་དྲུལ་བུ་མ།། བཀའ་ཉན་ལས་བྱེད་དངོས་གྲུབ་སྩོལ།། གཞན་ཡང་ཕོ་བྲང་ཆེན་པོ་ན།། དབང་ཕྱུག་མཁའ་འགྲོ་ཉི་ཤུ་བརྒྱད། ། དབང་མཛད་མཐུ་ཡི་དངོས་གྲུབ་སྩོལ།། བསྒྲུབ་པའི་དཀྱིལ་འཁོར་བྱ་བའི་ཕྱིར། རྫས་ཀྱི་ཁྱད་པར་བསྟན་པར་བྱ།། སྒྲུབ་པའི་གནས་རབ་དམ་པ་ནི།། བཀྲ་ཤིས་རྟགས་ཅན་དབེན་པའི་རི་བོས་བསྐོར། ། གསང་བའི་བསྒྲུབ་ཟླ་གཟུངས་མ་དེ།། དུག་རྣམས་མེད་ཅིང་དད་པ་ཆེ།། ཟབ་མོ་ཐུབ་པའི་ཡུལ་ལ་བསྒྲུབ།། མཚམས་མེད་ཕྱིར་ཡང་མཚམས་བཅད་དེ།། འབྱུང་པོའི་གཏོར་མ་བཏང་ནས་ཀྱང། སྒྲུབ་པ་ནང་གི་དོན་ལ་ཞུགས། ། དཀྱིལ་འཁོར་སྟེགས་བུ་བཙིགས་ནས་ནི།། དམར་དང་དཀར་གྱི་ཐིག་གདབ་བོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། རཀྟའི་བྱང་ཆུབ་བྱུགས་ནས་ཀྱང།། དེ་ལ་པར་བུ་བརྐོ་བར་བྱ། ། རྒྱན་གྱིས་བརྒྱན་པའི་ཆོ་ག་མཛེས།། སྟེང་འོག་དར་གྱི་ཕོ་བྲང་དགོད།། དེ་ནས་བསྙེན་པ་གཞུང་བཞིན་བགྲང།། དེ་ལྟར་དཀྱིལ་འཁོར་རྫོགས་ནས་ཀྱང།། ཏིང་འཛིན་ཡང་དག་ཆེན་པོ་དབབ།། གསང་བ་མེད་དཔུང་གི་རྒྱུད་ལས། སྒྲུབ་པའི་གླིང་བཞིའི་ལེའུ་སྟེ་གཉིས་པའོ།།།། ད་ནི་བདེ་བ་རང་བྱུང་བསྒྲུབ་བཤད་དེ།། མ་སྤངས་པས་ནི་བསྒྲུབས་པའི་འབྲས་བུ་ཉིད།། རང་ལ་རྫོགས་པར་ཤེས་ན་དངོས་གྲུབ་མཆོག། བསྒྲུབ་མེད་བསྒྲུབ་ན་བསྙེན་བསྒྲུབ་ཡིན།། རྫས་དང་ཡན་ལག་གཞི་ལ་ཚང།། འབད་ཅིང་བཙལ་བ་མེད་པའི་མཆོག། བདེ་ཆེན་ལྷུན་གྲུབ་བྱང་ཆུབ་ཀུན་གྱི་གཏེར།། དེ་ལས་མཚོན་པའི་དགའ་བས་ཚིག་གི་མཐའ་ལས་འདས། ། མི་རྟོག་དམིགས་དང་བྲལ་བས་ཤེས་རབ་ཟབ་མོའི་ཀློང།། དམིགས་པ་སྣང་བར་ཤར་ཕྱིར་བསྒྲུབ་པའི་དཀྱིལ་འཁོར་བརྩམ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དབུས་སུ་བྱིན་རླབས་གནམ་ཐིག་གདབ། ། དཀྱིལ་འཁོར་ཡུམ་གྱི་མཁའ་ལ་ཐིག་བཏབ་པས།། མི་མངོན་རྣམ་དག་དབྱིངས་ནས་རྒྱལ་བའི་ཕོ་བྲང་བསྐྱེད།། ཐིག་གདབ་དཀྱིལ་འཁོར་རི་མོ་བྲི།། དབུས་སུ་ཟུར་བརྒྱད་རིན་ཆེན་ཚལ།། ཨ་དང་མཱུཾ་གྱི་དབུས་སུ་བཞག། དེ་ནས་དཀྱིལ་འཁོར་རྒྱན་གྱིས་བརྒྱན།། མཉམ་པ་སངས་རྒྱས་ཆེན་པོ་ལ།། སྡུག་བསྔལ་བྱང་ཆུབ་སེམས་སུ་སྣང། ཀུན་ཏུ་བཟང་པོའི་དབྱིངས་ཉིད་དུ།། བདེ་བའི་ཡོན་ཏན་གདོད་ནས་རྫོགས། ། བདུད་རྩིའི་དཀྱིལ་འཁོར་ཆེན་པོ་ཡང།། རྩ་བ་ཆེན་པོ་ཉིད་དུ་འདུས།། མ་ཆགས་རྣམ་བཤད་བདག་ཉིད་ཆེན་པོ་སྟེ།། བདུད་རྩི་རིགས་ལྔའི་དཀྱིལ་འཁོར་མཆོག། བསྙེན་བསྒྲུབ་ཡན་ལག་ལྡན་པའི་དཀྱིལ་འཁོར་ལ། ། དྲོད་ཚད་ལས་སུ་རུང་བའི་དཀྱིལ་འཁོར་བསྡུས།། གྷུ་ཧྱ་གསང་ཆེན་ཐུགས་ཀྱི་ཀློང།། ཐུགས་ཆེན་ཐུགས་ཀྱི་བསྒྲུབ་པ་སྟེ།། ཀུན་བཟང་བདེ་ཆེན་དབྱིངས་སུ་འདུས།། གསང་བ་མེད་དཔུང་གི་རྒྱུད་ལས། ཐུགས་ཀྱི་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།།།། ལས་ཀྱི་རྒྱ་མཚོ་ལྟ་བའི་མཛོད་བསྟན་ཏེ།། སྲིད་གསུམ་ཐུགས་རྗེའི་དབྱིངས་སུ་བསྒོམ། ཁམས་གསུམ་ཡེ་འབྱམས་དཀྱིལ་འཁོར་ཆེན་པོ་ལ། ། སྟོང་གསུམ་ཡུམ་གྱི་ཀློང་འབྱམས་ལ།། རྩི་ཤིང་ནགས་ཚལ་རྒྱན་གྱི་དྲ་བ་སྟེ།། རི་བྲག་ལྷ་ཡི་སྐུར་གསལ་མཆོག། རང་བྱུང་ཡེ་ནས་གསལ་བའི་དཀྱིལ་འཁོར་དུ།། འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས།། མ་བྲིས་གདོད་ནས་གསལ་བའི་གནས། ། གསང་བའི་ཕོ་བྲང་རྫོགས་པར་བསྒོམ།། བསྒྲུབ་པ་ཆེན་པོའི་དུས་ཉིད་དུ།། ཞི་རྒྱས་དབང་གི་རྒྱས་བཏབ་ལ།། ལྕགས་ཟངས་དངུལ་གྱིས་སྦྱར་བར་བྱ།། རྒྱ་མཚོ་ལས་ཀྱི་རྐང་པ་རུ། ། འབྱུང་བ་ལྔ་ཡིས་བསྒྲུབ་པར་བྱ།། འབྲས་བུ་ལྔ་ཡི་ཁུ་བ་ཡང།། བཅུད་དུ་གྱུར་པས་ཐམས་ཅད་བསྒྲུབ།། ཐམས་ཅད་རང་བྱུང་བདུད་རྩིར་འཁྱིལ།། བྱིན་པ་ལྔ་དང་རྒྱས་པ་དྲུག། མ་སྤངས་ཡེ་ནས་ཀུན་ཏུ་བཟང། ། དེ་བས་རྒྱལ་པོ་རྣལ་འབྱོར་པ།། དོན་དམ་རྣལ་འབྱོར་སེམས་ཀྱི་སྙིང་པོ་ནི།། ཐེག་པ་ཀུན་གྱི་རྒྱལ་པོ་ཡིན། འདི་ཉིད་རིག་པའི་རྒྱལ་པོ་རང་དབང་རྫོགས།། སྟོང་གསུམ་ཀུན་གཞིའི་ཀློང་དུ་འདུས།། སྲིད་གསུམ་སྐུ་གསུང་ཐུགས་སུ་གསལ། ། སེམས་ཀྱི་རྒྱལ་པོ་སངས་རྒྱས་ལ།། སངས་རྒྱས་གཞན་དུ་བཙལ་མི་དགོས།། དམྱལ་བའི་ཁམས་ཉིད་བླ་མེད་ལ།། ཡེ་གསང་ཐུགས་ཀྱི་སྒྲུབ་པ་སྟེ།། རེ་དོག་རྩོལ་དང་བྲལ་བས་བསྒྲུབ་པ་ཉིད། ། གསང་བ་མེ་དཔུང་གི་རྒྱུད་ལས། གྷུ་ཧྱ་གསང་མཛོད་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་མེ་དཔུང་འབར་བའི་དཀྱིལ་འཁོར་གྱི་དབྱིངས་འབྱུང་སྟེ།། སྒྲུབ་པ་ཆེན་པོ་བརྩམས་པའི་ཕྱིར། ། གནས་དང་ས་བཞི་བརྟག་ནས་ནི།། སྒྲུབ་པའི་ཆོ་ག་རྒྱས་པར་བྱེད།། དེ་ནས་དཀྱིལ་འཁོར་བརྩམ་པ་ནི།། སྒྲུབ་པའི་རྒྱལ་པོ་དབང་གི་ས་གཞི་ལ།། རྡོ་རྗེ་རྒྱ་གྲམ་བྲག་ཆེན་འབར་བས་གཏམས།། ཐུགས་རྗེ་ཡུམ་གྱི་དཀྱིལ་འཁོར་བསམ་པའི་ཕྱིར། ། ཐིག་སྐུད་རྒྱུ་ནི་མན་ངག་བཀའ་བརྒྱུད་ལ།། ཤེས་རབ་མཚན་དང་ལྡན་པས་བཀལ་བ་ཡི།། ཐིག་སྐུད་བྱང་ཆུབ་སེམས་དང་ལྡན་པས་གདབ།། གནོད་བྱེད་བགེགས་བསྐྲད་དྲག་པོས་མཚམ་བཅད་དོ། ། ཕཊ། ན་མཿས་མནྟ། ཏདྱ་བ་ར་ཤ་ནོང་པཀྴ་ཀུ་ཤ། ཀུ་ཤ་རཀྴ་སྥ་ར་ཡ་ཕཊ། རྨད་བྱུང་རོལ་པ་ཆེན་པོའི་ངང་ཉིད་ཀྱིས།། གསང་བའི་དཀྱིལ་འཁོར་དབྱིངས་ནས་བསྐྱེད་ནས་ཆག་ཆག་འདེབས། ། ཏི་ར་བཾ་རཀྟ་མཎྜ་ལ་ཧཱུཾ། སྐྱེ་མེད་རྣམ་བཤད་བདུད་རྩིའི་མཆོག། ཡེ་ཤེས་གསལ་དོན་མེ་ལོང་ཡེ་ཤེས་ཏེ།། གསང་བའི་ཚོམ་བུ་དགུ་ཡི་དཀྱིལ་འཁོར་དགོད། སྟོང་གསུམ་བརྡལ་བ་ཡུམ་གྱི་དཀྱིལ་འཁོར་དུ། ། ཐུགས་རྗེ་འགྱུར་བ་མེད་པའི་ཐིག་གདབ་པས།། སྲིད་པའི་ཕོ་བྲང་རབ་འབྱམས་དབྱིངས་སུ་གསལ།། སྟོང་གསུམ་ས་གཞི་ཡུམ་གྱི་དཀྱིལ་འཁོར་དུ།། སྲིད་པ་སྐུ་གསུངཐུགས་ཀྱི་ཐིག་གདབ་པས།། རང་བྱུང་འབྱུང་བ་ལྔ་ཡི་ཁྱད་པར་ལས། ། འོད་ཀྱི་གཞའ་ཚོན་ཡེ་ཤེས་ལྔ་རུ་རྫོགས།། དག་ཅིང་དྲི་མེད་འབྲས་བུ་ལྔ་རུ་བསྒོམ། བཛྲ་ཛྙཱ་ན། བུདྡྷ་ཛྙཱ་ན། རཏྣ་ཛྙཱ་ན། པདྨ་ཛྙཱ་ན། ཀརྨ་ཛྙཱ་ན། སྲིད་པའི་ཕོ་བྲང་རྒྱལ་བའི་དཀྱིལ་འཁོར་དུ། ། སེམས་ཀྱི་ཁ་དོག་རྣམས་ཀྱི་བྱེ་བྲག་དབྱེ།། མི་ཟད་རིན་ཆེན་ལྔ་ཡི་ཚོན་དུ་གསལ།། སྟོངགསུམ་འཇིག་རྟེན་ཁམས་རྣམས་སུ།། ཕོ་བྲང་རང་བྱུང་འཇིགས་པའི་གཟུགས།། རྩི་ཤིང་མང་པོའི་ཚོགས་རྣམས་ཀྱང། ། ང་རྒྱལ་ཁྲོ་བོ་འབར་བའི་གཟུགས།། འཇིག་རྟེན་ཁམས་ཀུན་དབང་དུ་སྡུད།། དྲག་པོ་གཟེར་གྱི་མཚམས་ཅད་དོ།། ཀཱི་ལི་ཀཱི་ལ་ཡ་ཧཱུཾ། འབར་བའི་དཀྱིལ་འཁོར་ཆེན་པོ་ཡང།། དུར་ཁྲོད་རྒྱན་གྱིས་ཆས་སུ་བཞུགས། ། དེ་ནས་རྣལ་འབྱོར་མང་བ་ཡིས།། དྲོད་ཚད་ལས་རྣམས་ཀུན་བྱས་ནས།། མཐའ་མ་དམོད་བཅོལ་བཤག་སྦྱང་བྱ།། གསང་བ་མེ་དཔུང་གི་རྒྱུད་ལས། དཀྱིལ་འཁོར་ལས་ཀྱི་དང་པོའི་ལེའུ་སྟེ་ལྔ་པའོ། །།། བཅོམ་ལྡན་འདས་དཔལ་བདེ་མཆོག་ཆེན་པོའི་གཙོ་ལ་ཕྱག་འཚལ་ལོ།། ཟ་བྱེད་མེ་ཡི་རྒྱལ་པོ་སྦྱིན་སྲེག་གཙོ།། མཆོད་པའི་སྦྱིན་བསྲེག་བཤད་ཕྱིར་མེ་ཡི་མན་ངག་བསྟན།། དུར་ཁྲོད་དཀྱིལ་འཁོར་བརྩེགས་པ་སྟེ། ། ཟླ་གམ་དམར་པོ་དབང་གི་ཧོམ།། སྟོང་གསུམ་ཡུམ་གྱི་གཞལ་ཡས་བརྩིག། ཟུར་གསུམ་མཐིང་ནག་དྲག་པོའི་ཧོམ།། དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་བརྩིག། ཟླུམ་པོ་ཞི་བའི་ཧོམ་ཁུང་སྟེ། ། མ་སྐྱེས་ཐིག་ལེ་ཆེན་པོར་བརྩིག། གྲུ་བཞི་རྒྱས་པའི་ཧོམ་ཁུང་སྟེ།། འཇིག་རྟེན་དུར་ཁྲོད་ཁྱད་པར་དུ།། འབར་བའི་ཧོམ་ཁུང་བརྩིག་པར་བྱ།། ས་གཞི་གཞལ་ཡས་བརྩིག་པ་རུ། ཁྲོ་བོ་འབར་བའི་ཧོམ་ཁུང་བརྩིག། སྟོང་གསུམ་སྟོང་གི་དཀྱིལ་འཁོར་དུ།། འབྱུང་བ་ལྔ་ཡི་ཧོམ་ཁུང་བརྩིག། ཀུན་བཞི་འབར་བའི་གཞལ་ཡས་སུ།། ཡེ་ཤེས་མཆོག་གི་ཧོམ་ཁུང་བརྩིག། ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ།། རྟོག་པ་ཆེན་པོའི་ཧོམ་ཁུང་བརྩིག། ཟླ་གམ་ཡུམ་གྱི་མཁའ་ལ་བརྩིག། གྲུ་བཞི་ཕྲན་ལས་བཞི་རུ་བརྩིག། གྲུ་གསུམ་སྐུ་གསུང་ཐུགས་སུ་བརྩིག། ཟླུམ་པོ་ཐིག་ལེ་ཆེན་པོར་བརྩིག། ཧོམ་ལྔ་ཡང་ཐོག་བརྩེག་མར་བརྩིག། ཧོམ་དགུར་ཡང་ཐོག་དགུ་རུ་བརྩིག། དེ་རྣམས་ཡང་ཐོག་བརྩེག་མར་བྱ།། དབུས་སུ་དྲི་ཆེན་ལྡེ་གུར་སྦྱར།། རྣམ་པར་སྣང་མཛད་སྐུ་ཡི་གཙོ།། དབྱིངས་དང་ཡེ་ཤེས་རྒྱས་གདབ་བོ།། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་གཙོ། ། མེ་ལོང་ཡེ་ཤེས་རྒྱས་གདབ་བོ།། རིན་ཆེན་འབྱུངལྡན་ཡོན་ཏན་གཙོ།། མཉམ་ཉིད་ཡེ་ཤེས་རྒྱས་གདབ་བོ།། སྣང་བ་མཐའ་ཡས་གསུང་གི་གཙོ།། སོར་རྟོག་ཡེ་ཤེས་རྒྱས་གདབ་བོ།། དོན་ཡོད་གྲུབ་པ་ཕྲིན་ལས་གཙོ། ། བྱ་གྲུབ་ཡེ་ཤེས་རྒྱས་གདབ་བོ།། སྐྱེ་མེད་རྣམ་དག་དབྱིངས་ཀྱི་ཧོམ་ཁུང་དུ།། ལོག་རྟོག་མཚན་མ་མེད་པའི་ཡམ་ཤིང་ལ།། རྟོག་པ་ཡེ་ཤེས་འོད་ཀྱི་མེ་སྦར་བས།། གཡོ་དངམི་གཡོ་སྣོད་བཅུད་ཀུན་བསྲེག་ཏེ། ། ཀུན་མཁྱེན་འོད་གསལ་ཡེ་ཤེས་བྱང་ཆུབ་གཏེར།། ཡེ་ཤེས་ཀློང་ཡངས་འབར་བའི་ཧོམ་ཁུངདུ།། བདེ་བ་ཆེན་པོའི་སྐུ་ལ་མཆོད་པ་འབུལ།། ཆོས་ཉིད་སྤྲོས་པ་མེད་པའི་ཧོམ་ཁུང་དུ།། དེ་ཡི་ཡུལ་དུ་སྣང་བའི་ཡམ་ཤིང་ལ། ། རྟོགས་པ་ཡེ་ཤེས་འོད་ཀྱི་མེ་སྤར་བས།། མ་རིགས་ལས་ཀྱི་སྡུག་བསྔལ་བསྲེགས་པ་རུ།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། བདེ་བ་ཆེན་པོའི་སྐུ་ལ་མཆོད་པ་འབུལ།། སྟོང་གསུམ་བརྡལ་བ་ཡུམ་གྱི་ཧོམ་ཁུང་དུ། ། སྲིད་གསུམ་སྐྱེ་བར་སྣང་བའི་ཡམ་ཤིང་ལ།། གཉིས་མེད་རྣམ་དག་མཆོག་གི་མེ་སྤར་ཏེ།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། བདེ་བ་ཆེན་པོའི་སྐུ་ལ་མཆོད་པ་འབུལ། ། སྣོད་ཀྱི་འཇིག་རྟེན་ཡུམ་ལྔའི་མཁའ་ཀློང་ཧོམ་ཁུང་དུ།། བཅུད་ཀྱི་འཇིག་རྟེན་བདག་འཛིན་ཡམ་ཤིང་ལ།། རྟོགས་པ་གཉིས་མེད་སྙིང་པོའི་མེ་སྤར་ཏེ།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། བདེ་བ་ཆེན་པོའི་སྐུ་ལ་མཆོད་པ་འབུལ། ། མ་སྐྱེས་རྣམ་དག་དབྱིངས་ཀྱི་ཧོམ་ཁུང་དུ།། སྐྱེ་བའི་ཆོ་འཕྲུལ་མང་པོའི་ཡམ་ཤིང་ལ།། རྟོག་པ་ཡེ་ཤེས་འོད་ཀྱི་མེ་སྤར་ནས།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། ། བདེ་བ་ཆེན་པོའི་སྐུ་ལ་མཆོད་པ་འབུལ།། ཀློང་ཡང་ནམ་མཁར་གསལ་བའི་ཧོམ་ཁུང་དུ།། སྲིད་པ་ཆེན་པོ་བཞི་ཡི་ཡམ་ཤིང་ལ། རྟོགས་པ་ཡེ་ཤེས་འོད་ཀྱི་མེ་སྦར་ནས།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། ། ནམ་མཁའི་དབང་མོའི་སྐུ་ལ་མཆོད་པར་འབུལ། ཐུགས་རྗེས་འདེགས་བྱེད་ས་ཡི་ཧོམ་ཁུང་དུ།། སྲིད་གསུམ་སྐྱེ་བར་སྣང་བའི་ཡམ་ཤིང་ལ།། རྟོགས་པ་ཡེ་ཤེས་འོད་ཀྱི་མེ་སྤར་ནས།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། ། རྡོ་རྗེ་དཔལ་མོའི་སྐུ་ལ་མཆོད་པར་འབུལ།། ཐུགས་ཀྱི་ཏིང་འཛིན་རྒྱ་མཚོའི་ཧོམ་ཁུང་དུ།། སྡུག་བསྔལ་སྐྱོན་གྱིས་སྦགས་པའི་ཡམ་ཤིང་ལ།། རྟོགས་པ་ཡེ་ཤེས་འོད་ཀྱི་མེ་སྦར་ནས།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། ། རིན་ཆེན་དབང་མོའི་སྐུ་ལ་མཆོད་པར་འབུལ།། ཐུགས་རྗེ་སྲེག་སྦྱོང་མེ་ཡི་ཧོམ་ཁུང་དུ།། མཚན་མ་བུད་པའི་ཡམ་ཤིང་མང་འབུལ་བས།། རྟོགས་པ་ཡེ་ཤེས་འོད་ཀྱི་མེ་སྦར་ནས། ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། པདྨ་དབང་མོའི་སྐུ་ལ་མཆོད་པ་འབུལ། ཐུགས་རྗེ་གཡོ་མེད་རླུང་གི་ཧོམ་ཁུང་དུ།། སྡུག་བསྔལ་བག་ཆགས་བུད་པའི་ཡམ་ཤིང་ལ།། རྟོགས་པ་ཡེ་ཤེས་འོད་ཀྱི་མེ་སྤར་ནས། ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། ལས་ཀྱི་དབང་མོའི་སྐུ་ལ་མཆོད་པར་འབུལ།། ཐུགས་རྗེ་འབྱུང་བ་ལྔ་ཡི་ཧོམ་ཁུང་དུ།། སྲིད་པའི་སྡུག་བསྔལ་ཚོགས་པའི་ཡམ་ཤིང་ལ།། རྟོགས་པ་ཡེ་ཤེས་འོད་ཀྱི་མེ་སྤར་ནས། ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། འདོད་པའི་དབང་མོ་ལྔ་ཡི་སྐུ་ལ་མཆོད་པར་འབུལ།། བྷ་ག་ཡུམ་གྱི་ཧོམ་ཁུང་དུ།། དམ་རྫས་བདུད་རྩིའི་ཡམ་ཤིང་ལ།། རྟོགས་པ་ཡེ་ཤེས་འོད་ཀྱི་མེ་སྤར་ནས། ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། བདེ་ཆེན་ཡབ་ཡུམ་སྐུ་ལ་མཆོད་པར་འབུལ།། ཟླ་གམ་དམར་པོ་ནམ་མཁའི་ཧོམ་ཁུང་དུ།། རང་བྱུང་རྒྱལ་པོའི་སྐུ་མཆོག་བུདྡྷའི་དཔལ། ། ཕུང་པོ་གནས་གྱུར་བུདྡྷ་ཧེ་རུ་ལ།། དམ་རྫས་བདུད་རྩིའི་མཆོད་པ་འདི་འབུལ་གྱི།། མི་འགྱུར་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ།། རང་བྱུང་རྒྱལ་པོའི་ཐུགས་མཆོག་ཧེ་རུ་དཔལ།། རྣམ་ཤེས་གནས་གྱུར་དཔལ་ཆེན་རྡོ་རྗེ་ལ། ། དམ་རྫས་བདུད་རྩིའི་མཆོད་པ་འདི་འབུལ་གྱི།། སྐྱེ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། རང་བྱུང་རྒྱལ་པོ་ཡོན་ཏན་རཏྣ་དཔལ།། ཚོར་བ་གནས་གྱུར་དཔལ་ཆེན་རཏྣ་ལ།། དམ་རྫས་བདུད་རྩིའི་མཆོད་པ་འདི་འབུལ་གྱི། ། ཡོན་ཏན་ལྷུན་གྲུབ་དངོས་གྲུབ་སྩལ་དུ་གསོལ།། རང་བྱུང་རྒྱལ་པོའི་གསུང་མཆོག་པདྨ་དཔལ།། འདུ་ཤེས་གནས་གྱུར་པདྨ་ཧེ་རུ་ལ།། དམ་རྫས་བདུད་རྩིའི་མཆོད་པ་འདི་འབུལ་གྱི། ། མ་ཆགས་གསུང་གི་དངོས་གྲུབ་སྩལ་དུ་གསོལ།། རང་བྱུང་རྒྱལ་པོ་ཕྲིན་ལས་ཀརྨ་དཔལ།། འདུ་བྱེད་གནས་གྱུར་དཔལ་ཆེན་ཀརྨ་ལ།། དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ།། ལས་རྣམས་རྫོགས་པའི་དངོས་གྲུབ་སྩལ་དུ་གསོལ། ། ཐུགས་རྗེ་རྣམ་དག་རྒྱལ་པོའི་ཕོ་བྲང་དུ།། སྲིད་གསུམ་དབང་སྡུད་སྐུ་ཡི་སྦྱོར་བ་མོ།། ཆགས་པའི་རྒྱལ་མོ་བུདྡྷ་ཀྲོ་དྷཱི་ལ།། དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ།། གཉིས་མེད་བྱང་ཆུབ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། ། སྐྱེ་མེད་རྣམ་དག་ཐུགས་ཀྱི་སྦྱོར་བ་མོ།། ཆགས་པའི་ཐུགས་རྗེས་ཁམས་གསུམ་རྒྱས་འདེབས་མ། ཁྲག་འཐུང་ཞེ་སྡང་བཛྲ་ཀྲོ་དྷཱི་ལ།། དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། ། གཉིས་མེད་བྱང་ཆུབ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།། མི་ཟད་རིན་ཆེན་ལྟ་བུའི་གཏེར་མངའ་ཞིང།། ཡོན་ཏན་དབང་གིས་ལོ་རྟོག་རྡུལ་དུ་རློག་ཁྲག་འཐུང་རཏྣ་བཛྲ་ཀྲོ་དྷཱི་ལ།། དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། ། གཉིས་མེད་བྱང་ཆུབ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།། མ་ཆགས་པདྨ་ལྟ་བུའི་སྐུ་མངའ་ཞིང།། འདོད་ཆགས་དབང་གིས་ཁམས་གསུམ་ཀུན་ལ་སྦྱོར།། ཆགས་མེད་སྦྱོང་མཛད་པདྨ་ཀྲོ་དྷཱི་ལ། ། དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ།། གཉིས་མེད་བྱང་ཆུབ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།། ལས་རྣམས་རྫོགས་བྱེད་ཐུགས་རྗེ་ངད་དང་ལྡན།། ཕྲིན་ལས་རྫོགས་པས་རྒྱུད་དྲུག་རྩད་ནས་གཅོད། ། ཐུགས་རྗེ་ཐབས་ལྡན་ཀརྨ་ཀྲོ་དྷཱི་ལ།། དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ།། གཉིས་མེད་བྱང་ཆུབ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།། ཟ་བྱེད་སྲེག་པ་མེ་ཡི་ཧོམ་ཁུང་དུ།། ཆགས་པའི་ཡུམ་དུ་བཅས་པའི་སྦྱིན་སྲེག་གི། ཆགས་ལྔ་བྱང་ཆུབ་དབྱིངས་ལྔར་ལྷུན་གྱིས་གྲུབ།། སྦྱིན་སྲེག་ལྔ་ཡི་མཆོད་པ་འདི་འབུལ་གྱི།། བདུད་རྩི་མཆོག་གི་མཆོད་པ་དངོས་གྲུབ་སྩལ་དུ་གསོལ།། དམ་ཉམས་དམ་སྐོང་མཐུ་དང་དངོས་གྲུབ་སྩོལ། ། སྲེག་བྱེད་དུར་ཁྲོད་མེ་ཡི་ཧོམ་ཁུང་དུ།། མཁའ་འགྲོ་མགྱོགས་མ་བཀའ་ཉན་བརྒྱད་རྣམས་ལ།། དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ།། ལོག་རྟོག་འཁོར་བ་རྡུལ་དུ་བརླག་སླད་དུ། ། དུར་ཁྲོད་ཞིང་གི་དབྱུག་པ་ཕྱག་ན་བསྣམས།། སྲིད་གསུམ་སྒྲོལ་མཛད་སྔོན་མོའི་གོའུ་རཱི་མ།། དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ།། ཐུགས་རྗེ་ཐབས་དང་ལྡན་པའི་སྐུ་མངའ་བ།། ལོག་རྟོག་ལས་ཀྱི་སྐྱོན་རྣམས་དབུག་སླད་དུ། ། ཐབས་དང་ཤེས་རབ་ལྡན་པའི་མདའ་འཕེན་ཅིང།། དབྱིངས་ཀྱི་ངང་ལས་སྦྱོར་བའི་སེར་མོ་ཙོའུ་རཱི་མ།། དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ།། འཁོར་བ་མང་པོ་ཐུགས་རྗེས་སྒྲལ་སླད་དུ། ། མི་ནུབ་ཆུ་སྲིད་རྒྱལ་མཚན་ཕྱག་ན་བསྣམས།། སངས་རྒྱས་རྒྱལ་སྲིད་གཙོ་མཛད་དམར་མོ་པྲ་མོ་ཧེ།། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ།། ས་དགུ་འཇོམས་པའི་རྡོ་རྗེ་རྩེ་དགུ་འཕྱར།། རཱུ་ཏྲ་སྒྲོལ་མཛད་ཡེ་ཤེས་དབྱིངས་ལ་སྦྱོར། ། ནག་མོ་འཇིགས་ཚུལ་སྟོན་མཛད་བཻཏྟཱ་ལཱི།། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ།། རྒྱུད་དྲུག་འཁོར་བ་གནས་ནས་དྲང་སླད་དུ།། དུར་ཁྲོད་ཞིང་གི་རྒྱུ་ཞགས་ཕྱག་ན་བསྣམས། ། ཆོས་ཀྱི་དབྱིངས་ལ་སྦྱོར་བའི་དམར་སེར་པུཀྐ་སཱི།། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ།། ཡེ་ཤེས་ལྔ་དང་ལྡན་པར་མཛད་སླད་དུ།། དབང་པོ་ལྔར་ལྡན་ཐོད་པ་ཕྱག་ན་བསྣམས།། ཡེ་ཤེས་ལྔ་ལ་སྦྱོར་བའི་རྡོ་རྗེས་དཀྲུག། ཐུགས་རྗེ་ཐབས་མཁས་སྔོ་ལྗང་གྷསྨ་རཱི།། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ།། ཞེ་སྡང་ཆེན་པོ་གཏན་ནས་འཇོམས་མཛད་པ།། ཞིང་མཆོག་ཙིཏྟ་དམར་པོ་ཚེམས་ཀྱིས་འདྲེན། ། ང་རྒྱལ་སེམས་ལ་སྦྱོར་བའི་མཐིང་ནག་སྨྲ་ཤ་ནཱི།། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ།། ལོག་རྟོག་སྐྱོན་རྣམས་སོ་སོར་བསྒྲལ་སླད་དུ།། ཐུགས་རྗེ་ཐབས་ཀྱིས་མགོ་ལུས་སོ་སོར་འབྲལ།། སེར་སྐྱ་འཇིགས་པའི་ཚུལ་ཅན་ཙཎྜ་ལཱི། ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ།། ཟ་བྱེད་འབར་བའི་མེ་ཡི་ཧོམ་ཁུང་དུ།། མ་ཆེན་འབར་མ་ཆེན་མོ་བརྒྱད་རྣམས་ལ།། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ། ། དུར་ཁྲོད་སྲེག་བྱེད་མེ་ཡི་ཧོམ་ཁུང་དུ།། རོལ་པའི་ཕྲ་མེན་བརྒྱད་ལ་མཆོད་པ་འབུལ།། ཟ་བྱེད་ཞེན་པ་དཀར་སེར་སེང་གེའི་མགོ། མཐུ་རྩལ་འཕྲོག་མཛད་རྩལ་འཕགས་སེང་ཧ་མ།། དམར་མོ་མགོ་གཅོད་དཔའ་བརྟུལ་སྟག་གི་མགོ། འཆི་བདག་བདུད་ཀྱི་སྡེ་འཇོམས་བྱཱ་གྷྲྀ་མ།། དམར་མོ་ཁྲག་ལྡག་སྲིན་མོ་ཝ་ཡི་མགོ། ཞིང་ཆེན་ཁོང་ནས་འདྲེན་བྱེད་སྲྀང་གལ་མ།། རུས་འཆའ་མཐིང་ག་གཡེང་བའི་སྤྱང་ཀིའི་མགོ། གཟུགས་ཕུང་འཇིག་མཛད་ཁྲག་ལྡག་ཤྭ་ན་མ།། གདེང་ཚད་དཀར་པོར་ཀུན་བརླག་བྱ་རྒོད་མགོ།། ཁོང་ཁྲག་རྩད་ནས་འབྱིན་པའི་གྲྀདྡྷ་མ།། དུར་ཁྲོད་ཞིང་ཟ་སྣ་ཚོགས་དུར་བྱའི་མགོ། ཉོན་མོངས་ཚེ་སྲོག་འཕྲལ་བའི་ཀང་ཀ་མ། ། ནག་མོ་ཆོལ་ཐོག་རྣམ་དག་བྱ་རོག་མགོ་ཚིག་གཅིག་ཆད།། ཨུ་ལཱུ་མུན་མཐོང་སྣ་ཚོགས་འུག་པའི་མགོ། ཉོན་མོངས་གློ་སྙིང་འབྱིན་པའི་ཨུ་ལཱུ་མར།། ཟ་བྱེད་སྲེག་པ་མེ་ཡི་ཧོམ་ཁུང་དུ། ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ།། བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ།། དཀར་མོ་ལྕགས་ཀྱུ་འགུགས་པ་རྟ་ཡི་མགོ། སྔོན་མོ་ཞགས་ཆེན་འཆིང་བྱེད་ཕག་གི་མགོ། དམར་མོ་ལྕགས་སྒྲོག་སྡོམ་བྱེད་དོམ་གྱི་མགོ། སྔོན་མོ་དྲིལ་ཐོགས་ཐལ་བྱེད་སྤྱང་ཀིའི་མགོ། ཐར་པའི་སྒོ་འབྱེད་སྒོ་མ་བཞི་རྣམས་ལ།། དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ།། བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ། ཟ་བྱེད་དུར་ཁྲོད་མེ་ཡི་ཧོམ་ཁུང་དུ།། དམར་མོ་མགོ་བརྙན་མི་འཁྲུགས་ཉི་ཤུ་བརྒྱད།། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ།། དབང་ཕྱུག་མཁའ་འགྲོ་ཉི་ཤུ་བརྒྱད།། ལ་ལ་སྨུག་ནག་ཏྲི་ཤཱུལ་ཐོགས་པ་གཡག་གི་མགོ། ལ་ལ་དམར་སྐྱ་རྩེ་ལྔ་ཐོགས་པ་སྦྲུལ་གྱི་མགོ། ལ་ལ་སེར་ནག་དབྱུག་སྡིག་འབྱིན་པ་གཟིག་གི་མགོ། ལ་ལ་དཀར་དམར་རྒྱུ་ཞགས་ཐོགས་པ་སྲེ་མོའི་མགོ། ལ་ལ་སེར་ནག་འཁོར་ལོ་ཐོགས་པ་ཕ་ཝང་མགོ། ལ་ལ་དམར་སྐྱ་དབྱུག་ཏོ་ཐོགས་པ་དྲེད་ཀྱི་མགོ། ལ་ལ་དམར་མོ་རྒྱུ་ཞགས་ཐོགས་པ་དོམ་གྱི་མགོ། ལ་ལ་སྔོ་ནག་རིན་ཆེན་བུམ་པ་ཐོགས་པ་ཆུ་སྲིན་མགོ། ལ་ལ་སྔོ་སྐྱ་ཁོག་སྨད་ཐོགས་པ་སྡིག་པའི་མགོ། ལ་ལ་ལྗང་ནག་ཟངས་གྲི་ཐོགས་པ་ཁྭ་ཡི་མགོ། ལ་ལ་དམར་ནག་རྒྱུ་ཞགས་ཐོགས་པ་ཝ་ཡི་མགོ། ལ་ལ་མཐིང་ནག་སྙིང་ཐོགས་སྟག་གི་མགོ། ལ་ལ་དམར་ནག་འཁོར་ལོ་ཐོགས་པ་བྱ་རྒོད་མགོ། ལ་ལ་དམར་མོ་རྡོ་རྗེ་ཐོགས་པ་རྟ་ཡི་མགོ། ལ་ལ་དམར་མོ་ཟངས་གྲི་ཐོགས་པ་ཁྱུང་གི་མགོ། ལ་ལ་དམར་སེར་ཁོག་སྨད་ཐོགས་པ་ཁྱི་ཡི་མགོ། ལ་ལ་དཀར་དམར་པདྨ་ཞགས་པ་ཐོགས་པ་པུ་ཤུད་མགོ། ལ་ལ་ལྗང་སེར་རོ་ཐོགས་ཤ་བའི་མགོ། ལ་ལ་དམར་ནག་རྔེའུ་ཆུང་རལ་གྲི་ཐོགས་པ་སྤྱང་ཀིའི་མགོ། ལ་ལ་དམར་སེར་གསལ་ཤིང་ཐོགས་པ་སྐྱིན་གྱི་མགོ། ལ་ལ་ནག་མོ་མཆེ་ཞགས་ཐོགས་པ་ཕག་གི་མགོ། ལ་ལ་ལྗང་ནག་རྔེའུ་ཆུང་ཐོགས་པ་ཁྲ་ཡི་མགོ། ལ་ལ་ལྗང་ནག་བམ་ཆེན་ཐོགས་པ་གླང་གི་མགོ། ལ་ལ་ལྗང་ནག་བདུད་རྩི་ཐོགས་པ་རྟ་ཡི་མགོ། ལ་ལ་ནག་མོ་ལྕགས་ཀྱུ་ཐོགས་པ་ཁུ་བྱུག་མགོ། ལ་ལ་སྔོན་མོ་རྒྱུ་ཞགས་ཐོགས་པ་ར་ཡི་མགོ། ལ་ལ་དམར་མོ་ལྕགས་སྒྲོག་ཐོགས་པ་སེང་གེའི་མགོ། ལ་ལ་དམར་ནག་དྲིལ་ཆེན་ཐོགས་པ་སྐྱེ་ཀའི་མགོ། དབང་ཕྱུག་མཁའ་འགྲོ་ཉི་ཤུ་རྩ་བརྒྱད་ལ།། དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། ། བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། གསང་བ་མེ་དཔུང་གི་རྒྱུད་ལས།། སྦྱིན་སྲེག་གི་ལེའུ་སྟེ་དྲུག་པའོ།།།། བཅོམ་ལྡན་ཞི་ཕྲོ་འབར་བའི་ཚོགས།། མེ་དཔུང་འབར་ལ་ཕྱག་འཚལ་ལོ། ། རྫས་དང་ས་གཞི་བརྟགས་ནས་ནི།། མ་དག་པ་ནི་མཚམས་བཅད་དེ།། སྒྲུབ་པ་ནང་གི་དོན་ལ་འཇུག། སྟོང་གསུམ་མེ་རིས་བསྐཽར་བའི་དབུས།། སྲིད་པའི་རི་བོ་བཞི་ཡི་བར།། རྒྱ་མཚོ་ཆེན་པོའི་འཇིང་དཀྱིལ་དུ། ། གསང་བའི་སྒྲུབ་པ་ཆེན་པོ་བརྩམ།། ཕྲོ་བདག་སྲིན་མོ་ལྔ་འདུལ་དཔལ།། གསང་བའི་ཆས་ཀྱིས་རྣམ་པར་བརྒྱན།། ཕྱག་ན་སྲེག་པའི་མེ་དཔུང་བསྣམས།། དེ་ཉིད་འཐོར་རླུང་རྒྱས་པས་འབུད། ། མཚམས་བཅད་བགེགས་ཀྱི་ཚོགས་འདྲོགས་ནས།། དེ་ནས་སྒྲུབ་གནས་གནས་རབ་སྩལ།། དེ་ཡི་གནས་རབ་དམ་པ་ནི།། སྲིད་པའི་གཞལ་ཡས་ཁང་ཆེན་དུ།། སྲིད་པའི་ཡུམ་ལྔ་གསལ་མཆོད་ནས།། དེ་ཡི་ཕོ་བྲང་དམ་པ་རུ། ། འགྲོ་དྲུག་དཔལ་གྱི་རྒྱས་བཏབ་ལ།། རྩི་ཤིང་ནགས་ཚལ་རྒྱན་དུ་བཀྲམ།། བསྐལ་པའི་མེ་དཔུང་འཁྲུགས་དཀྱིལ་དུ།། སྲིད་པའི་འདུ་འཛི་མེད་པར་བྱ། ཁམས་གསུམ་བགེགས་ཆེན་སྟོང་པར་བརྫི། ། སྟོང་གསུམ་ཌཱུ་ཏྲ་དབྱིངས་སུ་མནན།། མཚམས་ཀྱི་རྒྱལ་པོ་མེ་ཡི་ཁྲོ་བདག་གིས།། སྲིད་པའི་མཚམས་ནི་དེ་ལྟར་བཅད།། གཟུགས་ཀྱི་ཕུང་པོ་འཛམ་གླིང་ལ།། སྡུག་བསྔལ་བག་ཆགས་རྐྱེན་གྱི་རྣམས། ། ཐུགས་རྗེ་མེ་ཡིས་མཚམས་བཅད་པས།། མེ་ཡི་རྒྱལ་པོ་ཆེན་པོ་བསྒོམ།། རྣམ་ཤེས་ཁམས་ཀྱི་དཀྱིལ་འཁོར་དུ།། ཉོན་མོངས་ལྔ་ལས་བདེ་བ་ཡང།། རྟོག་པ་ཡེ་ཤེས་མེད་ཕུང་རྒྱས། ཁམས་གསུམ་སྲེག་པའི་དབང་ཕྱུག་གིས། ། ཉོན་མོངས་ལྔ་མཚམས་བཅད་པར་བྱ།། རྩི་ཤིང་རི་བྲག་མ་ལུས་ཀྱང།། མེ་དཔུང་རྒྱལ་པོ་ཁྲོ་བོའི་སྐུ།། འུར་འུར་ཆེམ་ཆེམ་འབར་བའི་འོད།། བསྐལ་པ་སྲེག་བྱེད་རྒྱལ་པོས་མཚམས་བཅད་དོ། ། རཾ་ཀྲོདྷ་རཾ། ཧ་ལ་རཾ། ཏོ་ཤ་ཡ་རཾ། རཾ་རཾ། རཾ་ཏི་ཤཾ། ཀྲོ་བྷི་ཁ་ནཾ་ཡོ་ག་རཾ་ཕཊ། གསང་བའི་དཀྱིལ་འཁོར་ཆེན་པོ་ནི།། ཟླུམ་པོ་ཟླ་གམ་གྲུ་གསུམ་སྟེ།། དེ་ཡི་དབུས་སུ་འབྱུང་བ་ལྔ།། དེ་ཡི་མེ་དཔུང་རྒྱ་གྲམ་དགོད། ། དེ་ཡི་དཀྱིལ་འཁོར་ཕྱི་རིམ་ལ།། ཐོད་པ་རློན་པའི་ཕྲེང་ཆེན་དགོད།། དེ་ཡི་དཀྱིལ་འཁོར་ཕྱི་རིམ་ཡང།། ཞིང་གི་བམ་རིམ་ཕྲེང་བ་དགོད།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ།། རྡོ་རྗེ་རྒྱ་གྲམ་ཕྲེང་བ་དགོད།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ། ། སྣང་བ་ཆེན་པོ་ལྔ་རུ་དགོད།། མིག་ནས་མེ་རི་ཞགས་པས་དྲང།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ།། ཡི་གེ་རཾ་གྱི་ཕྲེང་བས་བསྡོམ།། ཡཾ་ལས་རླུང་གི་ཞགས་པས་དྲང།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ། ། རྡོ་རྗེ་རྩེ་གཅིག་ཕྲེང་ཆེན་ལ།། ཡི་གེ་ཧཱུཾ་གི་ཞགས་པས་དྲང།། དེ་ཡྀ་ཕྱི་རིམ་དཀྱིལ་འཁོར་ལ།། རྡོ་རྗེ་ཕྲེང་ཆེན་ཕྱོགས་མེད་ལ།། ཡི་གེ་ཡཾ་གི་ཞགས་པས་དྲང།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ། ། གཟི་ཆེན་མེ་མར་ཁ་དགུ་གཏམས།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ།། ཐོད་པ་རཀྟས་བཀང་བ་དགོད།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ།། ཟླ་གམ་དགུ་ཡི་དཀྱིལ་འཁོར་དགོད།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ། ། བ་སུ་ཏ་ཡི་ཞགས་པས་དྲང།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ།། མཚོན་ཆ་ལྔ་ཡི་གུར་དབུབ་བོ།། དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས།། དེ་ལ་ཕྱག་རྒྱ་རྫོགས་པར་དགོད།། གསང་བ་མེ་དཔུང་གི་རྒྱུད་ལས། དཀྱིལ་འཁོར་གསལ་བར་བསྟན་པའི་ལེའུ་སྟེ་བདུན་པའོ།།།། མེ་དཔུང་འབར་བའི་དཀྱིལ་འཁོར་ནས། ཁྲོ་བོ་འཇིགས་བྱེད་སྤྱན་འདྲེན་ན།། མེ་དཔུང་རབ་འབར་གདན་ལ་གཤེགས། ། ཧཱུཾ། ནམ་མཁའི་གཏོས་དང་འདྲ་བའི་དཀྱིལ་འཁོར་ནས།། འཇིགས་བྱེད་འབར་བའི་རྒྱལ་པོ་གཤེགས་སུ་གསོལ།། མེ་རི་འབར་བའི་དཀྱིལ་འཁོར་ནས།། གསང་བའི་དཀྱིལ་འཁོར་རབ་བཀོད་ནས། ། ཞིང་རྐྱང་བཀྲམ་པའི་གདན་ལ་བཞུགས།། སྲིད་པའི་རི་བོ་དབུས་ཀྱི་དཀྱིལ།། ཆེན་པོ་ལྔ་ཡི་དུར་ཁྲོད་ཀློང།། རྒྱ་མཚོ་གཏིང་དཔག་ཡངས་པའི་ནང།། མེ་དཔུང་གསང་བའི་གནས་མཆོག་ཏུ།། འཐོར་རླུང་རྡོ་རྗེ་རྒྱ་གྲམ་གཏམས། ། ཆགས་པའི་རཀྟ་རྦ་ཀློང་འཁྲུགས།། ཞིང་གི་རི་རབ་བརྩེགས་པའི་ས།། དུར་ཁྲོད་ཀེང་རུས་ཀ་བར་བརྩེག། དྲེགས་པའི་འཁོར་ལོ་རྩིབས་དང་ལྡན།། ཐོད་རློན་རྣམ་གསུམ་གཞལ་ཡས་འབར། ཁ་བད་ལྕང་ལོ་འཁྱིལ་པས་བརྒྱན།། གནམ་ལྕགས་གཟེར་ཆེན་དབྱིངས་སུ་འདེབས།། དུར་ཁྲོད་གཞལ་ཡས་དེ་ནང་དུ།། དབང་ཕྱུག་ཆེན་པོ་གདན་དུ་བཏིང།། ཨུ་མ་དེ་ཝ་སྣེ་བསྣོལ་ཁར།། ཤར་དུ་དྲི་ཟའི་རྒྱལ་པོ་མནན། ། ལྷོ་རུ་གཤིན་རྗེ་ཡ་མཱན་ཏ།། ནུབ་ཏུ་ཀླུ་བདག་སྦྲུལ་མགོ་ཅན།། བྱང་དུ་གནོད་སྦྱིན་འབོད་སྒྲོགས་མནན།། དབང་ཕྱུག་ལྔ་ཡི་གདན་སྟེང་དུ།། ཞིང་གི་གདན་ཆེན་རེ་རེ་གདིང།། དེ་སྟེང་ཉི་ཟླ་འབར་བའི་གདན། ། དེ་ཡི་དབུས་སུ་ཁྲོ་བདག་བསྒོམ།། ཡི་གེ་འབྲུ་ཚོགས་འོད་འཕྲོས་འདུས།། ཆོ་ག་གསུམ་གྱི་བྱིན་རླབས་ལས།། མེ་དཔུང་ཁྲོ་བོ་ཕྱག་རྒྱར་གསལ།། ཧཱུཾ་ཀྲོ་དྷཱི་ཤྭ་རཱི་ཧེ་རུ་ཀ་པ་ལ་ཤ་ཕཊ།། དབུས་ཀྱི་མེ་དཔུང་དཀྱིལ་འཁོར་ནས། ཁྲོ་བདག་བྷུདྡྷའི་རྒྱལ་པོའི་སྐུ།། སེར་ནག་རལ་པས་མེ་དཔུང་འཐོར།། འབར་བའི་གདན་ལ་སྤྱན་འདྲེན་གཤེགས།། ཤར་གྱི་མེ་དཔུང་དཀྱིལ་འཁོར་ནས། ཁྲོ་བོ་བཛྲ་ཧེ་རུ་ཀ། མཐིང་ནག་རལ་པས་མེ་དཔུང་འཐོར། ། འབར་བའི་གདན་ལ་སྤྱན་འདྲེན་གཤེགས།། ལྷོ་ཡི་མེ་དཔུང་དཀྱིལ་འཁོར་ནས། ཁྲོ་བདག་རཏྣ་རྒྱས་པའི་སྐུ།། སེར་ནག་རལ་པ་མེ་དཔུང་འབར།། འབར་བའི་གདན་ལ་སྤྱན་འདྲེན་གཤེགས། ། ནུབ་ཀྱི་མེ་དཔུང་དཀྱིལ་འཁོར་ནས། ཁྲོ་བདག་པདྨ་རྒྱས་པའི་སྐུ།། དམར་ནག་ནག་པས་མེ་དཔུང་འཐོར།། འབར་བའི་གདན་ལ་སྤྱན་འདྲེན་གཤེགས།། བྱང་གི་མེ་དཔུང་དཀྱིལ་འཁོར་ནས། ཁྲོ་བདག་ལས་ཀྱི་རྒྱལ་པོའི་སྐུ། ། ལྗང་ནག་རལ་པ་མེ་དཔུང་འཐོར།། འབར་བའི་གདན་ལ་སྤྱན་འདྲེན་གཤེགས།། དབྱིངས་ཀྱི་ཡུམ་ཆེན་དཔལ་འབར་མ། ཁྲག་འཐུང་རྒྱལ་མོ་དཔལ་གྱི་ཡུམ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས། ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ།། དབྱིངས་ཀྱི་ཡུམ་ཆེན་དཔལ་འབར་མ། ཁྲག་འཐུང་རྒྱལ་མོ་དཔལ་གྱི་ཡུམ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ།། དབྱིངས་ཀྱི་ཡུམ་ཆེན་དཔལ་འབར་མ། ཁྲག་འཐུང་རྒྱལ་མོ་དཔལ་གྱི་ཡུམ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རཏྣ་ཀྲོ་དྷཱི་ཤྭ་རཱི་སྟྭཾ།། དབྱིངས་ཀྱི་ཡུམ་ཆེན་དཔལ་འབར་མ། ཁྲག་འཐུང་རྒྱལ་མོ་དཔལ་གྱི་ཡུམ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས། ། པདྨ་ཀྲོ་དྷཱི་ཤྭ་རཱི་སྟྭཾ།། དབྱིངས་ཀྱི་ཡུམ་ཆེན་དཔལ་འབར་མ། ཁྲག་འཐུང་རྒྱལ་མོ་དཔལ་གྱི་ཡུམ།། མེ་དཔུང་གདན་ལ་སྤྱན་གཤེགས།། ཀརྨ་ཀྲོ་དྷཱི་ཤྭ་རཱི་སྟྭཾ།། དབྱིངས་ཀྱི་ཡུམ་ཆེན་དཔལ་འབར་མ། ཁྲག་འཐུང་རྒྱལ་མོ་དཔལ་གྱི་ཡུམ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དེ་ལྟར་གསལ་བའི་དཀྱིལ་འཁོར་དུ། ཁྲག་འཐུང་རྒྱལ་མོ་མེ་འབར་མ།། གོ་རཱི་བརྒྱད་རྣམས་སྤྱན་འདྲེན་ན།། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། ། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས།། ཡེ་ཤེས་མ་བརྒྱད་སྤྱན་འདྲེན་ན།། མེ་དཔུང་རབ་འབར་གདན་ལ་གཤེགས།། དུར་ཁྲོད་གླིང་གི་མཐའ་ཤེད་ནས།། ཡ་མཚན་ཆེན་པོ་བསིལ་བའི་ཚལ། ། ཡེ་ཤེས་མ་ཆེན་གཽ་རཱི་མ།། སྔོན་མོ་དབྱུག་ཐོགས་མཆེ་བ་ཅན།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དུར་ཁྲོད་གླིང་གི་མཐའ་ཤེད་ནས།། ཡེ་ཤེས་མ་ཆེན་ཙཽ་རཱི་མ།། སེར་མོ་མདའ་འཕེན་མཆེ་བ་ཅན། ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དུར་ཁྲོད་གླིང་གི་མཐའ་ཤེད་ནས།། ཡེ་ཤེས་མ་ཆེན་པྲ་མོ་ཧེ།། བདུད་རྒྱལ་ཆུ་སྲིན་རྒྱལ་མཚན་ཕྱར།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས། ། དུར་ཁྲོད་གླིང་གི་མཐའ་ཤེད་ནས།། ཡེ་ཤེས་མ་ཆེན་བེ་ཏཱ་ལཱི།། མཐིང་ནག་ཞིང་ཟ་རྡོ་རྗེ་འཕྱར།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དུར་ཁྲོད་གླིང་གི་མཐའ་ཤེད་ནས།། ཡེ་ཤེས་མ་ཆེན་པུཀྐ་སཱི། ། དཀར་སེར་རྒྱུད་ཞགས་མཆེ་བ་ཅན།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དུར་ཁྲོད་གླིང་གི་མཐའ་ཤེད་ནས།། ཡེ་ཤེས་མ་ཆེན་གྷསྨ་རཱི།། སྔོ་ལྗང་ཁྲག་འཐུང་མཆེ་བ་ཅན།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས། ། དུར་ཁྲོད་གླིང་གི་མཐའ་ཤེད་ནས།། ཡེ་ཤེས་མ་ཆེན་སྨ་ཤ་ནཱི།། མཐིང་ནག་སྙིང་ཟན་མཆེ་བ་ཅན།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དུར་ཁྲོད་གླིང་གི་མཐའ་ཤེད་ནས།། ཡེ་ཤེས་མ་ཆེན་ཙནྜ་ལཱི། ། སེར་སྐྱ་མགོ་གཅོད་མཆེ་བ་ཅན།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། བཛྲ་གཽ་རཱི་ཧ་རུ་ལུ་བྷྱོ་ཛཿ། བཛྲ་ཙཽ་རཱི་ཧ་རུ་ལུ་བྷྱོ་ཛཿ། བཛྲ་པྲ་མོ་ཧེ་ཧ་རུ་ལུ་བྷྱོ་ཛཿ། བཛྲ་བེ་ཏཱ་ལཱི་ཧ་རུ་ལུ་བྷྱོ་ཛཿ། བཛྲ་པུཀྐ་སཱི་ཧ་རུ་ལུ་བྷྱོ་ཛཿ། བཛྲ་གྷསྨ་རཱི་ཧ་རུ་ལུ་བྷྱོ་ཛཿ། བཛྲ་སྨ་ཤ་ནཱི་ཧ་རུ་ལུ་བྷྱོ་ཛཿ། བཛྲ་ཙིཎྜ་ལཱི་ཧ་རུ་ལུ་བྷྱོ་ཛཿ། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས།། ཕྲ་མེན་ཆེན་མོ་སྤྱན་འདྲེན་ན།། དབུ་བརྙན་བརྒྱད་རྣམས་སྤྱན་འདྲེན་གཤེགས་སུ་གསོལ། ། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས།། ཟ་བྱེད་ཕྲ་མན་རལ་པ་ཅན།། སེར་མོ་རྔམ་པ་སེང་གེའི་མགོ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས། ། ཟ་བྱེད་ཕྲ་མེན་རལ་པ་ཅན།། དམར་མོ་སྟག་མགོ་འབྲུ་ཚུགས་བལྟ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས།། ཟ་བྱེད་ཕྲ་མེན་རལ་པ་ཅན།། ནག་མོ་ཝ་མགོ་རྐང་ལྡག་མ། ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས།། ཟ་བྱེད་ཕྲ་མེན་རལ་པ་ཅན།། མཐིང་ག་སྤྱང་མོ་རུས་ཆེན་འཇོམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས། ། ཟ་བྱེད་ཕྲ་མེན་རལ་པ་ཅན།། དམར་མོ་རྒོད་མགོ་གྲི་ཐོགས་མ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས།། ཟ་བྱེད་ཕྲ་མེན་རལ་པ་ཅན།། སྣར་མོ་དུར་བྱ་ཞིང་ཁུར་མ། ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས།། ཟ་བྱེད་ཕྲ་མེན་རལ་པ་ཅན།། ནག་མོ་བྱ་རོག་རྒྱུ་ཚིལ་རོལ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རྒྱ་གར་ཡུལ་གྱི་མཐའ་ཤེད་ནས། ། ཟ་བྱེད་ཕྲ་མེན་རལ་པ་ཅན།། མཐིང་ག་འུག་མགོ་གློ་སྙིང་ཟ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། སེང་ཧ་ཧེ་བྷྱོ་རུ་ལུ་བཛྲ་རཾ།། བྱ་གྷྲྀ་ཧེ་བྷྱོ་རུ་ལུ་བཛྲ་རཾ།། སྲྀང་གལ་ཧེ་བྷྱོ་རུ་ལུ་བཛྲ་རཾ།། ཤྭ་ན་ཧེ་བྷྱོ་རུ་ལུ་བཛྲ་རཾ།། གྲྀདྡྷ་ཧེ་བྷྱོ་རུ་ལུ་བཛྲ་རཾ།། ཀང་ཀ་ཧེ་བྷྱོ་རུ་ལུ་བཛྲ་རཾ།། ཀཱ་ཀ་ཧེ་བྷྱོ་རུ་ལུ་བཛྲ་རཾ།། ཧུ་ལུ་ཧེ་བྷྱོ་རུ་ལུ་བཛྲ་རཾ།། དུར་ཁྲོད་གླིང་གི་ཤར་སྒོ་ནས། ཁྲོ་གཏུམ་རྟ་མགོ་རལ་པ་ཅན།། མེ་དཔུང་འབར་བའི་གདན་ལ་གཤེགས། ། དུར་ཁྲོད་གླིང་གི་ལྷོ་ཕྱོགས་ནས།། སྔོན་མོ་ཞགས་འཕེན་ཕག་གི་མགོ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དུར་ཁྲོད་གླིང་གི་ནུབ་སྒོ་ནས།། དམར་མོ་ལྕགས་སྒྲོག་སྡོམ་བྱེད་མ། ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དུར་ཁྲོད་གླིང་གི་བྱང་སྒོ་ནས། ཁྲོ་གཏུམ་སྤྱང་མགོ་རལ་པ་ཅན།། ལྗང་གུ་དྲིལ་འཁྲོལ་རྡུལ་དུ་རློག། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། ཛ་ཛ་ཛ་ཛ། རཾ་རཾ་རཾ་རཾ། རི་རབ་ཆེན་པོའི་ཕྱི་རོལ་ཏུ།། དབང་ཕྱུག་ཆེན་མོ་སྤྱན་འདྲེན་ན།། མེ་དཔུང་རབ་འབར་གདན་ལ་གཤེགས།། སྨུག་ནག་ཁྲག་འཐུང་སྲིན་མོའི་གཟུགས།། ཐོད་རློན་བཀང་བ་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས། ། སེར་ནག་ཁྲག་འཐུང་ཚངས་པའི་གཟུགས།། པདྨ་འདབ་བརྒྱད་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དཀར་ལྗང་ཁྲག་འཐུང་ལྷ་ཡི་གཟུགས།། རྡོ་རྗེ་ཏྲི་ཤཱུལ་ཕྱག་ན་བསྣམས། ། མེ་དཔུང་འབར་བའི་གདན་ལ་གཤེགས།། སྔོན་མོ་ཁྲག་འཐུང་ཁྱབ་འཇུག་གཟུགས།། འཁོར་ལོ་རྩིབས་བརྒྱད་ཕྱག་ན་བསྣམས།། མེ་དཔུང་འབར་བའི་གདན་ལ་གཤེགས།། དམར་མོ་ཁྲག་འཐུང་གཞོན་ནུའི་གཟུགས། ། ཡེ་ཤེས་མདུང་ཐུང་ཕྱག་ན་བསྣམས།། མེ་དཔུང་འབར་བའི་གདན་ལ་གཤེགས།། དཀར་མོ་ཁྲག་འཐུང་བརྒྱ་བྱིན་གཟུགས།། ཨིནྡྲ་རྡོ་རྗེ་ཕྱག་ན་བསྣམས།། མེ་དཔུང་འབར་བའི་གདན་ལ་གཤེགས། ། སེར་མོ་ཁྲག་འཐུང་རྡོ་རྗེའི་གཟུགས།། བྷནྡྷ་རཀྟ་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དམར་མོ་ཁྲག་འཐུང་ཉི་མའི་གཟུགས།། བདུད་རྩི་བུམ་པ་ཕྱག་ན་བསྣམས། ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དཀར་མོ་ཁྲག་འཐུང་ཟ་བའི་གཟུགས།། པུནྡ་དཀར་མོ་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དཀར་མོ་ཁྲག་འཐུང་ཟ་བའི་གཟུགས། ། རྡོ་རྗེ་བྷནྡྷ་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། ལྗང་གུ་ཁྲག་འཐུང་རྡོ་རྗེའི་གཟུགས།། བེ་ཅོན་སྔོན་མོ་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དམར་པོ་ཁྲག་འཐུང་སྲིན་མོའི་གཟུགས། ། བྷནྡྷ་རཀྟ་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། ལྗང་ནག་ཁྲག་འཐུང་ཟ་བའི་གཟུགས།། རྡོ་རྗེ་བ་སུ་ཕྱག་ན་བསྣམས།། མེ་དཔུང་འབར་བའི་གདན་ལ་གཤེགས། ། དམར་མོ་ཁྲག་འཐུང་འཇིགས་པའི་གཟུགས།། རྡོ་རྗེ་ཟངས་གྲི་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དཀར་མོ་ཁྲག་འཐུང་སྟོབས་བཟང་གཟུགས།། རྡོ་རྗེ་གཤོལ་མདའ་ཕྱག་ན་བསྣམས། ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། སེར་མོ་ཁྲག་འཐུང་རྡོ་རྗེའི་གཟུགས།། རྡོ་རྗེ་སྤུ་གྲི་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དམར་མོ་ཁྲག་འཐུང་གཞོན་ནུའི་གཟུགས། ། ཡེ་ཤེས་མདུང་ཐུང་ཕྱག་ན་བསྣམས།། མེ་དཔུང་འབར་བའི་གདན་ལ་གཤེགས།། དཀར་མོ་ཁྲག་འཐུང་འཇིགས་པའི་གཟུགས།། རྡོ་རྗེ་བུམ་པ་ཕྱག་ན་བསྣམས།། མེ་དཔུང་འབར་བའི་གདན་ལ་གཤེགས། ། ལྗང་མོ་ཁྲག་འཐུང་འཇིགས་པའི་གཟུགས།། བ་དན་ལྗང་གུ་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། སྔོན་མོ་ཁྲག་འཐུང་གླང་གི་མགོ། རྡོ་རྗེ་བྷནྡྷ་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས། ། དམར་མོ་ཁྲག་འཐུང་འཇིགས་པའི་གཟུགས།། རྡོ་རྗེ་རལ་གྲི་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། དམར་མོ་ཁྲག་འཐུང་མེ་ལྷའི་གཟུགས།། རྡོ་རྗེ་གསལ་ཤིང་ཕྱག་ན་བསྣམས། ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། སྐུ་མདོག་སྨུག་ནག་ཕག་གི་གཟུགས།། རྡོ་རྗེ་ཞགས་པ་ཕྱག་ན་བསྣམས།། མེ་དཔུང་འབར་བའི་གདན་ལ་གཤེགས།། དམར་མོ་ཁྲག་འཐུང་ཆུ་ལྷའི་གཟུགས། ། རྡོ་རྗེ་སྦྲུལ་ཞགས་ཕྱག་ན་བསྣམས།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རི་རབ་ཆེན་པོའི་ཤར་ཕྱོགས་ནས།། ནག་མོ་ལྕགས་ཀྱུ་འདྲེན་བྱེད་མ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རི་རབ་ཆེན་པོའི་ལྷོ་ཕྱོགས་ནས།། སེར་མོ་ར་མགོ་ཞགས་པ་མ།། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས།། རི་རབ་ཆེན་པོའི་ནུབ་ཕྱོགས་ནས།། དམར་མོ་སྡོམ་བྱེད་སེང་གེའི་མགོ། མེ་དཔུང་གདན་ལ་སྤྱན་འདྲེན་གཤེགས། ། རི་རབ་ཆེན་པོའི་བྱང་སྒོ་ནས།། སྣ་ཚོགས་ལྗང་གུ་དྲིལ་འཁྲོལ་མ།། མེ་དཔུང་འབར་བའི་དཀྱིལ་འཁོར་དུ།། སྤྱན་འདྲེན་མཆོད་སྟོབས་བསྙེན་པ་འབུལ།། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ།། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ།། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ།། རཾ་རཾ་རཾ་རཾ་རཾ་རཾ་རཾ།། རཾ་རཾ་རཾ་རཾ་རཾ་རཾ་རཾ།། རཾ་རཾ་རཾ་རཾ་རཾ་རཾ་རཾ།། རཾ་རཾ་རཾ་རཾ་རཾ་རཾ་རཾ།། གདུང་བའི་ཚུལ་གྱིས་དངོས་གྲུབ་བླང།། དེ་ནས་བདག་ཉིད་ཐིག་ལེས་གདབ། ། སྤྱན་དྲངས་བཟོད་གསོལ་ཕྲིན་ལས་བཅོལ།། གསང་བ་མེ་དཔུང་གི་རྒྱུད་ལས། སྒྲུབ་པ་ལས་རྒྱ་མཚོའི་ལེའུ་སྟེ་བརྒྱད་པའོ།།།། རྡོ་རྗེ་མེ་དཔུང་དཀྱིལ་འཁོར་དུ། ། ལྕགས་ཀྱུ་ཞགས་པ་ཐོ་བ་གྲི།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་དུ།། འཁོར་ལོ་རྩིབས་བརྒྱད་རྣོན་པོ་ལ། ཕྲ་མེན་ཤ་ཟ་བརྒྱད་རྣམས་དགོད།། བསྐལ་པའི་མེ་རིས་འཁྲིགས་པ་བྲི།། དེ་ཡི་ཕྱི་རོལ་དཀྱིལ་འཁོར་དུ། ཁྲག་གི་རྒྱ་མཚོའི་གཟུགས་བྲིས་ལ།། དེ་ཡི་ཞབས་སུ་རུས་ཆེན་དགོད།། ཐ་མ་མེ་རི་དམར་པོ་དགོད།། དཀྱིལ་འཁོར་དེ་ཡི་ཡང་ཐོག་ཏུ། ཁྲོ་བདག་མེ་ཡི་རྒྱལ་པོ་བྲི།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི།། སྒྲུབ་པ་ཆེན་པོ་བརྩམ་པའི་ཕྱིར། ། བགེགས་ཀྱི་རྒྱལ་པོ་རཱུ་ཏྲ་བསྒྲལ།། དེ་ཡི་ཆོ་ག་ཆེན་པོ་བསྟན།། ཐར་ལམ་གནས་བརྟན་དཔལ་གྱི་དཀྱིལ་འཁོར་དུ།། འབྱུང་པོ་གཏུམ་པོ་གདོལ་པ་ཅན།། མཐར་བྱེད་སྒྲུབ་པ་འདི་ལ་བསྒྲུབ། ། དུག་ལྔ་གཏན་དུ་འབར་བ་འདི།། མཚོན་ཆ་ལྔ་ཡིས་སྦྱང་བར་བྱ།། དེ་ཡི་དྲག་པོའི་གྲི་ཐོགས་ནས།། ཤིན་ཏུ་བཤུངས་ཏེ་སྨྲེ་སྔགས་འདོན།། ཐུགས་རྗེའི་བདག་པོའི་ཞབས་དྲུང་དུ།། སྨྲེང་བའི་ཚུལ་གྱིས་འདི་སྐད་གསོལ། ། འབངས་སུ་མཆིའོ་འབངས་སུ་མཆི།། འབངས་སུ་ནན་ཏན་མ་བགྱིས་ན།། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང།། དུམ་བུ་བརྒྱར་ནི་གཏུབ་པར་འགྱུར།། རུལ་མྱགས་ཟག་ནས་ཉམས་པར་བྱེད།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། ། རྡོ་རྗེ་མེ་དཔུང་འབར་བ་ཡིས།། རབ་ཏུ་བསྲེགས་ཤིང་རྡུལ་དུ་རློགས། དེ་ཕྱིར་དཔལ་ཆེན་ཞབས་དྲུང་དུ།། བདག་ཅག་རྣམས་ནི་སྐྱབས་སུ་མཆི།། ཞེས་སྨྲེ་སྔགས་འདོན་ནོ།། དེ་ནས་དཔལ་ཆེན་མེ་ཡི་རྒྱལ་པོ་ཡིས། ། རྔམ་པའི་སྐད་གྱིས་སྡུག་བསྔལ་སྦྱངས།། རྡོ་རྗེའི་ཞབས་ཀྱི་འོག་ཏུ་བརྫིས།། འགྱུར་བཟློག་མེད་པར་རབ་ཏུ་བསྡུས།། བསྒྲུབ་ཆེན་བརྩམ་ཕྱིར་རཱུ་ཏྲ་བསྒྲལ།། གཏུམ་ཁྲོ་གདུག་པའི་ཚོགས་བཅས་གཞོམ་པའི་ཕྱིར། ཁམས་གསུམ་སྲེག་བྱེད་མེ་དཔུང་དཔལ་གྱི་སྐུ།། འཇིགས་པའི་ཚམ་རྔམས་གློག་ལྟར་འགྱུ།། བདུད་འདུལ་ཁྲོ་རྒྱལ་དཔལ་ཆེན་ཧེ་རུ་ཀ། རཱུ་ཏྲ་བསྒྲལ་ཕྱིར་ཆེ་བའི་ང་རྒྱལ་བསྐྱེད། ། འཛམ་གླིང་ལྷོ་ཡི་གླིང་ཁམས་ནས།། དབང་ཕྱུག་བདུད་ཀྱི་བསྒྲལ་ཐབས་འདི།། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་བསྟན།། ལག་བརྐྱང་རྐང་བརྐྱང་ཕོ་བྲང་བསྐྱེད། ། ཐོ་བ་ལྕགས་ཀྱུ་སྤུ་གྲི་ཡིས།། དུག་གསུམ་བསྒྲལ་ཕྱིར་འཇིགས་ཚུལ་བསྟན།། བདུད་མ་ཏྲཾ་ཐལ་ཁ་སྔོ་སྐྱ་ལ།། ལུས་པོ་རི་རབ་ཀྱི་གཏོས་ཙམ་དེ་མགོ་ལྷོ་ནུབ་མཐའ་ཐུག་པ་མེད་པ། རྐང་པ་བྱང་ཤར་མཐའ་ཐུག་པ་མེད་པ་དེར་བསྒྱེལ་ཏོ། ། སྙིང་ནི་དུར་ཁྲོད་བསིལ་བའི་ཚལ།། རྒྱ་གར་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་གཽ་རཱི་མ།། སྔོན་མོ་དབྱུག་ཏོ་ཐོད་པས་བསྒྱིངས།། མེ་དཔུང་ཟླ་གམ་དཀྱིལ་འཁོར་དུ།། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། ། ལག་པ་གཡས་ནི་ལི་ཡུལ་གྲུབ་པའི་ཚལ།། ལི་ཡི་ཡུལ་དུ་གྲུབ་པ་མོ།། མ་མོ་ཆེན་མོ་ཙོ་རཱི་མ།། ཙཽ་རཱི་མདའ་འགེངས་རལ་པས་བསྒྱིངས།། མེ་དཔུང་ཟླ་གམ་དཀྱིལ་འཁོར་དུ། ། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ།། ལག་གཡོན་བལ་ཡུལ་གྲུབ་པའི་ཚལ།། མ་མོ་ཆེན་མོ་པྲ་མོ་ཧེ།། པྲ་མོ་ཆུ་སྲིན་རྒྱལ་མཚན་བསྣམས།། མེ་དཔུང་ཟླ་གམ་དཀྱིལ་འཁོར་དུ།། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། ། རྐང་གཡས་ཐོ་གར་དུར་ཁྲོད་ཚལ།། ཐོ་གར་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་བེ་ཏཱ་ལཱི།། བེ་ཏཱ་བྱི་ཟ་རྡོར་འཕྱར་ནག། མེ་དཔུང་འབར་བའི་དཀྱིལ་འཁོར་དུ།། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། ། རྐང་གཡོན་ཟ་ཧོར་གྲུབ་པའི་ཚལ།། མ་མོ་ཆེན་མོ་པུཀྐ་སཱི།། དམར་སེར་རྒྱུ་འདྲེན་རལ་པ་ཅན།། མེ་དཔུང་འབར་བའི་དཀྱིལ་འཁོར་དུ།། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ།། ལྟེ་བ་ཨཽ་ཌྱན་གྲུབ་པའི་ཚལ། ། ཨཽ་ཌྱན་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་གྷསྨ་རཱི།། གྷསྨ་དུང་དམར་ཁྲག་འཐུང་ལྗང།། མེ་དཔུང་འབར་བའི་དཀྱིལ་འཁོར་དུ།། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ།། ཕོ་མཚན་སིངྒ་གྲུབ་པའི་ཚལ། ། སིངྒའི་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་སྨ་ཤ་ནཱི།། སྨ་ཤ་མཐིང་ནག་བྱིས་སྙིང་ཟ།། མེ་དཔུང་ཟླ་གམ་དཀྱིལ་འཁོར་དུ།། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ།། མཁལ་མ་དུར་ཁྲོད་གླིང་དགུའི་ཚལ། ། གླིང་དགུའི་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་པོ་ཙཎྜ་ལཱི།། ཙཎྜ་སེར་སྐྱ་མགོ་ལུས་འདྲལ།། མེ་དཔུང་ཟླ་གམ་དཀྱིལ་འཁོར་དུ།། རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ།། རཱུ་ཏྲའི་གཟུགས་ཀྱི་ཕུང་པོ་ལ། ། ཕྲ་མེན་དུར་ཁྲོད་གནས་གྲུབ་པའི།། མ་མོ་སྤྱན་འདྲེན་གཤེགས་སུ་གསོལ།། གྲུ་མོ་གཡས་གཡོན་མཁྲིག་མར་བསྣོལ།། རྐང་བ་གཡས་གཡོན་གླིང་མོ་བསྣོལ།། ཐར་པ་ཆེན་པོའི་གནས་བརྒྱད་ལས།། ཟླ་གམ་དམར་པོའི་དཀྱིལ་འཁོར་ལ། ། མེ་དཔུང་མང་པོའི་ཕྲེང་དུ་བསྐོར།། ཤ་ཟ་ཁྲག་འཐུང་མགོ་བརྙན་སོགས།། ལ་ལ་སེང་གེ་རྔམས་པའི་ཚོགས།། ལ་ལ་དཔའ་བརྟུལ་སྟག་གི་ཚོགས།། ལ་ལ་སྒྲོལ་བྱེད་ཁྲག་ལྡག་ཝ། ། ལ་ལ་རུས་འཇོམས་རྔམ་པའི་གཟུགས།། ལ་ལ་ལྡིང་ཚོགས་བྱ་རྒོད་གཟུགས།། ལ་ལ་དུར་བྱ་ཞིང་ཁུར་ཚོགས།། ལ་ལ་རྔམ་སྟབས་བྱ་རོག་གཟུགས།། ལ་ལ་ནང་ཁྲོལ་འཇོམས་པ་འུག་པའི་གཟུགས། ། དུར་ཁྲོད་མེ་ཡི་དཀྱིལ་འཁོར་དུ།། མགྱོགས་ཚོགས་ཕྲ་མེན་སྤྱན་འདྲེན་ན།། རྔམས་པའི་སྟབས་ཀྱིས་གཤེགས་སུ་གསོལ།། ཤར་སྒོ་ཟླ་གམ་མེ་དཔུང་དཀྱིལ་འཁོར་དུ།། འགུགས་པའི་རོལ་ཚོགས་སྤྱན་འདྲེན་ན། ། རྔམས་པའི་སྟབས་ཀྱིས་གཤེགས་སུ་གསོལ།། ལྷོ་སྒོ་ཟླ་གམ་མེ་དཔུང་དཀྱིལ་འཁོར་དུ།། འཆིང་བའི་རོལ་ཚོགས་སྤྱན་འདྲེན་ན།། རྔམས་པའི་སྟབས་ཀྱིས་གཤེགས་སུ་གསོལ།། ནུབ་སྒོ་ཟླ་གམ་མེ་དཔུང་དཀྱིལ་འཁོར་དུ། ། སྡོམ་བྱེད་རོལ་ཚོགས་སྤྱན་འདྲེན་ན།། རྔམས་པའི་སྟབས་ཀྱིས་གཤེགས་སུ་གསོལ།། བྱང་སྒོ་ཟླ་གམ་མེ་དཔུང་དཀྱིལ་འཁོར་དུ།། རློག་བྱེད་རོལ་ཚོགས་སྤྱན་འདྲེན་ན།། རྔམས་པའི་སྟབས་ཀྱིས་གཤེགས་སུ་གསོལ། ། སྔོ་སྐྱ་ཐལ་སྐྱ་རཱུ་ཏྲའི་གཟུགས།། གདོལ་བ་དྲག་པོ་མི་བཟད་པ།། གསོད་ལ་འཇིགས་པ་གཟུགས་ཀྱིས་སྒྲོལ། ཁ་ཊྭཱཾ་འབར་བའི་ཕྱག་རྒྱ་ཡིས།། རོལ་པའི་སྟབས་ཀྱིས་རཱུ་ཏྲ་བསྒྲལ།། འཛམ་བུའི་གླིང་གི་དཀྱིལ་འཁོར་ན། ། སྟོང་གསུམ་ཐར་པ་རཱུ་ཏྲའི་གཟུགས།། འབྱུང་བ་ལྔ་ཡི་ཆ་ལས་སྐྱེས།། གཟུགས་ཀྱི་ཕུང་པོའི་སྡུག་བསྔལ་འདི།། ས་མེ་ཆུ་རླུང་ནམ་མཁའ་ལྔས།། འཐོར་བྱེད་ཆེན་པོས་དབྱིངས་སུ་སྦྱོར།། ཞེ་སྡང་འདུས་པའི་ཕུང་པོ་ལ། ། ཡི་གེ་ཧཱུཾ་གིས་བཞུ་བཏུལ་ནས།། གནས་འགྱུར་རྡོ་རྗེ་སེམས་དཔའ་གཙོ།། ས་གཞི་ཡུམ་གྱི་ངང་དུ་སྦྱོར།། དེ་ལྟར་རྫོགས་ཏེ་མཐའ་ཡས་མཆོག། ཉོན་མོངས་ལྔ་ཡི་ཕུང་པོ་ལ།། འབྱུང་ལྔ་གནས་འགྱུར་ཐར་པའི་སྐུ། ། འབར་བའི་གནས་སུ་གསལ་བཀོད་ནས།། ཕུང་པོ་ལྔ་གནས་དཀྱིལ་འཁོར་དུ།། གནས་འགྱུར་དབང་མོ་ལྔ་ཡི་སྐུ།། སྲིད་པའི་མ་ལྔས་ཐུགས་རྗེས་བསྒྲལ།། མ་ཏྲཾ་གཟུགས་ཀྱི་ཕུང་པོ་ནི། ། དུར་ཁྲོད་མེ་ཡི་གནས་བརྒྱད་དང།། དུར་ཁྲོད་ཕྱེད་དང་གསུམ་དུ་སྣང།། མཉམ་གཞག་ཕུང་པོའི་དཀྱིལ་འཁོར་དུ།། ལྔ་བཅུ་རྩ་བརྒྱད་དབྱིངས་སུ་གསལ།། ལྷག་མཐོང་ལས་ཀྱི་དཀྱིལ་འཁོར་དུ།། ཐུགས་རྗེས་རྨད་བྱུང་རོལ་པ་ལས། ། སྤར་བའི་ལས་མཆོག་ཆེན་པོ་བརྩམ།། གསང་བ་མེ་དཔུང་གི་རྒྱུད་ལས། བདུད་བཏུལ་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ལས་བཞི་བསྒྲུབ་པའི་ཕྱིར།། དབུས་སུ་དཀྱིལ་འཁོར་ཟླུམ་པོ་བྲི། ། ཤར་དུ་ཞི་བ་ཟླུམ་པོ་བྲི།། དྲག་པོ་ཟུར་གསུམ་ལྷོ་རུ་བྲི།། འདོད་ཆགས་ཟླ་གམ་ནུབ་ཏུ་བྲི།། རྒྱས་པ་ཆེན་པོ་བྱང་དུ་བྲི།། ཕུང་པོ་ལྔ་དང་ཚོན་ལྔ་དང།། སྨན་ལྔ་དང་ནི་རྫས་ལྔ་དང།། ཡུམ་ལྔ་དང་ནི་རྒྱུ་ཡབ་ལྔ། ། ཞིབ་ཏུ་བསགས་ལ་ཕྲིན་ལས་བརྩམ།། དེ་ནས་ལྷ་ཏིང་གསལ་བ་དང། འཕྲོ་འདུ་གསལ་ལ་ཕྲིན་ལས་བཅོལ།། རྫོགས་པའི་ལས་ནི་རྣམ་བཞི་བརྩམ།། དེ་ནས་ཆེ་བའི་ང་རྒྱལ་བསྐྱེད།། གྲུབ་པའི་ཏིང་འཛིན་བརྩོན་པར་བསྒོམ། ། གསང་བ་མེ་དཔུང་གི་རྒྱུད་ལས། ལས་རྣམ་བཞིའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་བསྒྲུབ་པ་བརྩམ་པའི་ཕྱིར།། མེ་ཡི་དཀྱིལ་འཁོར་བཞེངས་པ་ནི།། དབུ་དག་བརྟགས་པའི་གནས་སུ་བརྩམ། ། མ་དག་པ་ཡི་མཚམས་བཅད་བརྟག། དངོས་གྲུབ་གནས་རབ་བཙལ་བར་བྱ།། རྩི་ཤིང་ནགས་ཚལ་རྒྱས་པའམ།། བཀྲ་ཤིས་དབེན་པའི་ས་ཕྱོགས་སུ།། བསྒྲུབ་པ་ཆེན་པོ་བརྩམ་པའི་ཕྱིར། ། དེ་ཡི་ལག་ཆ་མཆོག་ཏུ་བསྔགས།། མཚོན་ཆ་ལྔ་དང་རྫས་ལྔ་དང།། སྨན་ལྔ་དང་ནི་འབྲས་བུ་ལྔ། ཁྲག་ལྔ་དང་ནི་འོ་མ་ལྔ།། ཤ་ལྔ་ཆུ་ལྔ་དུག་ལྔ་དང།། དེ་ཡི་བླུག་སྣོད་དམ་པ་ནི།། རུས་སྦལ་མགོ་འམ་ཞལ་བུའམ། ། སྦྲང་རྩི་བུམ་མགོ་རྒྱལ་རིགས་མགོ།། དངུལ་ལམ་ཟངས་ཕོར་གང་ཡང་རུང།། གང་ཡང་རུང་བར་སྩལ་ཏེ་བསྒྲུབ།། དབུས་སུ་རིན་ཆེན་ཟུར་བརྒྱད་བྲི།། ཤར་དུ་ཟླུམ་པོ་བྲིས་ནས་ནི།། རྡོ་རྗེའི་ར་བས་དེ་ལ་བསྐོར། ། ལྷོ་རུ་གྲུ་གསུམ་བརྩེགས་པ་བྲི།། མེ་ཡི་སྤུ་གྲི་འབར་བས་བསྐོར།། ནུབ་ཏུ་ཟླ་གམ་གཅིག་པ་བྲི།། རྡོ་རྗེ་རྒྱ་གྲམ་འབར་བས་བསྐོར།། བྱང་དུ་གྲུ་བཞི་རྒྱས་པ་བྲི།། འཇའ་ཚོན་སྣ་ལྔས་དེ་ལ་བསྐོར།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་དུ། ། ཐོད་པའི་ཕྲེང་བས་བསྐོར་བར་བྱ།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ།། མར་མེ་དགུ་ཡང་དྲི་བར་བྱ།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་དུ།། ཟླ་གམ་བཅུ་དྲུག་བྲིས་པ་ལ།། མེ་དཔུང་འབར་བས་བསྐོར་བ་བྲི། ། དེ་ཡི་ཕྱི་རིམ་དཀྱིལ་འཁོར་དུ།། སྒོ་བཞི་ཟླ་གམ་བྲི་བར་བྱ།། མེ་ཡི་ཕྲེང་བས་བསྐོར་བར་བྱ།། དེ་ཡི་ཕྱི་རིམ་དཀྱིལ་འཁོར་ལ།། མཚོན་ཆ་ལྔ་ཡིས་བསྐོར་བ་ལ།། བ་སུ་ཏ་ཡི་རྒྱུ་ཕྲེང་བྲི།། དེ་ལྟར་བྲིས་པའི་དཀྱིལ་འཁོར་དབུས་སུ་ནི། ། བྱང་ཆུབ་སེམས་ལ་སྤྱན་གྱིས་བསྐོར།། ཡི་གེ་ཧཱུཾ་གིས་བཞུ་བཏུལ་བྱ།། ཤར་དུ་དྲི་ཆེན་རྫས་ཀྱིས་བསྐོར།། ཡི་གེ་ཨོཾ་གྱིས་བཞུ་བཏུལ་བྱ།། ལྷོ་རུ་ཤ་ཆེན་རྫས་ཀྱིས་བསྐོར།། ཡི་གེ་སྭཱ་ཡིས་བཞུ་བཏུལ་བྱ། ། ནུབ་ཏུ་རཀྟའི་རྫས་ཀྱིས་བསྐོར།། ཡི་གེ་ཨཱཾ་གིས་བཞུ་བཏུལ་བྱ།། བྱང་དུ་དྲི་ཆུའི་རྫས་ཀྱིས་བསྐོར།། ཡི་གེ་ཧཱ་ཡིས་བཞུ་བཏུལ་བྱ།། རྫས་ལྔ་ཚོམ་བུ་ལྔ་རྫོགས་ནས།། ཉེ་བའི་བསྙེན་པ་ཞག་གཅིག་བགྲང། ། དེ་ནས་རྫས་ཀྱི་རྟོག་པ་སྦྱངས།། ཚོམ་བུ་ལྔ་ཡི་འོད་ཟེར་འཕྲོ། ཁྲོ་བོ་ལྔ་ཡི་སྤྲུལ་པ་འགྱེད།། ཉེ་བའི་བསྙེན་པ་དེ་རྫོགས་ནས།། བསྡུས་ནས་བདུད་རྩིར་བཏག་བཙག་བྱ།། འཕྲོ་འདུ་ལྔ་ཡི་དཀྱིལ་འཁོར་དུ། ། དགུ་པའི་འཛབ་ཀྱིས་བསྙེན་པ་བྱ།། བཏགས་ནས་བྷནྡྷའི་ནང་དུ་སྩལ།། ཚོམ་བུ་ལྔ་ཡི་རྒྱས་བཏབ་དབུས་སུ་སྒྲུབ།། གྲུབ་རྟགས་རྣམ་ལྔ་གང་བྱུང་ཡང།། དངོས་གྲུབ་དབང་བསྐུར་མཆོད་པ་འབུལ། ། བདེར་གཤེགས་ལྷ་ལ་གཏང་རག་གཏང།། སྒྲུབ་པ་པོ་ཡང་བཀྲ་ཤིས་གསོལ།། ཐུབ་པའི་ཏིང་འཛིན་རྩེ་གཅིག་བསྒོམ།། ནན་ཏན་གྱིས་ནི་མཆོག་ཏུ་བསྒྲུབ།། བསྒྲུབ་པའི་འབྲས་བུ་ཆུད་མི་ཟ།། གསང་བ་མེ་དཔུང་གི་རྒྱུད་ལས། བདུད་རྩི་བསྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། རྔམ་པའི་ཐུགས་རྗེ་མེ་ཡི་དཀྱིལ་འཁོར་དུ།། དབང་ཕྱུག་ཆེན་པོ་ལྷ་ཚོགས་ཀུན་གྱི་རང་བཞིན་ཏེ།། འདོད་སྤྱོད་སྙིང་རྗེས་བརླན་ཏེ་རྫས་ལྔ་བསྒྲུབ། ། བཅོམ་ལྡན་ཚེ་ཡི་ལྷ་ལ་དངོས་གྲུབ་སློང།། ཞལ་བུ་བཀྲ་ཤིས་ཕྲ་མེན་བདུད་རྩི་མཆོག་གི་སྨན་སྩལ་བར།། འབྲུ་ལྔ་གསལ་བཀོད་འཕྲོས་པའི་བྱིན་རླབས་ལས།། སྦོམ་པོ་དབང་མོའི་རྩེ་ལ་ཧྲཱིཿབསྒོམ་སྟེ། ། དུག་གསུམ་སྐྱོན་གསལ་བདུད་རྩི་ལྔ་ཡི་ངང།། བསྙེན་པ་ཉེ་བསྙེན་བསྒྲུབ་པ་དང།། བསྒྲུབ་པ་ཆེན་པོའི་རབ་སྒྲུབ་ཤིང།། བསྙེན་པའི་དངོས་གྲུབ་སྩལ་དུ་གསོལ།། གསང་མཆོག་པདྨ་འདབ་བརྒྱད་དཀྱིལ་འཁོར་དུ། ། སྒྲུབ་པ་པོ་ཡི་དངོས་གྲུབ་ཟླ་སྲོག་སྩལ་དུ་གསོལ།། དབུས་ཀྱི་ཞལ་བུ་མཚན་ལྡན་ལ།། འཆི་མེད་བདུད་རྩི་བྱང་ཆུབ་སེམས།། ཉེ་བའི་བསྙེན་པས་རབ་སྦྱངས་ཏེ།། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀའི། ། གཉིས་མེད་རོལ་པའི་དངོས་གྲུབ་སྩོལ།། ཤར་གྱི་ཞལ་བུ་དཔལ་ལྡན་དུ།། འཆི་མེད་བདུད་རྩི་དྲི་ཆེན་སྨན།། ཉེ་བའི་བསྙེན་པས་རབ་སྦྱངས་ཏེ།། བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀའི།། གཉིས་མེད་རོལ་པའི་དངོས་གྲུབ་སྩོལ། ། ལྷོ་ཡི་ཞལ་བུ་བཀྲ་ཤིས་ལ།། འཆི་མེད་བདུད་རྩི་ཤ་ཆེན་སྨན།། ཉེ་བའི་བསྙེན་པས་རབ་སྦྱངས་ཏེ།། བཅོམ་ལྡན་དཔལ་ཆེན་རཏྣ་ཧེ་རུ་ཀའི།། གཉིས་མེད་རོལ་པའི་དངོས་གྲུབ་སྩོལ།། ནུབ་ཀྱི་ཞལ་བུ་དབང་ལྡན་ལ། ། འཆི་མེད་བདུད་རྩི་རཀྟ་སྨན།། ཉེ་བའི་བསྙེན་པས་རབ་སྦྱངས་ཏེ།། བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀའི།། གཉིས་མེད་རོལ་པའི་དངོས་གྲུབ་སྩོལ།། བྱང་གི་ཞལ་བུ་རྟགས་ལྡན་ལ། ། འཆི་མེད་བདུད་རྩི་དྲི་ཆུ་སྨན།། ཉེ་བའི་བསྙན་པས་རབ་སྦྱངས་ཏེ།། བཅོམ་ལྡན་དཔལ་ཆེན་ཀརྨ་ཧེ་རུ་ཀའི།། གཉིས་མེད་རོལ་པའི་དངོས་གྲུབ་སྩོལ།། འཛམ་བུ་བཀྲ་ཤིས་དཀྱིལ་འཁོར་དུ།། མ་ཆེན་གཽ་རཱི་བརྒྱད་ཚོགས་ལ། ། ཉེ་བར་བསྒྲུབས་པའི་དངོས་གྲུབ་སྩོལ།། གསལ་བའི་མེ་མར་དགུ་བལྟམས་ལ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་སྩོལ།། རོལ་བའི་ཕྲ་མེན་བརྒྱད་རྣམས་ལ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་སྩོལ། ། ཟླ་གམ་དམར་པོའི་སྒོ་བཞི་ལ།། འཇོམས་པའི་ཁྲོ་མོ་བརྒྱད་རྣམས་ལ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་སྩོལ།། ཕྱི་རོལ་ཟླ་གམ་ཉི་ཤུ་རྩ་བརྒྱད་ལ།། དབང་ཕྱུག་མཁའ་འགྲོ་ཉི་ཤུ་བརྒྱད།། དབང་མཛད་མཐུ་ཡི་དངོས་གྲུབ་སྩོལ། ། དུས་གསུམ་རྒྱལ་བ་ཁྲག་འཐུང་རོལ་པའི་འཁོར།། ཕྱག་བརྙན་འཇིག་ཚོགས་བཀའ་ཡི་དངོས་གྲུབ་སྩོལ།། ཕོ་ཉ་མངག་པའི་དཀྱིལ་འཁོར་ནས།། འགུགས་པ་ལས་ཀྱི་དངོས་གྲུབ་སྩོལ། ། ཉེ་བར་བསྒྲུབ་པའི་དམ་ཚིག་ལ།། ཡི་དམ་ལྷ་ཡི་དངོས་གྲུབ་སྩོལ།། མཐོལ་བཤགས་མཆོད་སྟོབས་དངོས་གྲུབ་སྩོལ།། བྱིན་རླབས་དབང་མཆོག་བསྐུར་དུ་གསོལ།། ནན་ཏན་མཆོག་ཏུ་བསྐྱེད་པ་གསུངས། ། ལྔ་བཅུ་རྩ་བརྒྱད་དབྱིངས་ཀྱི་ལྷ།། བསྡུ་བའི་གནས་ནི་སྐུ་གསུང་ཐུགས།། སྐུ་གསུང་ཐུགས་ནི་རྡོ་རྗེ་ཆེ།། རྡོ་རྗེ་ལྟ་བུའི་དངོས་གྲུབ་སྩོལ།། གསང་བ་མེ་དཔུང་གི་རྒྱུད་ལས། མེ་དཔུང་དངོས་གྲུབ་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། །།། ད་ནི་སྦྱོར་བ་རྒྱན་གྱི་ལེའུ་འབྱུང་སྟེ།། ག་ཎ་སྦྱོར་བའི་དཀྱིལ་འཁོར་དུ།། གསང་མཆོག་སྦྱོར་བའི་ལུང་བསྟན་ཏེ།། མཚན་ལྡན་བཀྲ་ཤིས་གསང་བའི་ཡུམ།། སྨིན་ཁྱུག་རིང་ལ་ལག་སོར་ཕྲ། ། ཚིགས་མདོ་ཟླུམ་ཞིང་ཕྲ་ཞེས་བཤད།། མིག་ནི་ཟུར་གསུམ་གདོང་མདོག་ཕྱེད། ཁ་ནས་ཨུདྤལ་ངད་ལྡང་ཞིང།། ལུས་ལ་ག་པུར་ཙན་དན་དྲི།། དྲི་ཞིམ་མཚན་ལྡན་སྐེད་སྐབས་ཕྱེད།། སྐྲ་འཇམ་ནག་པོའི་མཐོན་མཐིང་འཁྱིལ། ། སྐད་ནི་ངང་པ་གཞོན་ནུའི་སྐད།། སྙན་པར་སྒྲོགས་ཤིང་མཛེས་ཚུལ་སྟབས་དང་ལྡན།། འདི་ནི་བཀྲ་ཤིས་མཚན་ལྡན་པའི།། མི་མོ་མཛེས་པའི་བློ་གྲོས་ཡིན།། དེ་ལ་སྦྱོར་བའི་ཆོ་ག་ནི། ། ཡུམ་གྱི་གཟུགས་ཀྱི་ཕུང་པོ་ལ།། བདེ་བར་གཤེགས་པའི་ས་བོན་ལྔ།། འཕྲོ་འདུ་ལྔ་ཡི་བྱིན་རླབས་ལས།། སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ།། ཨོཾ་ལྡན་འབར་བའི་ཚོགས་བཅས་བསྒོམ།། རྒྱས་བཏབ་བྱིན་བརླབ་དབང་བསྐུར་ནས། ། སྣང་མཛད་ཆེན་པོའི་སྐུ་མཆོག་བསྒོམ།། སྙིང་གའི་ཉི་མའི་དཀྱིལ་འཁོར་དུ།། ཧཱུཾ་ལྡན་གསལ་བའི་ཚོགས་སུ་བསྒོམ།། རྒྱས་བཏབ་བྱིན་བརླབ་དབང་སྐུར་ནས།། རྡོ་རྗེ་སེམས་དཔའི་སྐུ་མཆོག་བསྒོམ། ། ལྟེ་བར་རིན་ཆེན་དཀྱིལ་འཁོར་ལ།། སྭཱ་ལྡན་གསལ་བའི་ཚོགས་སུ་བསྒོམ།། རྒྱས་བཏབ་བྱིན་བརླབ་དབང་བསྐུར་ནས།། རིན་ཆེན་སེམས་དཔའི་སྐུ་མཆོག་བསྒོམ།། ལྗགས་ཀྱི་པདྨ་འདབ་རྒྱད་ལ།། ཨོཾ་ལྡན་གསལ་བའི་ཚོགས་སུ་བསྒོམ། ། རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས།། པདྨ་སེམས་དཔའི་སྐུ་མཆོག་བསྒོམ།། གསང་གནས་རྒྱ་གྲམ་དཀྱིལ་འཁོར་དུ།། ཧཱ་ལྡན་གསལ་བའི་ཚོགས་སུ་བསྒོམ།། རྒྱས་བཏབ་བྱིན་བརླབ་དབང་བསྐུར་ནས། ། ལས་ཀྱི་སེམས་དཔའི་སྐུ་མཆོག་བསྒོམ།། དེ་ལྟར་གསལ་བར་རབ་བཀོད་ནས།། ཡུམ་གྱི་མཁའ་ལ་མེ་རི་བསྒོམ།། དེ་ཡི་དབུས་ཀྱི་ཟླ་གམ་ལ།། བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་བྱ། ། དབང་བསྐུར་རྒྱལ་བའི་སྐུ་རུ་བསྒོམ།། དེ་ལྟར་གསལ་ན་སྦྱོར་བའི་མཆོག། བྱང་ཆུབ་མཆོག་ཏུ་དེ་སྣང་ལ།། བསྒྲུབ་པའི་དཀྱིལ་འཁོར་ཐིག་ཆེན་འདེབས།། ཆོ་ག་རྫོགས་ནས་དཀྱིལ་འཁོར་དགོད།། རྟོགས་པའི་ཏིང་འཛིན་རྩལ་འཕང་ཅན། ། དེ་དག་གོམས་པས་ཉམས་སུ་བླངས།། མི་འབྲལ་གཟུགས་ཀྱི་ཏིང་འཛིན་ཏེ།། དེ་ལྟར་རྟག་ཏུ་སྦྱར་བ་དགེ། གསང་བ་མེ་དཔུང་གིས་རྒྱུད་ལས། སྦྱོར་བའི་ལེའུ་སྟེ་བཅུ་གསུམ་པའོ། །།། ད་ནི་ཐུགས་རྗེ་སྒྲོལ་བྱེད་ཀྱི་ལེའུ་འབྱུང་སྟེ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེ། ཁྲག་འཐུང་རྒྱལ་པོ་སྦྱོར་བཅས་ལ།། མི་ཕྱེད་དད་པས་ཕྱག་འཚལ་ནས།། དེ་ནས་བསྒྲུབ་པའི་དཀྱིལ་འཁོར་བརྩམ། ། སྒྲུབ་པའི་གནས་རབ་དམ་པ་ནི།། རི་བོ་དབེན་པའི་ས་ཕྱོགས་སུ།། རྡུལ་རྣམས་བསལ་ནས་མཚན་བརྟག་པ།། རྩི་ཤིང་འདབ་རྒྱས་ཀླུ་ཡི་གནས།། གཟུགས་རྡོ་སྲིན་བག་མེད་པའི་སར།། ས་ཡི་ལྷ་མོ་བརྟན་མ་ལ། ། ས་གཞི་བསླངས་ལ་བྱིན་གྱིས་བརླབ།། བགེགས་བསྐྲད་མཆོད་སྦྱིན་ཆེན་པོ་དགྱེད།། འབྱུང་པོའི་གཏོར་མ་དེར་བཏང་ནས།། རྫོགས་པའི་ལས་ནི་རྣམ་བཞི་བརྩམ།། དབང་རྒྱས་ཞི་བ་མངོན་སྤྱོད་དང། ། མན་ངག་ཟློག་དང་རྫོགས་ལས་བྱ།། ཕུན་སུམ་ཚོགས་པ་བཞིར་ལྡན་པས།། དེ་གཞུང་བསྒྲུབ་པ་ཆེན་པོ་བརྩམས་པར་བྱ།། མགོ་ལ་ཞུགས་ནས་རྒྱབ་ལ་དབྱུང། དེ་ནས་བསྒྲུབ་པའི་དཀྱིལ་འཁོར་ནི། ། འཁོར་ལོ་རྩིབས་བརྒྱད་དབུས་སུ་བྲི། འཁོར་ལོའི་རྩིབས་ལ་སྦྲུལ་མགོ་བྲི།། འཁོར་ལོ་དེ་ཡི་ཕྱི་རིམ་ཡང།། ཐོད་པའི་ཕྲེང་བས་བསྐོར་བར་བྱ།། དེ་ཡི་ཕྱི་རིམ་སྣམ་བུ་ལ།། བསྐལ་པའི་མེ་རེའི་ཀློང་དུ་བྲི།། དེ་ཡི་ཕྱི་རིམ་སྣམ་བུ་ལ། ། སྒོ་བཞི་ཁྲོ་བོ་ཟླ་གམ་བྲི།། དེ་ལ་མེ་རི་དམར་པོས་བསྐོར།། དེ་ཡི་ཕྱི་རིམ་སྣམ་བུ་ལ།། དེ་ལ་ཟླ་གམ་ཉི་ཤུ་རྩ་བརྒྱད་ལ།། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད།། བསྐལ་པའི་མེ་རི་འབར་བས་བསྐོར། ། དེ་ཡི་ཕྱི་རིམ་མཚོན་ཆས་བསྐོར།། དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས། ཁྲོ་བོ་བཅུ་ཡིས་མཚམས་བཅད་ལ།། རྒྱུ་ནི་ཐར་པའི་ལམ་དུ་དྲང།། དེ་ལ་དགྲ་བགེགས་སྒྲིབ་པ་སྦྱངས།། རཾ་ཡཾ་ཁཾ་གིས་བསྲེག་སྦྱང་བྱ། ། གིང་ཆེན་སློབ་མ་དབང་བསྐུར་ལ།། མི་བཟད་འཇིགས་པའི་ཆས་ཀྱིས་བརྒྱན།། དེ་ནས་ཐར་ལམ་སྒོ་ཕྱེ་ནས།། སྒྲོལ་བའི་ཆོ་ག་ཆེན་པོ་བྱ།། བསྒྲལ་བར་འབའ་ཞིག་ལས་ཀྱི་མཆོག། ཐལ་ལམ་རྔམ་པའི་ཁྲོ་བོ་སྟེ། ཁ་ཊྭཱཾ་མང་པོའི་རྔམ་ཚུལ་ཅན།། ཐུགས་རྗེ་གནས་ཀྱི་སྒོ་འདི་ཕྱེ།། འདོད་ཆགས་ཞེ་སྡང་སྣ་ལྔ་ལ།། ལྷག་མཐོང་ཐུགས་རྗེའི་བྱིན་རླབས་ཀྱིས།། སྣང་བ་ཆེན་པོ་ལྔ་རུ་བསྒྲལ།། རྒྱུ་མཆོག་གཟུགས་ཀྱི་ཕུང་པོ་ལ། ། སྣོད་ཀྱི་འཇིག་རྟེན་རྣལ་འབྱོར་བསྒོམ།། ཐམས་ཅད་ཆེ་མཆོག་ཕྱག་རྒྱ་ཆེ།། ནང་ཁྲོལ་བཅུད་ཀྱི་འཇིག་རྟེན་ལ།། སྐལ་ལྡན་ལས་ཀྱི་མ་མོ་བསྒོམ།། ཕྱི་ནང་གཟུགས་ཀྱི་རྟེན་འབྲེལ་ལ།། ལྔ་བཅུ་རྩ་བརྒྱད་དགོད་པར་བྱ། ། རྒྱུ་ཡི་ཕུང་པོའི་སྐྱེ་བའི་སྲིད་པ་ལྔ།། འབྱུང་བ་ཆེན་པོ་ལྔ་ཡིས་བསྐྱེད།། དེ་ནས་བརྟེན་པའི་གཟུགས་ཕུང་སྨིན།། ཕྱག་རྒྱ་ཆེན་པོར་རང་སྒྲོལ་དཔལ།། མི་ཐར་བ་ཡི་སྒོ་བཀག་སྟེ།། དཔའ་བོ་འབྲུ་ལྔ་དབྱིངས་སུ་དགོད། ། ཐབས་མཁས་དཔལ་གྱི་བྱིན་རླབས་ཀྱིས།། དྲག་པོའི་ལས་ཀྱིས་བསྒྲལ་བར་བྱ།། དུག་གསུམ་རྩད་ནས་གཅད་པའི་ཕྱིར།། ཡེ་ཤེས་སྤུ་གྲི་རྣོན་པོས་བསྣམས།། དུར་ཁྲོད་རབ་འབྱམས་ཀློང་དཀྱིལ་ནས། ། ཆེ་མཆོག་རྒྱལ་པོ་གཤེགས་སུ་གསོལ།། སྒྲོལ་བྱེད་ཆེན་པོའི་དུས་ལ་བབས།། མཐར་བྱེད་རྔམ་པའི་དཀྱིལ་འཁོར་དུ།། དུག་གསུམ་འབར་བའི་ཕུང་པོ་བསྒྲལ།། ཆེའོ་ཆེའོ་ཆེ་མཆོག་དཔལ།། ང་འོ་ང་འོ་ང་རྒྱལ་ཆེ། ། རང་བྱུང་རྒྱལ་ཆེན་དྲུག་དབང་རྫོགས།། ཐར་པ་གསུམ་དང་མཉམ་པ་གསུམ།། ཐུགས་རྗེ་དམ་ཚིག་རྨད་པོ་ཆེ།། ཆེ་མཆོག་རྒྱལ་པོས་བསྒྲལ་བའོ།། ལྷོ་ཡི་འཛམ་གླིང་ཕུང་པོ་ལ།། སྲིད་པ་གསུམ་གྱི་ཕྲ་བཀོད་པ། ། ཐིག་ལེ་ཆེན་པོའི་ཀློང་དུ་བསྒྲལ།། གཟུགས་ཀྱི་ཕུང་པོ་རྣམ་ལྔ་ཡང།། འདོད་པའི་དབང་མོ་ལྔ་རུ་བསྒྲལ།། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱང།། ཡེ་ཤེས་ཆེན་པོ་བརྒྱད་དུ་བསྒྲལ།། དྲེགས་པའི་སྡུག་བསྔལ་ཕུང་པོ་ཡང། ། རྟོག་མེད་ཆོས་ཀྱི་རྣམ་པར་བསྒྲལ།། སྡུག་བསྔལ་ལས་ཀྱི་རང་བཞིན་ཡང།། བདེ་བ་ཆེན་པོའི་ཀློང་དུ་བསྒྲལ།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང།། བྱང་ཆུབ་སེམས་སུ་བསྒོམ་པར་བྱ། ། དེ་ལྟར་རབ་ཏུ་རྟོགས་པས་གསུངས།། སྙིང་རྗེའི་དམ་ཚིག་ཆེན་པོར་གསུངས།། སྤྱད་དང་མི་སྤྱད་དང་དུ་བླང།། བསྒྲུབ་དང་བསྒོམ་དང་ཐུགས་རྗེ་ཡི།། དམ་ཚིག་ཆེན་པོ་རྨད་པོ་ཆེ།། སྤྱོད་པའི་དམ་ཚིག་ལྷུན་མཉམ་ལ། ། མི་འདའ་བསྲུང་བ་ཆེན་པོར་གསུངས།། ཡཾ་གིས་རྣམ་ཤེས་སེམས་སྤར་ནས།། ཧཱུཾ་གིས་བསྡུས་ཏེ་མཁའ་ལ་གཞག། བདེ་བ་ཆེན་པའི་རྩལ་རྫོགས་པས།། དུས་གསུམ་འགྱུར་མེད་དབང་ཕྱུག་སྐུ།། བྱང་ཆུབ་སེམས་སུ་བསྒོམ་པར་བྱ། ཁམས་གསུམ་ཐུགས་རྗེའི་གདར་ཤ་བཅད།། སྐྱེས་བུའི་སེམས་ཀྱིས་ནན་ཏན་བསྐྱེད།། གསང་བ་མེ་དཔུང་གི་རྒྱུད་ལས། སྒྲོལ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། རྡོ་རྗེ་ཞིང་ཆེན་བསྒྲུབ་འདོད་པས། ། སྐྱེ་ཤིང་ཀུན་ལས་འདས་པ་ནི།། མཉམ་ཉིད་དག་པ་ཉིད་དུ་བསྒོམ།། ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡི།། ཛཿཧཱུཾ་བཾ་ཧོཿས་དགུག་བྱས་ནས།། བདག་དང་ཁྲོ་བོ་གཉིས་མེད་པ།། ཏིང་འཛིན་བསྟར་ཏེ་བསྒོམ་པར་བྱའོ། ། ཏིང་འཛིན་གསལ་བར་གྱུར་པ་དང།། དུར་ཁྲོད་ཞིང་གི་འོག་ཏུ་གཞུག། ལྔ་བཅུ་རྩ་བརྒྱད་ཚོགས་བཀོད་ནས།། གོམས་པའི་ཤུགས་ཀྱིས་བསྒོམ་པར་བྱ། ཁྲོ་བོ་མེ་ཡི་དཀྱིལ་འཁོར་བསྒོམ།། མངག་པའི་ཕོ་ཉ་ཕྱོགས་བཅུར་བཏང། ། ཐམས་ཅད་མ་ལུས་དབང་དུ་སྡུད།། ཚོམ་བུའི་དཀྱིལ་འཁོར་གསལ་བར་གཞག། ཕོ་ཉ་མང་པོས་སེམས་བཀུག་ནས།། རོ་ལ་ཡང་ནས་ཡང་དུ་གཞུག། མནར་དང་སེམས་དང་མདོག་སྨུག་འབྱུང། ། དེ་ནས་ཏིང་འཛིན་རྩེ་གཅིག་གིས།། ལན་གྲངས་འབུམ་ཕྲག་མང་དུ་བཟླས།། བཟླས་ནས་ཏིང་འཛིན་རྣམ་གསུམ་དང།། རྡོ་རྗེའི་སྔགས་ནི་རྣམ་གསུམ་ལ།། དེ་ཡི་བར་ནས་སྔགས་འབྱུང་བ། ། འོད་ཟེར་བདུན་དང་ལྡན་པར་བྱ།། ཉེན་ཞིང་བསྙེན་པར་གྱུར་པ་དང།། བདུད་རྩི་ལྔ་ཡིས་བསྡུ་བར་བྱ།། དེ་ནས་ཡི་གེ་འབྲུ་བཀོད་ལས།། གསལ་ཞིང་འཚེར་བར་བསྒོམ་པར་བྱ།། ཡུལ་དང་དབང་པོ་མཛེས་པའི་ཚུལ། ། ཡན་ལག་ལྔ་ལ་རིག་ལྔར་ལྡན། རྡོ་རྗེའི་ཏིང་འཛིན་གསལ་བར་བསྒོམ། དེ་ནས་རོ་དེ་འགུལ་གྱུར་ནས།། ཡན་ལག་ཞགས་པའི་ཕྱག་རྒྱས་བསྡམ།། ཉིང་ལག་རྣམས་ཀྱང་གནས་སུ་གཞུམ།། ཕྱོགས་བཞི་དག་ཏུ་ཕྱག་རྒྱ་བསྡམ། ། དེ་ནས་ནུབ་ཏུ་ཕྱག་རྒྱས་བསྟན།། རྟ་མགྲིན་དབང་གི་སྐུར་བསྒོམས་ཤིང།། སྔགས་ནི་འབུམ་ཕྲག་མང་དུ་བཟླས།། ཕྱོགས་བཅུར་འཕྲོ་ཞིང་རོ་ལ་བསྟིམ།། དེ་ནས་རོ་དེ་དྲག་འགུལ་ན། ། རྡོ་རྗེ་སྙིང་འཛིན་གསལ་བ་ཡིས།། མི་གཡོ་བར་ནི་བསྒོམ་པར་བྱ།། དེ་ནས་སྤར་སྤར་བྱེད་པ་དང།། ཨ་ནརྀ་པྲེ་དུ་ཏྲི་གང་ཡིན།། རྡོ་རྗེ་དྲག་ཏུ་གདབ་པར་བྱ།། ཕྱག་རྒྱའི་ཁ་ནས་ཧྲཱིཿབྱུང་ན།། རྡོ་རྗེའི་ཏིང་འཛིན་སོ་ཡིས་བཅད། ། རྡོ་རྗེའི་སྔགས་བཟླས་ཁོང་དུ་བསྟིམ།། བདག་དང་གཉིས་སུ་མེད་པར་བསྒོམ།། དེ་ནས་རོ་དེ་ལངས་པ་དང།། རྡོ་རྗེ་བྱིན་ནས་དབང་བསྐུར་རོ།། དམ་ཚིག་ཆུ་ཡང་བླུད་པར་བྱ།། ལས་རྣམས་ཐམས་ཅད་བྱེད་དུ་གཞུག། དེ་ལྟར་བསྒྲུབ་པའི་རོ་མཆོག་གིས།། ཐལ་བ་ཐམས་ཅད་སོས་པར་འགྱུར།། བསྒྲུབ་པའི་ས་ནི་དུར་ཁྲོད་དང།། རི་བྲག་གཉན་པོའི་བགེགས་གནས་དང།། ནགས་ཁྲོད་སྟོང་པ་ཚེར་མ་ཅན། ། གནོད་སྦྱིན་སྲིན་པོ་འབྱུང་པོའི་གནས།། དེ་དག་ཏུ་ནི་བསྒྲུབ་པར་བྱ།། དགུ་དང་བཅུ་གཉིས་བཅུ་གསུམ་མམ།། བཅུ་བདུན་གྱིས་ནི་ངེས་པར་འགྲུབ།། ཕྱི་ནང་འཚོ་བའི་ཡོ་བྱད་རྣམས།། སྨན་རྣམས་ལྔ་ཡི་ཞིང་དང་ནི། ། འབྲུ་རྣམས་སྣ་ཚོགས་གཏེར་དུ་བྱ།། རྟག་ཏུ་ལྷ་ཚོགས་མཆོད་པར་བྱ།། རྒྱུན་དུ་མཆོད་པ་མ་འགྲུབ་ན།། གསུམ་དང་ལྔ་རུ་རྒྱུན་མི་གཅད། ཁ་ཟས་རྣམས་ཀྱང་ཐོད་པར་བཟའ།། བཏུང་བ་དག་ཀྱང་དེ་བཞིན་ཏེ། འདིར་ཆད་སྐྱོན་ཞིག་བྱུང་འདྲ།། སྙིང་པོ་འོད་ལྡན་རྟག་ཏུ་བཏང།། རྒྱུ་ནི་ཚིམ་ལས་བྱས་པའོ།། གོང་དུ་ཐོད་པའི་ནང་དུ་གཞུག། སྟོང་གསུམ་ཞིང་གི་རས་མའོ།། སྣོད་ནི་དུང་ཆེན་སྲུབས་མེད་དེ།། ལྕང་ལོ་ཡོད་དམ་མེད་ཀྱང་རུང། ། དེ་བའི་མདའ་ཡིས་མ་ཕོགས་པ།། མདོག་སེར་ལུས་པོ་ཆེ་བའོ།། རྡོ་རྗེ་བསྒྲུབ་པའི་བར་གཅད་རྣམས།། རྟག་ཏུ་མཚམས་ནི་བཅད་པར་བྱ།། ཞིང་གི་རྐང་པ་གཡས་གཡོན་རྣམས།། སྦོམ་པོ་མ་ཡིན་ཕྲ་བ་ཉིད། ། དེ་ལ་གནས་པའི་སྔགས་བཟླས་ཏེ།། གདབ་པའི་སྔགས་དང་ཁྲོ་སྔགས་ཀྱིས།། ལན་ནི་འབུམ་དུ་བཟླས་ནས་ནི།། ལག་པ་གཡས་གཡོན་ཐལ་སོར་ལ།། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ།། མེ་དཔུང་འབར་བའི་སྐུ་རུ་བསྒོམ། ། དེ་ནས་བདག་དང་གཉིས་མེད་པར།། བསྒྲུབ་པ་རྡོ་རྗེར་བསྒོམ་པར་བྱ།། འདུ་བ་ལ་ནི་མ་གཏོགས་པར།། ཕྱོགས་མཚམས་ཀུན་ཏུ་མཚམས་ཀྱང་བཅད།། དངོས་གྲུབ་མ་ཐོབ་བར་དུ་ནི། ། བསྒོམ་དང་བཟླས་པ་ཕྱག་རྒྱ་གསུམ།། བརྩོན་འགྲུས་སྐྲ་ལ་མེ་ཤོར་ལྟར།། བར་ཆད་མེད་པར་བསྒྲུབ་པར་བྱ།། དེ་ལྟར་བསྒྲུབ་པའི་རིགས་མཆོག་གིས།། ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ།། འདོད་ཁམས་ལྷ་རྣམས་དབང་དུ་སྡུད། ། འཇིག་རྟེན་འདས་དང་འཇིག་རྟེན་རྣམས།། ཡིད་བཞིན་དུ་ནི་འབྱུང་བར་འགྱུར།། རྫུ་འཕྲུལ་ཆེན་པོ་འདི་དག་ནི།། ཐོབ་པར་ངེས་པར་མངོན་དུ་འབྱུང།། དེ་མ་བྱུང་བར་རབ་ཏུ་གསང། ། གསང་བ་མེ་དཔུང་གི་རྒྱུད་ལས།། རོ་ལངས་བསྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། འབར་བའི་འཁོར་ལོ་རྩིབས་བརྒྱད་ལ།། རྡོ་རྗེའི་ར་བས་ཕྱོགས་མཚམས་བསྐོར།། དབུས་སུ་མེ་དཔུང་རྒྱལ་པོ་སྟེ། ། ཕྱོགས་བཞི་རིགས་བཞི་གསལ་བཀོད་ནས།། སྣོད་ནི་གསུམ་པ་ཤིང་ལོར་ལྡན།། དབུས་སུ་བཞག་སྟེ་བསྒྲུབ་པར་བྱ།། སྐུ་གཅིག་རྡོ་རྗེ་དྲིལ་བུར་བསྒོམ།། དེ་བཞིན་ཉིད་དུ་གྱུར་པ་དང།། རྡོ་རྗེ་རིགས་ཀྱི་གཙོ་བོ་ནི། ། དབུ་གསུམ་ཕྱག་དྲུག་ཉིད་དུ་བསྒོམ།། གཞན་ཡང་ཁྲོ་བོ་གསུམ་པ་ནི།། ཆོ་འཕྲུལ་སྣ་ཚོགས་འཕྲོ་བར་བསྒོམ།། བློ་དང་ཤེས་རབ་ཆེ་ཆུང་གིས།། རིམ་པ་བཞིན་དུ་བསྒོམ་པར་བྱ།། དེ་ལྟར་གསལ་བར་གྱུར་པས་ནི། ། ཉི་ཟླ་གཟའ་སྐར་དུས་གཅིག་ཏུ།། རྒྱ་མཚོའི་འཇིང་ན་སྣང་བ་ལྟར།། དེ་ལྟར་གོམས་སྟོབས་རིགས་འཛིན་དེས།། ཇི་ལྟར་འདོད་པ་བཞིན་དུ་འགྲུབ།། མཁར་ལ་འཕྱོ་དང་རིག་འཛིན་རྣམས། ། ཆུ་བྲག་གློག་དང་རླུང་མི་གཡོ།། རི་བྲག་ལ་སོགས་ཐོགས་མེད་འཛུལ།། ཆུ་རུ་མི་བྱེད་མེས་མི་ཚིག། དུག་དང་མཚོན་གྱིས་འཇིག་མི་འགྱུར།། མི་སྣང་བ་དང་མང་པོ་སྤྲུལ།། གཞན་ཡང་ཇི་ལྟར་དམིགས་པ་བཞིན། ། གཉིས་པོ་དེ་ལ་དབང་ཡང་བསྐུར།། དུས་དང་ཆོས་ལ་བསྲིང་ཐུང་དང།། སྟོང་གསུམ་ཉུང་འབྲུར་ཤོང་བ་དང།། ཡུངས་འབྲུས་སྟོང་གསུམ་བསྐྱེད་པ་དང།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སྦྲུལ་དང་གཅན་གཟན་གདུག་པ་རྣམས། ཁྱི་བཞིན་ཕྱི་ན་འབྲང་བར་འགྱུར།། བདུད་དང་མུ་སྟེགས་ལ་སོགས་པས།། ཚུགས་པར་མི་འགྱུར་བྲན་བཞིན་བྱེད།། ལུས་མ་སྤངས་པར་རིག་འཛིན་འཐོབ།། ཡེ་ཤེས་བསོད་ནམས་ལོངས་སྤྱོད་ཀྱིས། ། འཁོར་ལོ་ཚོགས་ཆེན་ས་ལ་འགོད།། ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས།། སོ་སོར་ཐར་པའི་ཆ་ལ་འགོད།། སེམས་ཅན་ཀུན་གྱི་དོན་ཡང་བྱེད།། ལས་རྣམས་ཐམས་ཅད་ཀུན་བྱས་ཏེ།། སྐྱེ་འཆི་མེད་པའི་ཚེ་ཡང་འཐོབ། ། མཚན་དང་དཔེ་བྱད་ཀུན་གྱིས་བརྒྱན།། བསོད་ནམས་ཡེ་ཤེས་ཚོགས་ཆེན་ལྡན།། མཐར་ཕྱིན་བྱ་བ་མེད་པར་འགྲུབ།། འབྲུས་བུ་མངོན་དུ་འགྲུབ་པར་འགྱུར།། ལས་ངན་ཀུན་ཏུ་བསྐྱེད་མི་འགྱུར། ། ཐེག་པ་དམན་ལ་ལྟུང་མི་འགྱུར།། རིག་འཛིན་གྲུབ་པ་ཐོབ་པར་འགྱུར།། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན།། འོད་འཕྲོ་དབྱིངས་སུ་སླར་བསྡུས་ནས།། ཡེ་ཤེས་ཡེ་གེ་ཧཱུཾ་གནས་པ།། མཐིང་ག་འོད་ཟེར་གསལ་བ་ཡི། ། འོད་ཟེར་མང་པོ་འཕྲོ་བར་བསྒོམ།། དབྱིངས་སུ་ཡང་ནི་སླར་ལ་བསྟིམ།། དེ་ལས་ཡི་གེ་ཨོཾ་འཕྲོས་པས།། འཛིན་པ་དཔལ་གྱི་སྐུར་གྱུར་ཏེ།། རྣལ་འབྱོར་མ་རྣམས་མ་བུ་ཡིས།། བདག་ཉིད་ལ་ནི་མཆོད་པར་འགྱུར། ། ལྷ་མོའི་ཚོགས་དང་རྩེ་བར་འགྱུར།། ལྷ་མོ་ཀུན་གྱི་བདག་པོར་འགྱུར།། སྤྲུལ་པའི་བུད་མེད་མང་པོ་ཡིས།། འོང་ན་བསུ་ཞིང་འགྲོ་བ་སྐྱེལ།། ལྷ་མོ་མང་པོའི་དབུས་ན་འདུག། དགྱེས་པའི་མདངས་ཀྱིས་མགུལ་འཁྱུད་ཅིང། ། པདྨའི་མཆོད་པ་འབུལ་བར་འགྱུར།། གསང་བ་མེ་དཔུང་གི་རྒྱུད་ལས། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་དང་རིག་འཛིན་མང་པོ་བསྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དཀྱིལ་འཁོར་ཆེན་པོ་དེ་དབུས་སུ། ། རྒྱལ་པོ་ཆེན་པོ་ཉིད་གནས་དེ།། བདག་པོའི་ཏིང་འཛིན་གསལ་རྫོགས་ནས།། ཐབས་དང་ཤེས་རབ་གཉིས་མེད་པས།། རྡོ་རྗེ་པདྨར་འཁྱིལ་པ་ལས།། རྩེ་ནས་བསྟིམས་ཤིང་དཀྱིལ་འཁོར་སྤྲོས། ། སྒྲོ་ཐོས་ཡུལ་གྱི་འཁོར་ལོ་ལ།། གསལ་བའི་ཐིག་ལེ་ངོ་བོ་ཉིད།། རིན་ཆེན་གསལ་བའི་ཚོགས་མཆོག་ལས།། རིགས་ཀྱི་དཀྱིལ་འཁོར་ཚོགས་བཅས་ཐིམ།། གསང་བ་གསང་ཆེན་གསང་བའི་དབང། ། གསང་བ་ཀུན་ལ་མཉམ་པར་བྱ།། གསང་བ་ཀུན་གྱི་དོན་རྟོགས་ནས།། གཞན་ལ་མི་སྨྲ་དོན་ལ་གསལ།། གསང་བ་ཡུམ་གྱི་འཁོར་ལོ་ལ།། གསལ་བའི་ཐིག་ལེ་ངོ་བོ་ཉིད།། དེ་བཞིན་རིགས་མཆོག་ཆེན་པོ་ལས། ། རིགས་ཀྱི་དཀྱིལ་འཁོར་གསལ་འཕྲོ་ཐིམ།། སྐུ་ཡི་སྲས་མཆོག་ཆེན་པོ་སྟེ།། སྐུ་ཡི་རྡོ་རྗེའི་གསང་ཐོབ་ནས།། རྒྱལ་བ་ཐམས་ཅད་མཉེས་མཆོད་ལ།། རྒྱལ་བའི་སྐུ་རྣམས་སྟོན་པར་འགྱུར།། གཡས་གཡོན་ཐབས་དང་ཤེས་རབ་ལས། ། གསལ་བའི་ངོ་བོ་ཐིག་ལེ་ཉིད།། རྡོ་རྗེ་རིགས་ཀྱི་ཚོགས་བཅས་བསམ།། དེ་ལས་རྣལ་འབྱོར་ཧེ་རུ་གསལ།། ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ།། ཨོཾ་ཁྱེད་ནི་རྡོ་རྗེ་ལས་ཡིན་གྱི། ། སྒྲུབ་པའི་ལས་རྣམས་ཀུན་བྱེད་ཅིང།། ཕོ་ཉ་མང་པོ་སྤྲོ་བསྡུ་ཀུན།། ཐུབ་པའི་ལས་རྣམས་བྱེད་པར་འགྱུར།། སྨྲ་བྱེད་ཡུལ་གྱི་འཁོར་ལོ་ལ།། རྡོ་རྗེ་སྨྲ་བའི་ཚོགས་མཆོག་གསལ།། ཆོས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། ། སྒྲ་དབྱངས་བདུད་རྩི་བླ་ན་མེད།། ཡོན་ཏན་གསུམ་རྣམས་བརྗོད་པ་ཡིས།། དད་ལྡན་སྐྱེས་མཆོག་ངོམས་པར་བྱོས།། རབ་འབྲིང་ཐ་མའི་བློ་ཅན་རྣམས།། དབང་པོ་ཚིམས་པར་བྱེད་པའོ།། དྲན་བྱེད་ཡུལ་གྱི་འཁོར་ལོ་རུ། ། གསལ་བའི་ཐིག་ལེ་ངོ་བོ་ཉིད།། རྡོ་རྗེ་རིགས་ཀྱི་ཚོགས་མཆོག་སྟེ།། དུས་གསུམ་རྒྱལ་བའི་བདག་པོ་ནི།། སྐུ་གསུང་ཐུགས་དང་མི་བརྗེད་གཟུངས།། རྒྱལ་བ་ཀུན་དང་མཉམ་པར་སྦྱོར།། ཨོཾ་ཨཱ:ཧཱུཾ་སྭཱ་ཧཱ། ཕྱོགས་བཅུ་དུས་བཞི་ཐམས་ཅད་དུ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།། ཕྱི་ནང་གསང་བའི་བྱེད་པ་པོ།། ཕྱི་ནང་གསང་བའི་སྦྱིན་པ་སྤྱོད།། དེ་ནས་འཇམ་དཔལ་རྣོན་པོ་དེས།། རྒྱན་དང་ཆ་ལུགས་ཀུན་བཀྲོལ་ཏེ། ། སྤྱི་དཔལ་མཆོག་ལ་མངོན་པར་གཏོར།། གསང་བ་ཆེན་པོ་བཙན་པའི་ཕྱིར།། སྙིང་དང་སྙིང་གི་གྲོགས་མོ་དེ།། སྤྱི་དཔལ་མཆོག་ལ་ཡོན་དུ་ཕུལ།། དབུ་རྒྱན་གོ་ཆ་ཕྲེང་བ་དང།། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང། ། གདུག་དང་བུམ་པ་བཟའ་བཏུང་དང།། སྙིང་པོ་ལྔ་ཡི་དབང་བསྐུར་བས།། དེ་རིང་ཕན་ཆད་སྐུ་ཡི་སྲས།། ངན་སོང་གནས་རྣམས་སྟོངས་པ་དང།། ཚེ་དང་བསོད་ནམས་ཕུན་གསུམ་ཚོགས།། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ།། གསང་དབང་འདི་ལས་མི་མངའ་བས།། གསང་བའི་དབང་ཆེན་གསང་བའི་བདག། གསང་བ་མཆོག་གི་སྤྱོད་པ་འདི།། འཇམ་དཔལ་རྣོན་པོ་ཁྱོད་ལ་གཏད། ། རྣལ་འབྱོར་ཀུན་ལ་སྙིང་བརྩེའི་ཕྱིར།། ང་ཡི་སྤྱོད་པ་མཐའ་དག་དང།། སྐུ་ཡི་བྱིན་རླབས་ཆེན་པོ་དག། འཇམ་དཔལ་རྣོན་པོ་ཁྱོད་ཀྱིས་བཟུང།། དེང་ནས་འཇམ་དཔལ་རྣོན་པོ་ཁྱོད། ། གསང་བ་ཀུན་གྱི་བྱེད་པ་པོ།། གསང་བའི་གསང་ཆེན་གསང་བ་བདག། གསང་བ་སྐུ་ཡི་རང་བཞིན་ཏེ།། གསང་བའི་དཔལ་དུ་དབང་བསྐུར་རོ།། གསང་བ་མེད་དཔུང་གི་རྒྱུད་ལས།། དབང་བསྐུར་བའི་ལེའུ་སྟེ་བཅུ་བདུན་པའོ། །།། ད་ནི་གསང་བ་མེའི་དཀྱིལ་འཁོར་བསྡུ་བའི་ལེའུ་འབྱུང་སྟེ།། དུར་ཁྲོད་མེ་ཡི་དཀྱིལ་འཁོར་དུ།། ཆགས་པའི་ཟླ་གམ་གདན་དཀྱིལ་དུ།། མེ་ཡི་ལག་ཆུ་ཧྭ་བསྐོར་བ།། དེ་ལ་ཕྱག་རྒྱ་རྫས་དང་བཅས། ། ལྷ་ཆ་རྫོགས་པར་བཀྲམ་པ་སྟེ།། ད་ནི་དཀྱིལ་འཁོར་མཐའ་ནས་བསྡུ།། སྲིད་པ་སྣོད་ཀྱི་འཇིག་རྟེན་ལ།། གསང་བའི་དཀྱིལ་འཁོར་ལྔ་རྫོགས་པ།། སྒྱུ་མ་ལྟ་བུའི་ཚུལ་གྱིས་ཀྱང།། བཅུད་ཀྱི་འཇིག་རྟེན་དབྱིངས་སུ་བསྡུ། ། བཅུད་ཀྱི་འཇིག་རྟེན་མ་ལུས་ཀུན།། གཉིས་སུ་མེད་པའི་དབྱིངས་སུ་བསྡུ།། འབྱུང་བ་ལྔ་ནི་ཡུམ་གྱི་ཀློང་དུ་བསྡུ།། འགྲོ་བ་དྲུག་གི་ངོ་བོ་ཡང།། ཡུལ་དྲུག་དབང་པོ་དྲུག་ཏུ་བསྡུ། ཁམས་དང་སྐྱེ་མཆེད་རྣམ་གྲངས་ཀྱང། ། མི་སྣང་བ་ཡི་དབྱིངས་སུ་བསྡུ།། སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཡང།། ཕྱག་རྒྱ་ཆེན་པོའི་དབྱིངས་སུ་བསྡུ།། དཀྱྀལ་འཁོར་ལྔ་ཡི་རྫས་རྣམས་ཀྱང།། འཁོར་གྱི་ཕྱག་རྒྱ་ཆེན་པོར་བསྡུ།། བ་སུ་ཏ་ཡི་རྒྱུ་འདྲེན་ཡང། ། ཐུགས་རྗེ་རྟོག་པའི་ཞགས་པས་བསྡུ།། མཆོག་གི་ཕུར་པ་ཆེན་པོ་ཡང།། རྔམ་ཁྲོ་འབར་བའི་སྐུ་ལ་བསྡུ།། རཀྟ་ཡུམ་གྱི་མཁའ་ལ་བསྡུ།། དྲི་ཆེན་རྣམ་པར་སྣང་མཛད་སྐུ་ལ་བསྡུ།། ཤ་ཆེན་རིན་ཆེན་འབྱུང་ལྡན་སྐུ་ལ་བསྡུ། ། དྲི་ཆུ་དོན་ཡོད་གྲུབ་པའི་སྐུ་ལ་བསྡུ།། བྱང་ཆུབ་སེམས་ནི་རྡོ་རྗེ་སེམས་དཔའི་སྐུ་ལ་བསྡུ།། དཀྱིལ་འཁོར་ལྔ་ཡང་ཡུམ་ལྔའི་སྐུ་ལ་བསྡུ།། སྐུ་ལྔ་ཡེ་ཤེས་ལྔ་ལ་བསྡུ།། མེ་ཡི་ལག་ཆུ་ཧྭ་ནི་སྐུ་གསུང་ཐུགས་སུ་བསྡུ། ། མེ་མར་ཆེན་པོ་དགུ་ནི་ཡེ་ཤེས་དགུ་རུ་བསྡུ།། ཐོད་པ་སྐུ་གསུམ་དབྱིངས་སུ་བསྡུ།། དབང་པོ་ལྔ་ནི་ཡེ་ཤེས་ལྔ་རུ་བསྡུ།། དམ་རྫས་བདུད་རྩི་ཆེན་པོར་བསྡུ།། མཆོད་ཚོགས་སྦྱིན་སྲིད་དཔལ་གྱི་ཞལ་དུ་བསྡུ། ། དཀྱིལ་འཁོར་གྲུ་བཞི་ཕྲིན་ལས་རྣམ་པ་བཞི་རུ་བསྡུ།། བསྐལ་པའི་མེ་རི་ཡེ་ཤེས་འཕྲོ་བར་བསྡུ།། ཐོད་པའི་ཕྲེང་བ་ཡེ་ཤེས་ཀློང་དུ་བསྡུ།། རྡོ་རྗེའི་ར་བ་སྐྱེ་མེད་སྐུ་རུ་བསྡུ།། ཟླ་གམ་དམར་པོ་ཡེ་ཤེས་སྐུ་རུ་བསྡུ། ། དབྱིངས་ཀྱི་ཕོ་བྲང་ཟླུམ་པོ་ནི།། ཀུན་གཞི་ཆོས་ཉིད་དབྱིངས་སུ་བསྡུ།། སྣོད་ཀྱི་འཇིག་རྟེན་བཅུད་དུ་བསྡུ།། བཅུད་ཀྱི་འཇིག་རྟེན་སྙིང་པོར་བསྡུ།། སྙིང་པོ་ཆོས་ཀྱི་སྐུ་རུ་བསྡུ།། ཆོས་སྐུ་བྱང་ཆུབ་སེམས་སུ་བསྡུ། ། བྱང་ཆུབ་སེམས་ནི་སྤྲོས་དང་བྲལ།། སྤྲོས་བྲལ་ཐིག་ལེ་ཆེན་པོར་བསྡུ།། བྱང་ཆུབ་སེམས་ནི་ཐིག་ལེ་སྟེ།། ཐིག་ལེ་ཟླུམ་པོ་མྱ་ངན་འདས།། ཀུན་གཞི་སྤྲོས་བྲལ་དབྱིངས་སུ་བསྡུ།། རང་གི་སེམས་ནི་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་བསྡུ། ཁྲོ་མཆོག་མེ་ཡི་རྒྱལ་བའི་སྐུ་ནི་བསྒྲུབས་ལགས་སོ།། ཟ་བྱེད་ནུ་མ་ཅན་ཡང་བསྒྲུབས་ལགས་ཏེ།། རྔམ་པའི་ཤ་ཟ་རྣམས་ཀྱང་རྦད་ལགས་སོ།། དམ་རྫས་གཉན་པོ་རྣམས་ཀྱང་བསྒྲུབས་ལགས་སོ། ། དངོས་གྲུབ་གསང་མཆོག་རྣམས་མང་བསྒྲུབས་ལགས་སོ།། བསྙེན་བསྒྲུབ་ཡན་ལག་བཞི་ཡང་ཚངས་ལགས་སོ།། འབྲས་བུ་སྐུ་གསུང་ཐུགས་ཀྱང་བསྒྲུབས་ལགས་སོ།། སྐྱེ་མེད་རྡོ་རྗེའི་སྐུ་ཡང་བསྒོམས་ལགས་སོ། ། བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང་ལགས་སོ།། བྱམས་པའི་མ་སྲིན་རྣམས་ཀྱང་གདུང་བའི་ཚུལ་གྱིས་བོས་ལགས་སོ།། ཏིང་འཛིན་རྣམས་གསུམ་ཁྱད་པར་ཡང།། དེ་བཞིན་ཉིད་ཀྱི་དབྱིངས་སུ་བསྡུས་ལགས་ཀྱིས། ། སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ།། གསང་བ་མེད་དཔུང་གི་རྒྱུད་ལས། དཀྱིལ་འཁོར་བསྡུ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། ད་ནི་མི་མཛད་པ་ཡི་གཏེར་སྦ་སྟེ། ། ཐུགས་རྗེ་རང་བྱུང་མེ་ཡི་སྦ་ཐབས་ནི།། སྣང་སྲིད་མེ་ཡི་བྱེ་བྲག་ཀུན།། སྣོད་ཀྱི་འཇིག་རྟེན་དབྱིངས་སུ་སྦ།། སྣོད་ཀྱང་བཅུད་ཀྱི་དབྱིངས་སུ་སྦ།། སྣོད་བཅུད་སྐྱེ་བ་མེད་པར་སྦ།། སྲིད་པའི་ཟ་བྱེད་གཞལ་ཡས་ཁང། ། རྩི་ཤིང་ཐམས་ཅད་རང་བྱུང་སྟེ།། ལས་ཀྱི་དབང་མོའི་དབྱིངས་རུམ་དུ།། འཐོར་བྱེད་རླུང་གི་རྒྱལ་པོ་སྦ།། བྱ་བ་ནན་ཏན་ཡེ་ཤེས་རྒྱས་བཏབ་བོ།། པདྨ་དབང་མོའི་དབྱིངས་རུམ་དུ།། སྲེག་བྱེད་མེ་ཡི་རྒྱལ་པོ་སྦ། ། སོ་སོར་རྟོགས་པའི་ཡེ་ཤེས་རྒྱས་བཏབ་བོ།། རིན་ཆེན་དབང་མོའི་དབྱིངས་རུམ་དུ།། རླན་བྱེད་ཆུ་ཡི་རྒྱལ་པོ་སྦ།། མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱས་བཏབ་བོ།། རྡོ་རྗེ་དབང་མོའི་དབྱིངས་རུམ་དུ།། སྲ་བྱེད་ས་ཡི་རྒྱལ་པོ་སྦ། ། མེ་ལོང་ལྟ་བུའི་ཡེ་ཤེས་རྒྱས་གདབ་བོ།། རྫས་ཀྱང་དཀྱིལ་འཁོར་དབྱིངས་སུ་སྦ།། ཕྱག་རྒྱ་སྐུ་ཡི་དབྱིངས་སུ་སྦ།། སྐུ་ནི་ཆོས་ཀྱི་སྐུ་རུ་སྦ།། སྲེད་པ་འབྱུང་བ་ལྔ་རུ་སྦ།། ས་ཆུ་མེ་རླུང་འབྱུང་བ་བཞི། ། ནམ་མཁའ་སྟོང་པའི་དབྱིངས་སུ་སྦ།། ཕྱག་རྒྱ་ཆེན་པོའི་རྒྱ་ཡིས་བཏབ།། ས་བཞི་ཡུམ་གྱི་དབྱིངས་སུ་སྦ།། རྫས་རྣམས་བྱང་ཆུབ་སེམས་སུ་བསྒོམ།། སྔགས་མཁན་ཐབས་མཆོག་རྒྱལ་པོར་བསྒོམ།། གཉིས་མེད་གཏེར་དུ་སྦ་བར་བྱ། ། ཉོན་མོངས་རྐྱེན་གྱི་ངོ་བོ་ལྔ།། ཡེ་ཤེས་ལྔ་ཡི་དབྱིངས་སུ་སྦ།། མ་རིག་འཁྲུལ་པའི་ལོག་རྟོག་ཀྱང།། མཉམ་སྣང་ཆེན་པོའི་དབྱིངས་སུ་སྦ།། དེ་ལྟར་སྦས་པའི་དཀྱིལ་འཁོར་ཏུ།། ཡབ་ལྔ་ཡུམ་ལྔ་ལག་སྤྲེལ་ལ། ། ལུ་གུ་རྒྱུད་ཀྱི་བྲོ་བརྡུང་ངོ།། སུམྦྷ་ནི་ཡིས་སྟེང་དུ་མནན།། གསང་བ་མེ་དཔུང་གི་རྒྱུད་ལས། གཏེར་སྦ་བའི་ལེའུ་སྟེ་བཅུ་དགུ་པའོ།།།། དཔལ་པདྨ་ཆེན་པོ་ལ་ཕྱག་འཚལ་ལོ།། དང་པོར་བསྒྲུབ་པའི་མན་ངག་ནི། ། རྫས་དང་ས་གཞི་བརྟག་པར་བྱ།། དྲོད་ཚད་རྣམ་ལྔས་གཏན་པ་དབབ།། བདུད་རྩི་ཆེན་པོའི་དཀྱིལ་འཁོར་རྫོགས།། རང་བྱུང་ཡེ་ཤེས་རྫོགས་པར་བསྒྲུབ།། བསྒྲུབ་པ་ཆེན་པོའི་གནས་གྱུར་ནས། ། རྡོ་རྗེ་དབྱིངས་ཀྱི་ཀློང་དུ་བསྡུ།། རྩ་བ་བརྒྱད་དང་ཡན་ལག་སྟོང།། བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ།། བསྙེན་པ་དང་ནི་ཉེ་བསྙེན་པོ།། དམ་ཚིག་ཆེན་པོའི་གནས་ཆེན་པོ།། བདུད་རྩི་ཆེན་པོའི་དྲོད་ཚད་ནི། ། འབྱུང་བ་ལྔ་ཡི་མཚན་ཉིད་དོ།། བསྒྲུབ་པའི་དོན་གྱི་དཀྱིལ་འཁོར་དུ།། འབྲས་བུ་ཆེན་པོའི་དཀྱིལ་འཁོར་རྫོགས།། ལས་དང་བྱ་བ་ཐམས་ཅད་ནི།། མཉམ་ཉིད་ཆོ་འཕྲུལ་ངང་དུ་རྫོགས།། རྫས་དང་ལག་ཆ་ཐམས་ཅད་ནི། ། སྐྱེ་ཤི་མེད་པའི་ཐུགས་ལ་རྫོགས།། ཚོན་གྱི་དཀྱིལ་འཁོར་ཆེན་པོ་ཡང།། མི་འགྱུར་བ་ཡི་སྐུ་ལ་རྫོགས།། ཡིག་འབྲུ་མང་པོ་བཀོད་པ་རྣམས།། འཕྲོ་འདུ་མེད་པའི་གསུང་ལ་རྫོགས།། སྔགས་ཚིག་བཟླས་བརྗོད་མང་པོ་ཡང། ། འབྲུ་བརྒྱད་བསྙེན་པོའི་དོན་ལ་རྫོགས།། ལྔ་བཅུ་རྩ་ལྔའི་ཕྱག་རྒྱ་ཡང།། ཕྱག་རྒྱ་ཆེན་པོ་གསུམ་དུ་རྫོགས།། སྐུ་མདོག་ཕྱག་མཚན་མང་པོ་རྣམས།། སྐུ་གསུམ་ཐུགས་ཀྱི་ངང་དུ་རྫོགས། ། དུར་ཁྲོད་སྤྱོད་པ་རྣམ་གཉིས་ཀྱང།། སྤྱོད་པ་བྲལ་བའི་ངང་དུ་རྫོགས།། སྨོད་ཅིང་བཤུང་བའི་རྫས་མང་ཡང།། བདུད་རྩི་ཆེན་པོ་ལྔ་ལ་རྫོགས།། སྡོམ་པའི་རྩ་བ་ཡན་ལག་ཀྱང།། སྡོམ་པ་ཆེན་པོ་གསུམ་ལ་རྫོགས། ། སྐུ་གསུང་ཐུགས་ཀྱི་སྡོམ་པ་ཡང།། བསྲུང་དུ་མེད་པའི་ངང་དུ་རྫོགས།། རྦོད་གཏོང་ཕོ་ཉ་མང་པོ་ཡང།། ཆོ་འཕྲུལ་ཆེན་པོའི་སྐུ་ལ་རྫོགས།། ཐེག་པ་སྡེ་སྣོད་ཇི་སྙེད་ཀྱང།། ཐེག་པ་ཆེན་པོ་གསུམ་དུ་འདུས། ། ཐེག་པ་ཆེན་པོ་གསུམ་པོ་ཡང།། རྫོགས་པ་ཆེན་པོའི་ཐེག་པར་འདུས།། བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང།། གསང་བ་ཆེན་པོ་ཉིད་དུ་འདུས།། ཐེག་པ་ཀུན་གྱི་ལྡེ་མིག་སྟེ།། བརྒྱད་ཁྲི་བཞི་སྟོང་འགྲོལ་བྱེད་པ། ། གསང་རྒྱུད་ཆེན་པོ་འདི་ཉིད་དོ།། གསང་བ་མེ་དཔུང་གི་རྒྱུད་ལས། བསྒྲུབ་པའི་ལྡེ་མིག་མན་ངག་བཀོལ་བའི་ལེའུ་སྟེ་ཉི་ཤུ་པའོ།།།། བཅོམ་ལྡན་འདས་ཡོངས་སུ་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། ། གསང་བའི་སྒྲུབ་ལུགས་ཆེན་པོ་ནི།། བརྣག་པ་ཐུགས་ཀྱི་དཀྱིལ་འཁོར་ཏེ།། སྲིད་པའི་ཆོས་རྣམས་སངས་རྒྱས་བས།། འཁོར་བའི་གནས་རྣམས་ཕུག་གཏིབ་བོ།། བདེ་བ་ཆེན་པོའི་རྩལ་རྫོགས་པས།། བརྣག་པ་རྫོགས་པའི་དཀྱིལ་འཁོར་རྫོགས། ། དེ་ནས་རྫས་ཀྱི་དཀྱིལ་འཁོར་ནི།། དབུས་སུ་ཡང་ཐོག་ཟླ་གམ་སྟེ།། དཀར་དམར་གཉིས་ཀྱི་རང་བཞིན་ནོ།། དཀྱིལ་འཁོར་དེ་ཡི་ཕྱི་རིམ་དུ།། མེ་ཡིས་ལག་ཆུ་ཧྭ་བསྐོར་ནས།། དེ་ལ་སྒོ་བཞི་རྒྱས་པར་དགོད། ། དབུས་སུ་མེ་དཔུང་རྒྱལ་པོ་སྟེ།། དབང་གི་དཀྱིལ་འཁོར་བར་མ་ལ།། རིག་པའི་རྒྱལ་པོ་ཆེན་པོ་བཞི།། མེ་དཔུང་དབུས་ན་བརྗིད་པར་བཞུགས།། དབང་གི་ཡང་ཐོག་ཐ་མ་ལ།། གནས་ཡུལ་ཕྱག་རྒྱ་བཅུ་དྲུག་ཀྱང། ། མེ་དཔུང་དབུས་ན་རྔམ་པར་དགོད།། སྒོ་ལ་མཐར་བྱེད་ཆེན་པོ་བརྒྱད།། མེ་དཔུང་དབུས་ན་རོལ་པར་དགོད།། དཀྱིལ་འཁོར་ཆེན་པོའི་དོན་རྣམས་ནི།། གསང་བའི་དཀྱིལ་འཁོར་ཉིད་ལ་འདུས། ། ཕྱི་ནང་གསང་བ་ཐམས་ཅད་ཀྱང།། ཡང་ཐོག་དཀྱིལ་འཁོར་གསུམ་ལ་འདུས།། ཕྱི་ནང་སྣོད་བཅུད་མ་ལུས་ཀྱང།། མེ་རི་ཟླུམ་པོའི་ཀློང་དུ་འདུས།། སྐུ་གསུམ་ཐུགས་ཀྱི་ངང་དུ་འདུས། ། རྒྱུད་ལྔ་རིགས་དྲུག་ལམ་གནས་ཀྱང།། གསང་བའི་དཀྱིལ་འཁོར་ཆེན་པོར་རྫོགས།། ཞེས་སྟོན་པས་འཇམ་དཔལ་རྣོན་པོ་ལ་བཀའ་སྩལ་ཏོ།། གསང་བ་མེ་དཔུང་གི་རྒྱུད་ལས། ། གསང་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། བཅོམ་ལྡན་འདས་བདེ་བ་ཆེན་པོའི་ཀློང་ལ་ཕྱག་འཚལ་ལོ།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། གསང་བ་མེ་དཔུང་ཐུགས་ཀྱི་ཏནྟྲ་འདི། འཇམ་དཔལ་རྣོན་པོ་དང།། རིགས་ལྔའི་སངས་རྒྱས་དང།། གསང་བའི་ཡུམ་བཞི་དང། འཁོར་བྱང་ཆུབ་སེམས་དཔའ་དང། སེམས་མའི་ཚོགས་དང། གསང་བ་མེ་དཔུང་གི་དཀྱིལ་འཁོར་ན། སྲས་མཆོག་དམ་པ་རིགས་ཀྱི་རྒྱལ་པོ་མ་ལུས་པ་རྣམས་དང། ཚངས་པ་དང། འཇོག་པོ་དང། དྲང་སྲོང་དང། ལྷ་རྣམས་དང། མིའི་བྱང་ཆུབ་སེམས་དཔའ་ལི་ཙ་བཱི་དྲི་མ་མེད་པ་ལ་སོགས་པ་འཁོར་མང་པོ་རྣམས་ལ་མྱ་ངན་ལས་འདས་པའི་ཆོས་ཀྱི་ཀློང་ནས་བཞེངས་ཏེ་བཀའ་སྩལ་ཏོ། ། ཞལ་ནས་གསུངས་པ་ཐམས་ཅད་དང། ཐེག་པ་རིམ་པ་དགུའི་དོན་ནི་གསང་རྒྱུད་ཆེན་པོ་འདིས་བསྡུས་ལ། གསང་རྒྱུད་ཆེན་པོ་འདིའི་དོན་ནི་འདི་ལྟར་ཤེས་པར་གྱིས་ཞེས་བོས་ནས་གཏད་དོ། ། ཞལ་ནས་གསུངས་པ་ཐམས་ཅད་དང།། ཐེག་པ་རྣམ་གྲངས་ཐམས་ཅད་ཀྱང།། གསང་རྒྱུད་ཆེན་པོ་འདི་ལ་འདུས།། འདི་ལ་བརྩོན་འགྲུས་ནན་ཏན་གྱིས།། གསང་རྒྱུད་འདི་ཡི་རང་བཞིན་ནི། ། ཡན་ལག་དྲུག་རྣམས་སྤྲོས་དང་བྲལ།། རང་བྱུང་ཐུགས་རྗེས་གདལ་བའི་ཀློང།། དམ་ཚིག་ཀུན་བཟང་སྐུ་གསུང་ཐུགས།། བྱངཆུབ་མངོན་སུམ་རྟོགས་ངེས་པའི།། སྲིད་པ་གསུམ་གྱི་སྐུ་གསུང་ཐུགས། ། སྟོང་གསུམ་ཆོས་ཉིད་དབྱིངས་སུ་བསྒོམ། ཁམས་གསུམ་བྱང་ཆུབ་སེམས་སུ་བསྒོམ།། ཡུམ་ལྔའི་མཁའ་དབྱིངས་བདེ་ཀློང་དུ།། ཡབ་ལྔ་དོན་གྱི་རྒྱས་གདབ་བོ།། ཐིག་ལེ་བརྩེགས་པའི་ཀློང། ། ཡང་ཐོག་དགུ་བརྩེགས་སུ།། མར་མེ་དགུ་བརྩེགས་ཀྱང།། སྲིད་པ་སྣང་བ་ཡ།། བོངྷི་ཙིཏྟ་ཡ། བྱང་ཆུབ་སེམས་ཀྱི་རྟེན། ཛྙ་ན་ཙིཏྟ་ཡ། ཡེ་ཤེས་ཆེ་བའི་རྟེན། གའུ་དགུ་རྒྱུད་ཀྱང། ལུང་ཆེན་ཟབ་མོའི་གསུང། ཆུ་སྲིན་གྲེ་བ་དགུ་བརྩེགས་ན། ནོར་བུ་རིན་ཆེན་འབར་བ་སྦས། གསོན་ཚེ་ཤི་ནས་འགྲུབ་པའི་ཀློང། ཏ་ན་བསྒྲལ་བའི་གནས་ནི། གར་བྱ་དམ་ཚིག་ཀློང། ག་ཎ་སྦྱོར་བའི་དམ་ཚིག་ནི། བདེ་བར་བསྐོར་ཏེ་སྡུད་པ་པོ་རྡོ་རྗེ་རྣོན་པོ་ལ་གཏད་དོ། ། འཇམ་དཔལ་རྣོན་པོས་ཀྱང།། གསང་བ་མེད་དཔུང་གི་དཀྱིལ་འཁོར་གྱི་ལྷ་དང་འཁོར་རྒྱལ་བ་རྒྱ་མཚོ་རྣམས་ལ་འདི་སྐད་དོ།། སྟོང་པ་མུན་ཡང་སྲིད་པ་ཡོངས་ཀྱི་དཔལ། ། དུས་གསུམ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས།། དགོངས་པ་མཐའ་དག་རྣམས་ཀྱི་བརྣག་པ་སྟེ།། བྱང་ཆུབ་ཡེ་ཤེས་ཐིག་ལེ་ཆེ།། བདེ་བར་གཤེགས་པ་ཆེན་པོ་ནི།། ཚིག་དང་ཡི་གེར་མཚོན་དུ་མེད། ། སྟོན་པའི་དགོངས་པ་ནི་རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། ཆོས་ཉིད་ཀྱི་མཚན་ཉིད་སྟོང་ཞེས་དམིགས་སུ་མེད་དོ།། ཀུན་གཞི་གཏིང་དཔག་མེད་པ་རྒྱ་མཚོ་ཆེན་པོའི་དབྱིངས།། སེམས་ཀྱི་རང་བཞིན་ཇི་ལྟར་འོད་གསལ་བས། ། བདེ་ཆེན་བྱང་ཆུབ་སེམས་ནི་འགྱུར་མེད་ནམ་མཁའ་བཞིན།། ཆོས་དང་བྱང་ཆུབ་སེམས་ནི་བདེ་བ་ཀུན་ལ་ཁྱབ།། ཅེས་འཁོར་རྣམས་ལ་སྨྲས་སོ།། དེ་ནས་འཁོར་རྣམས་ཀྱིས་ལེགས་སོ་ལེགས་སོ། ། ཨ་ལ་ལ་ཧོ་ཞེས་བརྗོད་ནས་རྟོགས་ཏེ་དབང་པོ་གྲོལ་བར་གྱུར་ཏོ།། དེ་ནས་འཁོར་རྣམས་ཀྱིས་སྟོན་པ་ལ་འདི་བརྗོད་དོ།། ཐུགས་ཀྱི་དཀྱིལ་འཁོར་ལྔར་ལྡན་ཞིང།། སྣང་སྲིད་ཐམས་ཅད་ཡོངས་སུ་གསལ། ། འཁོར་བའི་རྒྱུན་རྣམས་ཀུན་བཀག་ནས།། ཆོས་རྣམས་མ་ལུས་སངས་རྒྱས་པར།། སྟོན་པས་བསྟན་པ་ཉིད་དུ་རྫོགས།། ཞེས་གསོལ་ཏོ།། བསྔོ་བ་མེད་པའི་མཆོད་པ། འདོད་པ་ལྔ་ཡི་ཡོན་ཏན། ནམ་མཁའ་ལྟར་ཀུན་ལ་ཁྱབ་པར་སྤྲུལ་ཏེ། སྟོན་པ་ལ་མཆོད་ནས་འདི་སྐད་གསོལ་ཏོ།། ཇི་ལའང་མ་བཀག་ཆོས་ཀྱི་དབྱིངས།། བལྟ་བ་ཁྱུང་ཆེན་ནམ་མཁའ་ལྡིང།། སྤྱོད་པ་མ་བཀག་རྒྱ་མཚོའི་འཛིན།། དམ་ཚིག་མ་བཀག་བསྲུང་དུ་མེད། ། བསྒྲུབ་པ་མ་བཀག་ཡོངས་སུ་རྫོགས།། ཕྲིན་ལས་མ་བཀག་རྒྱུན་ལ་རོལ།། ཞེས་སྟོན་པ་ལ་གསོལ་ཏོ།། སྟོན་པས་རྡོ་རྗེ་དབྱིངས་ཀྱི་འཁོར་རྣམས་ལ་གསང་བ་ཆེན་པོ་བྱིན་པ།། གསང་བ་ཆེན་པོ་དེ་ཁོ་ན་ཉིད། ། འཁོར་བའི་རྒྱུད་རྟེན་འབྱུང་བ་ལྔ།། འཁོར་གནས་བསྟན་པ་བྱང་ཆུབ་མིན།། འཁོར་བ་གནས་སུ་བསྒྲལ་ནས་བྱང་ཆུབ་སེམས།། ས་ཆུ་མེ་རླུང་འབྱུང་བ་ལྔ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ།། སྨོན་པ་མེད་པའི་ཡབ་ལྔ་དང། ། ཆགས་པ་མེད་པའི་ཡུམ་ལྔ་དང།། གསང་བའི་གསང་མཆོག་བྱང་ཆུབ་སེམས།། འཆི་བ་མེད་པའི་སྲོག་ཀྱང་ཡིན།། གོལ་བ་མེད་པའི་ལམ་ཡང་ཡིན།། རེ་དོགས་མེད་པའི་གནས་ཀྱང་ཡིན། ། ལྷུན་གྱིས་གྲུབ་པའི་ལྟ་བ་ཡིན།། འདའ་བར་དཀའ་བའི་དམ་ཚིག་ཡིན།། ཆེ་བ་རང་བྱུང་བཅོམ་ལྡན་འདས།། ཉོན་ཐོས་རང་རྒྱལ་ཐེག་ཆེན་ཡེ་ནས་རྫོགས།། རྟོགས་པའི་རྒྱལ་པོ་ནང་དུ་ཤར།། མ་བྱུང་མ་སྐྱེས་སྙིང་པོའི་མཆོག། ལྷུན་གྱིས་གྲུབ་པའི་ཐིག་ལེའི་ཀློང།། སྤྲོས་མེད་བརྗོད་བྲལ་པདྨ་ཆེ།། རང་བྱུང་ཡེ་ཤེས་གཞལ་དང་བྲལ།། ཆོས་རྣམས་ནམ་མཁའི་རང་བཞིན་འདྲ།། རྫོགས་ཆེན་བླ་མེད་བྱང་ཆུབ་སེམས།། ཆོས་ཉིད་གསང་བའི་དོན་འདི་ནི། ། རྣ་དབང་བརྒྱུད་པའི་བརྣགས་པ་སྟེ།། རྟོགས་པའི་མན་ངག་གཏེར་དུ་བཅང།། ཞེས་འཁོར་རྒྱལ་བ་རྒྱ་མཚོ་རྣམས་ལ་གཏད་དོ།། དེ་ནས་སྡུད་པ་པོས་འཇམ་དཔལ་ལ་སོགས་པ། གསང་བ་མེ་དཔུང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས། ཐམས་ཅད་མེ་དཔུང་གི་རང་བཞིན་དུ་རྟོགས་ཏེ། རྟོགས་པ་ཕུལ་ལོ།། སྟོང་གསུམ་ཡེ་བརྡལ་དཀྱིལ་འཁོར་དུ།། དུར་ཁྲོད་ཆེན་པོའི་བྱང་ཆུབ་ལུང། ། རྟོགས་ཆེན་མཉམ་སྦྱོར་ཐུགས་ཀྱི་མཛོད།། གསང་བས་མཉམ་པའི་སྙིང་པོ་འདི།། སངས་རྒྱས་གཞན་ནས་སྦྱན་མི་འདྲེན།། ཉིད་ལ་ཀུན་རྫོགས་གཞན་ཡས་ཁང།། དངོས་གྲུབ་གཞན་དུ་མི་སློང་སྟེ།། གྲུབ་པའི་དཀྱིལ་འཁོར་རང་ལས་ཤར། ། རེ་སྨོན་མེད་པར་ཡེ་ནས་གནས།། གཞན་དུ་མི་སློང་ཉིད་ལ་རྫོགས།། ས་བཅུ་ཁྱད་པར་རྫོགས་པའི་ལུང།། ཡངས་པའི་དཀྱིལ་འཁོར་ཉིད་ལ་རྫོགས།། མཉམ་ཉིད་མ་སྐྱེས་མྱ་ངན་འདས། ། ཞེས་བརྗོད་དོ།། ཤིན་ཏུ་ངམས་ཤིང་ངོ་མཚར་སྐྱེས་ཏེ།། སྟོན་པ་ལ་རྣ་དབང་བླགས་ནས་མཉན་ཏོ།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། རིགས་ལྔ་བདེ་བར་གཤེགས་པ་རྣམས་དང། འཕགས་པ་འཇམ་དཔལ་ལ་བཀའ་སྩལ་ཏེ། བྱང་ཆུབ་སེམས་དཔའ་མཁྱེན་རབ་ཀྱི་བདག་པོ་ཁྱེད་ལ་ད་ངས་ཆོས་འདི་བསྡུས་ལ་བཤད་དོ།། འཇམ་དཔལ་རྣོན་པོ། ཆོས་འདི་རྒྱ་ཆེ་ཞིང་ཟབ་པ་ཡིན་ཏེ། ཁྱོད་ཀྱིས་ཟིན་པར་གྱིས་ཤིག། རྟོགས་ཤིག་བསྒྲུབ་པ་ཆེན་པོའི་དོན་འདི་ནི། དཔེར་ན་མེ་དང་འདྲ་སྟེ། ཆུང་ངུའི་རྡུལ་ནས་ཆེ་བའི་རི་རབ་ཀྱང་བསྲེག་གོ། ཐེག་པ་ཆེན་པོ་འདི་ནི་ཉི་མའི་ཟེར་དང་འདྲ་སྟེ། འཛམ་བུ་གླིང་དང། རིའི་རྒྱལ་པོ་རྣམས་དང། ཁོ་ར་ཁོ་ཡུག་དང། གངས་རྒྱུད་དང། གཡའ་རི་བོག་རི་དང། དེའུ་ལ་སོགས་པ་ཐམས་ཅད་གསལ་བར་བྱེད་དེ། བླང་དོར་དང་དབྱེ་བསྲིང་དུ་མི་བྱེད། སྟོན་པ་བདག་གི་ཐུགས་རྗེའི་ངང། ཉི་མ་འདྲ་སྟེ་དབྲི་བཀོལ་མེད་དོ། ། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཡང་དེ་དང་འདྲ་སྟེ་དབྲི་བཀོལ་མེད་དོ།། མཚན་མ་དང་མཚན་མ་མེད་པ་རྣམས་ལ་ཁྱབ་སྟེ་གནས་སོ།། དེ་བཞིན་དུ་གསང་བའི་རྒྱུད་ཆེན་པོ་འདི་ཡང་ཀུན་ལ་ཁྱབ་སྟེ། རིགས་ལྔའི་སངས་རྒྱས་དང། རིགས་ཀྱི་ཡུམ་ལྔ་དང། འཁོར་གྱི་དཀྱིལ་འཁོར་བསམ་གྱི་མི་ཁྱབ་པ་ལ་ཡང། ཉི་མ་བཞན་དུ་ཤར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཁོར་ཚངས་པ་དང། ཀླུ་འཇོག་པོ་དང། མིའི་བྱང་ཆུབ་སེམས་དཔའ་སྨད་འཚོང་མ་བདག་ཉིད། ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་སོགས་པ་རྣམས་ལ། ནམ་མཁའ་བཞིན་དུ་ཁྱབ་སྟེ། སྲིད་པ་གསུམ་དུ་བརྡལ་ནས་གསུངས་པ། འཇམ་དཔལ་སྟོང་གི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཞིང་གི་རྡུལ་སྙེད་ལ་ལུས་རྡུལ་སྙེད་དུ་བྱས་ན་བུ་ལམ་ལས་ནི། ། ཏན་ཏྲ་ཆེན་པོ་འདིའི་དོན་རྟོགས་པ་བསོད་ནམས་ཆེའོ།། འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་བས་ནི། ཏན་ཏྲ་ཆེན་པོའི་འདིའི་དོན་ཐང་གཅིག་བརྟགས་པ་བསོད་ནམས་ཆེའོ།། འཇམ་དཔལ་གངྒཱ་ཀླུང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་བཀུར་བ་བས་ནི། ཏན་ཏྲ་ཆེན་པོ་འདིའི་སྒྲུབ་པ་ལ་ཐང་གཅིག་ཞུགས་པ་བསོད་ནམས་ཆེའོ།། འཇམ་དཔལ་བསྐལ་པ་སྟོང་དུ་འགྲོ་བའི་དོན་བྱས་པ་བས། ཏན་ཏྲ་ཆེན་པོ་འདིའི་དོན་ལ་ཐང་གཅིག་ཞུགས་པ་བསོད་ནམས་ཆེའོ། ། དམྱལ་བའི་འཇིག་རྟེན་ཐམས་ཅད་གནས་མ་འགྱུར་བར་ཐར་པའི་ལམ་ཡིན་ནོ།། ཞེས་གསུངས་ཏེ།། བཅོམ་ལྡན་འདས་ཀྱིས་ལུང་ཟབ་མོ་འདི་གསུངས་སོ།། སེམས་ནི་མ་བཅོས་མྱ་ངན་འདས། ། ཡུལ་ནི་མ་བསྒྲུབས་བདེ་ཆེན་ཀློང། ཀུན་བཟང་ནམ་མཁའི་མཚན་ཉིད་དོ།། ཤྲཱི་མཉྫུའི་སེམས་ལ་གཏད།། བསྲུང་དུ་མེད་པའི་དམ་ཚིག་སྟེ།། དམ་ཚིག་འདི་ལས་ཡོངས་མ་འདས།། བསྒྱུར་དུ་མེད་པའི་ཕྱག་རྒྱ་སྟེ། ། ཕྱག་རྒྱ་འདི་ལས་གཞར་མ་འབྲལ།། བསྒྲུབ་ཏུ་མེད་པའི་སྒྲུབ་པ་སྟེ།། སྒྲུབ་པ་འདི་ལ་ཡུན་དུ་གནོས།། རྫོགས་ཆེན་བླ་མེད་ཐེག་པའི་མཆོག། ཨ་ཏི་ཡོ་ག་རྫོགས་པའི་ལུང།། ཤྲཱི་མཉྫུ་ལ་གཏེར་དུ་བཞག། ཅེས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་དང་གསང་རྒྱུད་ཆེན་པོ་འདི་ལ་འཇམ་དཔལ་གྱིས་བསྟོད་པ། ནམ་མཁའི་མཚན་ཉིད་ཀུན་སྟོང་སྟེ།། དངོས་པོ་མེད་པས་ནམ་མཁའི་འདྲ།། བྱ་བ་མེད་པས་གྲོལ་བ་སྟེ། ། མན་ངག་མཆོག་ལ་ཕྱག་འཚལ་ལོ།། ཆུ་ཟླ་བཞིན་དུ་དྲི་བྲལ་བས།། ཐམས་ཅད་རྟོགས་པ་ཡོངས་སུ་སྤངས།། གཟུང་འཛིན་རྣམ་གཉིས་རྣམ་པར་དག། སྐྱོན་བྲལ་སྐུ་ལ་ཕྱག་འཚལ་ལོ། ། དུས་གསུམ་ཐིག་ལེ་ཆེན་པོའི་ངང།། ལྔ་བཞི་འཁོར་བའི་གནས་ལས་ཐར།། བྲི་བ་མེད་ཅིང་འཕེལ་མེད་པ།། ལྷུན་རྫོགས་སྐུ་ལ་ཕྱག་འཚལ་ལོ།། དུས་གསུམ་སངས་རྒྱས་ཀུན་གྱི་དཔལ། ཁམ་གསུམ་ཐམས་ཅད་འདྲེན་པའི་མགོན། ། རྒྱུད་དྲུག་གནས་སུ་སྒྲིབ་པ་སྦྱོང།། དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ།། ཞེས་བསྟོད་དོ།། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་གསང་བའི་དཀྱིལ་འཁོར་ཆེན་པོར་སོ་སོ་མ་ཡིན་ཐ་མི་དད་པར་གྱུར་ཏོ། ། གསང་བ་མེ་དཔུང་གི་རྒྱུད་ལས། འཇམ་དཔལ་ལ་གཏད་པ་མེ་དཔུངགི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། རྒྱུད་ཀྱི་རྒྱལ་པོ་བདེ་བ་ཆེན་པོ་དེ་བཞིན་རིགས་ཀྱི་སྒྲུབ་ཐབས་གསང་བ་མེ་དཔུང་གི་རྒྱུད་རྫོགས་སོ། །།། རྒྱ་གར་སྐད་དུ། སརྦ་པཉྩ་ཨ་མྲྀ་ཏ། ས་ར་སིདྡྷི་མ་ཧཱ་དུ་ཀ། ཧྲྀ་ད་ཡཱ་ན་པ་ར་བིད་ཏྭ་ན་ཨཥྟ། བོད་སྐད་དུ།། ཐམས་ཅད་བདུད་རྩི་ལྔའི་རང་བཞིན། དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་བམ་པོ་ཆེན་པོ་བརྒྱད་པ།

CLOSE WINDOW