CLOSE WINDOW

Gpb024.002: དཔལ་ཁྲག་འཐུང་འདུས་པའི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་ཡ་མཱ་ཛ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་ཁྲག་འཐུང་འདུས་པའི་རྒྱུད་ཅེས་བྱ་བ། དཔལ་ཁྲག་འཐུང་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། སྐུ་དང་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བདེ་བ་ཆེན་པོའི་དབྱིངས། གསང་བ་མཆོག་གི་གཞལ་ཡས་ཁང། ཟབ་མོ་འདུས་པའི་བདག་ཉིད། ཉམས་བཞི་སྐྱེད་པའི་གནས། རྩེ་མོ་ཐིག་ལེ་ཆེན་པོས་མངོན་པར་བརྒྱན་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ཐིག་ལེ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ། མ་ལུས་པ་འདུས་པའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོས་བྱིན་གྱིས་བརླབས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཁམས་གསུམ་གྱྀ་དབང་བརྙེས་པ། པདྨ་རྣམ་པར་དག་པའི་གསུང་གི་དབྱངས་མངའ་བ། འགྲོ་བ་མ་ལུས་པ་ཕྲིན་ལས་ཀྱིས་འདུལ་བར་མཛད་པ་སྟེ། འདི་ལྟར་ནམ་མཁའི་དབྱིངས་དང་མཉམ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ།། བཙུན་མོའི་ཚོགས་དང་བཅས་པ་དང། ས་བཅུའི་དབང་ཕྱུག་རྒྱལ་བའི་སྲས་སུ་གྱུར་པ། བཙུན་མོའི་ཚོགས་དང་བཅས་པ་དང། གདུག་པ་འདུལ་ཞིང་ཕྱིན་ཅི་ལོག་ཚར་གཅོད་པར་མཛད་པའི་བིགྷྣཱཾ་ཏ་ཀྲྀཏ་ལ་སོགས་པ་བཙུན་མོའི་ཚོགས་དང་བཅས་པ་དང། གཞན་ཡང་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པར་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་དེ་ཉིད་ཀྱིས། ཕྱོགས་ཐམས་ཅད་དུ་རྣམ་པར་གཟིགས་ཏེ་ཕྱོགས་བཅུ་དང་སྣོད་བཅུ་དང་ཕྱི་ནང་དང་ཁམས་གསུམ་དང། ཞིང་ཁམས་དང་ས་དང་ལམ་དུ་བཅས་པ་རྣམ་པར་གཟིགས་སོ།། དེ་ལྟར་ཁྱབ་པ་ཆེན་པོ་དང། ཆགས་པ་ཆེན་པོ་དང། མཛེས་པ་ཆེན་པོ་དང། ཟིལ་གནོན་བརྗེད་པའི་ཚུལ་གྱིས་གཟིགས་པས། མ་ལུས་པའི་ཐིག་ལེ་ཆེན་པོའི་རང་བཞིན་དམིགས་པ་མེད་པར་ཐུགས་སུ་ཆུད་པར་གྱུར་ཏོ། ། དགྱེས་པའི་བྱིན་རླབས་ལས། ཐུགས་ཀ་དང་ལྗགས་དང་སྤྱི་བོ་ལས་འོད་སྣ་ཚོགས་བྱུང་སྟེ། ཁྱབ་པ་དང་གསལ་བ་དང་འཇོམས་པ་དང། ཉམས་བསྐྱེད་པར་གྱུར་ནས། ཕྱོགས་བཅུའི་ཞིང་ཡོངས་སུ་སྦྱངས་ཏེ། རྒྱལ་བའི་སྲས་སུ་གྱུར་ཏེ། རྒྱལ་བའི་ཞིང་ཁམས་རྡུལ་ཕྲ་མོ་སྙེད་ཀྱི་སངས་རྒྱས་ཀྱི་དཀྱིལ་འཁོར་དང་བཅས་པ་འདུས་པར་གྱུར་ཏེ། དེ་དག་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་བརྗོད་པར་གྱུར་ཏེ། ། ཨེ་མ་འོ་སངས་རྒྱས་ཐམས་ཅད་ནི།། རྒྱ་ཆེན་གདོད་ནས་སྐྱེ་མེད་དེ།། འདུལ་བའི་ཐབས་ཀྱི་ཁྱད་པར་གྱིས།། མཛད་པ་སྣ་ཚོགས་བསྟན་པ་ལེགས།། ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཀྱིས། སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ། དུས་གསུམ་དུ་ཉམས་བཞིའི་ཚུལ་གྱིས་དགའ་བར་མཛད་དེ། རྡོ་རྗེ་སྙིང་པོའི་ཚུལ་གྱིས་པདྨའི་སྙིང་པོ་ལ་ཞུགས་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་སྲས་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས།། བརྟུལ་ཞུགས་གསུམ་ལ་གནས་བྱའི་ཕྱིར། ། དབང་བསྐུར་བདག་ལ་གནང་བ་སྩོལ།། ཞེས་གསོལ་པ་ལས། དེ་མ་ཐག་ཏུ་ཞལ་བསྟན་པ་དང། ཐིག་ལེ་ཆེན་པོ་དང་བདེ་བ་ཆེན་པོ་དང། ཡེ་ཤེས་བར་ཆད་མེད་པའི་དབང་བསྐུར་ནས། མ་ལུས་པའི་ཐིག་ལེ་ཆེན་པོའི་རང་བཞིན་དུ་གསལ་བར་གྱུར་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུ་དབྱེར་མེད་པར་གྱུར་ཏོ།། དེ་ནས་ནམ་མཁའི་དབྱིངས་དང་མཉམ་པའི་རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། དམ་ཚིག་གསུམ་ལ་གནས་པ་ཡིས།། བར་ཆད་མེད་པའི་ས་ཕྱོགས་སུ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། མ་ལུས་དག་པ་གསུམ་བསྒོམས་ནས།། རྒྱལ་བའི་ཕོ་བྲང་དག་པར་བསྒོམ། ། རང་བཞིན་ཇི་ལྟ་བཞིན་བསྒོམས་ལ།། རྒྱལ་བ་ཡབ་ཡུམ་སྲས་དང་བཅས།། སྒོ་བར་བཅས་ཏེ་བསམ་པར་བྱ།། དབྱེར་མེད་མཆོད་བཟླས་བརྟན་ཐོབ་ནས།། བརྟུལ་ལུགས་གསུམ་ནི་བརྟག་པར་བྱ། ། ཤིན་ཏུ་ཡིད་དགའི་ས་ཕྱོགས་དེར།། ས་ཡི་བྱ་བ་ཀུན་བྱས་ནས།། ཚད་དང་ལྡན་པའི་སྟེགས་བུ་བརྩམ།། ཉི་ཤུ་ལྔ་ལྡན་དག་པ་དེར།། བླ་མ་ཡུམ་དང་ལྡན་པ་ཡིས།། ང་རྒྱལ་གསལ་བར་བྱིན་བརླབས་ནས། ། རས་བལ་གཙང་མ་ཉིས་འགྱུར་ཚད།། སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ།། རང་གི་རྟོག་པ་ཇི་བཞིན་པས།། ཐིག་གདབ་ཆོ་ག་ཇི་བཞིན་བྱ།། དྲི་ཡི་ཐིག་ལེར་མཚན་བཀོད་སྟེ།། ནམ་མཁའི་དཀྱིལ་འཁོར་ཕབ་ཅིང་མཆོད། ། བུམ་པ་ལྔ་དང་བཅུ་ཡང་རུང།། ཡོ་བྱད་ཚང་བར་བྱིན་བརླབས་ལ།། རང་རང་གནས་སུ་འཚམས་པར་གཞག། སྣོད་དང་ལྡན་པའི་སློབ་མ་དག། མོས་པས་ཁྲུས་བྱས་སེམས་བསྐྱེད་དེ།། ལྷག་པར་གནས་པ་ཇི་བཞིན་བྱ། ། རིན་ཆེན་ལྔ་དག་འབྲས་ལྔ་དང།། འབྱུང་ཁུངས་ལྔ་ལྡན་ཁ་དོག་ལ།། རིགས་ལྔའི་བྱིན་རླབས་བསྡུས་ཏེ་བྲི།། ཟླུམ་པོ་ཐིག་བཞི་ལེའུ་ཚེ་དགུ།། སྒོ་བཞི་ལྡན་པའི་ཚུལ་དུ་བྲི།། རྒྱན་དང་བྲོ་བརྡུང་ཕྲེང་བ་དང། ། ཡིད་འོང་ལྷ་ཡི་འབྱོར་པས་བསྐོར།། མ་དག་པ་ནི་མཚམས་གཅད་ཅིང།། དག་པའི་སྒྲུབ་རྫས་བྱིན་བརླབ་དགོད།། ཏིང་འཛིན་ལྷ་བསྐྱེད་གསལ་བསྒོམས་ལ།། བཟླས་དང་འཕྲོ་འདུ་རྒྱུན་མི་གཅད།། ནུས་པ་ལྡན་པའི་ལྷས་ཐོབ་ནས། ། རྣལ་འབྱོར་བདག་ཉིད་འཇུག་པར་བྱ།། དེ་ནས་བླ་མ་མཉེས་བྱས་ལ།། ཆོ་ག་རྒྱས་པར་ཤེས་པ་ཡིས།། གུས་ལྡན་མེ་ཏོག་འཛིན་པ་ཡིས།། སློབ་མ་དམ་ཚིག་ལྡན་པ་དེ།། ཞུགས་ནས་རང་གི་ཡེ་ཤེས་ཕབ། ། ཆོ་ག་བཞིན་དུ་ནན་ཏན་བྱ།། དཀྱིལ་འཁོར་བཞི་ལ་རིམ་ཞུགས་ནས།། དབང་བཞི་རིམ་པ་བཞིན་དུ་སྦྱར།། དེ་ནས་གང་ལ་དགའ་བ་ཡི།། བསྒྲུབ་པའི་གནས་ལ་སྦྱིན་པར་བྱ།། རང་རང་རྟོག་པ་ལས་བསྟན་པའི། ། ཆོ་གའི་རིམ་པ་ལ་བརྟེན་པས།། བརྩོན་འགྲུས་ཏིང་འཛིན་ལྡན་པ་ཡིས།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། གླེང་གཞི་དང། དཔལ་རྡོ་རྗེ་འཛིན་པའི་ཆོ་གའི་རིམ་པ་བསྟན་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་དེ་བཞིན་གཤེགས་པ་མ་ལུས་པ་སྲས་དང་བཅས་པ་རྣམས་ཀྱིས། འདུལ་བའི་སྐྱེ་བོ་གྲངས་མེད་པའི་བསམ་པ་སོ་སོར་གཟིགས་པར་གྱུར་ཏེ། ལ་ལ་ནི་ཞེ་སྡང་ཅན་དུ་སྣང། ལ་ལ་ནི་འདོད་ཆགས་ཅན་དུ་སྣང། ལ་ལ་ནི་ང་རྒྱལ་ཅན་དུ་གནས། ལ་ལ་ནི་གཏི་མུག་ཅན་དུ་གྱུར། ལ་ལ་ནི་ཕྲག་དོག་ཅན་དུ་གྱུར་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པས། འཁོར་བའི་དངོས་པོ་ལ་འབྱོལ་ཉོག་ཏུ་སྤྱོད་ཅིང་ཞེན་པས། ལོག་པའི་རི་བོ་མངོན་དུ་བརྟས་པས། སྲིད་པ་གསུམ་གྱི་བདག་པོར་བརྟགས་པར་གྱུར་ཏེ། འཇིག་རྟེན་ཀུན་དབང་དུ་བསྡུས་ནས། རྒྱུ་འབྲས་ལོག་པར་སྨིན་པ་དེ་གཟིགས་ནས། དཀྱིལ་འཁོར་གྱི་འཁོར་ལོས་འདི་སྐད་ཅེས་བསྐུལ་ཏོ།། ཨ་ཧོ།། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོ་ནི།། མཁའ་ལྟར་མི་འགྱུར་ཐིག་ལེ་སྟོང་པ་སྟེ།། མ་རྟོགས་བློ་ལ་རྟོག་པའི་རི་བོ་སྣང། ། ཐུགས་རྗེས་ཁྲོས་པས་འགྲོ་བ་གདུལ་དུ་གསོལ།། དང་པོ་དམ་བཅས་རྒྱལ་བ་ཐུགས་རྗེ་ཅན།། སྐུ་གསུང་ཐུགས་ལས་སྤྲུལ་པའི་ཆོ་འཕྲུལ་གྱིས།། གདུག་པ་མ་ལུས་བཏུལ་ཞིང་ཚར་བཅད་ནས།། མ་བཅོས་སྙིང་པོའི་ངང་ལ་དགོངས་སུ་གསོལ། ། ཞེས་རྣམ་པར་བསྐུལ་བས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེས་བསྐུལ་བར་མཁྱེན་ནས་ཧཱུ~ཾ་ཞེས་གསུངས་པས། དཀྱིལ་འཁོར་གྱི་འཁོར་ལོར་བཅས་པ་ཉིད་ཀྱི་སྐུ་ལ་རིམ་པར་འདུས་པར་གྱུར་ཏོ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ།། འདི་ལྟར་དང་པོ་བདག་གི་ས་བོན་བཀོད། གཉིས་པ་གསུམ་པ་བཞི་བརྗོད་པས།། སྟོང་གསུམ་རིམ་པས་སྒྲ་རུ་གྲགས།། དེ་ལས་ཕྱག་མཚན་གྱུར་པ་སྟེ།། ཐ་མ་སྐུ་རྫོགས་ངེས་པར་བལྟ། ། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། རྡོ་རྗཻ་ཁ་ཊྭཱཾ་རྔེ་ཆུང་གཡས།། དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན།། ཡུམ་ཡང་ཡབ་དང་མཐུན་པ་ལ།། གཡས་པ་ཤེས་རབ་ཐབས་ལ་བརྟེན།། གཡོན་པ་དུང་ཕོར་གཙོ་ལ་སྟོབ། ། དུར་ཁྲོད་ཆས་བརྒྱད་གར་དགུ་དང།། འགྱིངས་ཚུལ་བརྗིད་པའི་ཚུལ་གྱིས་བཞུགས།། རིགས་བཞི་ཡབ་ཡུམ་འཁོར་ཚུལ་ཏེ།། སྦས་པའི་རཀྴ་ཡཀྴ་དང།། གུ་ཧྱ་ས་ནུ་ཡབ་ཡུམ་རྣམས། ། འཁྲིལ་པས་འཁོར་ལོའི་ཚུལ་དུ་བཞུགས།། གསང་བའི་བུ་མོ་ཁྲོ་མོ་བརྒྱད།། ཕྲ་མེན་བརྒྱད་དང་གུས་པ་བཞི།། འབར་མ་བརྒྱད་དང་བཅས་པ་ཡི།། བཀའ་ཉན་ཉི་ཤུ་རྩ་བརྒྱད་ལྡན།། མཁའ་འགྲོའི་ཚོགས་དང་མ་མོ་བདུན། ། སྲིང་མོ་བཞི་དང་གིང་ཆེན་དང།། ཕོ་ཉ་ཡང་སྤྲུལ་སུམ་བརྒྱ་དང།། དྲུག་ཅུ་ཉི་ཁྲི་བདུན་སྟོང་ཚོགས།། རྡོ་རྗེ་རིག་འཛིན་ལ་སོགས་པ།། འཁོར་ལོའི་ཚུལ་དུ་ཐབས་ཅིག་བཞུགས།། དེ་ནས་གསང་བདག་རྡོ་རྗེ་འཛིན། ། མ་ལུས་གསང་བའི་མཛོད་འཛིན་པ།། དགྱེས་པའི་གར་དང་དབྱངས་དང་བཅས།། གུས་དང་མཛེས་པས་སྤྱན་སྔར་འདུག། བརྟག་པའི་ཆོ་ག་ལེགས་པར་དྲིས།། དཔལ་ཆེན་ཧེ་རུ་ཀ་ཡི་དོན། ། རང་བཞིན་ཐབས་དང་འབྲས་བུ་གང།། ཧེ་ཞེས་བྱ་བ་གང་ཅི་ཞིག། རུ་ཞེས་བྱ་བ་གང་གི་དོན།། ཀ་ཞེས་བསྟན་པའི་དོན་ཅི་ཞིག། བལྟ་བའི་དོན་ནི་ཇི་ལྟ་བུ།། སྤྱོད་པའི་ཁྱད་པར་གང་དག་ལགས། ། རྩ་བའི་དཀྱིལ་འཁོར་གང་དག་ལགས།། ཏིང་ངེ་འཛིན་ནི་ཇི་ལྟ་བུ།། དག་པ་གསུམ་ཞེས་ཇི་ལྟ་བུ།། དབང་གི་ཁྱད་པར་ཇི་ལྟར་བསྐུར།། སྤྱོད་དང་ཁྱད་པར་དམ་ཚིག་གང།། ཐུན་མོང་ཐུན་མོང་མ་ཡིན་པའི། ། བསྒྲུབ་པའི་ཁྱད་པར་ཇི་ལྟ་བུ། ཕྲིན་ལས་རིམ་པ་གང་ཞིག་ལགས།། ཧེ་རུ་ཀ་རུ་བདག་སྦྱོར་བའི།། ལམ་གྱི་རིམ་པ་གང་དག་ལགས།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། དཔའ་བོས་བསྐུལ་བ་གསན་ནས་ཀྱང། ། ཆོ་འཕྲུལ་ཆེན་པོ་ཀུན་བསྟན་ནས།། འོད་ཀྱི་དཀྱིལ་འཁོར་འཁྲིགས་པ་ཅན།། བསྐལ་པའི་མེ་ལྟར་འབར་བ་ཡིས།། མ་དག་པ་ནི་མཚམས་བཅད་ནས།། གང་ཟག་དམ་པར་བྱིན་བརླབས་ནས།། གསང་བའི་བསྟན་པ་བསྒྲགས་པར་མཛད། ། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས།། དྲི་མེད་ཡེ་ཤེས་ཧེ་རུ་ཀ། ནམ་མཁའི་དཀྱིལ་འཁོར་སྣ་ཚོགས་སྟོན།། རང་བཞིན་ཀུན་གྱི་རང་བཞིན་ཏེ།། ཐབས་ནི་ཕྱི་ནང་སྦས་པ་གསུམ། ། འབྲས་བུ་རང་བཞིན་མཐར་ཕྱིན་པས།། ཧེ་ནི་དགྱེས་པ་ཆེན་པོ་ཉིད།། རུ་ནི་ཆགས་པ་བདེ་ཆེན་པོ།། ཀ་ནི་ཕྲིན་ལས་མཛད་པར་ཤར།། ལྟ་བ་མ་བཅོས་ཆོས་ཉིད་མཐོང།། སྤྱོད་པ་སྒོ་གསུམ་བླང་དོར་མེད། ། ལྷ་དང་དངོས་གྲུབ་དབང་ལ་སོགས།། སྙིང་པོ་འབྱུང་བཞི་ལྷུན་རྫོགས་པས།། འབྱུང་བཞི་འཁྱིལ་བའི་དཀྱིལ་འཁོར་ཏེ།། གང་དང་གང་དུ་གསལ་བའི་ཡིད།། མ་ཡེངས་པ་ཉིད་ཏིང་འཛིན་ཏེ།། དག་པས་དག་པ་གསུམ་དུ་བརྗོད། ། གང་གིས་གང་ལ་གང་བསྐུར་བ།། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང།། མ་ལུས་སྒོ་གསུམ་ཁྱབ་པར་དག། བདག་དང་གཞན་ཕྱིར་མི་འགལ་བ།། སྤྱི་དང་ཁྱད་པར་དམ་ཚིག་མཆོག། རིག་འཛིན་ལམ་དང་འབྲས་བུ་དང། ། ཚེ་དང་པྲ་དང་རོ་ལངས་དང།། རྐང་མགྱོགས་མཁའ་འགྲོ་ལ་སོགས་པ།། བསྒྲུབ་པས་བསྒྲུབ་པ་ཉིད་དུ་བཤད།། ཞི་དང་རྒྱས་དང་དབང་དྲག་ཉིད།། མཛད་པ་ཕྲིན་ལས་ཉིད་དུ་བརྗོད། ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི།། བསམ་གྱིས་མི་ཁྱབ་རང་བྱུང་སྟེ།། མ་ལུས་རྣམ་དག་བྱང་ཆུབ་སེམས།། ཐིག་ལེ་ཆེན་པོར་དུས་གཅིག་རྫོགས།། ཆོས་ཀུན་རང་སེམས་མེ་ལོང་ལ།། ཀུན་གྱི་གཟུགས་བརྙན་རང་ཤར་བ། ། དེ་དག་དེ་ཡི་རང་བཞིན་ཏེ།། མ་ལུས་བདེ་གཤེགས་སྣང་བ་ཉིད།། བྱིན་རླབས་སྣ་ཚོགས་བསམ་ཡས་པ།། རྡོ་རྗེ་འཛིན་ནས་རྩི་ཤིང་སོགས།། རང་རང་ནུས་པ་སྣ་ཚོགས་ཀྱིས།། མ་ལུས་ཀུན་གྱི་བསམ་པ་ལྟར། ། དཔག་མེད་ཆེ་བ་སྣ་ཚོགས་སྟོན།། སྟོང་ལ་སྟོང་མིན་ཧེ་རུ་ཀ། བདེ་ཆེན་རྣམ་འཕྲུལ་སྣ་ཚོགས་གཟུགས།། ཞི་ལ་ཞི་དང་ཁྲོ་ལ་ཁྲོ།། ཆགས་ལ་ཆགས་དང་རྨོངས་ལ། རྨོངས།། དྲེགས་ལ་རི་བོ་མཉམ་ལ་མཉམ། ། འབྱུང་ལ་འབྱུང་བ་འདོད་ལ་འདོད།། ལེ་ལོ་སེར་སྣ་དེ་བཞིན་ཏེ།། ཐབས་མཁས་འདུལ་བ་སྣ་ཚོགས་པ།། ཇི་ལྟར་འཚམས་པར་རྣམ་པར་གནས།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་ཏནྟྲ་ལས་གླེང་གཞི་དང། རྒྱུད་ཀྱི་སྙིང་པོ་འབྱུང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས།། མ་ལུས་དྲག་པོས་འདུལ་བའི་ཕྱིར།། ཐབས་མཁས་རོལ་པའི་བརྡའ་ཡིས་ནི། ། ཀུན་མཁྱེན་ཁྱོད་ལ་གསོལ་བ་འདེབས།། ཀུན་མཁྱེན་རྒྱལ་པོས་མཉེས་གཟིགས་ནས།། འབར་ཞིང་རྔམ་པའི་མདངས་ཀྱིས་ནི།། འཇིག་རྟེ་ཁམས་ཀུན་སྒྲས་བཀང་ནས།། བསྐལ་པའི་མེ་ལྟར་དྲག་ཅིང་འབར། ། ཕྱི་ནང་བགེགས་རྣམས་ཐམས་ཅད་འབྱེར།། ཨོཾ་བ་ཧུ་བེ་དྷ། རོ་ཧུ་ཏི། པཉྩ་ཏི། ཨ་ཤ་ཥ། ནི་ཤེ་ཥ་བཱ་ད་བི་ན་ཡ། བིདྱ་ག་ཏ། ཙ་ལེ་པྲ་ཙ་ལེ། གུརྦ་གུརྦ། བི་གུརྦ་སརྦ་བཛྲ་ཤི་བ་ལེ། ཙ་ལེ་ཙ་ལེ། ཨོཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ། འབར་བའི་དཀྱིལ་འཁོར་སྣ་ཚོགས་འཕྲོས།། ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས།། ཕྱི་ནང་སྣོད་བཅུད་བཅས་པ་གང།། གྲངས་ལས་འདས་པའི་ལྷ་རྣམས་ནི།། རིག་པའི་དཀྱིལ་འཁོར་མཐའ་དབུས་མེད། ། ཕྱོགས་བཅུ་དུས་བཞི་ཁྱབ་པར་སྣང།། དངོས་གྲུབ་ཀུན་གྱི་རྩ་བ་ནི།། བསྙེན་པ་དང་ནི་ལས་སྔགས་ཏེ།། འདི་དག་ཡིད་བཞིན་ནོར་བུ་ལྟར།། མ་ལུས་ད་ལྟར་འགྲུབ་པར་འགྱུར།། བསྙེན་པའི་ཡི་གེ་འབྲུ་བརྒྱད་ལ། ། རྩ་བའི་དཀྱིལ་འཁོར་རྫོགས་པས་ན།། ཡན་ལག་མ་ལུས་རང་རྫོགས་པས།། དངོས་གྲུབ་མ་ལུས་རྫོགས་ཏེ་གནས།། གང་དུ་བསྙེན་པ་གསུམ་རྫོགས་ནས།། རབ་འབྲིང་ཐ་མའི་རྟགས་ཐོབ་ན།། བརྒྱུད་པའི་ཡུལ་དང་བྲལ་བས་ན། ། ཚེ་འདིར་སངས་རྒྱས་ཉིད་ཐོབ་ན།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས།། སྒྲུབ་པ་པོ་དང་གཟུངས་མ་དང།། རྫས་དང་གྲོགས་དག་བཞི་པ་སྟེ།། དག་པའི་རྒྱུད་ལ་སྣང་བ་ནི།། མེ་ལོང་བཞིན་ལ་སྣང་བ་ཡིན། ། བསྙེན་པའི་དཀྱིལ་འཁོར་གསལ་བསྒོམས་ཤིང།། འོད་གསལ་བྱིན་རླབས་གནས་ཐོབ་ནས།། སྦྱོར་བའམ་ཐིག་ལེར་ཐོབ་པས་བཟླས།། ཚེ་འདིར་སངས་རྒྱས་ཉིད་ཐོབ་འགྱུར།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། ། ཚེ་དང་ལྕོང་ཞི་དམར་སེར་བ།། བཀྲ་ཤིས་དག་པའི་ཞལ་ཟས་ལ།། རྟགས་ཐོབ་བར་དུ་བཟླས་བསྐྱེད་ན།། མི་འཆི་ཚེ་ཡི་དངོས་གྲུབ་འཐོབ།། དྲག་པོའི་སྦྱོར་བ་གསལ་བ་ཡིས།། བདུན་འབུམ་སྔོན་དུ་སོང་བ་ཡིས། ། གུ་གུལ་སྦྱར་མ་བསྲེག་བྱ་ཞིང།། སྟོང་རྩ་བརྒྱད་དུ་བཟླས་བྱས་ན།། གྲོང་དང་ཡུལ་ཕྱོགས་ཐམས་ཅད་དུ།། བགེགས་ནི་མ་ལུས་འཕྲོས་པར་འགྱུར།། དཀྱིལ་འཁོར་སྙིང་པོ་ལྡན་བཀོད་ནས། ། མུ་ཁྱུད་རྡོ་རྗེ་ར་བ་ལ།། ལས་སྔགས་བཀོད་དེ་བྱིན་བརླབས་ནས།། བདུན་འབུམ་གྲངས་ཚད་ག་བུར་བཅུག། གྲོང་དང་སྒོ་དང་ཞིང་སྲང་དང།། རི་རྩེ་ལ་སོགས་གར་བཞག་པ།། སེར་བ་དང་ནི་ནད་དང་གདོན། ། མ་ལུས་པ་ནི་ཞི་བར་འགྱུར།། གྲོ་ག་རས་དང་དར་སོགས་ལ།། བྲིས་ཤིང་བྱིན་བརླབ་བསྙེན་རྫོགས་ནས།། ལུས་སམ་གཙུག་ཕུད་མགུལ་བཏགས་ན།། ཚེ་རིང་ནད་མེད་བདེ་བ་དང།། དགྲ་དང་བགེགས་ཀྱིས་འཚེ་བ་མེད། ། ཐལ་ཆེན་མུ་ཟི་ཉུང་དཀར་ལ།། བྱེ་བ་འམ་བདུན་འབུམ་བཟླས་བྱས་ཏེ།། རྫིང་དང་འབབ་ཆུར་དོར་བྱས་ན།། ལོ་ལེགས་འབྲུ་ནི་འཕེལ་བར་འགྱུར།། གུ་གུལ་ནག་པོས་བྱུགས་པ་ཡི། ། ཐང་ཕྲཽམ་པ་དང་ཚིལ་ཆེན་ལ།། བཟླས་ཤིང་བསྲེགས་ཏེ་བདུག་གྱུར་ན།། སྨྱོ་བ་མ་ལུས་ཞི་བར་འགྱུར། ཁྲབ་དང་ཉུང་ནག་ཚིལ་ཆེན་ལ།། བདུན་འབུམ་བྱེ་བ་བཟླས་ནས་ནི།། ཆུ་མིག་འགྲམ་དུ་བསྲེག་བྱས་ན། ། དམིགས་པ་ནད་ཀྱིས་འཆི་བར་འགྱུར།། ཙནྡན་དཀར་པོ་མར་སར་དང།། སྤང་སྤོས་གླ་རྩི་སྦྱར་བྱས་ལ།། བཟླས་ཞིང་གཟེར་སར་བསྐུས་བྱུགས་ན།། གཟེར་ནད་མ་ལུས་ཞི་བར་འགྱུར།། བདུད་རྩི་ལྔ་ལ་ལིངྒ་བྱས། ། དྲག་པོའི་ཕུར་པ་ལྔ་ཉིད་ལ།། བསྙེན་རྫོགས་ཉི་ཤུ་གཅིག་བཟླས་ནས།། གནས་ལྔར་བཏབ་ན་འཆི་བར་འགྱུར།། དྲག་པོའི་ཧོམ་ཁུང་ནག་པོ་རུ།། མཚན་མར་བཅས་པའི་ལིངྒ་ལ།། བསྙེན་རྫོགས་ཉི་ཤུ་གཅིག་བཟླས་ཏེ། ། གནན་ན་གཡོ་བ་མེད་པར་འགྱུར།། འབྲས་ཆང་རྫ་འམ་ཐོད་པ་ལ།། སྔོན་བཞིན་འཁོར་ལོ་སྔགས་བཅས་བྲི།། བྱིན་བརླབས་ཁ་སྦུབ་གར་བཞག་སར།། སེར་བ་ཆེན་པོ་གཅོད་པར་འགྱུར། ། ག་བུར་ཤེལ་དང་ཙནྡ་དཀར།། བཟླས་ཤིང་རང་ལ་གང་འཆང་བ།། རིམས་དང་གནོད་པས་མི་ཚུགས་ཤིང།། ལུས་ཡང་ནད་མེད་བྱེད་པར་འགྱུར།། ཏིལ་དང་ཙནྡན་དཀར་པོ་དང།། ཞོ་དང་མར་དང་འོ་མ་ལ། ། བཟླས་ཤིང་སྦྱིན་བསྲེག་བྱས་ན་ནི།། འདུས་དང་ནད་བགེགས་ཞི་བར་འགྱུར།། གང་དུ་ལས་རྣམས་ཀུན་བྱེད་པ།། དེ་ཉིད་རྟེན་འབྲེལ་ལས་བྱུང་སྟེ།། གང་ལ་གང་བརྟེན་འབྲས་བྱུང་བ།། འདི་ནི་རྟེན་ཅིང་འབྲེལ་འབྱུང་བའི། ། ཆོས་ཉིད་རྫས་དང་ཆོ་ག་དང།། ཐབས་ཀྱིས་རྟེན་ཅིང་འབྲེལ་བ་ནི།། གང་དག་ཅི་དགར་གྲུབ་པ་ནི།། རྒྱལ་བས་ཀྱང་ནི་བསྔགས་པ་སྟེ།། དག་དང་མ་དག་ཁྱད་པར་དང།། ལོག་དང་མ་ལོག་ཁྱད་པར་ལས། ། བདེ་དང་སྡུག་བསྔལ་སྣ་ཚོགས་འཕྲུལ།། གསང་སྔགས་ཐབས་ཀྱི་བྱིན་རླབས་ཀྱིས།། མེ་ལས་ཆོ་འཕུལ་སྣང་བ་སྟེ།། ངོ་བོ་བྱིན་རླབས་ཁྱད་པར་ཅན།། སྣ་ཚོགས་ངོ་བོ་ཉིད་དུ་སྣང།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང། ། ངོ་བོ་ཉིད་ཀྱི་ཁྱད་པར་ཅན།། གང་གི་བྱིན་རླབས་སྣ་ཚོགས་པ།། མཐུན་པ་ཉིད་དུ་དེ་ལྟར་སྣང།། ཆོས་ཀུན་ངོ་བོ་ཉིད་སྣང་བ།། ཕྱོགས་དང་བྲལ་བའི་བྱང་ཆུབ་སེམས།། གང་དུ་སྣང་ཞིང་སྙིང་པོ་མེད། ། མ་ལུས་མཁའ་ལྟར་ཁྱབ་པའི་སེམས།། རྟག་ཏུ་རང་གི་ངོ་བོས་སྟོང།། མཐའ་དབུས་གཞི་རྩ་ལས་འདས་པ།། ཐབས་ཆེན་གསང་སྔགས་དང་བྲལ་བའི།། ཆེ་བའི་ཆེ་བ་ཟབ་མོ་འདི།། ལུང་དང་རིགས་པ་ལ་སོགས་པའི། ། རྟོག་གེའི་སྤྱོད་ཡུལ་ནམས་ཀྱང་མིན།། གདོད་ནས་དབྱེར་མེད་སྙིང་པོ་ལ།། རྟོག་གེའི་རིག་པས་གང་བལྟས་པ།། གསལ་བའི་འོད་ཟེར་སྙིང་པོ་ལ།། དམུས་ལོང་བརྒྱ་ཡིས་བལྟས་པ་ལྟར། ། སྙིང་པོའི་དོན་ནི་མི་མཐོང་སྟེ།། རང་ཉིད་ཚི་ཆད་བརླག་པར་འགྱུར།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས་ཆོ་འཕྲུལ་ཆེན་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་གསང་བ་མཆོག་གི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཨེ་མ་ཧོ།། འབར་བའི་རྒྱལ་པོ་བྱིན་རླབས་འདབ།། མ་ལུས་སྣང་སྲིད་དཀྱིལ་འཁོར་གནས་པ་ལ།། སྒྲིབ་པ་གསུམ་གྱིས་འབར་བའི་ཞལ་མ་མཐོང། ། དེ་ཕྱིར་འབར་བའི་དཀྱིལ་འཁོར་བཤད་དུ་གསོལ།། ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཧེ་རུ་ཀས།། བདག་ཉིད་དཀྱིལ་འཁོར་འདི་སྐད་དོ།། བྷྲུཾ་སྟོང་གསུམ་མ་ལུས་གཞལ་ཡས་ཁང། ། འབྱུང་བ་ལྔ་པོ་རིམ་བཞིན་བརྩེགས།། དུར་ཁྲོད་རྒྱན་ཆས་ལྷུན་གྱིས་གྲུབ།། དབང་པོ་ལྔ་ཡི་ཁོང་གསེང་ཅན།། ཉི་ཟླ་པདྨ་རང་བཞིན་གནས།། ཕུང་པོ་ལྔ་དང་འབྱུང་བ་ལྔ།། རྣམ་ཤེས་ཡུལ་དང་ཡན་ལག་དང། ། ཉོན་མོངས་ཡིད་ཆོས་དེ་བཞིན་ཏེ།། རྒྱུ་བའི་ལམ་དང་མཚན་དག་དང།། ནང་གྲོལ་འདྲེན་ཡང། འདྲེལ་རྟེན་རྩིབ་མ་དང།། ཤ་དང་སྐྲ་དང་བ་སྤུ་དང།། རང་བྱུང་འབར་བའི་དཀྱིལ་འཁོར་ཏེ།། ལྔ་ཕུང་ཕྲ་རགས་འབྱུང་བ་བཞི། ། སྦས་པའི་དོན་དུ་ཤེས་པར་བྱ།། འདི་ནི་དུར་ཁྲོད་དཀྱིལ་འཁོར་ཏེ།། ལུས་ཅན་ཀུན་ལ་གནས་པ་ཡིན།། ལུས་ཅན་ཙིཏྟའི་ཕོ་བྲང་ནི།། རྒྱལ་བ་ཀུན་གྱི་རང་བཞིན་ཏེ།། རྟེན་ཅན་ལྔ་ནི་ཕུང་པོ་སྟེ། ། རགས་པའི་ཕྲ་བ་སྦས་པར་བརྗོད།། དྭངས་མ་ལྔ་འདུས་ཡུམ་གྱི་གཙོ།། སྙིགས་མ་ལྔ་ནི་གསང་བའི་ཡུམ།། ཐིག་ལེ་གསང་བའི་བུ་མོ་སྟེ།། རྟེན་ཅན་ཕྲ་མེན་ཉིད་དུ་བརྗོད།། གསང་བའི་སྒོ་བཞི་གུས་པ་སྟེ། ། སྦས་པའི་ཐབས་ཅན་སྤཽར་བྱེད་མ།། རྒྱུ་བའི་ལམ་སྲང་ལས་བྱེད་མ།། བུ་ག་བདུན་དང་ཐིག་ལེ་བཞི།། སྦས་པའི་ཚུལ་དུ་རྫོགས་པར་གནས།། རྒྱུ་བའི་གཡས་གཡོན་རྟེན་ཅན་རྟེན།། རྩ་བཞི་ལ་བརྟེན་སྒྲོལ་མར་ཡང། བར་བཤད།། བདེ་བའི་འཁོར་ལོ་མཁའ་ལ་འགྲོ།། སུམ་ཅུ་རྩ་གཉིས་མཚན་དང་ལྡན།། ལུས་བཅུད་རྩ་ཡི་མདུད་པ་ནི།། སུམ་བརྒྱ་དྲུག་ཅུ་ཁྱབ་གནས་ཏེ། ཁྱབ་འཛིན་གུགས་པས་ལས་བྱེད་ཅིང།། སྐྲ་རྩེ་ཐིག་ལེས་ཁྱབ་བྱེད་ཅིང། ། བ་སྤུའི་བུ་ག་ཐིག་ལེར་ཆགས།། ཡང་སྤྲུལ་འཕྲོ་ཞིང་ཉིད་ལ་སྡུད།། ཐབས་དང་ཤེས་རབ་རང་བཞིན་ལས།། ལྔ་ཕུང་ཆགས་ལྡང་ལྔར་སྣང་བ།། རིག་པའི་རྒྱལ་པོ་ལྔ་ཡི་གཟུགས། ། གསང་བའི་འབྱུང་བ་དྭངས་སྙིགས་ལས།། ཡུམ་གྱི་རང་བཞིན་ཤེས་པར་བྱ།། ཕུང་པོའི་སྙིགས་མ་ཧེ་རུ་ཀ། བདེ་བའི་རྣམ་ཤེས་ཁྲོ་མོ་སྟེ།། ཡུལ་ཉིད་བདེར་ཆགས་ཕྲ་མེན་ཉིད།། སྦྱོར་བའི་ཕྱག་རྒྱ་འཇུག་པ་ཉིད། ། སྦོར་བྱེད་བདེ་བར་འབར་མར་འདོད།། གང་དུ་རྒྱུ་བ་བྲན་མོ་སྟེ།། རྒྱུ་བའི་འཁོར་ལོར་མཁའ་འགྲོ་མ།། རྩ་མདུད་ཀུན་ཁྱབ་ཕོ་ཉ་སྟེ།། ཧཱུཾ་སྤྲོས་སྦྱོར་སྒྲོལ་ཐབས་མཁས་ཉིད།། གསང་བའི་རླུང་དུའང་ཤེས་པར་བྱ། ། ཕྱི་དང་ནང་ཆགས་མཁའ་འགྲོ་མ།། སྐྲ་རྩེ་བ་སྤུ་འབུམ་གྱི་ཆ།། ཐབས་དང་ཐིག་ལེར་གང་འཕྲོས་པ།། རྟོག་པ་གང་སྐྱེས་དེར་སྡུད་པ།། ཡང་སྤྲུལ་ཕྱག་རྒྱའི་ཚོགས་སུ་བརྗོད།། ཀུན་གྱི་རང་བཞིན་འདིར་འདུས་ཤིང། ། རང་བཞིན་གནས་པས་རང་བཞིན་ཡིན།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། རང་བཞིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཕྱོགས་བཅུ་དུས་གསུམ་དེ་བཞིན་གཤེགས་པ་ཡི།། སྐུ་གསུང་ཐུགས་ཀྱི་རང་བཞིན་ཧེ་རུ་ཀ། འབར་བའི་རྒྱལ་པོ་མཛེས་པའི་སྐུ་མཆོག་གིས། ། ཉིད་ཀྱི་རང་བཞིན་བདག་ལ་བསྟན་དུ་གསོལ།། ཞེས་གསོལ་བ་ལས། བཅོམ་ལྡན་འདས་ཡེ་ཤེས་རྔམ་པའི་རྒྱལ་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆོས་རྣམས་ཀུན་གྱི་རང་བཞིན་ནི།། མ་བཅོས་བདེ་བ་ཆེན་པོའི་དབྱིངས། ། ཐིག་ལེ་ཆེན་པོའི་རང་བཞིན་ལ།། ཆོས་རྣམས་མ་ལུས་རྫོགས་པར་ལྡན།། ཧེ་ནི་ཁྱབ་གདལ་སྟོང་པའི་ངང།། རུ་ནི་གཉིས་མེད་བདེ་བ་ཆེ།། ཀ་ནི་ཅིར་ཡང་རོལ་པ་ཉིད།། མ་སྐྱེས་པ་དང་སྐྱེ་བ་དང། ། དབྱེར་མེད་ཚིག་གི་རང་བཞིན་ཡིན།། ཧེ་ནི་དགྱེས་པ་ཆེན་པོ་སྟེ།། རུ་ནི་ཆགས་པ་ཆེན་པོ་ཉིད།། ཀ་ནི་ཕྲིན་ལས་ཐོགས་པ་མེད།། འདི་ནི་མི་གནས་མྱ་ངན་འདས།། མཚོན་པ་ཀུན་བྲལ་ཡེ་ཤེས་ནི།། གང་གི་མཚོན་པ་དེ་ཉིད་དེ། ། དབང་པོ་མཆོག་གི་རྣལ་འབྱོར་ལ།། མ་ལུས་ཡེ་ཤེས་མཎྜ་ལ།། སྐུ་དང་གསུང་ཐུགས་འབར་བ་ཡི།། མ་ལུས་རྒྱལ་བ་རྒྱ་མཚོའི་དབྱིངས།། ཧེ་ནི་དགྱེས་པ་ཆེན་པོ་སྟེ།། རུ་ནི་ཆགས་པ་ཆེན་པོ་ཉིད། ། ཀ་ནི་སྙིང་རྗེས་ཁྱབ་པ་གདལ།། དེ་ཉིད་མཐའ་དབུས་ལས་འདས་པའོ།། ཧེ་ནི་རྒྱུ་དང་བྲལ་བ་སྟེ།། རུ་ནི་མཚན་མའི་གཟུགས་ལ་འདས།། ཀ་ནི་ཆོས་སྐུ་མཚོན་དང་བྲལ།། སྙིང་པོ་རང་བཞིན་གསང་བའི་གསུང། ། ཧེ་ནི་ཆོས་སྐུ་མཚོན་དང་བྲལ།། རུ་ནི་ལོངས་སྤྱོད་ཆེན་པོ་སྟེ།། ཀ་ནི་སྣ་ཚོགས་སྤྲུལ་པའི་སྐུ།། སྐུ་གསུམ་ལྷུན་གྲུབ་རྩོལ་བ་མེད།། ཆོས་ཉིད་སྨོན་ལམ་ཐུགས་རྗེ་ཡིས།། ངང་ཁྲོ་ཤུགས་དང་བཅས་པ་ནི། ། ཐུགས་རྗེ་བྱིན་རླབས་བཅས་པ་ཉིད།། བྱམས་དང་སྡང་དང་ཆགས་ཁྲོ་ཉིད།། ཡུལ་དང་བཅས་པ་དེ་བཞིན་འགྱུར།། གང་དུ་གང་ལ་གང་སྣང་བ།། ལས་དང་ཐུགས་རྗེ་ཐབས་འབྲེལ་བ།། བྱིན་རླབས་ཡེ་ཤེས་ལྷུན་རྫོགས་ནི། ། དཔག་བསམ་ནོར་བུ་ལྟ་བུར་གནས།། དཔག་མེད་རིག་པ་ཆོས་ཀྱི་དབྱིངས།། ཡེ་ཤེས་ལྔ་ཡི་ངོ་བོ་ལས།། གདུལ་བྱའི་བློ་ནི་རིམ་པ་བཞིན། ཁྲག་འཐུང་ལྔ་ཡི་ངོ་བོར་གནས།། སྐུ་ནི་སྣང་བ་ཐམས་ཅད་དེ། ། གསུང་ནི་བརྗོད་པ་ཀུན་ཉིད་དེ།། དྲན་རྟོག་ཐུགས་ལ་དབྱེར་མེད་པ།། མ་ལུས་སྐུ་གསུང་ཐུགས་ལ་རྫོགས།། ཀུན་གྱི་རང་བཞིན་དེ་ཉིད་དེ།། རྒྱུ་འབྲས་མཚོན་པ་ཀུན་གྱིས་སྟོང།། གང་ལ་དེ་ཉིད་རང་སྣང་བ། ། ཆུ་ལ་ཆུ་བུར་སྣང་བ་ལྟར།། མ་བཅོས་ཕྱག་རྒྱ་ཆེན་པོར་གནས།། སྣ་ཚོགས་ཕྱག་རྒྱའི་མཚན་ཉིད་དེ།། དེ་ཉིད་ཐབས་མཆོག་མཚོན་པའི་ཚུལ།། སྐལ་ལྡན་རྒྱལ་སྲས་རྣལ་འབྱོར་ལ།། མན་ངག་ཐབས་ཀྱིས་འགྲུབ་པར་འགྱུར། ། མ་ལུས་འཇིག་རྟེན་བརྟན་གཡོ་དང།། འདས་དང་མ་འདས་ཐམས་ཅད་ཀུན།། རང་བཞིན་ཐབས་ཀྱི་རྒྱལ་པོ་སྟེ།། གཞན་ལས་བྱུང་བའི་ཆོས་མ་ཡིན།། དཔལ་ལྡན་ཡེ་ཤེས་ཧེ་རུ་ཀ། ཐབས་ཆེན་མཛད་པ་ཀུན་གྱི་གནས།། གསང་བའི་གསང་བ་ཐུགས་ཀྱི་ཐུགས།། མཁའ་ལ་དྲི་མེད་གསལ་བ་ལྟར།། སྐྱེ་མེད་དབྱིངས་ལས་ཕྱག་རྒྱར་གསལ།། ལས་དང་ཏིང་འཛིན་ཡེ་ཤེས་དང།། ཡིད་ཀྱི་རྣམ་པར་འཕྲུལ་པ་མཆོག། ཇི་སྲིད་རྣམ་རྟོག་གནས་ཀྱི་བར།། དེ་སྲིད་ཕྱག་རྒྱའི་ཚོགས་མཆོག་སྟེ།། གང་དང་འཚམས་པར་གང་སྣང་བ།། ཕྱག་རྒྱའི་དཀྱིལ་འཁོར་གྲངས་ལས་འདས།། ཀུན་གྱི་གཞི་རྩ་སྙིང་པོ་ཉིད།། ཕྱི་ནང་སྣོད་བཅུད་མ་ལུས་པ། ། རྒྱུ་འབྲས་མེད་པའི་རིག་པར་གཅིག། རང་སྣང་བདེ་བའི་ངོ་བོར་གནས།། ཐབས་ཆེན་གསང་བའི་རང་བཞིན་ནི།། ལོག་པར་མཐོང་བའི་སྐྱེ་བོ་ལ།། ཐབས་ཀྱི་ཁྱད་པར་ཅི་བསྟན་ཡང། ། དམུས་ལོང་ཁ་དོག་བསྟན་པ་བཞིན།། མ་ནོར་ཐབས་དང་ལྡན་པ་ཡིས།། སྐལ་ལྡན་དག་པའི་སྐྱེས་བུ་ལ།། མན་ངག་ལེགས་པར་བསྟན་པ་ཡིས།། གསང་བ་འཛིན་པའི་རྒྱལ་པོར་འགྱུར།། ཞེས་གསུངས་སོ། ། དཔལ་ཧེ་རུ་ཀ་འདུས་པའི་རྒྱུ་ཆེན་པོ་ལས། ཧེ་རུ་ཀའི་རང་བཞིན་བསྟན་པའི་ལེའུ་སྟེ་ལྔ་པའོ།།།།། དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས། ། ཐམས་ཅད་མ་སྐྱེས་ངང་ལ་གཉིས་མེད་ཀྱང།། དམན་པས་དམ་པའི་བལྟ་བ་རྟོགས་དཀའ་བས།། བདག་ཅག་རྣམས་ལ་རྒྱ་ཆེན་བཤད་དུ་གསོལ།། ཞེས་གསོལ་པ་ལས། བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་རྒྱལ་པོ་དེས་འདི་སྐད་ཅེས་གསུངས་སོ། ། ཆོས་རྣམས་མ་ལུས་སེམས་ཉིད་རང་བཞིན་ཏེ།། དེ་ཉིད་བརྟག་ཅིང་དཔྱད་པ་ལས་འདས་པས།། ཀུན་གྱི་ཡུལ་ལས་འདས་ཤིང་བརྗོད་དཀའ་བས། ། གང་དུ་ཡང་མ་མཐོང་མཚོན་པའི་ཡུལ་ལས་འདས།། རྒྱུ་དང་འབྲས་བུའི་ཆོས་རྣམས་ཇི་སྙེད་པ།། གཞི་རྩ་མེད་པའི་ངང་དུ་རང་བཞིན་འདུས།། དབྱིངས་དང་ཡེ་ཤེས་ཐབས་དང་ཤེས་རབ་ཀྱང།། དེ་ཉིད་ཆེན་པོའི་ངང་དུ་དབྱེར་མེད་པས། ། མ་བཅོས་ཆོས་དབྱིངས་བརྡལ་བ་ཆེན་པོ་ལ།། སྒྲོ་སྐུར་ཡིན་མིན་དཔྱོད་དང་རྟོག་པ་མེད།། དམ་པའི་རང་བཞིན་ཐབས་ཀྱིས་གང་རྟོགས་པ།། ཆོས་རྣམས་ཀུན་གྱི་རང་བཞིན་དུས་གཅིག་རྟོགས། ། གཞི་རྩ་ཀུན་འདས་ནམ་མཁའི་རང་བཞིན་ལ།། བླུན་པོས་བལྟས་པས་རང་ཉིད་ཚི་ཆད་ལྟར།། སེམས་ཉིད་མཐའ་དབུས་འདས་པའི་རང་བཞིན་ལ།། མཚན་མས་བལྟས་ཀྱང་ཆོས་དབྱིངས་དོན་མི་མཐོང། ། མ་སྐྱེས་སྟོང་ཆེན་ནམ་མཁའི་རང་བཞིན་ལ།། རྣམ་རྟོག་གྲངས་ལས་འདས་པའི་ཕྱག་རྒྱར་ཤར།། མཁའ་ལ་གཟའ་སྐར་ཆུ་ཡི་ཆུ་བུར་ལྟར།། ཇི་ལྟར་སྣང་ཡང་སྐྱེ་བ་མེད་པར་གཅིག། སྐུ་གསུང་ཐུགས་ཀྱི་མཚན་མ་ཇི་སྙེད་པ། ། སེམས་ཅན་མོས་པའི་ཁྱད་པར་སྣང་བ་ཡིན།། ནུས་མཐུ་བྱིན་བརླབས་སོ་སོར་སྣང་བ་ཡང།། མ་སྐྱེས་སེམས་ཀྱི་ངང་ལས་གཞན་མ་མཐོང།། དོན་དང་རྟགས་ཀྱི་ལྷ་ཞེས་བརྟགས་པ་ཡང། ། ཐིག་ལེ་ཆེན་པོའི་ངང་ལ་གཉིས་མེད་པས།། སྐུ་མདོག་ཕྱག་མཚན་མཛེས་པར་བརྒྱན་པ་དང།། མ་ལུས་སྣང་བའི་རིག་པ་སྟོང་པར་གཅིག། སེམས་ཉིད་དངོས་པོ་མཚན་མར་གང་ཤར་ཀྱང།། སྒྱུ་མ་སྨིག་རྒྱུ་ཆུ་ཟླ་བྲག་ཆ་ལྟར། ། སེམས་ཉིད་སྟོང་པའི་གཟུགས་བརྙན་རང་ཤར་བས།། སྒྱུ་མ་རྣམ་བཞི་མ་བཅོས་གཅིག་ཏུ་འདུས།། རྟག་པ་རང་རྒྱུད་ཟད་པའི་སེམས་ཉིད་ནི།། ཇི་ལྟར་སྣང་ཡང་དེ་ལྟར་མི་གནས་ཏེ། ། ཕྱོགས་འདས་སྤྱོད་མེད་མཁའ་ལྟར་དག་པ་ལ།། ཡེ་ཤེས་སྒྱུ་མ་དགག་བསྒྲུབ་ཀུན་དང་བྲལ།། སྒྱུ་མ་བདེ་མཆོག་རང་བཞིན་ཐིག་ལེ་ཆེར།། བརྟག་པ་ཟད་པའི་བདེ་བ་རང་འབྱུང་བས།། བདེ་བས་བདེ་བ་མཚོན་པར་རྟོགས་ཐབས་ཀྱིས། ། སྣང་སྲིད་མ་ལུས་བདེ་བ་ཆེན་པོར་མཐོང།། ཁྲུས་དང་གཙང་སྤྲ་དཀའ་ཐུབ་མི་དགོས་ཏེ།། ཐབས་དང་ཤེས་རབ་སྙིང་རྗེས་གང་བསྟན་པས།། འདོད་ཆགས་བདེ་བ་མཆོག་ཏུ་ངེས་པར་མཐོང། ། མཐོང་དང་མ་མཐོང་རྩོད་པ་ཆད་དུས་ན།། དམ་པའི་དགོངས་པ་ལྷུན་གྱིས་གྲུབ་ངེས་པའོ།། གང་གིས་གང་ལ་ངེས་པའི་དོན་གསལ་ནས།། དམ་པ་ཡིན་པའི་རྟགས་ནི་གསལ་བར་འགྱུར།། ཞེན་པ་ཆུང་དང་ཐ་མལ་ལས་རྒྱུན་ཆད། ། གཟུངས་མ་རིགས་ཅན་འདུ་ཞིང་བྱིན་རླབས་ཆེ།། ལས་དང་བསམ་པ་འགྲུབ་ཅིང་བླང་དོར་མེད།། ཏིང་འཛིན་ཆུ་བོའི་རྒྱུན་གྱི་ཀླུང་དུ་འཇུག། བསྔགས་པ་ཐོབ་ཅིང་རྩོད་པའི་འཇིགས་དང་བྲལ། ། འདུ་ཤེས་མཚན་མ་འགག་ཅིང་བྱ་བ་ཉུང།། རང་བཞིན་དལ་ཞིང་འདུ་བྱེད་མཚན་མ་ཕྲ། གང་ཞིག་དམ་པའི་དོན་དེ་རྟོགས་ཕྱིན་ཆད།། རྒྱལ་བའི་སྲས་པོ་རིག་པ་འཛིན་པ་དེ།། འཁོར་བའི་འཇིགས་བྲལ་མྱ་ངན་འདས་སྨོན་མེད། ། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ།། མཐོང་དང་མ་མཐོང་གློ་བུར་རྟོག་པའི་ཆོས།། དམ་པའི་དོན་ལ་མཐོང་ཞིང་གསལ་རྟོགས་ན།། མཐོང་དང་མ་མཐོང་རྩོད་པ་རྣམ་པར་འཆད། ། བླུན་པོ་མཁའ་ལ་རྩོད་པ་ཇི་བཞིན་དུ།། བྱིས་པ་མཐའ་ཡི་ཚིག་ལ་རྩོད་པ་བྱེད།། རང་སེམས་གཉིས་མེད་རྩོད་པའི་ཡུལ་ལས་འདས།། མཐའ་དང་དབུས་མེད་ནམ་མཁའ་སྟོང་པའི་ཀློང། ། བདག་དང་གཞན་མེད་རིག་པ་གཅིག་གི་ངང།། ཕྱི་དང་ནང་མེད་ཆོས་དབྱིངས་བརྡལ་བའི་གནས།། ཆེ་ཆུང་རྒྱུ་འབྲས་མེད་པས་འབྲས་བུའི་ལམ།། མ་བཅོས་དོན་དམ་རྟོགས་པའི་དོན་གསལ་ན། ། མཚན་མའི་ཞེན་པས་རྩོལ་བ་བྱ་མི་དགོས།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། བལྟ་བ་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ། ཉི་མ་སྟོང་ལྟར་འབར་བའི་གཟི་བརྗིད་ཅན།། སྐུ་གསུང་ཐུགས་ལ་མོས་པས་གསོལ་འདེབས་ན།། སྤྱོད་པའི་ཁྱད་པར་བདག་ལ་བསྟན་དུ་གསོལ། ། ཞེས་གསོལ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ཡེ་ཤེས་རྔམ་པའི་རྒྱལ་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་འདུས་པ་ཆེན་པོའི་ཚོགས།། སྤྱོད་པའི་ཁྱད་པར་ཇི་སྙེད་པ། ། རང་རང་ཐབས་ཚུལ་མཐའ་ཡས་པས།། ནམ་མཁའི་ཁམས་ནི་མཐའ་ཡས་པས།། རྣམ་པར་འཕྲུལ་པའི་ཚུལ་གྱིས་བྱེད།། འདུལ་བའི་སྐྱེ་བོ་ཇི་སྙེད་པ།། རང་རང་ཐབས་ནི་སྣ་ཚོགས་ཀྱིས།། སོ་སོའི་གར་ཐབས་སྤྲིན་ཕུང་གིས། ། མ་ངེས་འདུལ་བའི་དོན་དུ་སྣང། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ།། མ་བྱིན་པར་ཡང་མི་བླང་ངོ།། གཞན་གྱི་བུད་མེད་སྤྱད་མི་བྱ།། རྫུན་གྱི་ཚིག་ནི་བརྗོད་པ་མིན།། རང་གི་ལྷ་ཡི་རྣལ་འབྱོར་གྱིས། ། དཀའ་ཐུབ་དཀའ་བ་བྲལ་བཞིན་དུ།། ཐབས་མཁས་འདོད་པ་བསྟེན་བཞིན་དུ།། བདག་དང་གཞན་དོན་སྤྱད་པར་བྱ།། སྙིང་པོ་བྱང་ཆུབ་བར་དུ་ནི།། དམ་རྫས་ཆེན་པོ་ལྔ་སྤྱད་ཅིང།། འཇིགས་པ་མེད་པའི་ལོངས་སྤྱོད་བྱ། ། ཅིས་ཀྱང་གདུང་བ་མེད་པ་ཡི།། བདེ་བ་ཡིད་འོང་རྟག་ཏུ་བསྟེན།། དམར་ཆེན་པོ་དང་ག་བུར་དང།། དྲི་ཆེན་མཱཾ་ས་ཆུར་བཅས་པ།། དོགས་པ་མེད་པར་རྟག་བཟའ་ཞིང།། ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར། ། ཁྱོད་ཀྱིས་སྲོག་ཆགས་གསད་པར་གྱིས།། མ་བྱིན་པར་ཡང་བླང་བར་བྱ།། གཞན་གྱི་བུད་མེད་སྤྱད་པར་གྱིས།། རྟག་ཏུ་རྫུན་དུ་སྨྲ་བར་བྱ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། གསང་བའི་སྤྱོད་པ་བླ་ན་མེད། ། བླུན་པོ་གང་ཞིག་སྤོང་བྱེད་པ།། དེ་ལ་མཆོག་གི་དངོས་གྲུབ་མེད།། སེམས་ཉིད་སྦྱངས་ཤིང་དག་བྱའི་ཕྱིར།། མཚན་ལྡན་བུད་མེད་རྟག་ཏུ་བསྟེན།། རང་ལུས་རྒྱུད་ཀྱིས་རྒྱས་བྱས་ལ།། བདེ་བའི་ཐིག་ལེ་རྟག་ཏུ་གཟུང། ། དུས་ཚོད་ཁྱད་པར་ངེས་བཟུང་ལ།། ཚོགས་ཀྱི་འཁོར་ལོ་སྤྱད་པར་བྱ།། གཏོང་དང་འཛིན་དང་འདྲེན་པ་དག། སྐབས་ཀྱི་ཁྱད་པར་ཤེས་བྱ་ཞིང།། སྤང་ཞིང་དམ་ཚིག་ཉམས་པ་མིན། གང་གིས་བུད་མེད་བསྟེན་བྱ་ཞིང། ། འདོད་པའི་ཆོ་ག་རྒྱས་པ་ཡིས།། རང་ཉིད་བརྟན་པར་གནས་པར་བྱ།། དམ་རྫས་བུད་མེད་རྟག་ཏུ་བསྟེན།། ལུས་དང་སེམས་དང་སྣང་བ་དག། རིམ་པར་འཕེལ་བའི་ཚུལ་གྱིས་ནི།། བདེ་བ་ནམ་མཁའི་ཁམས་དང་མཉམ། ། རིག་པའི་བརྟུལ་ཞུགས་མ་སྤྱད་ན།། རང་གི་སྐལ་བ་དམན་པ་དང།། བདེ་བ་དམན་ཞིང་རིགས་ཆད་ནས།། དེ་ལ་དམ་པའི་དངོས་གྲུབ་མེད།། རང་ལུས་སྒོ་གསུམ་མཉམ་སྦྱར་ཞིང། ། འདོད་པའི་ཡོན་ཏན་ལྔ་རྣམས་ལ།། རང་ཉིད་བསྟེན་ཅིང་གཞན་ལ་མཆོད།། དཀའ་ཐུབ་སྐྱུང་བ་མི་བྱ་ཞིང།། སློང་མོས་འཚོ་བར་བྱ་བ་མིན།། རང་གི་ཡུལ་དང་ལྷན་ཅིག་ཏུ།། ལྷ་ཡི་སྤྱོད་པས་བསྟེན་བྱ་ཞིང། ། དོགས་པ་མེད་པར་རྟག་ཏུ་སྤྱོད།། སྣ་ཚོགས་རིག་པའི་ཏིང་འཛིན་གྱིས།། ཕྱི་ནང་སྣོད་བཅུད་ནམ་མཁའི་ཁམས།། ལྷ་ཡི་སྐུ་གསུང་ཐུགས་ཉིད་ཀྱིས།། ཏིལ་འབྲུ་བཞིན་དུ་གང་བར་གསལ།། གླུ་དང་གར་དང་སྤྱོད་པ་ཀུན། ། རྒྱལ་བའི་མཛད་པར་མ་གྱུར་མེད།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་གསུམ་གྱི་སྤྱོད་པ་སྟེ།། བླུན་པོ་གང་ཞིག་འདའ་བྱེད་པ།། དངོས་གྲུབ་རྒྱ་ཆེན་གང་ཡང་མེད།། དཔའ་བོ་སྒྱུ་མའི་བརྟགས་རྟག་འབྱིན་མེད་ཀྱང་པ་བཞིན། ། མ་ལུས་དེ་ལྟར་ཡོངས་གོམས་ན།། འཇིགས་མེད་བདེ་ཆེན་ས་ཐོབ་ནས།། དཔའ་བོ་ཐཽད་པའི་དབུ་རྒྱན་དང།། སྟག་ལྤགས་ལ་སོགས་གོན་ནས་ནི།། རྡོ་རྗེ་ཁ་ཊྭཱཾ་ཐོགས་ནས་ནི། ། རེ་དོགས་མེད་པའི་ས་རུ་འགྲོ།། གལ་ཏེ་འཇིགས་པའི་སེམས་བྱུང་ན།། དམ་ཚིག་ཉམས་ཏེ་དམྱལ་བར་སྐྱེ།། འདི་ལ་བྱ་དང་མི་བྱ་མེད།། རེ་དང་དོགས་པ་ཅུང་ཟད་མེད།། གཙང་སྨེ་རྟོག་དང་མི་རྟོག་མེད།། ཡིན་དང་མ་ཡིན་ཆོས་མེད་དེ། ། བསྡམ་དང་གློད་པའི་དཀའ་ཐུབ་མེད།། དམན་དང་དམ་པའི་རིགས་མེད་ཅིང།། གྲོང་པའི་ཆོས་ནི་རྣམ་པར་སྤང།། སྔགས་དང་ཕྱག་རྒྱ་བཟླས་འཆིང་མེད།། སྦྱིན་བསྲེག་མཆོད་དང་དཀྱིལ་འཁོར་མེད། ། འདོད་པ་བསྟེན་ཅིང་ཆགས་མེད་དེ།། སྐུ་དང་གཞལ་ཡས་ཁ་དོག་མེད།། དེ་ཉིད་དབྱིངས་ལ་མཉམ་སྦྱོར་ཞིང།། མ་ལུས་དམ་པའི་སྤྱོད་པར་མཛད།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། སྙིང་པོ་རོལ་པའི་སྤྱོད་པ་སྟེ། ། བླུན་པོ་གང་ཞིག་འདའ་བྱེད་པ།། དེ་ལ་མཆོག་གི་དངོས་གྲུབ་མེད།། གསང་བའི་སྤྱོད་པ་དོར་བ་དང།། བླ་མ་རྒྱབ་ཀྱི་ཕྱོགས་པ་དང།། དོན་ལ་ངོ་མཚར་ཉམས་མེད་པས།། ཚིག་ལ་ངོ་མཚར་ཆེར་བྱེད་ཅིང། ། དམ་ཚིག་གཏན་ནས་སྤོང་བྱེད་པ།། ཇི་སྲིད་ནམ་མཁའ་གནས་བར་དུ།། རྡོ་རྗེ་དམྱལ་བར་གནས་པ་ཉིད།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་རླབས་ཆེན་རྨད་བྱུང་བ།། རྣལ་འབྱོར་ཀུན་གྱི་མཛད་པ་སྟེ། ། སྤྱོད་པ་འདིར་ནི་བསྟན་པ་ཡིན།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། གསང་བའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། རྒྱལ་བ་ཀུན་གྱི་གསུང་གི་བདག། རྒྱལ་བ་ཀུན་གྱི་གསུང་གི་འཁོར་ལོ་ཉིད།། རྡོ་རྗེ་སྔགས་ཀྱི་ཚུལ་དུ་སྤྱོད་ནས་ཀྱང།། རྡོ་རྗཻའི་གསང་སྔགས་ཆེན་པོ་བཤད་དུ་གསོལ། ། ཞེས་གསོལ་བ་དང། བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་རྔམ་པའི་རྒྱལ་པོ་དེས།། གསུང་གི་དཀྱིལ་འཁོར་མངོན་དུ་ཕྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་འདི་དག་མངོན་དུ་ཕྱུང་ངོ། ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅་ཧཾ། ཨོཾ་ཛྙཱ་ན་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོུ྅་ཧཾ། ཧཱུཾ་རཾ་ཨེ་ཡཾ་ར་སུཾ་ཀེཾ། བྷྲཱུཾ་བི་ཤྭ་བི་ཤུད་དྷེ་ཀ་པཱ་ལ་བྷྲཱུཾ། མ་ཧཱ་དེ་ཝ་ཏི་ར་བཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བུདྡྷ། བཛྲ། རཏྣ། པདྨ། ཀརྨ། རཀྴ། ཡཀྴ། གུ་ཧྱ། ས་ནུ། ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། རུ་རུ་རུ་རུ་རུ་རུ་རུ་རུ་རུ། ཀ་ཀ་ཀ་ཀ་ཀ་ཀ་ཀ་ཀ་ཀ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བུདྡྷ། བཛྲ། རཏྣ། པདྨ། ཀརྨ། རཀྴ། ཡཀྴ། གུ་ཧྱ། ས་ནུ། ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ། དྷི་དྷི་དྷི་དྷི་དྷི་དྷི་དྷི་དྷི་དྷི། ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ། རི་རི་རི་རི་རི་རི་རི་རི་རི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བ་བ་བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། གཽ་རཱི། ཙཽ་རཱི། པྲ་མོ་ཏྷཱ+ེ། བེ་ཏཱ་ལའི། པུཀྐ་སཱི། གྷསྨ་རཱི། སྨ་ཤ་ནཱི། ཙཎྜ་ལཱི། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། བ་བ་བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། སིངྷ། བྱཱ་གྷྲེ། སྲིཾ་གཱ་ལ། ཤྭ་ན། གྲྀདྡྷྲ། གངྐ། ཀཱ་ཀ་ཨུ་ལཱུ་ཀ་མུ་མུ་མུ་མུ་མུ་མུ་མུ་མུ། ཁ་ཁ་ཁ་ཁ་ཁ་ཁ་ཁ་ཁ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ། ཨངྐུ་ཤ། པཱ་ཤ། སྥོ་ཊ། གྷཎྜེ། ཛཿཧཱུཾ་བཾ་ཧོཿ་འདི་མན་སྔགས་སོར་བཞག་བཛྲ་ཨ་པྲ་ཏི་ཨཱརྱ་ནི་ཙ་ཏུར་ཤ་ཡ་ཕཊ། བཛྲ་ཨཱ་བེ་ཤ་ཡོ་གི་ནཱི་ཨཱརྱ་ནི་ཙ་ཏུར་ཤ་ཡ་ཕཊ། བཛྲ་མུ་ནི་ཨ་པྲ་ཏི་ཨཱརྱ་ནི་ཨ་པྲ་ཤི་ཀ་ར་ཕཊ། བཛྲ་མུ་ནི་ཨ་མྲྀ་ཏེ་ཨ་མ་ར་ཎི། བ་ཤི་ཀ་ར་ཕཊ། བཛྲ་མ་ནི་ཨ་པྲ་ཏི་ཨཱརྱ་ནི་ཀྲི་པ་ཤི་ཀ་ར་ཕཊ། བཛྲ་མུ་ནི་ཨ་པྲ་ཏི་ཨཱརྱ་ནི་པྲ་ཤི་ཀ་ར་ཕཊ། བཛྲ་མུ་ནི་ཨ་པྲ་ཏི་ཨཱརྱ་ནི་དུ་བ་ཤྲཱི་ཀ་ར་ཕཊ། ཨོཾ་བཛྲ་མུ་ནི་ཨ་པྲ་ཏི་མ་ཏྲི་ཙ་ཏུར་ཏ་ར་ཕཊ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། མ་ནུ་རཀྵ་སཱི། བྲཧྨ་ཎཱི། རཽ་ཏྲཱི། བེཥྞ་བེ། ཀཽ་མ་རཱི། ཨིནྡྲ་ནཱི། བཛྲ་པིངྒ་ལཾ། ཨ་མྲྀ་ཏཱ། སཽ་མྱ། དཎྜ་དཾ། རཀྵ་སཱི། བྷཀྵ་སཱི། ར་ཏི་བཛྲ། རུ་དྷི་ར་མཏྟཱ། ཨེ་ཀ་ཙ་རི་ཎཱི། མ་ནོ་ཧཱ་རཾ། སིདྡྷི་ག། བཱ་ཡ་བེ། མ་ཧཱ་མ་ར་ཎ། ཨགྣཱི། བ་ར་ཧཱི། ཙ་མུཎྜི། སུ་ཏ་ནི། བ་རུ་ཎཱི། བཛྲ་མ་ཧཱ་ཀ་ལཱི། བཛྲ་ཙ་ཀཱ་ལཾ། བཛྲ་ལུཾ་བྷ་ཀརྞཱ། བཛྲ་ལཾ་བོ་ད་ར། ། ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ།། ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ།། ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ།། ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ་ཨེ། མེ་བཛྲ་ད་རི། ཀྲི་ཏ་བཛྲ་ཙ་ཀྲི། བཛྲ་མ་ཧེ་མ། བཛྲ་ཀུ་མ་བ་ཏི། མ་ཧཱ་བཛྲ་མ་ཤ། བཛྲ་ཀྲ་ཤྲི། བཛྲ་ཨགྣི། བཛྲ་ཨཱརྱ་ནི། བཛྲ་མ་ཧཱ་ཀྲོ་དྷ། བཛྲ་མ་ཧཱ་ཨ་མྲྀ་ཏོ་ད། མ་ཧཱ་སོ་མི། མ་ཧཱ་བཛྲ་ད་རི། མ་ཧཱ་ར་ནི། མ་ཧཱ་པྲ་ཏི་ཀ་བཛྲ་བི་ར་ཀ། བཛྲ་སཽ་མ། མ་ཧཱ་བཛྲ་བི་ར་པི། བཛྲ་ཤ་ནི་ཤ། བཛྲ་ཤ་ནི་ཀ། བཛྲ་ཏི་མ། བཛྲ་ཨ་ན་ཡ། བཛྲ་བེ་ཏ་ཀ། བཛྲ་ཛ་རུ་ལ། བཛྲ་ག་བི་ཏི། བཛྲ་ད་ཤ་དཾ། བཛྲ་ཀ་ལི་པྲ། བཛྲ་རུ་ཏི་མ། བཛྲ་ཀ་རན་ཛ་ཏི། བཛྲ་སརྦ་ཨ་ཧ། བཛྲ་ས་མནྟ། བཛྲ་ས་ནི་ཨ་ཏི། བཛྲ་མ་ཧཱ་ཏ་ལ། བཛྲ་ཌཱ་ཀི་ནཱི། ཨེ་ཨཱ་ར་ལི། ཌཱཀྐི་ནཱི། སུམ་ཅུ་རྩ་གཉིས། མ་མ། མ་མ། མ་མ། མ་མ། མ་མ། མ་མ། མ་མ། དུན་བྷྱོ། དུན་བྷྱོ། དུན་བྷྱོ། དུན་བྷྱོ། དུན་བྷྱོ། དུན་བྷྱོ། དུན་བྷྱོ། མ་མ། མ་མ། མ་མ། མ་མ། དུནྟིཾ་མ་བྷྱོ། དུནྟིཾ་མ་བྷྱོ། དུནྟིཾ་མ་བྷྱོ། དུནྟིཾ་མ་བྷྱོ། ཛཿཛཿཛཿཛཿ་ཛཿཛཿཛཿཛཿ་ཛཿཛཿཛཿཛཿ་ཛཿཛཿཛཿཛཿ་ཛཿཛཿ་ཨ་ཧ་ཨ་ཧ་ཀིངྐ་ར་ག་ཏ་རི་ཤ་ཛ། གིང་བཅོ་བརྒྱད་དོ།། ཛཿཛཿཛཿཛཿཛཿཛཿཛཿཛཿཛཿཛཿ། ཛཿཛཿཛཿཛཿཛཿཛཿཛཿཛཿཛཿཛཿ་ཛཿཛཿ་ཛཿཛཿཛཿཛཿཛཿཛཿཛཿ། ཛཿཛཿཛཿཛཿཛཿཛཿཛཿཛཿཛཿཛཿ། ཛཿཛཿཛཿཛཿཛཿཛཿཛཿཛཿཛཿཛཿ། ཛཿཛཿཛཿཛཿཛཿཛཿཛཿཛཿཛཿཛཿ། ལངྐ་དྲུག་ཅུའོ།། ཛཿདྲུག་ཅུ། ཛཿདྲུག་ཅུ། ཛཿདྲུག་ཅུ། ཛཿདྲུག་ཅུ། ཛཿདྲུག་ཅུ། ཛཿདྲུག་ཅུ། ཨོཾ་བྷ་ན་བྷ་ན་ཨངྐུ་ཤ་ཛ། ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། གརྫ་གརྫ་སྥོ་ཊ་སྥོ་ཊ་བཾ། པ་ཙ་པ་ཙ་གྷཎྜེ་ཧོཿ་ཀྲོ་དྷ་ཀྲོ་དྷཱི་ཧཱུཾ། མ་མེ་ཤྭ་ར་ཧཱུཾ། ཕོ་ཉ་སུམ་བརྒྱ་དྲུག་ཅུའོ།། བྷྱོ་བདུན་འབུམ་ཉི་ཁྲིའོ།། ཨོཾ་ཨཱ:ཧཱུ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། ཨོཾ་ཨཱཿཧཱུཾ་སྭ་ཧཱ། ཀ་པཱ་ལ་བྷྲཱུཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོུ྅་ཧཾ། ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོུ྅་ཧཾ། ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། ཧཱུཾ་བཛྲ། པཾ་པདྨ།། ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀ་མ་ཧཱ་ཀྲོ་དྷ་དྲྀ་ཤྱ་ཧོཿ་དྲྀ་ཤྱ་སྟཱཾ། ས་མ་ཡ་ཛཿཧཱུཾ་བཾ་ཧོཿ། པྲ་བེ་ཤ་ཕཊ། ཨཱ་བེ་ཤ་ཡ་ཨ། མ་ཧཱ་ཀྲོ་དྷ་ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། ཛཿཧཱུཾ་བཾ་ཧོཿ། ཤྲཱི་མ་ཧཱ་ཧེ་རུ་ཀ། མ་ཧཱ་ཀྲོ་དྷ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི། ཧཱུ~ཾ་ཧེ་ཧེ་ཕཊ་ཛཿབྷྱོ་ཛ་མ་ཛ། མ་ཧཱ་དྷཱུ་པ་དཱི་པ་པུཥྤེ་ནཻ་བིདྱ། རཀྟ། མཱཾ་ས། མ་ཧཱ་ཀེང་ནི་རི་ཏི། བ་སུ་ཏ་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི། ཞེས་གསུངས་པས། གང་བར་གྱུར། ཐིམ་པར་གྱུར། འབར་བར་གྱུར། འདྲེས་ཤིང་བྱིན་གྱིས་བརླབས་པར་གྱུར། མཉེས་པར་གྱུར་ཏོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། གསུང་གི་དཀྱིལ་འཁོར་ཆེན་པོ་མངོན་དུ་ཕྱུང་བའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ།། འབར་བའི་གར་དགུས་ཟིལ་གྱིས་གནོན་མཛད་པ། ། དཔའ་བོ་འབར་བའི་རྒྱལ་པོའི་ཐུགས་རྗེ་ཡིས།། སྐུ་ཡི་དཀྱིལ་འཁོར་བདག་ལ་བསྟན་དུ་གསོལ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོས་སྐུའི་དཀྱིལ་འཁོར་འདི་བཤད་དོ། ། མ་བཅོས་མི་གནས་དམིགས་དང་བྲལ།། བསམ་དཔྱོད་ཡིད་འཛིན་རྟོག་ལས་འདས།། ཅི་ཡང་འདུ་ཤེས་མི་འཇུག་པ།། དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ།། སྟོང་ཉིད་ཡེ་ཤེས་རང་གསལ་བའི། ། ཕྱོགས་མེད་ནམ་མཁའི་རང་བཞིན་ལྟར།། སྙིང་རྗེ་ཆེན་པོས་ཁྱབ་པ་ཡིས།། ཀུན་ཏུ་སྣང་བ་བསྒོམ་པར་བྱ།། གཉིས་མེད་རིག་པར་རང་སྣང་བའི།། མ་ལུས་སྐྱེ་རྒྱུ་ཧཱུཾ་བསྒོམ་བྱ།། དེ་ལས་བྱུང་བའི་རཾ་ཡཾ་ཁཾ།། མ་དག་པ་རྣམས་བསྲེག་སྦྱང་བཀྲུས། ། སྟོང་པ་ཉིད་དུ་བསམ་པར་བྱ།། ཨ་ལས་ནམ་མཁའ་ཡངས་པའི་སྟེང།། རླུང་གི་དཀྱིལ་འཁོར་བསམ་པའི་སྟེང།། ར་ལས་ཁྲག་གི་རྒྱ་མཚོ་འཁྲུགས།། སུཾ་ལས་ཞིང་ཆེན་ཀེང་རུས་ཉིད། ། ཚད་དང་ལྡན་པའི་སྟེང་དུ་བྷྲཱུཾ།། དུར་ཁྲཽད་འབར་བའི་གཞལ་ཡས་ཁང།། རཾ་ལས་བསྐལ་པའི་མེ་དཔུང་དམར་ནག་འཁྲིགས།། ཐིག་བཞི་བཏབ་པས་ལེའུ་ཚེ་དགུ།། གྲུ་ཆད་སྒོ་བཞི་ཁྱམས་བརྒྱད་ལ།། སྣ་ཚོགས་གཞལ་ཡས་གདན་དང་རྒྱན། ། རིམ་པ་བཞིན་དུ་འཁྲིགས་པར་བསྒོམ།། དཔལ་ཆེན་བུདྡྷ་ཧེ་རུ་ཀ། དབུ་དགུ་ཕྱག་ནི་བཅོ་བརྒྱད་དམ།། ཡང་ན་ཞལ་གསུམ་ཕྱག་དྲུག་སྟེ།། ཞལ་གཅིག་ཕྱག་གཉིས་དེ་བཞིན་ཏེ། ། རིག་པ་རང་སྣང་མ་ངེས་པས།། སྐུ་མདོག་ཕྱག་མཚན་ཅིར་ཡང་འགྱུར།། དེ་བཞིན་དངོས་མེད་ཕྱག་རྒྱ་དང།། དེ་ལས་བྱུང་བའི་ཕྱག་མཚན་རྣམས།། ངེས་པ་མེད་པར་དཔའ་བོས་བཤད།། མཁས་པས་ཅི་དགར་བསྒོམས་པས་འགྲུབ། ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། ཁྲོ་བོ་དེ་བཞིན་བཞུགས་པ་རྣམས།། རིག་པའི་དཀྱིལ་འཁོར་ཕྱོགས་མེད་པས།། ཇི་ལྟར་མོས་པ་བཞིན་དུ་བསྒོམ།། སྨུག་ནག་སེར་ནག་དམར་ནག་དང། ། ལྗང་ནག་སྨུག་སེར་དམར་སེར་དང།། དམར་ལྗང་དཀར་ལྗང་འཇིགས་པའི་སྐུ།། ཐབས་ནི་རྡོ་རྗེ་རིན་ཆེན་དང།། པདྨ་རྒྱ་གྲམ་དེ་བཞིན་དུ།། དབྱུག་ཏོ་སྟྭ་རེ་རལ་གྲི་དང།། བེ་ཅོན་གཡོན་གྱིས་དྲིལ་བུ་འཛིན། ། ཀྲོ་དྷཱི་ཤྭ་རཱི་ཡུམ་རྣམས་ནི།། སྐུ་མདོག་ཡབ་དང་མཐུན་པ་ལ།། གཡས་པ་ཤེས་རབ་ཐབས་ལ་བརྟེན།། གཡོན་པ་བྷནྡྷ་གཙོ་ལ་སྟོབ། ལེ་ཚེ་དག་ལ་ཤེས་པར་བྱ།། དང་པོར་ཁྲོ་མོ་བརྒྱད་ཀྱི་ཁྱམས། ། གཉིས་པ་ཕྲ་མེན་བརྒྱད་བཀོད་དེ།། གསུམ་པ་དེ་བཞིན་འབར་མ་ལ།། སྒོ་མ་བཞི་དང་ལྡན་པར་བསམ།། བཞི་པ་དབང་ཕྱུག་ཉི་ཤུ་བརྒྱད།། རང་གི་སྒོ་དང་ལྡན་པར་བསམ།། ལྔ་པ་མཁའ་འགྲོའི་བར་ཁྱམས་ཏེ། ། ཕྱོགས་བཞིར་བདུན་བདུན་སྒོ་བཞིར་བཅས།། དྲུག་པ་མ་མོ་བདུན་གྱི་ཁྱམས།། སྒོ་ལ་ལས་ཀྱི་སྲིང་བཞི་གནས།། བདུན་པ་གིང་གི་གནས་ཡིན་ཏེ།། ཕྱོགས་བཞིར་གསུམ་གསུམ་སྒོ་བཞིར་བཞི།། ཀིང་ཀ་ར་དང་དབུགས་སྡུད་མ། ། བཀའ་སྡོད་མདུན་དང་རྒྱབ་ན་གནས།། བརྒྱད་པ་ཕོ་ཉའི་ཁྱམས་ཡིན་ཏེ།། ཕྱོགས་བཞིར་དྲུག་ཅུ་རིགས་མདོག་ཅན།། སྟེང་འོག་སེར་དང་དམར་བ་ཡི།། དྲུག་ཅུ་ཕྲག་གཉིས་ཤར་ནུབ་ཁྱམས། ། ཛཿཧཱུཾ་བཾཧོཿ། སྒོ་བཞིར་གནས།། ཡང་སྤྲུལ་གནས་ལ་ངེས་མེད་དེ།། ནག་མོ་ཁྲག་ཤོག་ཅན་གྱི་ཚོགས།། སྟེང་གི་ནམ་མཁར་འཁོད་པ་ཡིན།། རིག་འཛིན་བྱེ་བ་ས་ཡ་དག། ཕྱི་རོལ་འཁོར་ཡུག་ཆ་ལ་བསམ། ། ཕྱི་ནང་ཀུན་ཏུ་འཕྲོ་བྱེད་པའི།། མེ་རིའི་འོད་ནི་གཏིབས་མ་ཐག། དམ་པ་ངེས་པ་སྐྱེ་བའི་ས།། སྐལ་མེད་བསྲེག་ཅིང་འབྲོས་པའི་གནས།། རྡོ་རྗེ་རྣལ་འབྱོར་ཅན་གྱིས་བསྒོམ།། དེ་ནས་དབང་བསྐུར་བྱིན་བརླབས་ལ། ། ཡན་ལག་ལྷ་ནི་གསལ་བྱས་ལ།། སྔགས་ཀྱི་ཡན་ལག་ཚང་བར་བསྒོམ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ཡིས།། ནམ་མཁའི་ཁམས་གཏུགས་སངས་རྒྱས་ཀུན།། ཏིལ་འབྲུ་བཞིན་དུ་གང་ཁྱབ་པའི།། རྡོ་རྗེ་ཁྲོ་བོའི་གཟུགས་སུ་སད། ། ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་ལ།། བཀུག་དང་བསྟིམ་དང་བསྡམ་བྱས་ཏེ།། དབང་དུ་བྱས་ཏེ་བསྟིམ་པར་བྱ།། གཉིས་མེད་མཉེས་པར་ཕྱག་བྱས་ཏེ།། རང་རང་དགྱེས་པའི་གར་སྟབས་ཀྱིས། ། མཉེས་པའི་མཆོད་པ་སྣ་ཚོགས་དབུལ།། ལག་གཉིས་བསྒྱུར་ཅིང་གྱེན་དུ་དགྲོལ།། རང་རང་མཆོད་པའི་ཕྱག་རྒྱ་ཡིས།། དཀྱིལ་འཁོར་འཁོར་ལོ་མཉེས་པར་བྱ།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། འབར་བའི་སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་དེས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། དུས་གསུམ་རྒྱལ་བ་ཀུན་གྱི་གསང་བའི་ཐུགས། ། རྣམ་གྲོལ་ཡེ་ཤེས་སྐད་ཅིག་ཐུགས་ཆུད་པ།། རྣམ་པར་གྲོལ་བ་དེ་ཉིད་མཚོན་པའི་ཕྱིར།། ཕྱག་རྒྱའི་མཚན་ཉིད་བདག་ལ་བཤད་དུ་གསོལ།། ཞེས་གསོལ་པ་ལས། དཔལ་ཆེན་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ།། དབུས་ཀྱི་གཙོ་བོའི་ཕྱག་རྒྱ་ནི།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས།། གཡོན་དྲིལ་དུང་དམར་རྒྱུ་ཞགས་བསྣམས། ། དཔལ་ཆེན་ཡེ་ཤེས་ཐབས་ཀྱི་རྒྱ།། ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང།། གཡས་པ་ཤེས་རབ་ཐབས་ལ་བརྟེན།། གཡོན་པ་དུང་དམར་གཙོ་ལ་སྟོབ། ། ཧེ་རུ་བརྒྱད་ཀྱི་ཕྱག་རྒྱ་ནི།། གཡས་པ་རང་རང་མཚན་མ་སྟེ།། འཕྱར་ཞིང་འགྱིང་བའི་ཚུལ་དུ་གནས།། གཡོན་པ་དྲིལ་བུ་ཡུམ་ལ་འཁྱུད། ཁྲོ་མོ་ཀྲོ་དྷཱི་ཤྭ་རི་རྣམས།། ཀུན་ཀྱང་གཡས་པ་ཐབས་ལ་འཁྱུད། ། གཡོན་པ་བྷན་དམར་གཙོ་ལ་སྟོབ།། གནས་དང་ཡུལ་གྱི་ཕྱག་རྒྱ་ནི།། གཽ་རཱི་བྷན་དམར་བྱིས་དབྱུག་སྔོ།། ཙཽ་རཱི་མདའ་གཞུ་འགེངས་མ་སེར།། པྲ་མོ་ཆུ་སྲིན་རྒྱལ་མཚན་དམར།། བེ་ཏཱ་བྱི་ཟ་རྡོ་འཕྱར་གནས། ། པུཀྐ་དམར་སེར་བྱིས་རྒྱུ་འདྲེན།། གྷསྨ་རུང་དམར་ཁྲག་འཐུང་ལྗང།། སྨ་ཤ་མཐིང་ནག་བྱིས་སྙིང་ཟ།། ཙཎྜ་སེར་སྐྱ་མཆོག་ལུས་འབྲལ།། སིངྷ་ཁ་རོ་བསྣོལ་སེར་སེང།། བྱ་གྷྲ་གནན་ལྟ་བསྣོལ་དམར་སྟང། ། སྲི་ལ་ནག་མོ་བྱིས་ལྡག་ཝ།། ཤྭ་ན་འདྲལ་ལྟ་མཐིང་ག་སྦྱང།། གྲྀ་དྷ་གྲི་དམར་རྒྱུ་འདྲེན་རྒོད།། ཀངྐ་ཞིང་ཕྲག་སྣར་མགོ་རིང།། ཀཱ་ཀ་ཁ་རོ་བན་གྲི་གནག། ཨུ་ལཱུ་མཐིང་ཚོགས་ལྕགས་ཀྱུ་འུག། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན།། ཕག་གདོང་ནག་མོ་མཆེ་ཞགས་བསྣམས།། དམར་མོ་ལྕགས་སྒྲོག་ཉི་ཟླ་སྡོམ།། ཐལ་བྱེད་དྲིལ་བུ་སྣ་ཚོགས་མདོག། མ་མོ་རྣམས་ཀྱི་ཕྱག་རྒྱ་ནི།། སྲིན་མོ་སྨུག་ནག་ཐོད་རློན་འཆང། ། ཚངས་མ་དམར་སེར་པདྨ་བསྣམས།། ལྷ་ཆེན་དཀར་ཆེན་ཏྲི་ཤཱུ་ལ།། གཏོགས་འདོད་སྔོན་མོ་འཁོར་ལོ་འཆང།། གཞོན་ནུ་དམར་མོ་མདུང་ཐུང་འཕེན།། བརྒྱ་བྱིན་དཀར་མོ་ཨིནྟྲ་གདེངས།། རྡོ་རྗེ་སེར་མོ་ཙནྡ་འཐུང། ། བདུད་རྩི་དམར་མོ་པདྨ་བསྣམས།། ཟླ་བ་དཀར་མོ་པུཎྜ་རི།། བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར།། སྲིན་མོ་དམར་མོ་དུང་ཁྲག་འཐུང།། ཟ་མ་ལྗང་ནག་བ་སུ་འདྲེན།། དགའ་བ་དམར་མོ་ཀ་ཏར་འཕྱར། ། སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན།། རྡོ་རྗེ་སེར་མོ་སྤུ་གྲིས་གཅོད།། འདོད་པ་དམར་མོ་མདའ་གཞུ་འགེངས།། ནོར་སྲུངས་དཀར་མོ་བུམ་པ་འཛིན།། རླུང་ལྷ་སྔོན་མོ་བ་དན་འཕྱར།། གསོད་བྱེད་དཀར་མོ་རལ་གྲི་སོ། ། མེ་མོ་དམར་མོ་གསལ་ཤིང་འཛིན།། ཕག་གདོང་ནག་མོ་མཆེ་ཞགས་ཅན།། རྒན་བྱེད་དམར་མོ་ཞིང་ཆུང་ཟ།། སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང།། ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན།། རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། ། རྡོ་རྗེ་སེར་མོ་ར་མགོ་ཞགས།། རྡོ་རྗཻ་དམར་མོ་ལྕགས་སྒྲོག་སྡོམ།། རྡོ་རྗེ་ལྗང་ནག་དྲིལ་འཁྲུལ་དགྱེས།། འབར་མ་རྣམས་ཀྱི་ཕྱག་རྒྱ་ནི།། སྐུ་མདོག་གདུལ་བྱའི་ཚུལ་འདྲ་ཞིང།། གཡས་པ་རྡོ་རྗེ་འབར་བ་འཛིན། ། གཡོན་པ་བྷནྡ་རཀྟ་འཛིན།། མཁའ་འགྲོ་རྣམས་ཀྱྀ་ཕྱག་རྒྱ་ནི།། རྡོ་རྗེ་གཤོག་པས་ཟིལ་གནོན་ཅིང།། བྷནྡ་ཁྲག་འཐུང་ཆགས་པ་ཆེ།། འདོད་ཆགས་ཚུལ་གྱིས་འགྲོ་བ་འདུལ།། མ་བདུན་སྲིང་བཞིའི་ཕྱག་རྒྱ་ནི། ། འཇོ་སྒེག་མཛེས་མར་ཟིལ་གྱིས་བལྟ།། གཡས་པ་འཁྱུད་ཚུལ་དཀར་འཛིན་བསྟན།། གཡོན་པ་དུང་ཁྲག་འཐུང་བྱེད་པའོ།། གིང་ཆེན་བཅོ་བརྒྱད་ཕྱག་རྒྱ་ནི།། སྔོ་སྐྱ་འཇིགས་པའི་ཚུལ་སྟོན་ཅིང། ། གཡས་པ་གྲི་དང་མཚོན་ཆ་ཐོགས།། གཡོན་པས་འཛིན་ཅིང་གསོད་པར་བྱེད།། ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚོགས།། དཀར་དང་སྔོ་དང་དམར་ལྗང་གནག། གསེར་དང་བྱུ་རུའི་མདོག་འདྲ་བ།། དྲུག་ཅུ་དྲུག་གིས་རྫོགས་པ་ནི། ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང།། ཐོ་བ་གཤོག་པ་གཏུན་ཚོགས་འཛིན།། མ་ལུས་ཁྱབ་པའི་ཚུལ་གྱིས་གནས།། རྡོ་རྗེ་ནག་པོ་ཁྲག་ཤོག་ཅན།། འཕུར་ཞིང་འཛུལ་ཏེ་ཀུན་ཏུ་རྒྱུ།། ཕྱོགས་བཅུར་ཁྱབ་པའི་ལས་བྱེད་ཅིང། ། ཉི་ཟླའྀ་ཚུལ་དུ་མཁའ་ལ་འགྲོ།། ཤ་ཁྲག་ཚིལ་བུ་རྐང་ཟ་ཞིང།། བརྗིད་པའི་ཚུལ་གྱིས་སྡིགས་བྱེད་ཅིང།། ལག་ན་མཚོན་ཆ་སྣ་ཚོགས་ཐོགས།། བྱེ་བ་ཕྲག་ནི་བདུན་འབུམ་ཚོགས། ། འགུགས་དང་ཆགས་པས་རྨོངས་པ་དང།། གསོད་དང་སྤོར་དང་ཐལ་བྱེད་པ།། མཛེས་དང་ཆགས་དང་འཐབ་པ་དང།། སྡང་མིག་གྱེན་དང་མཐུར་ལྟ་ཞིང།། རྫུ་འཕྲུལ་ཐོགས་མེད་རླུང་ཤུགས་ཅན། ། འཇིགས་པའི་གཟུགས་དང་འཇིགས་པའི་སྒྲ།། སྣ་ཚོགས་དེ་བཞིན་དྲི་དང་རོ།། ནམ་མཁའ་ཁྱབ་པའི་སྟོབས་ཀྱིས་གཏིབས།། རྣལ་འབྱོར་བསྟན་པ་སྲུང་བྱེད་ཅིང།། གདུག་པ་སྐྲག་སྡང་ཟ་བར་བྱེད། ། འཛིན་དང་བསྙེག་དང་དགུག་པ་དང།། དབང་དང་གསད་པའི་ཕོ་ཉ་ནི།། སྤྲུལ་ཅིང་ལས་རྣམས་བྱེད་པའི་འཁོར།། འབར་འཁྲུག་རྔམ་པའི་ཆ་བྱད་ཅན།། གོམ་པའི་སྟབས་ཀྱིས་གནས་པར་བྱ།། མ་བཅོས་ཆོས་ཀྱི་དབྱིངས་ཉིད་ལས། ། རོལ་པའི་ཕྱག་རྒྱ་སྣང་བ་ནི།། རྒྱ་མཚོ་ཆུ་ཡི་ཆུ་བུར་ལྟར།། དང་བའི་སྤྲིན་དང་རོལ་མོ་ལྟར།། དུས་གཅིག་གསལ་བར་བསྒོམ་པར་བྱའོ།། རང་གི་རིག་པ་བསམ་ཡས་པས།། གྲངས་དང་ཕྱག་མཚན་སྐུ་མདོག་དང། ། མ་ངེས་ཕྱག་རྒྱའི་ངོ་བོར་ཤར།། ཇི་ལྟར་སྣང་བའི་སྐུ་ཡི་ཚོགས།། སྒྲ་སྐད་མ་ལུས་གསུང་ཉིད་དེ།། དྲན་རིག་སྣ་ཚོགས་ཐུགས་ཀྱི་ངང།། མ་བཅོས་དབྱིངས་དང་ཡེ་ཤེས་ལ།། དྲན་པ་རྒྱུན་གྱི་ཆུ་བོ་ལྟར། ། མ་ཡེངས་གསལ་བར་བསྒོམས་བྱས་པས།། རྒྱུ་འབྲས་མ་བཙལ་ལྷུན་གྱིས་རྫོགས།། ཧེ་རུ་ཀ་ཡི་བརྟག་པ་ཉིད།། དབང་པོའི་ཁྱད་པར་ཇི་བཞིན་དུ།། རང་གི་ཐབས་ནི་སྣ་ཚོགས་ཀྱིས།། རང་རང་མོས་པ་ཇི་བཞིན་དུ། ། བསྒྲུབ་པས་ཅི་དགར་འགྲུབ་པར་འགྱུར།། མཆོག་དང་ཐུན་མོང་ལ་སོགས་པ།། དཀའ་ཐུབ་མེད་པར་ཚེ་འདིས་འགྲུབ།། ཅེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། ཕྱག་རྒྱ་ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་གསང་བའི་བདག་པོ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རྒྱ་ཆེ་བ། ། འདུལ་བའི་ཐབས་ཀྱི་མཛད་པ་གང།། ཆོ་གའི་ཁྱད་པར་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡ་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོ་དེས། འདི་སྐད་ཅེས་གསུངས་སོ།། རི་བོ་རི་སུལ་ནགས་འདབ་དང། ། ཆུ་གླིང་དུར་ཁྲོད་གངས་འདབ་ཏུ།། སྐྱོན་དང་བྲལ་ཞིང་ཡིད་འོང་བ།། བཀྲ་ཤིས་བར་ཆད་མེད་གནས་སུ།། ས་བདག་ཞིང་སྐྱོང་བཅས་པ་ལ།། དང་པོར་མཆོད་པ་བྱས་ནས་ནི།། གཏོར་མ་མཆོད་པས་ཚིམ་པར་བྱ། ། བདག་པོ་རྣམས་ལས་བླང་བྱ།། ས་ཡི་སྐྱོན་རྣམས་བསལ་བྱས་ཏེ།། ངན་ནམ་བར་ཆད་བྱུང་བ་ན།། སྤོའམ་ཡང་ན་སྦྱིན་བསྲེག་བྱ།། ཟངས་སོགས་ཕུར་པ་དབང་གི་ལྷ།། སྔགས་དང་ཏིང་འཛིན་ལྡན་པས་གདབ། ། ས་ཡི་བཅུད་རྣམས་བསྡུས་པ་ཡིས།། ས་ཡི་དངོས་གྲུབ་དབང་དུ་འགྱུར།། མ་དག་པ་ནི་དག་བྱས་ལ།། རིན་ཆེན་ས་གཞིར་མོས་ལྡན་པར།། མཎྜལ་ཆ་སྙོམས་ཚད་ལྡན་ལ།། བ་བྱུང་ལྔ་ལྡན་ལེགས་པར་བྱུག། དག་པ་ལྔ་ཡི་དཀྱིལ་འཁོར་ནི།། རིམ་པར་བསྐྱེད་དེ་མཛེས་པར་གནས།། དཀྱིལ་འཁོར་བཀོད་ཅིང་སྤྱན་དྲངས་ལ།། མཆོད་ཅིང་བཟླས་བསྟིམ་བྱིན་ལྡན་པས།། ལེགས་པར་བཟུང་ཞིང་བྱིན་ལྡན་ནས། ། ཕྱི་ནང་བར་ཆོད་བསལ་བའི་ཕྱིར།། བསྲུང་བའི་ཆོ་ག་བརྩམ་པར་བྱ།། བདག་ཉིད་ལྷ་ཡི་རྒྱན་ལྡན་པས།། ནམ་མཁའ་ཁྱབ་པའི་རྩིབས་ལྡན་ལ།། ཉི་སྟེང་སུམ་པས་ལྷ་གནན་ཏོ།། ཐུགས་ལས་ཕྱུང་བའི་ཁྲོ་བཅུ་ལས། ། རྡོ་རྗེ་སྡེར་མོས་བཏབ་བསམས་ན།། བར་ཆད་བགེགས་རིགས་མི་གཡོ་འགྱུར།། ལག་པའི་བྲེ་གའི་ཡིག་འབྲུ་ལས།། ཆཽ་ག་བཞིན་དུ་བྱིན་བརླབས་ལས།། རྡོ་རྗེ་མཚོན་ཆ་ལྔ་རིམ་བཞིན།། སྤྲོས་པས་མ་ལུས་བསྐྲད་པ་དང། ། འདུས་པས་གཞལ་ཡས་གུར་རིམ་གྱུར།། མ་དང་ཨ་ལས་ཧི་ཟླའི་མིག། འབར་བས་ཕྱོགས་བཅུར་བལྟས་བྱས་ནས།། ཚངས་དང་གུ་ལང་གཏོགས་འདོད་བཅས།། བསྲེག་ཅིང་གསོ་དང་དཀྲུག་བྱས་ཀྱང་བཀྲུ་དང་བཙོས་བྱས་པས། ། ཚངས་པའི་འཇིག་རྟེན་བཅས་པ་ཉིད།། བར་ཆད་མེད་ཅིང་ཞི་བར་འགྱུར།། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ།། ཀུན་ཀྱང་འབར་བ་ཁྲག་འཐུང་སྟེ།། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིས། ། མ་དག་པ་ཉིད་མཚམས་བཅད་ནས།། རྡོ་རྗེ་ཁྲོ་བོའི་གུར་དུ་གྱུར།། དང་པོ་ས་ཡི་ཆོ་ག་སྟེ།། གཉིས་པ་ལ་ནི་སྟ་གོན་གནས།། གསུམ་པ་འཇུག་པའི་ཆོ་ག་བྱ།། འདི་དག་ཆོ་གར་འདུས་པ་ཡིན། ། གང་དག་ཏུ་ནི་རང་ཉིད་ཀྱི།། དྲི་དང་ལྡན་པར་ལྷ་ཡི་མཚན།། གྲངས་དང་ལྡན་པར་ངེས་བཀོད་དེ།། ཛཿཧཱུ~ཾ་བཾ་ཧོཿས་བསྟིམ་བྱས་ལ།། ཕྱི་ནང་མཆོད་པས་རྒྱས་མཆོད་དེ།། བསྟོད་དང་བཟླས་པ་རིམ་པ་བཞིན། ། དེ་ནས་བྱིན་བརླབ་མཁྱེན་པར་གསོལ།། དུར་ཁྲོད་རིན་ཆེན་བུམ་པ་ནི།། མཚན་ལྡན་ལྷ་དང་གྲངས་མཉམ་པར།། ཉི་ཤུ་རྩ་ལྔ་གྲངས་མཉམ་པར།། བྱང་ཆུབ་སེམས་སུ་བྱིན་བརླབ་སྟེ།། མཚན་མ་ཐོབ་ནས་མཆོད་བསྟོད་དེ། ། བྱིན་གྱིས་བརླབ་ཅིང་གཞག་པར་བྱ།། སྣོད་དང་ལྡན་པའི་སློབ་མ་ལ།། ཚད་དང་ལྡན་པའི་སློབ་དཔོན་གྱིས། ཁྲུས་བྱས་དགའ་དང་གུས་ལྡན་པས།། སེམས་བསྐྱེད་ཆོས་བཤད་སྡོམ་པ་ཕོག། བགེགས་བསྐྲད་རྨི་ལམ་བརྟག་བྱས་ལ།། ངན་ན་བསྲེག་དང་བསྐྲད་པར་བྱ།། དེ་ནས་དུར་ཁྲོད་རྒྱུས་པའམ།། རས་བལ་འཇམ་ལ་སྲས་བུ་ནི།། ཉིས་འགྱུར་འཇུག་མདུད་མེད་པ་ཡིས།། བྱང་ཆུབ་སེམས་སུ་བྱིན་བརླབས་ལ། ། དང་པོར་ཚངས་ཐིག་ཟུར་ཐིག་གདབ།། དེ་ནས་དཀྱིལ་འཁོར་རིམ་པ་བཞིན།། སོ་སོར་བགོ་ཞིང་གདབ་པར་བྱ།། དེ་ནས་སྲས་བུ་ཕྱི་མ་ཡིས།། ཡེ་ཤེས་དམ་ཚིག་བྱིན་བརླབ་ཕྱིར།། ཡེ་ཤེས་རྡོ་རྗེ་ལ་ཐིམ་པས། ། རྡོ་རྗེ་ཡེ་ཤེས་ཐིག་ཏུ་གྱུར།། རྡོ་རྗེ་ཤུགས་ཀྱི་མི་འགོམ་ཞིང།། བཀོད་པ་ནམ་མཁར་བཞག་ནས་ནི།། ཡེ་ཤེས་ཕོ་བྲང་མཚོན་པའི་ཕྱིར།། རྡུལ་མཚོན་ཆོ་ག་བརྩམ་པར་བྱ།། དུར་ཁྲོད་ཐལ་བ་དང་བསྲེས་པའི། ། རིན་ཆེན་ལྔ་དང་འབྲས་སྦྱར་བའི། ཁ་དོག་ལྔ་ཡི་ཕྱེ་མ་ལ།། རང་གི་རིགས་ཀྱི་ཆོ་ག་ལྟར།། ཡེ་ཤེས་འབྲུ་ལྔར་བྱིན་བརླབ་ཅིང། ཁྲག་འཐུང་ལྔ་ཡིས་དབང་བསྐུར་ལ།། སློབ་དཔོན་འབྱུང་བའི་ཕྱོགས་བྲིས་ཏེ། ། ཕྱི་མ་ཞལ་དབང་ཐོབ་པས་བྲིས།། སྔོ་དང་དཀར་དང་སེར་དང་དམར།། ཀུན་གྱི་མཐའ་མར་ལྗང་གུ་སྟེ།། ཕོ་བྲང་སོ་སོར་མཛེས་བྱའི་ཕྱིར།། འདི་ནི་ཚོན་གྱི་རིམ་པར་འདོད།། ཕོ་བྲང་དབུས་ནི་ཟླུམ་པོ་ལ། ། གསེར་གྱི་འཁོར་ལོ་རྩིབས་བརྒྱད་འབར།། མུ་ཁྱུད་རིམ་པ་གསུམ་ལྡན་པའི། ཁྲོ་མོ་ཕྲ་མེན་གནས་པའི་ཁྱམས།། གཉིས་པ་སྒོ་བཞི་སྙིང་པོ་རྫོགས།། འབར་མ་དང་ནི་དབང་ཕྱུག་མའི། ཁྱམས་དང་སྒོ་མར་བཅས་པ་བྲི། ། ཕྱི་རོལ་མཁའ་འགྲོའི་ཁྱམས་ཉིད་ནི།། མཁའ་འགྲོ་རང་གི་འཁོར་བཅས་དགོད།། མ་མོའི་ཁྱམས་ལ་མ་བདུན་ཏེ།། དེ་ཡི་སྒོར་ནི་སྲིང་མོ་བཞི།། དེ་ནས་གིང་ཆེན་བཅོ་བརྒྱད་དེ།། ཕོ་ཉ་སུམ་བརྒྱ་དྲུག་ཅུ་དག། ཕྱི་རོལ་ཁྱམས་ལ་སྒོ་བཞིར་ནི།། རྡོ་རྗེ་ཐོ་བ་ལུ་གུ་རྒྱུད།། རྡོ་རྗེ་འབར་བ་འབེབས་པ་བཞི།། སྒོ་བཞིར་ཕྱོགས་དང་མཐུན་པར་བྲིས།། རྡོ་རྗེ་ནག་མོ་ཁྲག་གཤོག་ཅན།། སྟེང་འོག་ཀུན་ཏུ་གཏིབས་བྱེད་ཅིང། ། ཕོ་ཉའི་ཚོགས་དང་ལྷན་ཅིག་གནས།། རྡོ་རྗེ་མེ་རི་ལག་ཆ་དང།། ཕྱི་རོལ་ཁྲོ་བཅུ་ཡབ་ཡུམ་སྟེ།། ཕྲ་མེན་ཉི་ཤུ་ཡང་སྤྲུལ་དག། བྱེ་བ་ཕྲག་ནི་ས་ཡ་འཕྲོ།། དཀྱིལ་འཁོར་རྒྱན་ནི་ཐམས་ཅད་ཀྱང།། བམ་རིལ་ཁོག་པ་སྟོད་སྨད་དང། ། ཞིང་དང་བཙོས་དང་ལྷུ་དུམ་དང།། རྐང་དང་ལྷུ་ཚིགས་ཙིཏྟའི་ཏོག། ཐོད་སྐུ་གསུང་དང་ཐུགས་ཀྱིས་མཚན།། སོ་སོའི་བྱེ་བྲག་ཀུན་ཏུ་དགྲམ།། བླ་རེ་རྒྱན་ཕྲན་གོས་དང་གདུགས། ཁ་དོག་ཕྱེ་བྲག་སོ་སོས་མཛེས། ། བཟའ་བཏུང་བཅའ་བའི་ཡོ་བྱད་རྣམས།། མཛེས་ཤིང་ཚིམས་པའི་ཚོགས་ཀྱིས་བསྐོར།། གཞན་ཡང་དུར་ཁྲོད་མཆོད་པ་ལྔ།། རྨད་བྱུང་གཏོར་མ་ཤ་ལྔ་དང།། བདུད་རྩི་ལྔ་དང་དཔའ་བོར་བཅས། ། རཀྟ་སྤྱན་གཟིགས་རོལ་མོའི་སྒྲ།། སོ་སོར་འཚམས་པ་ཉིད་དུ་དགོད།། དེ་ནས་གྲལ་བཞིན་རིམ་བཀོད་དེ།། སྔོན་འགྲོའི་ཆོ་ག་ལེགས་སྤྱད་ནས།། དུར་ཁྲོད་གཞལ་ཡས་བྱིན་རླབས་ཏེ།། རྫས་དང་སྐུ་གསུང་ཐུགས་བཀོད་ནས། ། རང་གི་ང་རྒྱལ་གསལ་བ་ཡིས།། རིམ་བཞིན་དཀྱིལ་འཁོར་བསྐྱེད་པ་ལ།། དབང་བསྐུར་བྱིན་རླབས་ཆོ་ག་བཞིན།། ཛཿཧཱུ~ཾ་བཾ་ཧོཿས་སྤྱན་དྲངས་ལ།། བྱིན་བརླབ་རབ་གནས་རྫོགས་བྱའི་ཕྱིར། ། གཞི་དང་འདྲེས་ཏེ་དབྱེར་མེད་བསྒོམ།། བརྟན་པའི་ཕྱག་རྒྱ་བཅིངས་ནས་ནི།། བརྟན་བཞུགས་མཆོད་པའི་ཆོ་ག་བྱ།། རང་གི་བཟླས་པ་མཐར་ཕྱིན་ཅིང།། འབར་དང་འཛུམ་པ་དྲི་དང་སྒྲ།། ལུང་བསྟན་ངེས་པའི་རྟགས་བྱུང་ན། ། བར་ཆད་བགེགས་བསྐྲད་དངོས་གྲུབ་བླང།། དེ་ནས་དད་ལྡན་སློབ་བུ་ཡིས། ཁྲུས་བྱས་དྲི་ལྡན་མེ་ཏོག་ཐོགས།། དར་སོགས་དམར་པོས་ངོ་བཀབ་ལ།། གསོལ་གདབ་དམ་དཔོག་ལྷ་བསྐྱེད་ཅིང། ། མིག་དབྱེ་ལྷ་བསྟན་ཆོ་ག་གདག། ཇི་ལྟར་འཐད་པའི་ཆོ་ག་བྱ།། དེ་ནས་དབང་ཐོབ་བྱ་བའི་ཕྱིར།། རྟ་དང་གླང་པོ་གསེར་དངུལ་དང།། བུ་དང་ཆུང་མ་བུ་མོ་དང།། རྒྱལ་སྲིད་རང་ལུས་ལ་སོགས་པ། ། བླ་མ་མཆོད་ཕྱིར་དབུལ་བར་བྱ།། གང་དུ་སྡུག་བསྔལ་མཚོ་བསྒྲལ་ཞིང།། ཐར་པའི་གྲོང་ཁྱེར་འཐོབ་བྱ་ཞིང།། དབང་དང་དངོས་གྲུབ་ཐོབ་བྱའི་ཕྱིར།། བླ་མ་ཆེ་ལ་གསོལ་བ་འདེབས། ཁྱོད་ནི་དམ་པའི་བདག་ཉིད་ལས། ། འཇིགས་པ་ཀུན་ལས་བདག་བསྒྲལ་ཞིང།། ཐར་པའི་ལམ་ལ་དགོད་པ་དང།། དབང་དང་བྱིན་བརླབས་བདག་འཚལ་བས།། དེ་ཕྱིར་དད་པས་ཁྱོད་བསྟེན་པས།། ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། ། གནང་བ་ཐོབ་ནས་གུས་ལྡན་པའི།། དབང་རིམ་བཞི་ཉིད་ནོད་པར་བྱ།། མེ་ཏོག་ཆར་དང་སྒྲ་དང་དྲི།། མཐོང་བ་དག་དང་ཤེས་རབ་འཕེལ།། ཚེ་དང་ལོངས་སྤྱོད་འཕེལ་བ་དང།། གཟུངས་མ་མཁའ་འགྲོ་འདུ་བ་དང། ། བྱིན་རླབས་མངོན་དུ་སྣང་བ་དང།། བྱིན་རླབས་དབང་ཐོབ་ལམ་རྟགས་ཡིན།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། གཟུགས་བརྙན་གྱི་བྱ་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་བཅོམ་ལྡན་འདས་དཔལ་དགྱེས་པ་ཆེན་པོ་རྔམ་པའི་རྒྱལ་པོ་ཡེ་ཤེས་ཧེ་རུ་ཀས། དཀྱིལ་འཁོར་ཐམས་ཅད་མཆོད་པའི་སྤྲིན་འབྱུང་བ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་ལས་མངོན་དུ་བྱུང་བའོ། ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷ་ཧཱུཾ། ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་གཽ་རཱི་ཧ་ས་མ་ཡ་ཧཱུཾ། བཛྲ་སིདྷ་མུ་ཁཱི་ཧཱུཾ་ས་མ་ཡ་ཛཿཧཱུཾ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུཾ།། རྡོ་རྗེ་རྐང་ལག་མཛེས་པའི་གར།། ནམ་མཁའི་རྡུལ་སྙེད་རབ་སྤྲུལ་ཏེ། ། འབར་བའི་དཀྱིལ་འཁོར་མཉེས་བྱའི་ཕྱིར།། དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ།། ནམ་མཁའི་མཛོད་ཀྱི་གཏེར་ལྡན་པས།། སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས།། ཇི་ལྟར་འདོད་ཅིང་ཡིད་འོང་བའི། ། ཡོ་བྱད་ནམ་མཁའ་ཁྱབ་པར་སྤྲུལ།། མོས་པ་དག་པའི་ཁྱད་པར་བཞིན།། འཁོར་གསུམ་དག་པའི་སྟོབས་ཀྱིས་འབུལ།། རྡོ་རྗེ་ཐལ་མོ་ཁ་ཕྱེ་ཞིང།། རཀྟ་སྦྲེང་བའི་ཚུལ་གྱིས་ནི།། ཕྱག་ཞབས་ཞལ་བསིལ་དབུལ་བར་བྱ། ། ཐུགས་རྗེ་ཆགས་པས་བདག་དོན་གསོལ།། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི། ས་མ་ཡ་ཧ་ཧེ་ཕཊ། རུ་ལུ་རུ་ལུ་མ་ཧཱ་རཀྟ་ཨརྒྷཾ་པྲ་ཏཱིཙྪ་ཧོ་ཁཱ་ཧི།། རྡོ་རྗེ་ཁུ་ཚུར་འགྱིངས་བྱས་པས།། མཛེས་པར་བསྒྱུར་བའི་ཚུལ་གྱིས་ནི། ། ཐལ་མོ་གྱེན་དུ་བསྐོར་བྱས་ཏེ།། རྡོ་རྗེ་མེ་ཏོག་ལ་སོགས་པའི།། མཆོད་པ་ལྔ་ཡི་བྱེ་བྲག་གིས།། དཀྱིལ་འཁོར་ཆོ་ག་བཞིན་དུ་མཆོད།། ཨོཾ་ཨཱཿཧཱུཾ། སུ་ར་ཏོ་མ་ཧཱ་རཱ་ག་པ་ན་བེ་མ། པེ་ནུ་སུ་ར་ཏོ། ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཨཱ་ཧཱུཾ་ཤྲཱི་བཛྲ་རཱ་ག་དྡཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀི་ཧྲཱིཿ་གནྡྷེ་གན།། རྡོ་རྗེ་ལྷ་མོ་རབ་མཛེས་མ།། སོ་སོའི་ཡོ་བྱད་རབ་ཐོགས་ནས། ། ནམ་མཁའ་ཁྱབ་པར་རབ་སྤྲུལ་ཞིང།། ཡོ་བྱད་རང་ལུས་ཐིམ་པར་མཆོད།། སངས་རྒྱས་ཀུན་གྱི་ར་སཱ་ཡན། འཆི་བ་མེད་པའི་བདུད་རྩི་ལྔ།། མཐར་ཐུག་མེད་པའི་རྒྱ་མཚོར་སྤྲུལ།། རྒྱལ་བ་རྣམས་ཀྱང་ཚིམས་པར་མཛད། ། རྡོ་རྗེ་ཕྱག་རྒྱ་གར་འགྲོལ་ཏེ།། མཐེབ་སྲིན་རྩེ་མོས་བླངས་གཏོར་བས།། རྡུལ་སྙེད་བཞུགས་པའི་རྒྱལ་བ་རྣམས།། དགྱེས་ཤིང་གཟི་བྱིན་ལྡན་པར་འགྱུར། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི། ཧ་ཧེ་ཕཊ། རུ་ལུ་རུ་ལུ་ཧཱུཾ། མ་ཧཱ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན། ཨ་ལ་ལ་ཧོ།། རྡོ་རྗེ་དམ་ཚིག་མཆོག་གསུམ་པོ།། བདག་གཞན་བྱིན་རླབས་བླངས་བཀོད་ནས།། ནམ་མཁའ་མཐས་གཏུགས་སྐུ་གསུང་ཐུགས།། བྱིན་རླབས་བརྟན་པ་ཉིད་དུ་འགྱུར། ། བཟའ་དང་བཅའ་དང་བཏུང་དང་བགོ། འདོད་པའི་ཡོན་ཏན་ལྔ་ལྡན་པས།། ནམ་མཁའི་སྤྲིན་ལྟར་གཏིབས་སྤུངས་ནས།། དཀྱིལ་འཁོར་ཉིད་ལ་དཀྱིལ་འཁོར་ཐིམ།། མྱོས་བྱེད་དང་ནི་རུ་དྷ་ར། ། ཚེ་དང་ཚིམས་བྱེད་རཀྟ་དང།། དར་དིར་སྙན་པར་བཅས་པའི་གླུ།། ལྷ་མོ་རྡུལ་སྙེད་མདངས་ལྡན་པས།། མ་ལུས་ཁྱབ་ཅིང་མཉེས་པར་བྱ།། ཞིང་དུ་གྱུར་པ་མ་ལུས་པ།། བྱམས་དང་སྙིང་རྗེས་གཞི་བཟུང་ནས། ། ཐབས་ཆེན་ལྡན་པའི་རྣལ་འབྱོར་པས། ཁམས་གསུམ་མ་ལུས་བསྒྲལ་བར་བྱ།། སྲོག་ཆགས་རླུང་ནི་རང་དྭངས་ཤིང།། བདེ་བ་ཆེན་པོར་སྨིན་བྱས་ནས།། མ་རུངས་གདུག་པའི་ལྷ་ཆེན་རྣམས།། འགྲོ་བ་ཀུན་ལ་བརྩེ་བ་དང། ཁྲོ་བས་ཁྲོ་བ་འདུལ་བའི་ཕྱིར།། རྟོག་པས་ཐུགས་རྗེས་བསྒྲལ་བ་ནི།། བདེ་ཆེན་ས་ལ་དགོད་པར་རིགས།། ཕྱིན་ཆད་འཁོར་བར་མི་ལྡོག་པར།། སྐྱེས་བུ་ཆེན་པོར་དབང་བསྐུར་ཏེ།། ཐབས་དང་སྙིང་རྗེར་ལྡན་པ་ཡིས། ། བདེ་ཆེན་ས་ལ་ཐེ་ཚོམ་མེད།། ཆགས་པས་ཆགས་པ་འདུལ་བ་དང།། བདེ་བ་ཆེན་པོའི་གར་ཐབས་ཀྱིས།། ནམ་མཁའི་ཁམས་ནི་ཀུན་བཀང་སྟེ།། དཀྱིལ་འཁོར་མཉེས་པར་བྱ་བའི་ཕྱིར།། ལྷ་མོ་ཀླུ་མོ་ལ་སོགས་པའི། ། ན་ཚོད་ཡོད་མེད་གང་རུང་ལ།། ཐབས་དང་ཆོ་གའི་ཁྱད་པར་གྱིས།། སྦྱོར་བའི་ལམ་ནི་བརྩམ་པར་བྱ།། ཡེ་ཤེས་ཏིང་འཛིན་ལས་གྲུབ་པའི། ཁྱད་པར་སྦྱོར་བའི་ཡུམ་དུ་བརྟག། སྦྱོར་བའི་ཆོ་ག་སྣ་ཚོགས་ཀྱིས། ། ལྷ་ཡི་འཁོར་ལོར་གྱིས་བར་མཛད།། ཉི་ཟླ་བྱང་ཆུབ་སེམས་ཀྱི་ཚོགས།། བདེ་བ་ཆེན་པོའི་ཐིག་ལེ་ཉིད།། རྡོ་རྗེ་པདྨའི་སྟོབས་ལས་བྱུང།། ཞིང་ཁམས་ཕྱི་ནང་མ་ལུས་པ།། བདེ་བའི་མཆོད་པས་གང་བར་འགྱུར། ། གང་དུ་དགྱེས་པའི་གནས་གསུམ་ནས།། དགྱེས་པའི་ལྷ་མོ་རྡུལ་ཕྲན་ཚོགས།། རང་གི་ལག་ཆར་བཅས་ཐོགས་ནས།། རྒྱལ་བ་འཁོར་བཅས་མཉེས་པར་འགྱུར།། ཤ་པ་ཏ་ལ་སོགས་པ་ཡི།། བརྡུང་དང་དཀྲོལ་བ་ལ་སོགས་པའི། ། རོལ་མོའི་བྱེ་བྲག་མཐའ་ཡས་པའི།། གླུ་དང་ཚིག་ཏུ་བཅས་པ་ཡིས།། མཆོག་ཅིང་བསྟོད་པ་སྣ་ཚོགས་བྱ།། རྡོ་རྗེ་རོལ་མོའི་ཚོགས་མཆོད་ནི། ཁྱད་པར་གཉིས་དང་ལྔ་ལ་སོགས།། ཚེ་དང་བྲན་མོ་གཡོན་ཅན་མ། ། མཱཾ་ས་དཔའ་བོ་ཟླ་རྒྱས་དང།། ཟླ་ཕྲཽམ་ཚིམས་བྱེད་གཟི་བརྗིད་མཆོག། ཐར་པ་མེ་ཏོག་དྲི་ཞིམ་པ།། ཡིད་འོང་བདེ་སྐྱིད་ཡོ་བྱད་ཚོགས།། དག་ཅིང་བྱིན་བརླབ་མ་ཉམས་པའི། ། ཡོ་བྱད་ནམ་མཁའི་མཐས་གཏུགས་པ།། བཤམས་ཤིང་སྤྲུལ་པའི་རྒྱ་མཚོའི་ཚོགས།། མཆོད་པའི་ལྷ་མོས་གང་བྱས་ཏེ།། བདེ་མཆོག་རོ་ཡིས་བརྒྱན་བྱས་ཏེ།། དཀྱིལ་འཁོར་ཚོགས་ལ་མཆོད་པར་དབུལ།། རྡོ་རྗེ་རྐང་པའི་སྟབས་ལྡན་ཞིང། ། ལག་གཉིས་འགྱྀང་བཅས་གར་བྱས་ནས།། ཐལ་མོའི་སྙིམ་པ་གྱེན་བཀྲོལ་ནས།། ཚོགས་ཀྱི་མཆོད་པ་དབུལ་བར་བྱ།། གང་གིས་འདི་དག་སྦྱོར་བ་ཡིས།། རྒྱས་བ་སྲས་བཅས་རྡོ་རྗེ་འཛིན། ། རྣལ་འབྱོར་མཁའ་འགྲོ་དང་བཅས་པའི།། དགྱེས་པའི་ཚུལ་གྱིས་བྱིན་བརླབས་ཤིང།། མཐུ་དང་རྫུ་འཕྲུལ་ཅི་ཡོད་པས།། རང་གི་འདོད་པ་ཇི་ལྟ་བར།། དགྱེས་པར་དངོས་གྲུབ་བསྩལ་བ་དང།། དབང་དང་བྱིན་རླབས་ཕུན་སུམ་ཚོགས། ། ཀུན་གྱི་བདག་པོ་ཉིད་དུ་འགྱུར།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། མཆོད་པའི་དེ་ཁོ་ན་ཉིད་སྐལ་པ་བཟང་པོ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། དམ་པ་དྲི་མ་མེད་པའི་ཐུགས།། མི་འདའི་རང་བཞིན་གང་ལགས་པ། ། དམ་པའི་དོན་དུ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་རྔམ་པའི་རྒྱལ་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས་ཀུན་གྱི་རང་བཞིན་ནི།། འདའ་བ་མེད་པའི་རང་བཞིན་ཏེ། ། རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར།། དམ་ཚིག་ཁྱད་པར་བཤད་པར་བྱ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རང་བཞིན་ནི།། མི་འདའི་དམ་པ་མཆོག་གྱུར་བ། ། འདས་པར་གྱུར་ན་ཚིག་པར་བཤད།། རང་བཞིན་བཟང་དང་དད་པ་དང།། མོས་ཤིང་དགེ་ལ་བརྩོན་པ་དང།། འཁོར་བས་འཇིགས་ཤིང་སྙིང་རྗེ་ལྡན།། དེ་ལ་དམ་ཚིག་སྦྱིན་པར་བྱ།། སངས་རྒྱས་ཀུན་གྱི་རང་བཞིན་ཆེ། ། བྱང་ཆུབ་སེམས་ཉིད་དག་པ་སྟེ།། མ་ལུས་རང་བཞིན་ཀུན་ཏུ་བཟང།། དོན་དམ་ཀུན་རྫོབ་དབྱེར་མེད་པ།། མགོན་པོས་གནང་བ་ལ་གནས་ཤིང།། སྐྱོ་བ་མེད་པར་གནས་པར་བྱ།། གཞན་དུ་བསྐལ་པ་གྲངས་མེད་པར། ། དཀའ་བས་སྦྱིན་དང་ཚུལ་ཁྲིམས་དང།། དཀར་པོའི་དོན་ལ་གང་གནས་ཀྱང།། ས་བོན་མེད་པའི་འབྲས་བུ་བཞིན།། དེ་ཡང་གཞན་ལས་མ་ཡིན་ཏེ།། བླ་མ་མཆོག་ལས་ཤེས་པར་བྱ།། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། ། རྒྱུད་ལ་འཇུག་ཅིང་དབང་བསྐུར་དང།། གསང་བ་སྒྲོགས་ཤིང་འདྲེན་པ་དང།། ཟབ་མོའི་དོན་གྱི་ལམ་སྟོན་པ།། རྒྱལ་བ་ཀུན་དང་མཉམ་པའི་ཕྱིར།། ནམ་མཁའི་མཐར་ཐུག་བར་དུ་ནི། ། ཞབས་ལ་སྤྱི་བོས་རེག་བྱ་ཞིང།། ཐུགས་ལས་འགལ་བར་མི་བྱའོ།། འཁོར་བ་ནུབ་པར་བྱེད་པ་དང།། སངས་རྒྱས་ས་ལ་འཇོག་པ་ཡི།། དམ་པ་དེ་ལས་འགལ་བྱེད་པ།། རྡོ་རྗེ་འཛིན་པ་ཉིད་ཀྱང་འཛིན། ། དམ་པས་གནང་བའི་གྲོགས་མཆོག་རྣམས།། རྡོ་རྗེ་གསང་བས་གཅིག་བསྡུས་པའི།། སྙིང་པོ་གནང་གནས་པའི་ཡང། བའི་འོད་བཞིན་པས།། ནམ་ཡང་འབྲལ་བ་མ་ཡིན་ཕྱིར།། དམ་པས་དམ་པ་རྫོགས་པར་རུ། ། བསྐུར་ཞིང་བརྙས་པར་མི་བྱའོ།། རྡོ་རྗེ་དམ་པ་འདྲལ་བྱེད་པ།། བདག་གཞན་གཉིས་ཀ་འཕུང་བ་དང།། རྡོ་རྗེ་འཛིན་རྒྱལ་ཁྲོས་གྱུར་ནས།། བདུན་རྒྱུད་ཚུན་ཆད་བརླག་པར་འགྱུར།། དེ་ནས་རིགས་དམན་ལོག་པར་འགྱུར། ། དམ་པ་རྣམས་ཀྱིས་སྨད་པ་དང།། བསྐལ་པ་བརྒྱ་ཕྲག་དུ་མ་རུ།། གསང་བའི་དོན་ལས་འགལ་བར་འགྱུར།། སངས་རྒྱས་སྲས་དང་ཕོ་ཉར་བཅས།། འཁོར་ལོར་མཐོང་དང་ཞུགས་པ་ཡི།། དམ་པའམ་རང་གི་དམ་པ་ནི། ། དམ་པས་དམ་པར་བྱིན་བརླབས་པས།། སྐུ་གསུང་ཐུགས་ཀྱི་ངོ་བོ་སྟེ།། སྔགས་དང་ཕྱག་རྒྱས་རྒྱས་བཏབ་ནས།། བར་ཆད་མེད་པར་མི་བསྐྱོད་ཅིང།། ཐ་མལ་དམན་པའི་ལས་སྤྱོད་པ། ། དམ་པ་ཀུན་ལ་བརྙས་པ་སྟེ།། དྲག་ཤུལ་སྤྱོད་པ་ཀུན་བསྡུས་ནས།། དུས་མིན་སྡུག་བསྔལ་འབབ་པ་དང།། བྱང་ཆུབ་སེམས་དང་བྲལ་བ་ཡིན།། སངས་རྒྱས་ཀུན་གྱི་དེ་ཉིད་ནི།། གསང་བ་དམ་པར་བྱིན་བརླབས་པ། ། རེག་པས་སྡུག་བསྔལ་ཞི་བྱེད་པ།། ཐོབ་ནས་གཞན་དུ་བརྗོད་མི་བྱ།། འདི་ནི་སངས་རྒྱས་ཐམས་ཅད་དེ།། དབང་བསྐུར་བཅུད་དང་འབྲེལ་པ་ཡི།། སྐུ་གསུང་ཐུགས་ཀྱི་དེ་ཉིད་དེ།། རིགས་ངན་བྱིས་པའི་ཡུལ་མིན་པས། ། གང་ཞིག་དམ་ལས་འདའ་བྱེད་པ།། དམ་པ་རྣམས་ཀྱི་རྒྱུད་གཅོད་ཅིང།། སྡུག་བསྔལ་གྲོང་ཁྱེར་འཕེལ་བྱེད་པས།། སངས་རྒྱས་ཉིད་ཀྱིས་སྒྲོལ་བྱེད་འགྱུར།། འདི་ནི་དམ་པས་བྱིན་བརླབས་ཤིང། ། དམ་པའི་རྩ་བ་ཡིན་ཕྱིར་ཏེ།། དམ་པར་གྲུབ་པ་དམ་པ་སྟེ།། དངོས་གྲུབ་འདོད་པས་གནས་པར་བྱ།། གང་ཕྱིར་སངས་རྒྱས་འདོད་པ་ཡིས།། འདོན་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་དམ་ཚིག་ཆེ། ། དམ་པར་གྱུར་པ་མི་སྤང་ངོ།། སངས་རྒྱས་ཀུན་ཀྱི་རང་བཞིན་ཏེ།། ཡེ་ཤེས་ལྔ་དང་རྒྱལ་བ་ལྔ།། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས།། སྤངས་པས་མི་འགྲུབ་འཁོར་བར་འགྱུར།། སྦྱོར་སྒྲོལ་མ་བྱིན་ལེན་པ་དང། ། རྫུན་དང་ངག་བརླང་སྤྱོད་པ་ལྔ།། སངས་རྒྱས་ཀུན་གྱི་སྤྱོད་པའི་ཕྱིར།། འདའ་བར་བྱ་བ་མ་ཡིན་ནོ།། ཤ་ཆེན་དམར་ཆེན་དྲི་དང་བཅས།། བྱང་ཆུབ་སེམས་དང་དག་པའི་ཆུ།། དང་དུ་བླང་པའི་རང་བཞིན་པས། ། རྟག་ཏུ་བཟའ་ཞིང་བཏུང་བར་བྱ།། ཤ་ཆེན་ཁྱི་ཤ་མཆོག་ཡིན་ཏེ།། མཆེ་ཅན་མཁའ་ལྡིང་སྟོབས་ལྡན་ཤ། གང་ཞིག་བྱིན་བརླབས་ཟ་བྱེད་པ།། རྒྱལ་བ་རྡོ་རྗེ་འཛིན་དང་མཉམ།། ཕུང་པོ་འབྱུང་བ་ཁ་དོག་དང། ། དབང་པོ་ཡུལ་དུ་བཅས་པའི་ཆོས།། དག་པ་ལྔ་ནི་ཤེས་བྱ་སྟེ།། འཁོར་བས་སངས་རྒྱས་ལྔ་རུ་ཤེས་པར་བྱ།། ཀུན་གྱིས་བསྒྲུབ་པའི་སངས་རྒྱས་ལྔ།། རྡོ་རྗེ་རིན་ཆེན་པདྨ་དང།། ལས་དང་དེ་བཞིན་གཤེགས་རང་བཞིན། ། བདག་ཉིད་ལྷུན་གྱིས་གྲུབ་པར་བྱ།། སྤྱི་དང་ཁྱད་པར་བསྒྲུབ་པ་དང།། ལྷག་པའི་དམ་ཚིག་ལ་སོགས་པ།། གསང་བ་སྤྱི་དང་ཁྱད་པར་དང།། རང་རང་བསྒྲུབ་པ་ལས་གསུངས་པ།། ཆོ་ག་བཞིན་དུ་ནན་ཏན་བྱ། ། གལ་ཏེ་བཅས་པའི་དམ་ཚིག་ལ།། ཆོ་ག་བཞིན་དུ་མ་བསྒྲུབས་ཤིང།། དམ་པའི་དོན་ལས་འགལ་བྱེད་པ།། རྒྱ་མཚོ་བསྐམ་དང་རི་བོ་ཟད།། ཇི་སྲིད་ནམ་མཁའ་གནས་བར་དུ།། རྡོ་རྗེ་དམྱལ་བར་གནས་པ་ཉིད། ། དམ་པས་དམ་པར་བྱིན་བརླབས་ནས།། གང་ཞིག་དེ་ལས་འགལ་བྱེད་པ།། སངས་རྒྱས་རྡོ་རྗེ་འཛིན་པ་དང།། མཁའ་འགྲོ་རྣལ་འབྱོར་ལ་སོགས་པ།། མ་ལུས་ཀུན་ལ་བརྙས་པས་ན། ། སྡུག་བསྔལ་རྣམ་པ་མང་པོ་ནི།། མཚོན་ཆའི་འཁོར་ལོ་བཞིན་དུ་འཁོར།། གལ་ཏེ་དམ་པའི་ལས་བྱས་ནས།། བསམས་པ་བཞིན་དུ་མི་འགྲུབ་ཅིང།། ཉམས་པའི་སྔ་རྟགས་ལྟས་བྱུང་ན།། ཉམས་པ་སྐོང་བའི་ལས་བྱས་ལ། ། དམ་པ་རྣམས་ཀྱིས་བཤད་པ་ལྟར།། ཕྱིན་ཆད་གང་ཡང་ཉམས་མི་བྱ།། སྐུ་གསུང་ཐུགས་ཀྱི་དམ་པ་ནི།། གང་གིས་ཚུལ་བཞིན་གནས་པ་དང།། ཇི་ལྟར་རིགས་པར་གནས་པ་ནི།། གང་གིས་ཇི་ལྟར་བསྒྲུབས་པ་དང། ། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། མོས་དང་དབང་པོ་ཆེ་བ་ཡིས།། བར་ཆད་མེད་པར་བརྩོན་བྱས་ན།། ལོ་ཕྱེད་བཞི་དང་ཟླ་བ་ཉིད།། བཅོ་བརྒྱད་ཀྱིས་ནི་འགྲུབ་པར་འགྱུར།། དམན་དང་བསྐལ་བ་ངན་པ་དང། ། ཤེས་རབ་ཡོ་བྱད་ཞན་པས་ཀྱང།། ཐབས་ཀྱིས་ཆོ་ག་མ་ཉམས་པར།། དམ་པས་བསྟན་པ་བཞིན་བསྒྲུབས་ན།། ཚེ་འདིས་ཐོབ་པར་ཐེ་ཚོམ་མེད།། ཅེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་རང་བཞིན་དཔྱོད། ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། མ་ལུས་སྐྱོབ་པའི་རང་བཞིན་གྱིས།། གཏོར་མའི་ཁྱད་པར་བཤད་དུ་གསོལ།། ཞེས་གསོལ་པ་ལས།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། སྣ་ཚོགས་སྣོད་ཀྱི་འཇིག་རྟེན་དུ།། བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར།། གདོད་ནས་མ་བཅོས་ཆོས་ཀྱི་དབྱིངས།། ཡོངས་ལ་ཁྱབ་པས་ཕྱོགས་བཅུར་སྣང།། འདོད་པའི་ཡོན་ཏན་ལྔ་རྣམས་དང། ། རང་བཞིན་གནས་དང་སྤྲུལ་པ་ཡི།། མཆོད་དང་རྒྱལ་རྒྱན་ཡང་ལ་སོགས་པའི་བདགས་ཀྱང་བདག། མ་བཟུང་བཏང་བས་ཁྱབ་པ་སྟེ།། ཆོས་ཅན་སྣ་ཚོགས་མཆོག་ཏུ་བཤད།། ཇི་སྙེད་བསམ་ཡས་མ་ལུས་ཐབས། ། སྟོང་ཞི་མ་བཅོས་ངང་ལ་སྦྱར།། དེ་ཉིད་ཞི་བར་གནས་རྟོག་པ།། ཆོས་ཉིད་མ་བཅོས་གཏོར་མ་ཡིན།། རིགས་པ་མཐའ་བྲལ་སྣོད་ཆེན་དུ།། སྣ་ཚོགས་རིག་པའི་འདོན་ཡོན་ལྔ།། ནམ་མཁའ་ཁྱབ་པའི་སྟོབས་ཀྱིས་སྤྲུལ། ། ཏིང་འཛིན་སྤྲུལ་པའི་གཏོར་མ་ཡིན།། མཚན་མ་རྫས་ཀྱི་ཁྱད་པར་ཡང།། བཟའ་བཏུང་བྲོ་བའི་མཆོག་རྣམས་དང།། ཤ་ལྔ་བདུད་རྩི་ལྔ་ལས་བྱས།། དག་ཅིང་བྱིན་བརླབས་ལྡན་པའོ། ། ཕུང་པོ་ཆོས་ཀྱི་དབྱིངས་ཀྱི་ཡིན།། གཏུབ་པས་ཡེ་ཤེས་རོལ་པ་ཡིན། ཁམ་བུ་ཐུགས་རྗེ་སྤྲུལ་པར་བཤད།། ཆོས་དབྱིངས་མ་བཅོས་དབྱིངས་སུ་བསྡུས།། ཡེ་ཤེས་རོལ་པས་བྱིན་བརླབ་སྣང།། ཤ་ཁྲག་དམར་གྱིས་མཁའ་འགྲོ་བརྟེན། ། ཐུགས་རྗེས་འཕྲུལ་པས་ཕྱོགས་བཅུར་ཁྱབ།། དང་པོར་ཡེ་ཤེས་བདུད་རྩི་སྟེ།། དཀྱིལ་འཁོར་ཇི་བཞིན་སྦྱིན་བསྲེག་བྱ།། བར་མའི་འདོད་ཡོན་ལྔ་ཡི་སྟེ།། རྣལ་འབྱོར་མི་ཟད་གཏེར་དུ་སྦ། ཡུམ་ལྔའི་མཁའ་ཀློང་གནས་ལ་གཏད།། ཡེ་ཤེས་ལྔ་ཡི་རྒྱ་ཡིས་གདབ།། ཐ་མ་ལྷག་མའི་ཆོ་ག་གང།། གནས་བདུན་ཡོངས་སུ་རྫོགས་ནས་ནི།། འཁོར་གྱི་མཁའ་འགྲོ་མཆོད་པ་དང།། ཟ་ལམ་བསྟན་དང་སྦྱིན་བསྲེག་བྱ། ། སྣང་སྲིད་སྣོད་བཅུད་མ་ལུས་པ།། རང་བཞིན་འདོད་པའི་ཡོན་ཏན་ལྔ།། ཕྱོགས་མེད་མཉེས་པར་རོལ་པ་ནི།། ཕྱོགས་བྲལ་ཆོས་དབྱིངས་གཏོར་མ་ཡིན།། བདག་ཉིད་དཀྱིལ་འཁོར་གསལ་བསྒོམས་པས། ། སྣང་སྲིད་བདེ་བའི་ལོངས་སྤྱོད་ལ།། སྒོ་གསུམ་བར་ཆད་མེད་སྤྱོད་པ།། རྣལ་འབྱོར་སྤྱོད་པ་རེ་དོགས་མེད།། ཐབས་ལྡན་འདི་ལྟར་སུ་ཞིག་ནི།། བསོད་ནམས་ཡེ་ཤེས་རྫོགས་འགྱུར་ཞིང།། འཁོར་བའི་མཚན་མར་སྣང་བ་དག། སྐུ་གསུམ་ཡེ་ཤེས་ལྔ་འགྲུབ་འགྱུར།། ཤ་ཁྲག་རུས་པ་སྣ་ཚོགས་པ།། བདག་གཞན་དུག་གསུམ་ཟད་པ་དང།། འཁོར་བ་ཡེ་ཤེས་སྤྱད་པའི་ཕྱིར།། ཐབས་ལྡན་རྣལ་འབྱོར་པས་དབུལ་བྱ།། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། ། མ་བཅོས་ལྷུན་གྱིས་རྫོགས་སངས་རྒྱས།། བདག་གིས་རྟོགས་པར་བྱ་བའི་ཕྱིར།། ཤ་ལྔ་བདུད་རྩི་ལྔ་དབུལ་བྱ།། ཐབས་དང་ཤེས་རབ་རང་བཞིན་གྱིས།། གཏོར་མ་ཞེས་ནི་དེ་ལ་བྱ། ། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས།། ཞི་སོགས་ལས་ལ་ཐོགས་མེད་ཅིང།། རང་རང་འབྱོར་པས་ཚོགས་བསག་ཕྱིར།། དུས་བཞིའི་གཏོར་མ་དབུལ་བར་བྱ།། གང་དུ་གདུག་ཚོགས་ཞི་བ་དང།། ནོར་དང་འབྲུ་རྣམས་འཕེལ་བ་དང། ། བཀྲ་ཤིས་འབྱོར་པ་བྱ་བ་དང།། ཅི་འདོད་དངོས་གྲུབ་བསྒྲུབ་བྱའི་ཕྱིར།། ཚོགས་དང་གཏོར་མའི་ལས་བྱའོ།། དམ་ཚིག་ཉམས་དང་ཆགས་པ་ཡིས།། གནོད་པ་ཕ་རོལ་སྦྱོར་བ་དང།། ལས་དང་བག་ཆགས་ཆེ་བ་དང། ། བསམ་པ་མི་འགྲུབ་ལྷ་གཡེལ་དང།། དངོས་གྲུབ་དོན་ལ་ནུས་པ་མེད།། དམ་ཚིག་ཉམས་པའི་རྟགས་བྱུང་ན།། ཚོགས་དང་གཏོར་མ་བཟླས་ཤིང་བྱ།། ལས་རྣམས་མཐའ་ཡས་གང་སྔོན་དུ། ། ཚོགས་དང་གཏོར་མའི་སྦྱོར་བ་བྱ།། ཐུན་མོང་ཐུན་མོང་མ་ཡིན་པའི།། ལས་དང་ལམ་ནི་མྱུར་འགྲུབ་ན།། ཚོགས་དང་གཏོར་མ་བཟླས་པར་བྱ།། དེས་ན་གང་ཡིན་ལས་ལ་སྦྱར།། ཞེས་གསུངས་སོ། ། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། མཆོད་པའི་ཡན་ལག་གི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། གསང་བའི་དོན་ལ་བདག་འཇུག་ཕྱིར།། དབང་བསྐུར་སྣང་བ་རྨད་བྱུང་བ།། གང་ལགས་རིམ་པ་བདག་ལ་སྩོལ།། ཞེས་གསོལ་པ་ལས། དེ་བཞིན་གཤེགས་པ་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ། དབང་བསྐུར་གནང་བ་ཐོབ་འདོད་པས།། སློབ་དཔོན་འབྲེལ་བའི་ཐབས་ལྡན་པ།། སྣོད་དང་ལྡན་པའི་སློབ་མ་ལ།། ཐབས་དང་ལྡན་པའི་དབང་བསྐུར་ཏེ།། ལམ་ལ་གནས་པའི་དབང་ཐོབ་པས། ། གང་བསྒྲུབ་དབང་དུ་སྣང་བར་འགྱུར།། ཐབས་ཆེན་རྒྱུད་དང་བྲལ་བ་ཡི།། ཐ་མལ་གྲགས་འཆང་བླ་མ་ཡིས།། བླུན་པོ་གང་བསྒྲལ་འཁོར་བ་ལས།། གཉི་གས་སྡུག་བསྔལ་ཆེན་པོ་འཐོབ། ། སྡུག་བསྔལ་དང་ལེན་བདེ་འདོད་པས།། ཅི་ནས་སྐྱོ་བའི་སེམས་བྲལ་བས།། ལས་དང་རྫས་སོགས་མ་ཆགས་པས།། བླ་མ་དག་ལ་བསྙེན་བཀུར་བྱ།། རྡོ་རྗེ་བླ་མ་དེ་བཞིན་གཤེགས།། འགྲོ་བ་ཀུན་ལ་སྙིང་རྗེ་བའི། ། ཡིད་བཞིན་ནོར་བུ་ལྟ་བུ་ཉིད།། རྗེས་མཐུན་ཐུགས་རྗེས་ཁྱབ་པར་བྱེད།། སྣ་ཚོགས་ཆོ་གར་ལྡན་པ་ཡིས།། དད་དང་དམ་ཚིག་ལྡན་པ་ཡིས།། རྟེན་འབྲེལ་སྦྱོར་བ་མྱུར་འགྱུར་བ།། དཔེར་ན་མེ་དང་གཙུབ་ཤིང་བཞིན། ། དང་པོར་ཐར་པའི་གྲོང་ཁྱེར་དུ།། འཇུག་པའི་ཚུལ་གྱིས་གསོལ་བ་གདབ།། སྔོན་དུ་རུང་བ་བྱས་པ་དང།། དམ་ཚིག་སྡོམ་པ་ཐོབ་པ་དང།། བྱིན་རླབས་ཡེ་ཤེས་མྱོང་བ་དང།། བདག་དང་གཞན་དོན་ལྷུར་ལེན་པ། ། འདོད་དང་སྦྱིན་པའི་ཚུལ་དག་གིས།། རིམ་པ་བཞིན་དུ་སྦྱིན་པར་བྱ།། བུམ་པ་དབུ་རྒྱན་ཅོད་པན་དང།། ཕྲེང་བ་པོ་ཏི་རྒྱ་གྲམ་དང།། འཁོར་ལོའི་མིང་དང་ཕྱག་རྒྱ་དང།། ལོངས་སྤྱོད་བཅུ་ཡིས་དབང་སྐུར་བ། ། ཐུན་མོང་དབང་དུ་རྒྱལ་བས་གསུངས།། རྡོ་རྗེ་དྲིལ་བུ་དམ་རྫས་དང།། ཐོད་པ་ཞིང་དང་སྟག་ལྤགས་དང།། ཀོ་བ་མེ་རི་གཤོག་པ་དང།། སྦྲུལ་དང་ཟ་བྱེད་ཕྱག་རྒྱ་དང།། ཡུམ་དང་ཐང་གཤོལ་མདའ་གཞུ་དང། ། རྒྱན་གསུམ་བཅས་པ་ལ་སོགས་པའི།། མཛེས་དང་སྡིག་དང་འབར་བ་དང།། རོལ་པའི་རྫས་ཀྱིས་དབང་བསྐུར་རོ།། བདག་གཞན་བྱ་བ་ཡོངས་རྫོགས་ཕྱིར།། ཉན་བསྒོམ་ལ་སོགས་འཆད་པ་དང།། རྡོ་རྗེ་སློབ་དཔོན་དབང་སྦྱིན་ལ། ། ཐུན་མོང་ཕྱག་རྒྱའི་ཆོ་ག་བསྟན།། རང་ལ་གནས་པའི་དཀྱིལ་འཁོར་དག། རྣམ་པའི་ཚུལ་ཏེ་མཚོན་ཏེ་བསྟན།། ཕྱོགས་བཅུ་དུས་གསུམ་རྡུལ་སྙེད་ཀྱི།། སངས་རྒྱས་ཞིང་ཁམས་གཞལ་ཡས་པ། ། དཀྱིལ་འཁོར་ལྷར་ནི་གྱུར་ནས་ཀྱང།། རོལ་མོའི་དབྱངས་ཀྱིས་དབང་བསྐུར་མཛད།། གང་དུ་ཐབས་ལྡན་རྣལ་འབྱོར་ལ།། སྣང་སྲིད་ཕྱི་ནང་བཅས་པ་ཀུན།། དབང་གི་རྫས་སུ་གྱུར་ནས་ཀྱང། ། དེ་ཡི་སེམས་ལ་འཇུག་པ་མཛད།། མེ་ཏོག་ཆར་དང་སྒྲ་སྙན་དང།། དྲི་དང་གླུ་དབྱངས་སྒྲོགས་པ་དང།། གཟུགས་དང་མངོན་ཤེས་ཉམས་སྐྱེས་དང།། དེ་བཞིན་སྒྲ་དང་ཡིད་འཕམ་དང།། བྱིན་རླབས་ཆོ་ག་ཚང་བ་དང། ། བསྙེན་དང་རྫས་རྣམས་ཚང་བ་ལ།། ཐོབ་པའི་རྟགས་རྣམས་འབྱུང་བར་འགྱུར།། གང་ཞིག་དད་མེད་མ་གུས་དང།། གྲོགས་དང་བླ་མའི་ཉམས་ལེན་ཅིང།། གསང་བའི་དོན་ལ་སྨོན་བྱེད་པ།། བར་མའི་སྲིད་པ་མི་འབྱུང་བར། ། རྡོ་རྗེ་འབར་བའི་གནས་སུ་སྐྱེ།། དང་པོ་འཇུག་པ་ནས་བཟུང་ནས།། འཇིགས་པ་ལྔ་བྲལ་རིགས་ངེས་པར།། དངོས་དང་འོད་ཀྱི་རྣམ་པ་བཞིན།། འདུ་འབྲལ་མེད་པའི་རྣམ་པར་བྱའོ། ། དང་པོ་དཀྱིལ་འཁོར་འཇུག་པ་དང།། སྣང་བ་ཕྱག་རྒྱར་རྫོགས་པ་ལ།། གཙང་དང་འཇིགས་པ་སྤང་བའི་ཕྱིར།། དམ་རྫས་བྱང་ཆུབ་སེམས་ཀྱིས་བསྐུར།། བཅོ་བརྒྱད་ཉི་ཤུ་ལྔ་ལོན་པ།། མདངས་དང་དབང་པོ་གསལ་བར་འགྱུར། ། འཇིགས་དང་གཙང་སྨེ་རྣམ་པར་སྤངས།། ཡིད་འོང་ངག་སྙན་སྐྱོ་བ་མེད།། སྤྱོད་པ་དལ་ཞིང་བཟང་བ་དང།། ཁྱག་པ་ཆེ་ཞིང་བཀའ་བློ་བདེ།། དད་པས་བྱ་བ་ཅི་ཡང་ནུས།། བདེ་ཆེན་གསང་བའི་སྤྱོད་ལ་དགའ། ། གསང་བའི་དོན་མཆོག་བསྒྲུབ་པའི་ཕྱིར།། ཐབས་དང་རྫས་དང་ཏིང་འཛིན་དང།། སྔགས་ཀྱི་སྦྱོར་བ་ལ་བརྟེན་ཏེ།། ཆོ་ག་བཞི་ཡིས་དབང་དུ་བྱ།། ཐ་མལ་སྤྱོད་པ་སྤངས་བྱས་ཏེ། ཁྲུས་དང་བྱུག་པ་ཁ་སྤོས་དང། ། གོས་རྒྱན་ཆགས་པ་སྐྱེད་བར་བྱེད།། ཡིད་འོང་སྤྱོད་དང་དབྱངས་ཀྱིས་མཆོད།། འདུ་ཤེས་གསུམ་ལྡན་སྦྱོར་བ་ཡིས།། ལྷར་བསྐྱེད་གསང་གནས་སྐྱེ་མཆེད་དག། ཐ་མལ་ཆགས་པ་སྤང་ཕྱིར་བརླབ། ། ཅི་ནས་ཡིད་ནི་མི་སྐྱཽ་བར།། རྡོ་རྗེ་ཐབས་ཀྱིས་ནན་ཏན་བྱ།། ཐ་མལ་དམིགས་པ་མི་གནས་ཕྱིར།། དམིགས་པ་གསུམ་ལྡན་ཏིང་འཛིན་སྐྱེས།། ཕྱག་རྒྱ་བཞི་རོལ་པ་བྱ།། རྡོ་རྗེ་སློབ་དཔོན་བདེ་ཆེན་པོ། ། གཙོ་བོ་འདོད་ཆགས་ཏིང་འཛིན་གྱིས།། སངས་རྒྱས་རྡུལ་སྙེད་བདག་བཞུགས་པར།། གཉི་གས་བརྟེན་པར་གསལ་བར་དུ།། དལ་དང་བསྐྱོད་དང་གཟུང་བ་ཡིས།། གསལ་བའི་ཐིག་ལེ་ནན་ཏན་བྱ།། རྡོ་རྗེ་ཉི་ཟླ་རྡུལ་སྙེད་གྲངས། ། ཧེ་རུ་ཀས་ནི་མངོན་གསལ་ན།། ཐབས་དང་ཤེས་རབ་གཉིས་མེད་པས།། རྩེ་ནས་རྩེ་རུ་ཐིམ་པ་ལས།། གནས་ངན་ལེན་པ་ཀུན་སྦྱངས་ནས།། འཁོར་ལོ་འོད་ཀྱིས་གང་བ་ཡི།། རྡོ་རྗེ་ཐིག་ལེ་འོད་དུ་འབར། ། བཅུ་གཉིས་བཅུ་བཞི་ཕྱག་རྒྱ་མོ།། དཀར་དམར་ཕྱེད་ཅིང་དད་པ་ཆེ།། སྙིང་སྟོབས་དང་ནི་ཆགས་པར་ལྡན།། ཤེས་རབ་ཆེ་ཞིང་སྦྱོར་ཐབས་མཁས།། དལ་ཞིང་བཀའ་བློ་བདེ་བ་དང།། དཀར་འཛིན་ཏ་ལའི་འབྲས་བུ་འདྲ། ། རྡོ་རྗེའི་མཚོན་གྱིས་མ་ཕོག་པར།། འདོད་པ་རང་གི་གནས་ན་གནས།། སྔར་བཞིན་ཆོ་གས་སྦྱངས་བྱས་ནས།། ཐ་མལ་བཟློག་དང་ཆགས་པ་བསྐྱེད།། ཟས་དང་སྤྱོད་ལམ་བསྒྱུར་བ་དང། ། ལྷར་བསྐྱེད་དབང་བསྐུར་སྦྱོར་བ་བསླབ།། བྷ་གའི་དཀྱིལ་འཁོར་འཇུག་པ་དང།། དམ་ཚིག་ལྷ་དབོག་དཀྱིལ་འཁོར་བསྟན།། རྡོ་རྗེ་སློབ་མ་ཆགས་པ་ཅན།། རྒས་དང་བུས་པ་མ་ནིང་མིན།། དབང་པོ་དར་ཞིང་བརྟུལ་ཞུགས་ཅན། ། འཛག་མེད་རླུང་གི་དེ་ཉིད་མཁས།། འཁོར་ལོ་ཕོ་བྲང་གསལ་བ་དང།། ཆགས་པ་བདེ་རྒྱས་རྟགས་བྱུང་ན།། བླ་མས་སློབ་མའི་ལག་བཟུང་ལ།། སྦྱོར་བའི་ཆོ་གས་སྦྱོར་བྱས་ལ། ། དགའ་དང་བདེ་དང་ཆགས་པ་དང།། རེ་དོགས་བཅད་པའི་ཉམས་བརྟག་ཅིང།། རྡོ་རྗེའི་མིང་དང་གསང་བའི་མིང།། བདེ་ཆེན་ལྷན་ཅིག་སྐྱེས་པའི་མིང།། མིང་དང་བྲལ་བའི་ཚུལ་གྱིས་ནི།། རྡོ་རྗེ་དབང་གི་ཆོ་ག་བྱས། ། དང་པོར་རིགས་དང་ལྷ་ཉིད་དེ།། གཉིས་པ་གསུམ་པ་ཡི་གེ་ལྔ།། བཞི་པ་དྲན་རྟོག་སྤྱོད་ཡུལ་ཀུན།། བདེ་ཆེན་སྟོང་ཉིད་ངང་དུ་ནུབ།། ཐིག་ལེ་ཉི་ཟླ་གང་བཟུང་བ།། བག་ཆགས་གསུམ་དང་བྲལ་བ་ཡིས། ། དུས་གཅིག་ཐིག་ལེས་ཁྱབ་པའི་མཐུས།། བདེ་ཆེན་ལྷན་ཅིག་སྐྱེས་པར་གསལ།། ཆགས་པ་མ་ཡིན་ཆགས་བྲལ་མིན།། དབུ་མ་ཙམ་དུའང་མ་ཡིན་ཏེ།། བག་ཆགས་རྟོག་པ་རྣམ་འཇིག་ཅིང།། ནམ་མཁའི་ཁམས་དང་མཉམ་པ་ཡི། ། ཡིད་ནི་རབ་ཏུ་ཕམ་མཛད་ནས།། བདེ་ཆེན་མི་རྟོག་འོད་དུ་འབར།། སྤྱོད་ཡུལ་འདོད་ཡོན་དྲན་རྟོག་རྣམས།། བདེ་བ་ཆེན་པོའི་ངང་དུ་ནུབ།། མ་ལུས་འོད་གསལ་བདེ་ཆེན་པོ།། ཕྱོགས་འཛིན་ཡིད་ཀྱི་རྟོག་པ་སྤང། ། བདེ་ཆེན་ཡེ་ཤེས་མངོན་དུ་འབར།། ཕྱི་ནང་བཅུ་དྲུག་བཅོ་བརྒྱད་མ།། པདྨ་འམ་ཨུཏྤལ་ཁ་ཕྱེ་འདྲ།། ཟླ་བ་ལྡན་ཞིང་ཆ་བྱད་སྒེག། སྐེད་པ་ཕྲ་ལ་ཤ་མདངས་སྲབ།། འདོད་པ་རྒྱས་ལ་སྦྱོར་ཐབས་མཁས། ། བརླིང་ཞིང་འཇིགས་མེད་དཔའ་བོ་ལ།། ཆོ་གའི་ཁྱད་པར་ཅི་འཚམས་པར།། རྒྱས་པར་ལེགས་པར་བྱས་ནས་ནི།། ཟས་དང་རླུང་དང་སྤྱོད་ལམ་གྱིས།། བསྙེན་པའི་ཆོ་ག་རྫོགས་ནས་ནི།། རྡོ་རྗེ་ལྷ་མོ་མཉམ་སྦྱར་ནས། ། གསུམ་པའི་ཚད་ནས་མཉམ་སྦྱར་ཞིང།། རང་ལུས་འདེ་བས་མ་རྒྱས་པར།། སྤྱད་དང་བརྟག་དང་འདྲིས་པར་བྱ།། དང་པོར་ལུས་ཀྱི་བདེ་བ་ཡིས།། དེ་ནས་རེག་པའི་བདེ་བ་ཉིད།། ཆུ་བོ་ལྟ་བུར་གནས་པར་བྱ། ། དེ་ནས་སྣང་བའི་བདེ་བ་ཡིས།། ཟག་པ་ཟད་ཅིང་བར་ཆད་མེད།། སྡུག་བསྔལ་བདེར་སྨིན་འཆི་བ་མེད།། འདུ་འབྲལ་རླུང་ལ་དབང་ཐོབ་ཅིང།། བདེ་བ་ཆེན་པོའི་ངོ་བོར་འཇུག། དེ་ནས་བདེ་བ་ཆེན་པོ་ཉིད། ། རང་གི་ངོ་བོས་རྟག་ཏུ་སྟོར།། སྟོང་པའི་ཐིག་ལེ་གཡོ་བ་མེད།། བདེ་ཆེན་ཐིག་ལེ་རྒྱུ་བ་མེད།། བདེ་ཆེན་ནུས་པ་བརྟན་གྱི་བར།། རྟོག་པའི་ཆོ་ག་མ་ཡིན་པས།། ལྷ་མོ་སྟོང་དང་མཉམ་སྦྱར་ཡང། ། ཐབས་དང་རླུང་ལ་བརྟེན་པ་ཡིས།། བྱང་ཆུབ་སེམས་ནི་འཕོ་བ་མེད།། བྱང་ཆུབ་སེམས་སྤངས་རྣམ་པར་རྒྱལ།། ལུས་རྒུད་རྣམ་ཤེས་བྱིང་གྱུར་པས།། གལ་ཏེ་དེ་ལྷའི་རྟགས་བྱུང་ན།། རྨི་ལམ་དུའང་ནན་ཏན་བྱ། ། གལ་ཏེ་ཐབས་དང་སྟོབས་བྲལ་ན།། འདུ་བྱེད་སྤངས་ཏེ་ལྕེ་ཡིས་བླང།། དང་པོར་རྒྱལ་རིགས་བྲམ་ཟེ་མོ།། དེ་ནས་ཡིད་ཀྱི་ལྷ་མོ་སྟེ།། དེ་ནས་ཏིང་འཛིན་མངོན་སྣང་ཡིན།། ཐ་མ་མི་ཤེས་ལྷ་མོ་ལྔ། ། ཆགས་དང་མཛེས་པར་རོལ་བ་ཡིས།། ནམ་མཁའ་མཐའ་གཏུགས་སྣང་བ་ཀུན།། བདེ་ཆེན་མི་རྟོག་གཟུགས་སུ་འབར།། དངས་སྙིགས་རྒྱུ་རྐྱེན་སྐྱེ་འགག་མེད།། ཇི་སྲིད་ནམ་མཁའི་མཐས་གཏུགས་པར།། བདེ་བ་ཆེན་པོ་འཕེལ་འགྲིབ་མེད། ། ཤེས་པ་འདུས་པའི་རིམ་པ་ཡིས།། བདུད་རྩི་ཐིག་ལེར་འཇུག་པ་དང།། རེ་དོགས་བཅས་པའི་ཡིད་མིན་པས།། འཆི་འཕོའི་དུས་དང་མཚམས་སྦྱར་ཡིན།། དེ་ལ་གང་དུ་ཅི་སྐྱེས་པ། ། མ་ལུས་སྒྱུ་མར་སྣང་ན་ནི།། སྒྱུ་མའི་ཡེ་ཤེས་བདེ་ཆེན་ཏེ།། འདི་དང་བར་མར་དབྱེར་མེད་པས།། སྐྱེ་འཆི་འཕོ་འགྱུར་གནས་དང་བྲལ།། རྒྱལ་བའྀ་དཀྱིལ་འཁོར་བཀོད་པ་ལ།། མཐོང་དང་མོས་པ་མཆོད་པས་ཀྱང། ། རྡོ་རྗེ་འཛིན་དང་མཉམ་འགྱུར་ནས།། ཚེ་འདིའི་བདེ་བ་ཐོབ་འགྱུར་ན།། བཅུག་ཅིང་དབང་བསྐུར་ཐོབ་པ་དང།། བསྒོམས་དང་ཉམས་ལ་གནས་པ་དང།། བརྟན་ཞིང་ཡོངས་སུ་རྫོགས་པ་ཉིད།། དཀའ་ཐུབ་འབད་མེད་བདེ་བ་ཡིས། ། ལོ་ཟླ་དུས་ཚོད་བྲལ་བ་ཡི།། ད་ལྟ་ཉིད་དུ་བདེ་མཆོག་འགྲུབ།། དཀའ་དང་འབྲལ་བ་མེད་པ་ནི།། ཐུན་མོང་དངོས་གྲུབ་སྨོས་ཅི་དགོས།། བདེ་ཞིང་ཤེས་རབ་ལྡན་པ་དང།། མཁས་དང་ལོངས་སྤྱོད་ཀུན་རྫོགས་ཀྱང། ། དབང་བསྐུར་གནང་བ་མ་ཐོབ་པར།། དངོས་གྲུབ་གང་ཡང་མི་འབྱུང་སྟེ།། སྐྱེ་བོ་ཉིད་དུ་འགྱུར་ཕྱིར་རོ།། དེ་བས་གང་ཟག་དམན་པ་དེས།། དབང་དང་མན་ངག་བྲལ་བ་ཡིས། ། གསང་བའི་དོན་ལ་ཅི་སྤྱད་ཀྱང།། བླུན་པོས་རལ་གྲི་བསྐོར་བ་ལྟར།། འདོད་པའི་དོན་དང་བྲལ་ནས་ཀྱང།། རང་ཉིད་བརླག་ཅིང་འཆི་བར་གྱུར།། དབང་ནི་ནུས་པ་ཞེས་བཤད་ཅིང།། ནུས་པ་རིམ་པ་གང་འཕེལ་བ། ། ལམ་དང་ཏིང་འཛིན་ཁྱད་པར་ཏེ།། སྤྱོད་པ་དག་ཀྱང་ཤེས་པར་བྱ།། གང་ལ་གང་ནི་ནུས་མེད་ན།། དེ་ལ་དེ་བསྐུར་ནུས་པ་མེད།། དེ་བས་དེ་ཡང་ནུས་མེད་པས།། དབང་ཐོབ་མ་ཡིན་དམན་པ་ཡིན། ། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། དབང་བསྐུར་བའི་ཆོ་ག་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད།། འབར་བའི་རྒྱལ་པོ་ཧེ་རུ་ཀ། ཡེ་ཤེས་གཙོ་ལ་ཕྱག་འཚལ་ལོ།། འབར་བའི་སྐུ་གསུང་ཐུགས་བསྟན་ཕྱིར།། ཕྱག་རྒྱ་གཅིག་པ་བཤད་དུ་གསོལ། ། ཞེས་གསོལ་བ་ལས་བཅོམ་ལྡན་འདས། ཡེ་ཤེས་རྔམ་པའི་རྒྱལ་པོ་ཡིས།། འདི་སྐད་ཅེས་ནི་བཀའ་སྩལ་ཏོ།། ཕྱོགས་བཅུའི་རྒྱལ་བའི་ངོ་བོ་ནི།། མ་སྐྱེས་བདེ་ཆེན་ཧེ་རུ་ཀ། གཉིས་མེད་ཐིག་ལེ་འོད་གསལ་བ། ། ཕྱག་རྒྱ་གཅིག་པ་ཞེས་བཤད་དོ།། དང་པོར་དུར་ཁྲོད་ཆེན་པོ་ནི།། རབ་དབེན་ཡིད་འཐད་གནས་ཆེན་པོར།། སྣང་དང་མི་སྣང་བདག་པོ་ལ།། བསླང་དང་བྱིན་བརླབས་བགེགས་བཅོམ་ལ། ། ཆོ་ག་རྒྱས་པར་བརྩམ་པར་བྱ།། བར་ཆད་ཀུན་བྲལ་བདག་པོའི་སེམས།། ལྷན་ཅིག་བདག་ཉིད་གནས་པར་བྱ།། འཇིགས་དང་རེ་དོགས་རྣམ་པར་སྤང།། གཙང་དང་དད་ལྡན་དཀའ་ཐུབ་བྲལ།། བརྟུལ་ཞུགས་ཆེ་ཞིང་སྦྱོར་བ་ཡིས། ། དབང་དང་དམ་ཚིག་ལྡན་པ་དང། ཁུ་འཕྲིགས་ཆུང་ཞིང་བརྟན་པ་དང།། གདེང་ལྡན་བར་ཆད་བསམ་པ་མེད།། སྙིང་རྗེར་ལྡན་ཞིང་ལེ་ལོ་མེད།། ཏིང་འཛིན་སྔགས་དང་ཆོ་གར་ལྡན།། གང་ཞིག་མི་བསྟན་གང་ཟག་ནི། ། གསང་ཆུང་ལེ་ལོ་སེར་སྣ་ཆེ།། སྒྲོ་སྐུར་གྲོགས་པོའི་ཉམས་ལེན་ཅིང།། ཕྱི་ནང་ཅན་དང་དཀའ་ཐུབ་ཅན།། གཙང་སྦྲ་ཅན་དང་འཛིན་རྟོག་ཅན།། སྒྲོ་སྐུར་ཅན་དང་བརྐམ་ཆགས་ཅན། ། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་ལྡན་པ་སྤང།། དུར་ཁྲོད་རྫས་ལ་བརྟེན་པ་ཡི།། མཆོད་པ་ལྔ་དང་བསྒྲུབ་པའི་རྫས།། ཤ་ལྔ་བདུད་རྩི་ལྔ་ལ་སོགས།། བནྡྷ་ཞིང་ཆེན་རྐང་གླིང་དང། ། ནང་དང་གསང་བའི་མཆོད་པ་དང།། རྨད་དུ་བྱུང་བའི་རྫས་དག་བཤམ།། དུས་ནི་བཀྲ་ཤིས་འབྱོར་པ་དང།། ཉ་དང་ཚེས་བརྒྱད་ལ་སོགས་ལ།། སྔོན་དུ་བྱ་བ་ཀུན་རྫོགས་ནས།། སྒྲུབ་པའི་བར་ཆད་བསལ་བར་བྱ། ། དཀྱིལ་འཁོར་ཚད་དང་ལྡན་པ་ལ།། དུར་ཁྲོད་མཛེས་པའི་རྫས་བྱུགས་ལ།། དམར་ཆེན་ཆག་ཆག་བཏབ་པ་ལ།། སྟ་གོན་བྱ་བ་ཇི་བཞིན་བརྩམ།། དུར་ཁྲོད་རྒྱུས་པ་ཁ་དོག་བསྒྱུར།། ལེགས་པར་འཇུར་མདུད་མེད་པ་ཡིས། ། ཡབ་ཡུམ་གཉིས་མེད་ལས་བྱུང་བའི།། བྱིན་བརླབས་ཐིག་ནི་གདབ་པར་བྱ།། དུར་ཁྲོད་ཐལ་བ་ལས་བྱུང་བའི།། ཚོན་ལྔ་ཡེ་ཤེས་ལྔར་ལྡན་པའི།། དུར་ཁྲོད་དཀྱིལ་འཁོར་འཇིག་པར་ནི།། ལྷ་ཡི་ང་རྒྱལ་ལྡན་པས་བྲི། ། དབུས་སུ་ཟླ་གམ་ཁ་སྤྲོད་བྲི།། བྱང་ཆུབ་སེམས་དང་ཆགས་པའི་མདོག། ཕྱི་རིམ་ཟླ་གམ་དམར་པོ་ལ།། ཐོད་ཕྲེང་སྒོ་གཅིག་ལྡན་པ་བྲི།། ཕྱི་རོལ་དུར་ཁྲོད་རྫས་རྣམས་དང།། རྨད་དུ་བྱུང་བའི་མཆོད་པས་བརྒྱན། ། མེ་མར་དགུ་ཡིས་མཛེས་པར་བརྒྱན།། བཀྲ་ཤིས་ཞལ་བུ་ཁ་སྦྱོར་ལ།། ཡབ་ཡུམ་མཚན་མར་བཅས་པ་གཞག། དངོས་གྲུབ་ཞལ་བུ་རྟེན་དང་བཅས།། བདུད་རྩི་ཤ་ལྔ་དཔའ་བོ་ལྔ།། དངོས་གྲུབ་ཡི་གེར་བཅས་པ་དག། རྣལ་འབྱོར་སྐྱེས་བུའི་གཡས་སུ་གཞག། རང་རང་གདན་ལ་འཁོད་ནས་ནི།། སྔོན་འགྲོའི་ཆོ་ག་རྫོགས་ནས་ནི།། ཐུན་མོང་སྤྱོད་པ་རིང་སྤངས་ལ།། སྤྱོད་ཡུལ་སྒྱུར་བའི་ཆོ་ག་བྱ།། དཔའ་བོ་ཆེན་པོའི་རྣལ་འབྱོར་པས། ། མ་བཅོས་ཆོས་ཀྱི་དབྱིངས་ཉིད་ལ།། གནས་པ་མེད་པའི་དོན་གྱིས་བསྒོམ།། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན།། དམིགས་པ་མེད་པའི་གནས་ཐོབ་ནས།། ས་བོན་སྙིང་པོ་འཕྲོ་འདུ་ཡིས། ། བསྲེག་སྦྱང་སྟོང་པར་གནས་པ་ལས།། རང་གི་རིག་པ་རང་སྣང་བའི།། ས་བོན་ལས་ནི་འབྱུང་ལྔ་བསྒོམ།། རི་རབ་སྟེང་དུ་གཞལ་ཡས་ཁང།། དུར་ཁྲོད་འབར་བའི་དཀྱིལ་འཁོར་ནི།། ཟླ་ཁམ་ཐོད་ཕྲེང་སྒོ་གཅིག་བསྒོམ། ། ཆོ་ག་རྫོགས་པའི་སྦྱོར་བ་ལས།། འབར་བའི་རྒྱལ་པོ་ཧེ་རུ་ཀ། ཡབ་ཡུམ་ཞལ་སྦྱར་གནས་བཞིན་བསྒོམ།། དབང་དང་བྱིན་རླབས་སྙིང་པོར་བཅས།། དུར་ཁྲོད་རྒྱན་ཆས་ལྡན་པར་བྱ། ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན།། དུར་ཁྲོད་དཀྱིལ་འཁོར་ལྷུན་གྱིས་གྲུབ།། འབར་བའི་དཀྱིལ་འཁོར་རྡུལ་སྙེད་ཀྱང།། རིག་པའི་རྒྱལ་པོས་གཟུགས་སུ་འགྱུར།། ཕྱག་རྒྱ་བཞི་ཡིས་གཉིས་མེད་པར། ། ཐིམ་པར་བྱིན་རླབས་ལྡན་པར་བསམ།། དེ་ནས་ཕྱག་རྒྱ་ཆེར་བྱས་ལ།། ཡབ་ཡུམ་བརྟན་པའི་ཏིང་འཛིན་བསྒོམ།། ཕྱག་འཚལ་བརྟན་བཞུགས་མཆོད་པ་དང།། བཟླས་པའི་བྱེ་བྲག་སྲོག་ལྡན་པས། ། འོད་དང་སྒྲ་དང་དྲི་ལ་སོགས།། མཚན་མ་བརྟན་པོ་བྱུང་བའི་བར།། སྟོང་ཚིགས་མཆོད་དང་བསྟོད་པ་དང།། གོམས་པའི་བློ་ནི་འབད་པར་བྱ།། དེ་ནས་དཀྱིལ་འཁོར་ཞལ་བསྒྱུར་ནས།། དང་པོར་བར་ཆད་བཟློག་པ་དང། ། དཀྱིལ་འཁོར་བསྐྱེད་དང་དབབ་བསྟིམ་དང།། མཆོད་བསྟོད་བཟླས་ཤིང་དངོས་གྲུབ་གསོལ།། སློབ་མ་འཇུག་དང་དབང་བསྐུར་དང།། སྒྲུབ་པའི་གནང་བ་སྦྱིན་པར་བྱ།། དེ་ནས་ཅི་ལའང་ཐོགས་པ་མེད། ། དཀྱིལ་འཁོར་རྒྱས་དང་བསྡུས་པ་དང།། དཀྱིལ་འཁོར་ཀུན་གྱི་སྙིང་པོའོ།། དངོས་གྲུབ་བཅུད་བསྡུས་འབྲུ་བརྒྱད་དེ།། དེ་ལས་གཞན་པའི་སྙིང་པོ་མེད།། དེ་བས་བཟླས་པའི་སྙིང་པོ་སྦྱིན།། ཨོཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ཨོཾ་ནི་རྒྱལ་བ་ཡབ་ཡུམ་བཅུ།། རུ་ལུ་གོང་མ་ཁྲོ་མོ་བརྒྱད།། རུ་ལུ་འོག་མ་ཕྲ་མེན་བརྒྱད།། ཧཱུ~ཾ་ནི་ཕྱག་རྒྱ་སྒོ་མ་བཞི།། བྷྱོ་ནི་བྲན་མོ་ཉི་ཤུ་བརྒྱད།། ཧཱུ~ཾ་ནི་བྱང་ཆུབ་སེམས་ཀྱི་ངང།། འབར་བའི་དཀྱིལ་འཁོར་མ་ལུས་པའི། ། བཟླས་པའི་མཆོག་ནི་འདི་ལས་མེད།། དང་པོར་འདུན་པས་བག་ཆགས་སྦྱང།། གཉིས་སུ་དགའ་བས་སྣོད་དུ་རུང།། གསུམ་པ་དབང་གི་དངོས་གྲུབ་རླབ།། ཐ་མ་འགྲུབ་པར་དངོས་གྲུབ་བླང། ། གནས་གསུམ་འཕྲོ་འདུ་འོད་ཕྲེང་གིས།། ཕྱི་ནང་བདག་གཞན་བག་ཆགས་སྦྱང།། མ་ལུས་བདག་ཉིད་སྣོད་དུ་རུང།། མ་ལུས་སྐུ་གསུང་ཐུགས་ཉིད་ནི།། བདག་གམ་དངོས་གྲུབ་རྫས་ལ་དབབ།། དེ་ཡང་ཕྱག་རྒྱ་བཞི་ཉིད་ཀྱིས། ། བདག་གིས་བསྡུས་མཆོད་རོལ་པར་བྱ།། སྐུ་ནི་འཇའ་ཚོན་ཆུ་ཟླ་བཞིན།། གསུང་ནི་སྒྲ་བརྙན་བྲག་ཆ་སྟེ།། ཐུགས་ནི་སྤྲིན་མེད་ནམ་མཁའ་བཞིན།། འདི་ནི་སྤྲོས་བཅས་མན་ངག་ཡིན།། འབར་བའི་རྒྱལ་པོ་ཧེ་རུ་ཀ། ཁམས་གསུམ་རྒྱུ་བ་ཟིལ་གྱིས་གནན།། འདོད་ཆགས་དབང་མོ་མན་ངག་གིས།། བདེ་ཆེན་སྐྱོན་དང་བྲལ་བར་བྱ།། གཉིས་མེད་ཉི་ཟླ་ཁ་སྦྱོར་གྱིས།། ས་གསུམ་སྐུ་གསུམ་དུས་གཅིག་གནོན། ། ཡབ་ཡུམ་གཉིས་མེད་རང་བཞིན་གྱིས།། བརྟག་པ་རྣམ་པ་གསུམ་དུ་གསུངས།། དང་པོ་གཉིས་པ་གསུམ་པ་ནི།། ཕོ་མོ་ལྷ་དང་ལྷ་མོར་ནི།། རིག་པ་སྟོང་པའི་རང་བཞིན་གྱིས།། ཡབ་ཡུམ་ཆགས་དང་མཛེས་པ་ཡིས། ། བརྟག་དང་གོམས་པའི་སྟོབས་ལས་བྱུང།། རིགས་པའི་དཀྱིལ་འཁོར་འོད་འདུས་པས།། ཐིག་ལེ་འོད་ཀྱི་གོང་བུར་གསལ།། དེ་ལས་རང་གི་ལྷར་བསྐྱེད་ཅིང།། སྤྱན་དྲང་མཆོད་པ་རྒྱུན་དུ་བྱ།། རང་ཉིད་བརྟན་པར་མ་གྱུར་པས། ། དགེས་ཤིང་ཐ་མལ་སྤྱོད་པས་མིན།། ཚོགས་ཀྱི་ཡོ་བྱད་འདི་དག་ནི།། དང་པོར་ལྷ་ལ་མཆོད་པ་སྟེ།། བར་པ་རྣལ་འབྱོར་མཉེས་བྱས་ནས།། ཐ་མས་ལྷག་མའི་མཆོད་པ་ཉིད།། དང་པོར་རང་རང་བསྐྱེད་པ་དང། ། གཉིས་པས་གདན་སྟེང་གནས་ནས་དགུག། གསུམ་པ་ཟིལ་མནན་དམ་ཚིག་བསྲེ།། བཞི་པ་རང་སྔགས་རྫས་ཀྱིས་མཆོད།། ལྔ་པ་དམ་བདར་ཕྲིན་ལས་བཅོལ།། དྲུག་པ་ཁ་ཆུས་དབང་དུ་བྲན། ། བདུན་པ་དང་པོར་སྦྱིན་བསྲེག་བྱ།། བརྒྱད་པས་གཏེར་སྦ་རྒྱ་ཡིས་གདབ།། ཐ་མ་ཟ་ལམ་བསྟན་ནས་ཀྱང།། མ་ལུས་ཁྱབ་པའི་ཚུལ་དུ་བསྔོ།། དཀྱིལ་འཁོར་བསྡུ་ཞིང་སྤྱོད་ལམ་བྱའོ།། འགྲོ་ལ་སྦྱིན་གཏང་བླ་མ་ལ། ། འཁོར་གསུམ་ཡོངས་དག་མཆོད་པར་འབུལ།། འདི་ལྟར་བསྒྲུབས་ཤིང་བསྒོམ་པས་ན།། ཉི་ཟླ་འོད་ལ་འདུག་ནས་ཀྱང།། ལུས་ལ་ཆོ་འཕྲུལ་བཞིས་བསྟན་ནས།། སྒྲ་དང་འོད་ཀྱིས་གང་བྱས་ནས།། མ་ལུས་སྤྲོ་བ་བསྐྱེད་བྱས་ནས། ། ཡང་དག་བསྒྲུབ་པའི་ཞིང་ཁམས་སུ།། རེ་དོགས་མེད་པར་སངས་རྒྱས་སོ།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། དཔལ་ཧེ་རུ་ཀ་ཡབ་ཡུམ་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། རང་བྱུང་འབར་བའི་རྒྱལ་པོ་ཁྱོད།། དུར་ཁྲོད་འབར་བའི་དཀྱིལ་འཁོར་རྣམས། ། བདག་ལ་ལེགས་པར་བཤད་དུ་གསོལ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ།། དུར་ཁྲོད་ཆེན་པོར་རབ་དབེན་པས། ། སྐྱེ་བོ་འདུས་དང་རྣམ་བྲལ་ཞིང།། སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་པའི།། བདག་དབང་བར་ཆད་མེད་པའི་སར།། སྔོན་བྱའི་ཆོ་ག་རྫོགས་པ་དང།། ས་ནི་དག་པར་གཟུང་བྱ་སྟེ།། དཀྱིལ་འཁོར་ཚད་དང་ལྡན་པར་བྱ། ། མཐུ་ཆེན་རྒྱལ་པོ་སྡེ་བཞི་ལ།། བར་ཆད་བསལ་བའི་ལས་བཅོལ་ནས།། ཕྱོགས་བཅུ་ཁྲོ་བོའི་བྱིན་རླབས་ཀྱིས།། ཕྱོགས་སྐྱོང་སོ་སོར་གཟིར་ནས་ཀྱང།། གནས་ཀྱི་སྲུང་མར་བསྒོ་བ་དང།། རང་རང་འཁོར་དུ་གཏོགས་པ་རྣམས། ། བསྐྲད་ཅིང་བར་ཆད་བསལ་བར་བྱ།། དེ་ནས་ཕྱག་རྒྱ་ཆེན་པོ་ཡིས།། མཎྜལ་ནག་པོ་གྲུ་གསུམ་དུ།། བར་ཆད་དམ་སྲི་གནན་བྱ་སྟེ།། བག་ཡངས་བདེ་བའི་ནན་ཏན་བྱ། ། དུར་ཁྲོད་ཆེན་པོའི་བདག་པོ་དག། བསྐྱེད་ཅིང་ཟིལ་གྱིས་གནན་བྱས་ཏེ།། གནས་ཀྱི་སྲུང་མར་བཀོལ་བ་དང།། དུར་ཁྲོད་གཞལ་ཡས་ཁང་དུ་བརླབ།། དཀྱིལ་འཁོར་དུར་ཁྲོད་ཆེན་པོ་ཡི།། བདུད་རྩི་ལྔ་ཡིས་སྐྱང་ནུལ་བྱ། ། དབང་གི་རཀྟ་ཕོ་བྲང་དུ།། དུར་ཁྲོད་ཐིག་སྐུད་གསུམ་བསྒྲིལ་གྱིས།། བྱིན་བརླབ་མཁའ་གསང་སྦྱོར་བ་ཡིས།། བྱང་ཆུབ་སེམས་སུ་བྱིན་གྱིས་བརླབ།། དཔལ་ལྡན་རྔམ་པའི་རྒྱལ་པོ་དང།། གཟུངས་མ་འདོད་པའི་དབང་མོ་ཡིས། ། བྱིན་རླབས་ལྡན་པའི་ཐིག་བཏབ་པས།། ཕོ་བྲང་སོ་སོར་བགོ་བར་བྱ།། དུར་ཁྲོད་བདུད་རྩི་ལྔ་ཡི་ཚོན།། སྔགས་མཆོག་དཀྱིལ་འཁོར་འཇིགས་པ་བྲི།། དཀྱིལ་འཁོར་ཟླ་ཁམ་འདྲ་བ་ལ། ། ཐིག་བཞི་བཏབ་པས་ལེ་ཚེ་དགུ།། དབུས་སུ་ཟླ་ཁམ་ཁ་སྤྲོད་ལ།། དཔལ་ཆེན་ཡབ་ཡུམ་བཅས་པ་དགོད།། ཕྱོགས་བཞི་མཚམས་བརྒྱད་ཟླ་ཁམ་བརྒྱད།། ནང་དུ་ཁ་བལྟས་མེ་རི་ཅན།། འཇིགས་པའི་དཀྱིལ་འཁོར་བྲི་བར་བྱ། ། དུར་ཁྲོད་ཆེན་པོའི་རྟ་བབས་ཅན།། སྣ་ཚོགས་དུར་ཁྲོད་རྒྱན་བཅས་པ།། རྣལ་འབྱོར་མཉམ་པར་གཞག་པས་བྲི།། གོའུ་རི་མ་སོགས་དཔལ་འབར་མ།། སོ་སོའི་མཚན་མས་དགྲམ་པར་བྱ།། དུར་ཁྲོད་རྒྱན་ཆ་རྫོགས་པར་དགྲམ། ། དཔལ་གྱི་སྣང་བ་ཆེན་པོ་དགུ།། དུར་ཁྲོད་རྫས་ལ་བྱས་པ་གཞག། གལ་ཏེ་མི་གསལ་བར་ཆད་ནི།། བགེགས་བསྐྲད་བཤགས་ལ་གྲལ་དུ་དགོད།། གཞན་ཡང་མཆོད་དང་དངོས་གྲུབ་རྫས། ། སོ་སོར་འཚམས་པར་ཅི་རིགས་གཞག། རྣལ་འབྱོར་རྒྱན་ཆས་གྲལ་དུ་འཁོད།། རང་རང་གསལ་བའི་ཏིང་འཛིན་གྱིས།། དུར་ཁྲོད་བགེགས་ནི་ཀུན་བསལ་ནས།། རྒྱལ་རིགས་རྗེའུ་ཡིད་འོང་བའི།། རྨད་བྱུང་བམ་ཆེན་རོ་བླངས་ཏེ། ། བཀྲ་ཤིས་རྫས་ཀྱིས་ལུས་བྱུགས་ནས།། དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་རུ།། རོལ་པའི་བྲོ་ཡིས་སྦྱང་བར་བྱ།། བཀྲ་ཤིས་རྫས་སུ་བྱིན་བརླབས་ནས།། ཕྱག་རྒྱ་ལྔ་ཡིས་སྤྲོས་བྱས་ནས། ། དཀྱིལ་འཁོར་སོ་སོར་ཅི་རིགས་པར།། རང་རང་ཕྱག་རྒྱ་བསྐོས་སུ་གདབ།། འདི་དག་ཡང་དག་སྒྲུབ་པའི་རྫས།། མཆོག་དང་ཐུན་མོང་བརྟེན་པའི་གཞི།། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར།། སྐལ་ལྡན་འདུས་པ་ཀུན་ཚོགས་ནས། ། བརྟུལ་ཞུགས་རོལ་པས་སུ་འཇུག་པ།། དངོས་གྲུབ་མཆོག་ལ་སྦྱོར་བར་ངེས།། བརྡ་དང་གནང་བའི་དབང་ཐོབ་ནས།། གཙོ་བོ་ཡབ་ཡུམ་བསྐྱེད་པ་དང།། བྱིན་རླབས་ཆོ་འཕྲུལ་ཀུན་རྫོགས་ནས། ཁྲོ་བོ་བརྒྱད་པོ་ཇི་བཞིན་བསྐྱེད།། ཡེ་ཤེས་དམ་ཚིག་ལ་ཐིམ་ནས།། གཟི་བྱིན་བསྐྱེད་དང་བརྟན་པར་བཞུགས།། མཆོད་པ་ཕྱི་ནང་གསང་བ་དང།། རབ་ཏུ་མཉེས་པར་བསྟོད་པར་བྱ།། གསང་ཆེན་འབར་བའི་ཡིག་འབྲུ་བརྒྱད། ། རྩ་བའི་དཀྱིལ་འཁོར་རབ་རྫོགས་པ།། བར་ཆད་མེད་པའི་བརྩོན་འགྲུས་ཀྱིས།། མཚན་མ་ཐོབ་པའི་བར་དུ་བཟླས།། དུས་དྲུག་ཚོགས་ཀྱི་མཆོད་པ་དང།། དུས་བཞིར་བར་ཆད་བསལ་བ་དང། ། སྟོང་ཚིག་མཆོད་བསྟོད་བཟླས་པ་ནི།། བར་ཆད་མེད་པ་ཆུ་བོ་བཞིན།། གཟུགས་དང་སྒྲ་དང་དྲི་དང་རོ།། རྣལ་འབྱོར་ཡུམ་དང་མཆེད་ལྕམ་ལ།། གསང་བའི་དངོས་གྲུབ་མཚན་ཐོབ་ནས། ། རྫས་ལ་བརྟེན་ཏེ་དངོས་གྲུབ་བླང།། སྔ་མ་ལས་ནི་གནས་བསྒྱུར་ཏེ།། རང་རང་ཆོ་ག་ཇི་བཞིན་སྦྱར།། མཆོད་བསྟོད་ཇི་བཞིན་རབ་རྫོགས་ནས།། དངོས་གྲུབ་བདག་ལ་བསྡུ་བར་བྱ།། དང་པོར་བག་ཆགས་སྦྱངས་བྱས་ཏེ། ། གཉིས་པས་རྒྱལ་བའི་སྲས་སུ་བྱ།། གསུམ་པ་དངོས་གྲུབ་རྫས་ལ་གདབ།། བཞི་པས་དངོས་གྲུབ་བླང་བར་བྱ།། དཀྱིལ་འཁོར་ཆེན་པོར་འཇུག་པ་དང།། དབང་བསྐུར་ཆོ་གའི་རིམ་པ་བཞིན།། དེ་ནས་དངོས་གྲུབ་རིམ་པས་བླང། ། ལྷག་མའི་ཆོ་ག་རིམ་པ་དང།། མཚམས་ཀྱི་རིམ་པ་དགྲོལ་བར་བྱ།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། ཟླ་གམ་དགུ་པའི་སྒྲུབ་ལུགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་བཅོམ་ལྡན་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོས། དུར་ཁྲོད་ཆེན་པོ་བསྒྲུབ་པའི། དཀྱིལ་འཁོར་ཟླ་གམ་བཅོ་བརྒྱད་པ་འདི་གསུངས་སོ།། འབར་བའི་རྒྱལ་པོ་བསྒྲུབ་འདོད་པས། ། རི་བོ་ནག་འདབས་ཆུ་གླིང་དང།། དུར་ཁྲོད་གསང་ཕུག་ཉམས་དགའ་བར།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། རེ་དང་དོགས་པའི་སེམས་སྤངས་ལ།། ཇི་ལྟར་དགའ་བདེ་ལྡན་པས་བསྒྲུབ།། སྔོན་དུ་དབང་རྣམས་ཐོབ་པ་དང། ། དམ་ཚིག་སྙིང་རྗེར་ལྡན་པ་ཡིས།། ངན་པའི་ས་རྣམས་དག་བྱས་ལ།། དུར་ཁྲོད་སར་ནི་བྱིན་གྱིས་བརླབ།། དེ་ནས་ས་གཞི་ཆ་མཉམ་ལ།། རྨད་བྱུང་གསང་བའི་དཀྱིལ་འཁོར་བྱ།། བདུད་རྩི་ལྔ་དང་རཀྟར་བཅས། ། དབང་གི་དཀྱིལ་འཁོར་བྱུག་པར་བྱ།། དེ་ནས་དུར་ཁྲོད་སྲད་བུ་ཡིས།། བདུད་རྩི་དང་ནི་ཚོན་བསྲེས་པའི།། བྱིན་བརླབས་ལྡན་པའི་ཐིག་གདབ་ཅིང།། རང་རང་ཕོ་བྲང་བགོ་བར་བྱ།། དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། ། གསང་བའི་དཀྱིལ་འཁོར་ཐིག་འདེབས་ཤིང།། ཡང་དག་གསང་བའི་དོན་བསྒྲུབ་ཀྱིས།། དཔལ་ཆེན་འཁཽར་ཚོགས་གཤེགས་སུ་གསོལ།། དཔལ་ཆེན་འཁོར་ཚོགས་གཤེགས་ནས་ཀྱང། ། དུར་ཁྲོད་རྫས་ལ་བྱིན་བརླབ་ཅིང།། བདག་ལ་དངོས་གྲུབ་སྩལ་དུ་གསོལ།། འཁོར་ལོ་རྩིབས་བརྒྱད་འབར་བ་ལ།། རྩིབས་མཆན་ཐོད་པའི་མུ་ཁྱུད་ལ།། འཇིགས་ཤིང་གསལ་བའི་མེ་རི་འཕྲོ། ། འཇིགས་ཤིང་ཡ་མཚན་སྐྱེ་བའི་གནས།། དབུས་སུ་ཟླ་གམ་དཀར་དམར་གཉིས། ཁ་སྤྲོད་དཔལ་གྱི་མཚན་མར་གཞག། ཟླ་གམ་ནང་དུ་ཁ་བལྟས་བརྒྱད།། འཁོར་ལོའི་རྩིབས་ལ་བྲི་བར་བྱ།། རྩིབས་མཆན་ནང་དུ་ཟླ་གམ་བརྒྱད། ། ཀུན་ཀྱང་དབང་དང་ཆགས་པའི་ཕྱིར། ཁ་དོག་དམར་པོ་བྲི་བར་བྱ།། དུར་ཁྲོད་ཀ་པ་གདུང་དག་དང།། ཐོད་ཕྲེང་སྦྲུལ་དང་ཉི་ཟླས་བརྒྱན།། འབར་བའི་རྒྱན་ཆ་སྣ་ཚོགས་བརྒྱན། ། དུར་ཁྲོད་མཆོད་པ་སྣ་ཚོགས་དང།། ཞལ་བུ་བདུད་རྩི་རཀྟ་དང།། དཔལ་གྱི་ཞལ་ཟས་ལོངས་སྤྱོད་རྒྱན།། དངོས་གྲུབ་རྟེན་དུ་བཅས་པ་གཞག། དཔལ་གྱི་བན་དྷ་སྙིང་པོ་ཅན།། ཐབས་དང་ཤེས་རབ་ལྡན་པར་དགོད། ། རིག་མ་བཅུ་དྲུག་མཚན་མ་ནི།། རིགས་བཟང་ཚུལ་དུ་མཚན་ལྡན་ལ།། གསལ་བའི་རྟགས་གསུམ་བཅངས་པའམ།། ཡང་ན་དུར་ཁྲོད་རྫས་སུ་དགོད།། རོལ་མོ་ཧསྟའི་གཡབ་མོར་བཅས།། ཇི་བཞིན་པ་ཡི་གནས་སུ་གཞག། གཟི་བརྗིད་མེ་མར་སྣང་བ་དགུ།། ཡེ་ཤེས་དགུ་ཡི་རྟགས་སུ་གཞག། རྡོ་རྗེ་སློབ་དཔོན་འབྲེལ་བཅས་པས།། རང་རང་མཚན་མའི་གྲལ་བཀོད་དེ།། ལྟག་པའི་རྟགས་དང་རྒྱན་ལྡན་པས།། མ་དག་པ་མི་མཚམས་གཅད་ཅིང། ། དག་པ་ཐམས་ཅད་བྱིན་གྱིས་བརླབ།། གསང་བར་གསང་བའི་དབང་ཐོབ་ནས།། རང་རང་གསང་བའི་ལས་ལ་འཇུག། སྐུ་གསུམ་ས་ལ་གོམས་བྱའི་ཕྱིར།། ཏིང་འཛིན་གསུམ་པོ་ཚུལ་བཞིན་བསྒོམ། ། བརྟེན་པ་འབྱུང་བའི་རིམ་སྟེངས་སུ།། བན་དྷ་དབང་པོ་དང་ལྡན་པའྀ།། རློན་རྩིག་རང་གི་དབྱིབས་བཞིན་དུ།། ཕོ་བྲང་ཉམས་དགའ་གདན་བཅས་བསྒོམ།། ཆོ་ག་གསུམ་གྱིས་སྐུར་བསྐྱེད་ནས། ། ཡན་ལག་རྫོགས་པར་ནན་ཏན་བྱ།། འཁོར་གྱི་ལྷ་མོ་བཅུ་དྲུག་ནི།། རང་རང་གདན་དང་ཕྱག་མཚན་དང།། སྐུ་མདོག་བཞུགས་ཚུལ་མཚན་མ་དག། ཇི་ལྟར་རིགས་པར་སྲས་བསྐྱེད་ལ།། ཡན་ལག་ལྷ་དང་བཅས་པ་དག། རང་རང་གནས་སུ་དགོད་པར་བྱ།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ།། དམ་ཚིག་མཆོད་ལ་ཐིམ་པར་བྱ། དེ་ནས་ཆོ་གའི་གོ་རིམ་དག། མཆོད་བསྟོད་མཉེས་པའི་དོན་དུ་བྱ།། དངོས་གྲུབ་འབྱུང་བའི་སྙིང་པོ་ནི། ། འབྲུ་བརྒྱད་གསང་བའི་དབྱངས་དང་བཅས།། གསལ་བའི་ཚད་དང་ལྡན་པ་ཡིས།། དགའ་དང་བྲོད་པའི་ཚུལ་གྱིས་བཟླས།། སྐུལ་ཚིག་དབྱངས་དང་མཆོད་པ་བྱས།། མཚན་མ་བརྟན་པོ་བྱུང་བ་དང། ། འདོད་པའི་དོན་ནི་མ་རྫོགས་བར།། སྤྱན་དྲངས་གཤེགས་སུ་གསོལ་བ་མིན།། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར།། གསང་བའི་རྫས་ལ་རྟེན་བཅས་ནས།། དངོས་གྲུབ་མཚན་མ་འདི་བསྒྲུབ་པས། བདག་ལ་དངོས་གྲུབ་སྩོལ་བ་དང།། དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་ཡིས།། དངོས་གྲུབ་རྒྱ་ཆེན་སྩོལ་བ་དང།། འདོད་པའི་དོན་རྫོགས་དངོས་གྲུབ་མཛོད།། འབྲུ་བརྒྱད་རྩ་བའི་དངོས་གྲུབ་སྩོལ།། བར་ཆད་བསལ་ནས་ཉམས་བརྟག་ལ། ། བསྙེན་ནས་བསྒྲུབ་པ་ལས་བསྒྱུར་ཏེ།། ཞིང་ཁམས་རྡུལ་དང་མཉམ་པ་ཡི།། འབར་བའི་བྱིན་རླབས་འོད་བསྡུས་པས།། མ་ལུས་ཁྱབ་པའི་ཆར་ཕབ་པ།། དངོས་གྲུབ་རྫས་ལ་དབབ་པར་བྱ། ། དབང་བསྐུར་འཇུག་དང་དམ་ཚིག་དབོག། དངོས་གྲུབ་འདོད་པར་གསོལ་བ་གདབ།། དང་པོར་དཔལ་གྱི་ལོངས་སྤྱོད་དེ།། གཉིས་པ་སློབ་དཔོན་ཉིད་དུ་བཤད།། གསུམ་པ་རྣལ་འབྱོར་ཕོ་མོ་སྟེ། ། བླངས་ཏེ་ཐོགས་པ་མེད་པར་སྤྱད།། ལྷག་མའི་ལས་ཀྱི་ཆོ་ག་དག། དང་པོར་སྦྱིན་བསྲེག་ཆོ་ག་བྱ།། བར་མ་མི་ཟད་གཏེར་དུ་སྦ།། ཐ་མ་མཁའ་འགྲོ་ཡོངས་ལ་བཏང།། ལས་ཀྱི་ལྷག་མ་བསྡུ་བྱས་ལ།། སློབ་དཔོན་མཉེས་པའི་ཆོ་ག་བྱ། ། ཐབས་དང་ལྡན་པའི་རྣལ་འབྱོར་གྱིས།། འདི་ལྟར་བར་ཆད་མེད་བསྒྲུབས་ན།། ཆོ་འཕྲུལ་བཞི་དང་ལྡན་པ་ཡིས།། ཡང་དག་བསྒྲུབ་པའི་དངོས་གྲུབ་འཐོབ།། ཅེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས་ཟླ་གམ་བཅོ་བརྒྱད་པ་སྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་བཅོམ་ལྡན་འདས་རྔམ་པའི་རྒྱལ་པོ་དེས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་ཆོ་ག་འདི་གསུངས་སོ། ། དང་པོས་དབང་ཐོབ་བྱིན་ལྡན་པའི།། ལས་དང་བྱ་བ་མཁས་པ་དང།། བར་ཆད་འཇིགས་བྲལ་སྒྲུབ་པ་པོས།། རི་རྩེ་དགོན་པ་དུར་ཁྲོད་དང།། རབ་ཏུ་དབེན་པའི་ས་ཕྱོགས་སུ། ས་གཞི་ལེགས་པར་བརྟག་པ་དང།། བསླང་དང་སྦྱང་དང་བྱིན་བརླབ་པ།། ཆོ་ག་བཞིན་དུ་བྱས་ནས་ནི།། དཀྱིལ་འཁོར་ཚད་དང་ལྡན་པར་བྱ།། དམ་རྫས་བདུད་རྩི་བྱུགས་བྱས་ནས།། དུར་ཁྲོད་སྲད་བུ་ཚད་ལྡན་པས། ། དམ་རྫས་རྨད་བྱུང་འབར་བའི་ཚོགས།། བྱིན་རླབས་ལྡན་པས་ཐིག་གདབ་ལ།། ཕོ་བྲང་རྨད་བྱུང་སོ་སོར་བགོ། ཕོ་བྲང་ཟླུམ་པོ་ལེ་ཚེ་དགུ།། ཐོད་པའི་ར་བས་ཡང་དག་བསྐོར།། ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལྡན། ། རྩིབས་མཆན་ཐོད་པའི་ར་བས་བསྐོར།། འབར་བའི་སྒོ་བཞིས་རྣམ་པར་བརྒྱན།། ཕྱི་རིམ་ཐོད་སྐམ་གཞལ་ཡས་ཁང།། མ་མོའི་གནས་སུ་ལྡན་པ་དེ།། དེ་ཡི་སྒོ་དང་ལྡན་པར་བྱ།། ཕྱི་རིམ་རྡོ་རྗེ་མེ་རི་ཕྲེང། ། བར་མཚམས་མེད་པར་བསྐོར་བར་བྱ།། དབུས་སུ་ཟླ་གམ་ཞལ་སྦྱོར་ལ།། དཔལ་གྱི་མཚན་མར་བཅས་པ་བྲི།། ཕྱོགས་བཞིར་ཟླ་གམ་ཁ་སྤྲོད་བྲི།། རིགས་བཞི་ཁྲག་འཐུང་ཐུགས་མཚན་དགོད།། ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། ། ཟླ་གམ་ནང་དུ་ཁ་བལྟས་བརྒྱད།། མ་མོ་བརྒྱད་ཀྱི་མཚན་མ་གཞག། རྩིབས་མཆན་བརྒྱད་ལ་ཕྱིར་བལྟ་བརྒྱད།། ཕྲ་མེན་བརྒྱད་ཀྱི་མཚན་མར་གཞག། སྒོ་བཞིར་ཕྱིར་བལྟའི་ཟླ་གམ་ལ། ། སྒོ་བཞིའི་མཚན་མ་གཞག་པར་བྱ།། ཕྱི་རིམ་ཕྱིར་བལྟ་ཉི་ཤུ་བརྒྱད།། དབང་ཕྱུག་སྒལ་ཚིགས་བཅས་པར་དགོད།། ཕྱི་རིམ་བསྐལ་པའི་མེ་རི་ལ།། ཟླ་གམ་ཕྱིར་བལྟ་བཅུ་པོ་ལ། ཁྲོ་བོ་བཅུ་ཡི་མཚན་མ་གདབ། ། དུར་ཁྲོད་དཀྱིལ་འཁོར་ཆེན་པོ་སྟེ།། འབར་མ་ཆེན་པོ་བཞུགས་པའི་གནས།། མཁའ་འགྲོ་སྤྲིན་ཕུང་འདུ་བའི་རྟེན།། འཇིགས་པའི་རྒྱན་ཆས་གཏིབས་པ་ཡི།། ཕོ་བྲང་ལྷུན་རྫོགས་ཀ་པཱ་ལ།། དབང་པོ་ལྔ་ལྡན་འཕྲུལ་གྱི་རྫས། ། ཆོ་འཕྲུལ་སྣ་ཚོགས་བསྒྲུབ་པའི་རྟེན།། ཆོ་འཕྲུལ་མཁའ་ལ་སྦྱོར་བའི་སྐྱོགས།། ཐོད་པ་གསུམ་དུ་སྣང་བ་ནི།། དུས་གསུམ་བཞུགས་པའི་སངས་རྒྱས་རྣམས།། སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྟགས། ། དུར་ཁྲོད་རྒྱན་ཆས་རྫོགས་པས་དགོད།། རྨད་བྱུང་གཏོར་མ་མཆོད་པར་བཅས།། དངོས་གྲུབ་རྫས་སུ་བཅས་པར་དགྲམ།། རྡོ་རྗེ་རྣལ་འབྱོར་འདུས་པ་ཡིས།། མ་ལུས་དག་པར་བྱིན་བརླབས་ལ། ། རྟགས་དང་རྒྱན་ཆས་མཛེས་པར་བྱ།། དང་པོ་དེ་བཞིན་ཉིད་བསྒོམས་ལ།། དེ་ནས་མཚམས་སྦྱོར་ཏིང་འཛིན་བསྒོམ།། རྒྱུ་ལས་འབྲས་བུར་རང་སྣང་བས།། དབང་ཆེན་འབྱུང་ལྔ་རིམ་པར་བརྩེག། དུར་ཁྲོད་དཀྱིལ་འཁོར་བསྒྲུབ་པར་བྱ། ། རང་གི་དབྱིངས་ཀྱི་གདན་སྟེངས་སུ།། རང་རང་ལྷ་ཡི་ཆ་བྱད་བཞིན།། དང་པོར་གཙོ་བོ་བསྐྱེད་པར་བྱ།། དེ་ནས་དེ་ལ་འཁོར་གྱི་ཚོགས།། དྲུག་ཅུ་རྩ་དྲུག་བསྐྱེད་པར་བྱ།། ཡན་ལག་སྙིང་པོ་གསལ་རྫོགས་ནས། ། ཡེ་ཤེས་སྤྱན་དྲང་བསྟིམ་བྱས་ལ།། མཆོད་བསྟོད་མཉེས་པའི་ཆོ་ག་བྱ།། ཡེ་ཤེས་སྙིང་པོ་འབྲུ་བརྒྱད་པོ།། ཡེ་ཤེས་བྱིན་རླབས་འོད་ཟེར་ལྟར།། དབང་དང་བྱིན་རླབས་ཐོབ་བྱས་ནས། ། དངོས་གྲུབ་རང་གི་གནས་སུ་བསྟིམ།། རྟགས་དང་མཚན་མ་དབང་ཐོབ་ནས།། སྔ་མ་ལས་ནི་ཚུལ་བསྒྱུར་ནས།། རང་གི་ཆོ་ག་རྫོགས་པ་ན།། དངོས་གྲུབ་འདོད་པར་གསོལ་གདབ་ཅིང།། གསང་བའི་མཆོད་པ་རྫོགས་པ་དང། ། དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ།། འདུག་ཅིང་དམ་ཕོག་དབང་བསྐུར་ལ།། དངོས་གྲུབ་རིམ་པ་བླང་བར་བྱ།། ལྷག་མའི་ཆོ་ག་ཇི་སྙེད་པ།། རང་གི་ལས་དང་མཐུན་པར་བྱ།། ཞེས་གསུངས་སོ། ། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་སྒྲུབ་ལུགས་ཏེ་ལེའུ་བཅུ་དགུ་པའོ།།།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས།། འཁོར་བའི་དུར་ཁྲོད་སྒྲོལ་བའི་བདག། རཱུ་ཏྲ་བསྒྲལ་བའི་ཕུང་པོ་ཉིད།། དཀྱིལ་འཁོར་ཆེན་པོ་མཛད་དུ་གསོལ།། ཞེས་གསོལ་པ་ལས། བཅོམ་ལྡན་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོས། འདི་སྐད་ཅེས་གསུངས་སོ།། ཆོས་རྣམས་ཡུལ་སེམས་གཉིས་མེད་ལ།། བདག་དང་བདག་གིར་འཛིན་པ་ཡིས།། རཱུ་ཏྲ་གསུམ་གྱིས་ངོ་བོར་བརྟགས། ། དེ་ཉིད་མ་སྐྱེས་རྟོགས་པས་བསྒྲལ།། དུར་ཁྲོད་ཕུག་དང་མ་མོའི་ཁྱིམ།། ཤེས་དང་བྱིན་བརླབས་བཀྲ་ཤིས་པ།། སྐྱེ་བོ་འདུ་འཛི་མེད་པ་ཡི།། བར་ཆད་མེད་པའི་ས་ཕྱོགས་སུ།། རྩོད་པ་ཞི་དང་བཀྲ་ཤིས་ཕྱིར། ། ས་ཡི་ཆོ་ག་ཀུན་བྱས་ལ།། བྱིན་བརླབ་བསྐྲད་པ་རྒྱ་ཆེར་བྱ།། ཕུན་སུམ་ཚོགས་པ་ཀུན་འདུས་པ།། ཚོགས་བསག་གཏོང་དང་སྦྱིན་བྱས་ལ།། བསམ་ངན་བར་ཆད་བསལ་བྱས་ཏེ།། ཕྱི་རོལ་བྱ་བའི་ཆ་རྫོགས་རཱུ་ཏྲ་ཧ་ཧ་པྲ་བེ་ཤ་ཕཊ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། མ་རིག་མུན་པའི་སྒོ་ཕྱེ་ནས།། རྣམ་ཤེས་ཐུགས་སུ་གསལ་བསྟིམས་ཏེ། ཁོག་པ་དུར་ཁོད་གཞལ་ཡས་ཁང།། རང་དང་མཐུན་པར་བྱིན་གྱིས་བརླབ།། ཛཿཧཱུཾ་བཾ་ཧོཿ་ཤྲཱི་ཧེ་རུ་ཀ། མ་ཧཱ་མ་ཏྲཾ་ཀ་རུ་ཏྲ་ཧ་ཧ་པྲ་བེ་ཤ་ཕཊ། དེ་སྟེང་ཟླ་གམ་དམར་པོའི་དཀྱིལ།། མ་ཏྲཾ་རཱུ་ཏྲའི་ཁོག་པ་ཉིད།། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་ཐུག་པ་མེད།། སྙིང་གར་གྲུ་གསུམ་རིམ་གསུམ་ལ། ། ཕྱི་རོལ་གྲུ་བཞི་མཁྱིད་གང་བྱ།། སྟེང་དུ་མཐིང་ནག་སོར་བཞིའི་ཚད།། དེ་ཡི་སྟེང་དུ་སོར་བཞིའི་ཚད།། དེ་ཡི་སྟེང་དུ་ཟླ་གམ་དམར།། སོར་གསུམ་ཚད་དུ་ལེགས་པར་བྱ།། རྐང་ལག་བཞི་དང་ལྟེ་གསང་དང། ། མཁལ་མ་གཉིས་ཏེ་གནས་བརྒྱད་དུ།། དཀྱིལ་འཁོར་མཐོ་གང་སོར་བཞི་བརྒྱད།། ཟླ་གམ་ཕྱི་རིམ་མེ་རི་ཀློང།། བྷན་དྷ་དབང་པོ་ལྔ་ལྡན་ལ།། ཡབ་ཡུམ་སྙིང་པོ་ཡང་དག་གཞག། མཐིང་ནག་གྲུ་གསུམ་བསྐལ་པའི་མེ། ། དམར་པོ་ཐ་མ་གྲུ་བཞི་ལ།། བྷནྡྷ་རིགས་བཞི་སྙིང་པོར་བཅས།། ཕྱོགས་བཞིར་རིམ་པར་དགྲམ་པར་བྱ།། ཡན་ལག་བརྒྱད་ཀྱི་དཀྱིལ་འཁོར་ལ།། ཚལ་བུ་ཁྲོ་མོའི་སྙིང་པོ་བརྒྱད།། ལག་པ་གཡས་གཡོན་རྐང་པ་གཉིས། ། མགོ་དང་མཁལ་མ་གཡས་གཡོན་གཉིས།། གསང་བ་གཽ་རི་ནས་བརྩམས་ནས།། གཏུམ་མོ་རབ་ཏུ་དགོད་པར་བྱ།། དཔུང་བ་གཉིས་དང་གུང་མོ་གཉིས།། བརླ་གཉིས་པུས་མོ་གཉིས་དག་ལ། ། སེང་གེ་སྟག་དང་བྱ་རྒོད་དང།། ཀང་ཀ་ཝ་སྤྱང་འུག་པ་དང།། བྱ་རོག་འཐབ་པའི་ཚུལ་དུ་གནས།། ཤ་ཁྲག་མིག་དང་རྣ་བ་དང།། རྐང་དང་ཚིལ་བུ་སྲོག་རྩ་དང།། ཀླད་པ་བརྒྱད་ཀྱི་རྫས་སུ་དགོད།། སྒོ་བཞི་ཡན་ལག་མཚན་མ་སྟེ། ། ཕྱི་རིམ་ཟླ་གམ་སྒལ་ཚིགས་གང།། དབང་ཕྱུག་མ་ཡི་མཚན་མར་དགོད།། དགོས་པའི་ཡོ་བྱད་ཀུན་བཀྲམ་ནས།། བར་ཆད་བསལ་ཞིང་བྱིན་བརླབས་ཏེ།། དག་པ་གསུམ་གྱིས་བྱིན་བརླབས་ནས། ། བྷྲཱུཾ་ལས་ཁོག་པ་གཞལ་ཡས་ཁང།། དུར་ཁྲོད་རྒྱན་དང་ལྡན་པ་ཡི།། དབང་དྲག་གཞལ་ཡས་མེ་འབར་ལ།། ལྷ་དང་བཅས་པ་ཀུན་བསྐྱེད་ལ།། དགུག་དང་བསྟིམ་མཆོད་བཟླས་རྫོགས་ནས།། མཆོད་བསྟོད་དངོས་གྲུབ་གསོལ་བ་གདབ། ། དུས་དང་མཚན་མར་བྱུང་བར་དུ།། མཁས་པས་རྟག་ཏུ་བརྩོན་པར་བྱ།། དུར་ཁྲོད་རྫས་ལ་རྟེན་བཅས་ནས།། འཁོར་བ་ཡོངས་སྒྲོལ་དཀྱིལ་འཁོར་དུ།། འཇུག་དང་དམ་ཚིག་ཕོག་པ་ལ། ། དུར་ཁྲོད་མཚན་མས་དབང་བསྐུར་ལ།། སྦྱིན་བསྲེག་མཉེས་པའི་ལས་བྱས་ལ།། ལྷག་མས་མཁའ་འགྲོ་མཉེས་བྱས་ལ།། ཆ་གསུམ་རིམ་པས་བགོས་ནས་ནི།། རྫོགས་ནས་ཅི་རིགས་ལས་ལ་དབབ། ། ཅེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། མ་ཏྲང་གནན་པ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསང་བའི་འཁོར་ལོ་གཏེར་གྱི་བདག། བྱིན་རླབས་རྨད་བྱུང་གསང་བའི་ཐུགས།། དུག་གསུམ་སྐུ་གསུང་ཐུགས་སྦྱོར་བའི།། སྒྲུབ་པའི་ལམ་མཆོག་དམ་པ་དག། བདག་ལ་རྒྱ་ཆེར་བཤད་དུ་གསོལ།། ཞེས་གསུངས་པ་ལས།། བཅོམ་ལྡན་འདས་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ།། དད་དང་དམ་ཚིག་དབང་ཐོབ་ཅིང།། བརྟུལ་ཞུགས་ལྡན་པའི་རྣལ་འབྱོར་པས། ། བན་དྷ་དབང་པོ་ལྔ་ལྡན་དང།། ཚལ་བུ་རང་རང་སྙིང་པོ་ཅན།། རིམ་པ་བཞིན་དུ་དགོད་པར་བྱ།། འཇིགས་པའི་རྫས་དང་སྣང་བའི་མེ།། དངོས་གྲུབ་མཆོད་པའི་རྫས་དག་དགྲམ།། ཡིད་འོང་འདུས་དང་རྣམ་བྲལ་ཞིང། ། རབ་དབེན་བར་ཆད་ཀུན་བྲལ་ལ།། བརྟག་ཅིང་བླང་བཟུང་བསྟན་པ་སྟེ།། བྱིན་གྱིས་བརླབ་པར་བརྩམ་པར་བྱ།། དཀྱིལ་འཁོར་ཐིག་གདབ་བྱིན་བརླབས་ཤིང།། ཡིད་འོང་མཚན་ལྡན་རིག་མ་ཡིས། ། དུར་ཁྲོད་རྨད་བྱུང་གསང་བའི་ཐིག། གསལ་ལ་འབྲུས་པ་མེད་པར་གདབ།། སྟེགས་བུ་གྲུ་བཞི་ཚད་ལྡན་ལ།། རྨད་བྱུང་རྫས་ཀྱིས་གོ་མ་བྱ།། དུར་ཁྲོད་རྫས་ཀྱིས་བྱུག་བྱས་ལ།། དུར་ཁྲོད་ཆེན་པོར་བྱིན་གྱིས་བརླབ། ། དུར་ཁྲོད་རྫས་ཀྱི་ཚོན་ལྔ་ཡིས།། ཧེ་རུ་ཀ་ཡི་དོན་མཚོན་ཕྱིར།། ཐོད་པའི་མཚན་མས་གསལ་བྱས་པའི།། དུར་ཁྲོད་དཀྱིལ་འཁོར་འཇིགས་པ་བྲི།། ཐ་མ་ཟླ་གམ་དམར་པོ་ནི།། གྲུ་བཞིའི་སྟེང་དུ་མཛུབ་གང་འཕར། ། དེ་ཡི་སྟེང་མ་གྲུ་གསུམ་ནི།། སོར་བཞིའི་འཕང་དང་ལྡན་པར་བྱ།། དུར་ཁྲོད་སོལ་བས་བྱུག་པར་བྱ།། དང་པོ་དེར་སྟེང་དམར་ནག་ནི།། ཟླ་གམ་འཕང་དུ་སོར་གསུམ་ཚད།། ཚིལ་དང་ཤ་ཁྲག་གསུར་ཆེན་དང། ། རྒྱན་ཆས་གསོལ་ཞིང་གདན་བསྒཽམས་ནས།། དམར་དང་བན་དྷའི་བཟེད་ཕོར་དགྲམ།། ཐུན་མོང་བྱ་བ་ཀུན་རྫོགས་ནས།། ཆོས་སྐྱོང་རྒྱལ་པོ་སྡེ་བཞི་ལ།། བར་ཆད་བསལ་བར་མངའ་གསོལ་ཏེ། ཁྲོ་བོ་མང་པོ་ཕྱོགས་བཅུར་དགྲམ། ། འབྱུང་པོ་རཱུ་ཏྲ་ཚར་བཅད་ནས།། རྒྱན་ཆས་གསོལ་ཤིང་གདན་བཀོད་ནས།། བྱིན་བརླབ་བར་ཆད་བསྲུང་བའི་ཕྱིར།། རྡོ་རྗེ་མཚོན་ཆས་གཏིབས་ནས་ནི།། གསང་བའི་བརྡའ་ཡིས་ཀུན་མཚན་ནས། ། ཇི་ལྟར་རིགས་པས་ནན་ཏན་བྱ།། གཙོ་བོའི་སྙིང་པོ་ལྡན་པའི་མཚན།། ཡང་རྟོག་ཟླ་གམ་སྟེང་དུ་གསོལ།། ཚལ་བུ་སྙིང་པོར་བཅས་པ་ནི།། ཐ་མར་རིམ་བཞིན་དགོད་པར་བྱ།། ཐ་མ་དམར་པོ་སྒོ་བཞིར་ལྡན། ། སྒོ་བཞིའི་རྗེས་སུ་དགོད་པར་བྱ།། ཕྱི་རོལ་བསྐལ་པའི་མེ་རི་ལ། ཁྲོ་བོ་བཅུ་ཡི་མཚན་མ་དགོད།། ཞི་བ་ལས་ནི་གནས་བསྒྱུར་ཏེ།། དག་པ་གསུམ་པོ་གོམས་པ་ཡིས།། འབྱུང་བ་ལྔ་ཡི་རིམ་པ་ལས།། དུར་ཁྲོད་འཇིགས་པའི་གཞལ་ཡས་ཁང། ། ཇི་ལྟར་བསྒྱུར་བ་བཞིན་དུ་བསྒོམས།། ལྷ་དགུ་གསལ་ནས་བཞི་དགོད་དེ།། ཧཱུཾ་ལས་ཕོ་མོ་ཚང་བར་བསམ།། མཐའ་ཐུག་མེད་པའི་སངས་རྒྱས་རྣམས།། འཇིགས་བྱེད་ངོ་བོར་བྱོན་ནས་ནི། ། དུར་ཁྲོད་འབར་བའི་དཀྱིལ་འཁོར་འདིར།། ཕྱག་རྒྱ་སྔགས་ཀྱིས་བཀུག་བསྟིམས་ཏེ།། བཞུགས་དང་བརྟན་དང་མི་གཡོ་དང།། ཟིལ་མནན་མཉེས་པའི་ལས་བྱས་ཏེ།། བཟླས་དང་མཆོད་བསྟོད་བསྙེན་པ་དང། ། མཚན་མ་ཐོབ་ཀྱི་བར་དུ་བྱ།། ཉམས་དག་རྟགས་དང་མངོན་སུམ་དུ།། ཡིད་ཆེས་མཛེས་པའི་རྟགས་ཐོབ་ནས།། བར་གཅོད་ཉེས་པ་ཀུན་བསལ་ཏེ།། དུར་ཁྲཽད་གསལ་བའི་དཀྱིལ་འཁོར་དུ། ། རྨད་བྱུང་རྫས་ལ་རྟེན་བཅས་ནས།། འཁོར་བའི་དུར་ཁྲོད་གཞོམ་པའི་ཕྱིར།། འཇིགས་བྱེད་འབར་བའི་དཀྱིལ་འཁོར་ལ།། དགའ་དགུ་རང་པའི་བསམ་པ་ཡིས།། རྩེ་གཅིག་བསམ་པས་གསོལ་འདེབས་ནས། ། འཁོར་དང་བཅས་པ་གཤེགས་ནས་ཀྱང།། ཡ་མཚན་རྨད་ཀྱི་དངོས་གྲུབ་སྩོལ།། དད་པས་འཇུག་དང་དབང་བསྐུར་དང།། བླ་མ་མཉེས་པར་བྱས་ནས་ནི།། འཇིགས་པ་ཀུན་ལས་ཐར་བ་ཡིས།། ལྷག་མའི་ལས་རྣམས་ཀུན་རྫོགས་ནས། ། ལས་ཀྱི་མཐའ་རྣམས་བསྡུ་བར་བྱ།། བསྲུང་དང་རྒྱུན་གྱི་ཏིང་འཛིན་དང།། ཇི་ལྟར་རིགས་པས་ནན་ཏན་བྱ།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། དུག་གསུམ་སྐུ་གསུང་ཐུགས་སུ་བསྒྲལ་བའི་ལེའུ་སྟེ་ཉི་ཤུ་གཅིག་པའོ། །།། དེ་ནས་གསང་བའི་བདག་པོས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། རང་བྱུང་བདུད་རྩིའི་ངོ་བོ་ཁྱོད། ། མ་ལུས་ནད་སེལ་ཐུགས་རྗེ་ཡི།། བདུད་རྩིའི་ཆོ་ག་བཤད་དུ་གསོལ།། ཞེས་གསོལ་པ་ལས།། དེ་ནས་བཅོམ་ལྡན་འདས་དཔའ་ཡེ་ཤེས་རྔམ་པའི་རྒྱལ་པོས།། འདི་སྐད་ཅེས་གསུངས་སོ། ། སྣང་སྲིད་མ་ལུས་བདུད་རྩི་ལྔ།། ཐིག་ལེ་རང་བྱུང་བཅོམ་ལྡན་འདས།། མ་བཅོས་ཐབས་ཀྱིས་དེ་བསྒྲུབ་ན།། འཆི་མེད་བདུད་རྩི་རྨད་བྱུང་འགྲུབ།། གཞན་ཡང་མཚན་མས་བསྒྲུབ་བྱ་ན།། གངས་ཕུག་སྨན་ལྗོངས་ནགས་འདབས་སམ། ། ཆུ་ཀླུང་རྒྱ་མཚོའི་ངོ་ལ་སོགས།། དགོན་པར་བར་ཆད་མེད་པར་རུ།། ཕུན་སུམ་ཚོགས་པ་ཀུན་ལྡན་ནས།། འབྱོར་དང་དུས་ཚིགས་བཟང་པོ་ལ།། བཀྲ་ཤིས་ཀུན་ནས་ཅི་འཚམས་པ། ། བདག་གཞན་དོན་ཕྱིར་བསྒྲུབ་པར་བྱ།། ས་གཞི་བརྟག་དང་བསླང་བ་དང།། སྦྱང་དང་བར་ཆད་བསལ་བྱས་ནས།། རང་གི་དཀྱིལ་འཁོར་ཚད་བཞིན་བརྩིག། བདུད་རྩི་ལྔ་ཡིས་བྱུག་པར་བྱ།། ཕྱི་ནང་བར་གྱི་བགེགས་བསལ་ནས། ། བསྐང་གསོ་ཚོགས་རྣམས་བསག་པར་བྱ།། རྡོ་རྗེའི་བྱིན་རླབས་ལས་བྱུང་བ།། སོ་སོར་ཆ་ལས་བྱུང་བ་ལྟར།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཉིད།། རྡོ་རྗེའི་ཕོ་བྲང་གདབ་པར་བྱ།། དཀྱིལ་འཁོར་ཐིག་བཞི་ལེ་ཙེ་དགུ། ཁྱམས་དང་སྒོར་བཅས་བྲི་བར་བྱ།། བཞི་བཅུ་རྩ་གཉིས་ཀུན་བཀོད་ལ།། སོ་སོར་རྒྱན་དང་རོལ་མོ་དག། ཕྱོགས་ཆ་ཀུན་ནས་བརྒྱན་པར་བྱ།། དྲི་ཆེན་རྩ་བ་ཡན་ལག་བཅས།། ཇི་སྙེད་དབུས་ཀྱི་བན་དྷ་སྟེ། ། བསྐྱེད་དང་བྱིན་བརླབ་འཕྲོ་འདུ་ལས།། རྣམ་པར་སྣང་མཛད་ངོ་བོར་གྱུར།། བྱང་ཆུབ་སེམས་ཀྱི་ངོ་བོ་ནི།། རྩ་བ་ཡན་ལག་མི་སྤྱོད་པ།། འཕྲོ་འདུ་བྱིན་བརླབ་བཅས་པ་ཉིད།། རྡོ་རྗེའི་རིགས་སུ་ལྷུན་གྱིས་གྲུབ། ། མཱཾ་ས་རྩ་བ་ཡན་ལག་བཅས།། ལྷོ་ཡི་བན་དྷ་རྒྱས་མ་རུ།། འཕྲོ་འདུ་བྱིན་བརླབ་བཅས་པ་ཡིས།། འབྱུང་ལྡན་ངོ་བོར་ལྷུན་གྱིས་གྲུབ།། རཱ་ག་རཀྟ་ཆགས་པ་དངོས།། རྩ་བ་ཡན་ལག་བཅས་པ་ཉིད། ། བྱིན་བརླབ་འཕྲོ་འདུར་བཅས་པ་ཡི།། སྣང་བ་མཐའ་ཡས་ངོ་བོར་ཞུ།། དྲི་ཆུ་རྩ་བ་ཡན་ལག་བཅས།། བྱང་གི་བྷན་དྷ་རྒྱ་གྲམ་དུ།། འཕྲོ་འདུ་བྱིན་བརླབ་བཅས་པ་ཉིད།། དོན་ཡོད་གྲུབ་པའི་ངོ་བོར་ཞུ། ། འདི་དག་སོ་སོར་དགོད་པར་བྱ།། རྒྱན་ཆས་དབང་བཅས་གྲལ་བཀོད་དེ།། དཀྱིལ་འཁོར་གཞལ་ཡས་གདན་དང་བཅས།། སངས་རྒྱས་དཀྱིལ་འཁོར་ཡབ་ཡུམ་གཉིས།། བསྐྱེད་ཅིང་བྱིན་བརླབ་དབང་བསྐུར་བྱ། ། གཉིས་མེད་གསལ་བསྟིམ་མཆོད་བྱས་ཏེ།། བྱིན་བརླབ་སྨན་གྱི་ལྷ་མོ་སྦྲན།། བར་གཅོད་བསལ་བ་རྒྱུན་ཏུ་བྱ།། དེ་ནས་འབར་བའི་དཀྱིལ་འཁོར་དུ།། ཇི་བཞིན་འབར་བ་རྒྱན་དང་བཅས།། སྐད་ཅིག་གསལ་བསྐྱེད་སྤྱན་དྲང་བསྟིམ། ། ཕྱི་ནང་གསང་བས་མངོན་མཆོད་དེ།། རང་རང་གསལ་བའི་སྲོག་ལྡན་བཟླས།། བར་ཆད་མེད་པར་བརྩོན་པར་བྱ།། འདི་ནི་ཁྲོལ་བུ་བསྒྲུབ་པར་བཤད།། དེ་ནས་གཞན་ཡང་བཤད་པར་བྱ། ། ཐིག་དང་ཚོན་སྣ་བྱིན་བརླབས་ལ།། འཁོར་ལོ་རྩིབས་བརྒྱད་དཀྱིལ་འཁོར་བྱ།། སོ་སོ་རྩ་བ་ཡན་ལག་བཅས།། ཕྱེ་མའི་རིགས་ལྔར་ཕྱེ་བཀོད་ལ།། རྫས་དང་ཡོ་བྱད་རྒྱན་རྣམས་དང།། རིམ་པ་བཞིན་དུ་རྣམ་པར་བཀོད། ། མ་བཅོས་ཆོས་དབྱིངས་རང་བཞིན་ལ།། སྙིང་རྗེ་ནམ་མཁའི་རང་བཞིན་ཤར།། རྒྱུ་ལས་རྟེན་བྱས་གཞལ་ཡས་ཁང།། རིགས་ལྔ་ཡབ་ཡུམ་རྒྱན་དང་བཅས།། བདུད་རྩི་ཉིད་ལ་བསྐྱེད་བྱས་ཏེ།། ཡེ་ཤེས་དབབ་བསྟིམ་མཆོད་བྱས་ནས། ། མཚན་མ་ཐོབ་པར་བཟླས་པར་བྱ།། སྟོང་ཚིག་བར་ཆད་བསལ་བ་དང།། ལྷ་མོ་སྦྲན་དང་བྱིན་རླབས་དབབ།། རོལ་མོ་དང་ནི་གཡབ་མོ་དང།། དབྱངས་སྙན་བཅས་པར་ལྷ་མོ་རྟེན། ། ལྷ་མོ་མཛེས་པའི་བྷ་ག་རུ།། རྡོ་རྗེ་ཐབས་ཀྱི་ཐོ་བ་ཡིས།། རྩ་བ་ཡན་ལག་བཅས་བརྡུང་བ།། ཕྱེ་མ་གནས་ལྔར་བཀོད་པ་སྟེ།། བྱིན་བརླབ་སྔགས་དང་ཕྱག་རྒྱ་དང།། ཏིང་འཛིན་བདུད་རྩི་ལྔ་རུ་ཞུ།། དེ་ནས་ལེགས་པར་བསྡུ་བར་བྱ། ། འདི་ནི་ཕྱེ་མའི་སྒྲུབ་ཐབས་སོ།། དེ་ནས་བུམ་པའི་སྒྲུབ་པ་ནི།། སྔ་མའི་དཀྱིལ་འཁོར་གནས་བསྒྱུར་ཏེ།། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ།། གེ་སར་སྙིང་པོ་བཅས་པ་བྲིས།། ཕྱེ་མ་ཀུན་བསྡུས་བུམ་པར་སྩལ། ། ཅོད་པན་རྒྱ་དང་གཟུངས་ཐག་གདགས།། དང་པོར་བཏག་བཙག་གཞལ་བར་བྱ།། ཚད་དང་ལྡན་པའི་བདུད་རྩི་ནི།། བདུད་རྩི་འཁྱིལ་བར་མངའ་གསོལ་ལ།། བྱིན་བརླབས་དབང་སྐུར་དབུས་སུ་གཞུག། ཏ་ཀྲྀཏ་བརྒྱད་དང་ཧེ་རུ་ཀ། སུམ་རྩེགས་འབར་བའི་དཀྱིལ་འཁོར་བསྐྱེད།། དབང་བསྐུར་བྱིན་བརླབ་གཉིས་མེད་སྟིམ།། མཆོད་བསྟོད་བདུད་རྩིའི་སྲུང་མ་སྦྲན།། རང་རང་བདུད་རྩིའི་བཟླས་པར་བྱ། ། རྩེ་གཅིག་ཏིང་འཛིན་བར་ཆད་མེད།། དགུ་པའི་ཕྱག་རྒྱ་གནན་ཞིང་བཟླས།། མཐུན་པའི་རྟགས་ནི་བྱུང་བར་དུ།། མཆོད་བསྟོད་ལས་བཅོལ་སྲུང་མ་བོད།། བར་ཆད་བསལ་བ་རྒྱུན་མི་བཅད། ། རྟགས་ཀྱང་རྣམ་པ་བདུན་གྱིས་ཏེ།། འོད་དང་དུ་བ་སྒྲ་དང་དྲི།། ལྷ་མོས་ལུང་བསྟན་འབྱུང་བ་དང།། མང་དུ་འཕེལ་ན་བསྒྲུབ་རྫས་ཡིན།། རུ་ལུ་གར་གྱི་བྲོ་བརྡུངས་པས།། དངོས་གྲུབ་རང་གི་གཞུང་དང་སྦྱར། འཇུག་དང་བདུད་རྩིས་དབང་བསྐུར་ཞིང།། དངོས་གྲུབ་གསོལ་གདབ་ཆོ་ག་བྱ།། རྡོ་རྗེ་བླ་མ་ཡུམ་བཅས་པས།། བྱང་ཆུབ་སེམས་ཀྱི་དབང་བསྐུར་ཏེ།། བསྲུང་དང་བླ་མས་གནང་བྱིན་ལ།། བླ་མ་ལ་ནི་བསྙེན་བཀུར་བྱ། ། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། བདུད་རྩི་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། འཆི་མེད་རྡོ་རྗེ་ཚེ་ཡི་བདག། རྣལ་འབྱོར་བར་ཆད་བསལ་བའི་ཕྱིར།། རྡོ་རྗེ་ཚེ་མཆོག་བཤད་དུ་གསོལ།། ཞེས་གསོལ་བ་ལས། བཅོམ་ལྡན་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། གངས་རི་འམ་རི་རྩེ་བྲག་འདབས་སུ།། རྣལ་འབྱོར་བར་ཆད་བསལ་བའི་ཕྱིར།། ཚེ་ཡི་སྒྲུབ་པ་བཤད་པར་བྱ།། མཎྜལ་གྲུ་བཞི་འདོམ་གང་བ།། བདུད་རྩི་ལྔ་དང་དྲིས་ཕྱུགས་ལ། ། པདྨ་འདབ་བརྒྱད་དམར་པོ་ལ།། རྡོ་རྗེའི་ར་བས་བསྐོར་བ་བྲི།། དབུས་སུ་ཤེལ་གྱི་བུམ་པ་རུ།། དམར་སེར་བ་ཡི་འོ་མ་དང།། ཅོང་ཞི་དཀར་པོ་རྣམ་གསུམ་དང།། དཀར་གསུམ་མངར་གསུམ་འཆི་མེད་སྨན། ། བྱང་ཆུབ་སེམས་སུ་བཅས་པ་གཞག། རྡོ་རྗེ་བདུད་རྩི་ཞལ་ཟས་དང།། དབང་གི་མཚན་མ་བཏབ་པ་གཞག། འཕྲུལ་ཞལ་བཏུང་བ་བཅུད་དང་བཅས།། བདུད་རྩི་ལྔ་དང་བཅས་པ་དགོད།། དབུས་སུ་ཚེ་དཔག་མེད་པ་ཡི། ། ཐབས་དང་ཤེས་རབ་འཁྲིལ་བར་བསྒོམ།། འཁོར་ནི་ལྷ་མོ་ཚེ་འཛིན་བརྒྱད།། དཀར་མོ་མདངས་གསལ་འོད་འཕྲོ་མ།། དགུག་པ་འཕེལ་མ་རྒྱས་འདེབས་མ།། མཛེས་མ་བྱིན་བྱེད་མ་རྣམས་ཀྱང། ། པདྨ་བརྒྱད་ལ་རིམ་པ་བཞིན།། ཀུན་ཀྱང་སྐུ་མདོག་ཤེལ་མདོག་སྟེ།། ཕྱག་ན་བདུད་རྩིའི་བུམ་པ་བསྣམས།། ཚེ་འཕེལ་ལ་སོགས་བརྩོན་པར་བསྒོམ།། སྤྱན་དྲང་བསྟིམ་མཆོད་བཟླས་པ་དག། བར་ཆད་མེད་པར་བརྩམ་པར་བྱ། ། ཨོཾ་ཨཱ་རོ་ལི་ཀ་པཱཾ་རཱ་ག་ར་ཏི།། བཛྲ་ཨ་བྷི་ཥིཉྩ་ཧཱུཾ་པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཕཊ་ཨ། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་སྭཱ་ཧཱ། བཛྲ་རཀྵ་ཧཱུཾ་ཧཱུཾ་བྷཱུཾ་བཾ། འཕྲོ་འདུ་འོད་ཀྱིས་བཀུག་བྱས་ནས།། མ་ལུས་བུམ་པའི་བཅུད་ལ་བསྡུ། ། དེ་ཡང་རིམ་ནས་རིམ་བསྡུས་ཏེ།། འོད་དཔག་མེད་པའི་ཐུགས་ཀར་བསྟིམ།། དང་པོ་གནས་ནས་དགུག་པ་སྟེ།། དེ་ནས་སྙིང་གར་དྲིལ་བ་སྟེ།། གསུམ་པ་གཟུགས་ལ་བསྟིམ་པར་བྱ། ། བཞི་པས་བརྟན་པར་བྱ་བ་སྟེ།། ཐ་མས་བསྲུང་བར་བྱ་བ་ཉིད།། གལ་ཏེ་དབང་དུ་མ་གྱུར་ན།། ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ།། དམར་ནག་ཁྲོས་པ་འཇིགས་ཚུལ་ཅན།། ཐབས་དང་ཤེས་རབ་འབྲེལ་བར་བསྒོམ། ། འཁོར་ཡང་ཁྲོ་མོ་བརྒྱད་དུ་སྟེ།། བྱང་ཆུབ་སེམས་ཀྱིས་བཀང་བ་ཡི།། བྷན་དྷ་ཐོགས་པའི་འཕྲོ་འདུ་ཡིས།། མ་ལུས་གང་བར་སྤྲོས་པ་ཡི།། ཚངས་དང་ལྷ་དབང་བརྒྱ་བྱིན་དང།། རྒྱལ་ཆེན་ཚེ་བདག་ཕྱོགས་སྐྱོང་བཅས། ། ཚེ་དང་གཟི་བརྗིད་ཕྲོགས་ནས་བསྟིམ།། རྫས་རྣམས་དངོས་གྲུབ་བླང་བྱས་ལ།། བདག་ཉིད་སྐུ་གསུང་ཐུགས་ལ་བསྟིམ།། ལས་ཀྱི་ལྷག་མའི་ཆོ་ག་རྣམས།། ཅི་རིགས་སུ་ནི་སྦྱིན་པར་བྱ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། རྡོ་རྗེ་ཚེ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།།།། དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། ཕྲིན་ལས་འཇིགས་མཛད་ཧེ་རུ་ཀ། གདུག་པ་འདུལ་ལ་ཕྱག་འཚལ་ལོ།། སྒྲོལ་བའི་ཆོ་ག་བཤད་དུ་གསོལ།། ཞེས་གསོལ་པ་ལས། བཅོམ་ལྡན་འདས་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། རྣལ་འབྱོར་མཆོག་གི་གང་ཟག་གིས།། བར་ཆོད་གདུག་པ་བསལ་བའི་ཕྱིར།། དུར་ཁྲོད་ཕུག་གམ་ཤིང་གཅིག་གམ།། ངམ་གྲོག་ལམ་ཆེན་ཆུ་མདོ་རུ།། ས་ཡི་ཆོ་ག་ལེགས་བྱས་ལ།། དཀྱིལ་འཁོར་བདུད་རྩི་ལྔས་བྱུགས་ལ། ། དུར་ཁྲོད་འབར་བའི་ཐིག་བཏབ་ནས།། གྲུ་གསུམ་ཟླ་གམ་གསུམ་ལྡན་ལ།། ཐོད་པའི་ར་བས་ཀུན་ནས་བསྐོར།། ལྕགས་སམ་ཚེར་མ་ཅན་གྱི་ཤིང།། དྲག་པོའི་ཕུར་བུ་བརྒྱད་ལྡན་པ།། ཟླ་གམ་བདུན་རྒྱབ་གནས་ལ་དགོད། ། དུར་ཁྲོད་མཆོད་པ་སྣ་ཚོགས་དགྲམ།། ཕྱི་ནང་བར་ཆད་བསལ་བྱས་ལ།། སྐུ་གསུམ་ལས་བྱུང་གཞལ་ཡས་ཁང།། རྟེན་གྱི་དབྱིབས་དང་ལྡན་པར་བསྒོམ།། དབུས་སུ་དྲག་པོ་ཧེ་རུ་ཀ། ཐབས་དང་ཤེས་རབ་རྒྱན་ལྡན་བཅས།། དྲག་ཏུ་ཁྲོས་པས་ཕུར་བུ་འཛིན།། ཞབས་བཞི་བགྲད་པ་རྣམ་པར་བསམ།། གནས་བཞི་ལས་བྱུང་ཁྲོ་མོ་བརྒྱད།། དྲག་པོའི་ལས་མཛད་ཕུར་པ་རྣམས།། འགུགས་ཤིང་གསོད་པའི་ལས་མཛད་པ། ། བཀའ་ནོད་བསྐོར་བའི་ཚུལ་དུ་བསྒོམ།། ཡེ་ཤེས་སྤྱན་དྲང་མཆོད་གསུམ་སྦྱར།། དྲག་པོའི་བྱིན་བརླབ་བཟླས་པ་སྟེ།། དང་པོར་བསྙེན་པ་འབྲུ་བརྒྱད་བཟླས།། དེ་ནས་ལས་ལ་གཟུད་པའི་སྔགས། ། བརྒྱ་རྩ་བརྒྱད་དམ་ཉི་ཤུ་གཅིག། དེ་ནས་རང་རང་སྔགས་བཟླས་པ། འོད་དང་སྒྲ་དང་དྲག་པོ་ཡི།། རྟགས་གསུམ་བར་དུ་བཟླས་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། གཽ་རཱི་དགྲ་བགེགས་མཱ་ར་ཡ་ཕཊ། ། ལྷག་མ་དེ་བཞིན་ཤེགས་པར་བྱ།། རྟགས་བྱུང་ཁུགས་ནས་གསལ་ལྡན་པས།། གཙོ་བོའི་ཕུར་པ་སྙིང་ལ་བརྡེག། ལྷག་མ་གནས་བརྒྱད་དག་ལ་སྦྱར།། བཅུད་བསྡུས་བག་ཆགས་གསུམ་བསྲེགས་ནས། ། འོག་མིན་གནས་སུ་ཕཊ་ཀྱིས་འཕང།། ཕུང་པོ་མཚོན་ཆས་བསྒྲལ་བྱས་ནས།། བསྟབ་པས་འབར་བའི་འཁོར་ལོ་མཉེས།། དངོས་གྲུབ་བླང་དང་ལས་མཇུག་བསྡུ།། ཅི་རིགས་པར་ནི་ལས་རྣམས་བྱ། ། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། དྲག་པོ་སྒྲོལ་བའི་ལེའུ་སྟེ་ཉི་ཤུ་བཞི་པའོ།།།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། ། ཞི་བས་ཕན་པར་མི་འགྱུར་ཏེ།། རྨོངས་དང་གསད་དང་གཟིར་བ་ཡི།། ལས་ནི་བདག་ལ་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། དྲག་ཤུལ་ལས་ཀྱིས་འདུལ་བ་དང།། ཞིང་བཅུ་བདེ་ལ་དགོད་པའི་ཕྱིར།། རྣལ་འབྱོར་དྲོད་ལྡན་སྙིང་བརྩེ་བས།། དབེན་པའི་གནས་སུ་ལས་འདི་བརྩམ།། མཎྜལ་ཚད་དང་ལྡན་པ་ལ།། བདུད་རྩི་དྲི་ཆེན་གྱིས་བྱུགས་ལ། ། དབུས་སུ་གྲུ་གསུམ་ཐུར་བྲུས་ལ། ཁྲག་ཆེན་མི་རོའི་སོལ་བས་བྱུག། ཐ་མ་ཟླ་གམ་ཁྲག་གི་བྱུག། ཐོད་པའི་ར་བས་ཀུན་ནས་བསྐོར།། དབུས་སུ་ཐོད་པ་ནག་པོ་ལ། ཁྲག་སྣ་ཚོགས་དང་དུག་སྣ་དང། ། ཉུང་དཀར་ཉུང་ནག་ཁྲག་དང་བཅས།། ཟླ་གམ་མདུན་རྒྱབ་གནས་བརྒྱད་དུ།། ཕྲ་མེན་ཟ་བྱེད་བརྒྱད་པོ་བཞག། དབུས་སུ་འཇིགས་བྱེད་འབར་བ་བསམ།། ཕྲ་མེན་ཚོགས་ཀྱིས་བསྐོར་བར་བསམ།། སྤྱན་དྲང་བསྟིམ་མཆོད་བཟླས་པ་དག། རྟགས་ཐོབ་བར་དུ་བཟླས་ཤིང་བསམ། ཨོཾ་སིདྷ་མུ་ཁ་ཧེ་རུ་ལུ་རུ་ལུ་དགྲ་ལ་བྷྱོ།། དང་པོ་བསྙེན་པ་འབྲུ་བརྒྱད་སྟེ།། བར་དུ་ལས་ལ་གཟུད་པར་བྱ།། ཐ་མ་ཐུན་གྱི་བསྙེན་པ་བཟླས། ། འོད་དང་ཉུག་དཀར་འཚེག་པ་དང།། ཁོལ་དང་ལུད་པའི་རྟགས་བྱུང་ན།། རྟེན་ནམ་རང་ངམ་ཕྱོགས་སུ་འཕང།། བསྒྲལ་ནས་ཡང་དག་འགྲུབ་པར་སྦྱར།། དངོས་གྲུབ་བླང་བ་ལ་སོགས་པ།། ཇི་ལྟར་རིག་པར་སྦྱར་བར་བྱ། ། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས།། དྲག་པོ་ལས་ཀྱིས་ཡན་ལག་བསྟན་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།།།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། འབར་བའི་རྒྱལ་པོ་ཧེ་རུ་ཀ། དངོས་གྲུབ་ཀུན་གྱི་སྙིང་པོ་ཉིད།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་གསོལ་པ་ལས། བཅོམ་ལྡན་འདས་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། རབ་ཏུ་དབེན་པའི་གནས་མཆོག་ཏུ།། སྐྱེ་གནས་དག་པའི་རྣལ་འབྱོར་པས།། དབང་དང་དམ་ཚིག་སྔོན་སོང་བའི།། མཆོག་གི་རྣལ་འབྱོར་བརྩམ་པར་བྱ། ། ཆོས་རྣམས་མ་ལུས་ཐམས་ཅད་ལ།། སེམས་ཀྱི་ཐིག་ལེ་ཕྱོགས་ཆ་མེད།། དང་པོ་བར་དང་ཐ་མར་ཡང།། སྐྱེ་མེད་ཐིག་ལེར་རྒྱུ་བ་སྤང།། རང་བྱུང་ཡེ་ཤེས་རྒྱུ་མེད་པ། གསང་བའི་ཐིག་ལེ་སྙིང་པོར་རྫོགས། ། ཡུལ་དང་དབང་པོ་རྣམ་ཤེས་རྣམས། བརྟགས་པས་བྱང་ཆུབ་སེམས་ཉིད་དེ།། མཐོང་དང་བརྗོད་སོགས་ཡུལ་འདས་པའི།། སྟོང་ཉིད་མ་སྐྱེས་ཀློང་ལ་ཐིམ།། དང་པོ་དེ་བཞིན་ཉིད་ཐོབ་ནས།། དེ་ནས་ལྷ་དང་སྙིང་པོ་དང། ། དཀྱིལ་འཁོར་ཕྱག་རྒྱ་འདུ་འཕྲོ་དང།། མཆོད་དང་བདེ་བ་ལ་སོགས་པ།། ཇི་སྙེད་སྒོ་གསུམ་དྲན་རྟོག་རྣམས།། ནམ་མཁའི་ཆོ་འཕྲུལ་རང་བཞིན་རྣམས།། མཐུན་པར་སྣང་ཞིང་དངོས་པོ་མེད། ། གང་ལས་གང་དུ་ཅི་སྤྲུལ་པ།། སེམས་ཀྱི་དཀྱིལ་འཁོར་རྒྱ་ཁྱོན་མེད།། མཐའ་ཐུག་མེད་པར་རང་སྣང་བ།། རང་གི་སེམས་དེ་དངོས་མེད་གཞི།། སེམས་ཀྱི་དཀྱིལ་འཁོར་དོན་མཐོང་ན།། མ་ལུས་སེམས་ལས་གཞན་མེད་ཅིང། ། མ་སྐྱེས་དངོས་པོ་ཐེ་ཚོམ་ཅན།། ཇི་ལྟར་སྣང་གྲག་ཐམས་ཅད་ཀུན།། བྱང་ཆུབ་སྙིང་པོ་གསལ་བར་སྣང།། སྤྲོས་མེད་ཆོས་སྐུར་ཀུན་གསལ་ཕྱིར།། དཀྱིལ་འཁོར་སྔགས་དང་ཕྱག་རྒྱ་མེད།། སྦྱིན་བསྲེག་དངོས་གྲུབ་རྫས་མེད་ཅིང། ། རེ་དོགས་འཆི་འཕོ་ཕ་རོལ་མེད།། སངས་རྒྱས་སེམས་ཅན་གཉིས་མེད་ཅིང།། བླང་དོར་དགེ་སྡིག་ཆ་ལས་འདས།། གཙང་སྨེ་བདེ་སྡུག་ལས་གྲོལ་བས།། ལམ་དང་འབྲས་བུའི་ཁྱད་པར་བྲལ། ། གང་ལའང་གནས་པར་མི་བྱེད་པ།། ཐབས་ཆེན་གསང་བའི་ལམ་གནས་པར།། རྟོག་གེ་པ་ཡི་ཡུལ་མིན་ཏེ།། ཡང་དག་གྲུབ་པ་གཅིག་པུ་ཉིད།། སྐྱེ་བ་བརྒྱུད་པའི་སྡུག་བསྔལ་བྲལ།། ཞེས་གསུངས་སོ། ། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། སྤྲོས་པ་མེད་པར་བསྟན་པའི་ལེའུ་སྟེ་རྩ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡེ་ཤེས་རྔམ་པའི་རྒྱལ་པོས། སྒྱུ་མ་ཡེ་ཤེས་ཀྱི་རྣལ་འབྱོར་ཞེས་བྱ་བའི་རྟོག་པ་འདི་གསུངས་སོ། ། དཔལ་ལྡན་ཧེ་རུ་ཀ་ཡི་དངོས།། བླ་མ་སངས་རྒྱས་ཀུན་གྱི་དངོས།། ལོངས་སྤྱོད་བུ་དང་ཆུང་མ་དང།། རྒྱལ་སྲིད་བླ་མ་མཉེས་བྱས་ནས།། ཕུན་སུམ་ཚོགས་པའི་སློབ་མ་ཡིས། ། མན་ངག་འདོད་པར་གསོལ་བ་གདབ།། དེ་ནས་ལུང་ལྡན་བླ་མ་དེས།། ཇི་སྲིད་སྣང་སྲིད་ཆོས་རྣམས་ཀུན།། སྒྱུ་མ་འཇའ་ཚོན་ཆུ་ཟླ་དང།། བྲག་ཆ་སྒྲ་བརྙན་ཆུ་བུར་དང།། མགལ་མེ་ལྟ་བུར་བདག་གཞན་བརྟག། བདག་གཞན་ཡུལ་སེམས་རབ་རྟོགས་པས།། མ་ལུས་མཁའ་ལ་སྤྲིན་ཕུང་དང།། དབུ་བ་ལྟ་བུའི་འདུ་ཤེས་འབྱུང།། གང་ལའང་ཆགས་པ་བྲལ་བ་ནི།། ཡིད་ཆེས་བརྟན་པ་མེད་ཕྱིར་རོ།། བདག་གི་ལུས་ངག་ཡིད་གསུམ་ནི། ། ཆུ་ཟླ་བྲག་ཆ་ནམ་མཁར་ནི།། བྱིན་རླབས་དབང་གིས་གསལ་འགྱུར་ན།། མ་ལུས་སྒྱུ་མར་མངོན་དུ་སྣང།། རྣལ་འབྱོར་ཐབས་དང་ཤེས་རབ་ནི།། དཔའ་བོ་དཔའ་མོའི་རང་བཞིན་ཏེ།། ལྔ་དང་ལྔ་ལ་རིགས་བསྡུས་པས། ། བདེ་བ་སྒྱུ་མའི་རྣལ་འབྱོར་བསྒོམ།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཚོགས།། ཐབས་ཆེན་གསང་བ་རབ་བཤད་ནི།། སྐྱེ་བ་གཞན་དུ་མི་བརྒྱུད་པའི།། ཚེ་འདི་ཉིད་ལ་དངོས་གྲུབ་འཐོབ། ། ཕྱག་རྒྱ་ཆེན་པོའི་རང་བཞིན་ཉིད།། འཁོར་ལོ་མངོན་དུ་སྣང་བ་ཡིས།། སྒོ་གསུམ་སྒྱུ་མའི་རང་བཞིན་ནོ།། རྣལ་འབྱོར་པ་ཡིས་བསྒོམ་པར་བྱ།། རང་བཞིན་གཟུགས་དང་བདེ་ཆེན་དང། ། འདུས་མ་བྱས་པའི་སངས་རྒྱས་རྣམས།། ཐབས་ཆེན་ལ་གནས་རྣལ་འབྱོར་གྱིས།། སྐུ་གསུང་ཐུགས་ནི་གསད་པར་བྱ།། ཇི་སྲིད་འཁོར་དང་མྱ་ངན་འདས།། མ་ལུས་མིང་གི་ཕུང་པོ་སྟེ།། དེ་ལྟར་བརྟག་པའི་དོན་མཐོང་ན། ཐབས་ཆེན་སྐྱེ་མེད་རྣལ་འབྱོར་མཐོང།། རྟོག་པའི་བག་ཆགས་ཟད་པ་དང།། སྒོ་གསུམ་ལས་རྒྱུན་ཆད་པ་དང།། སྤྱོད་ལམ་སྒྱུ་མར་གསལ་གྱུར་ན།། གནད་ཀྱིས་ཆགས་དང་སྡུག་བསྔལ་བྲལ། ། བདུད་ཀྱི་ཚོགས་རྣམས་བར་གཅོད་པའི།། ངོ་བོ་དེ་བཞིན་གཤེགས་པས་བསལ།། འཆི་བའི་རྒྱུ་བཞི་རྣམ་སྤངས་པས།། སྐྱེ་གནས་བརྒྱུད་པའི་སྡུག་བསྔལ་མེད།། མ་ལུས་སྒྱུ་མར་མངོན་སུམ་ལ།། ཆགས་དང་འཇིག་པའི་ཆོས་དང་བྲལ། ། ཕུང་པོ་རླུང་དང་སེམས་སུ་བཅས།། ཡིད་ཚིམ་ཟས་སུ་གང་མཐོང་བ།། རྣལ་འབྱོར་ཐབས་ཀྱི་སྤྱོད་པ་ཡི།། བདུད་ཀྱི་འཚེ་བ་སྟོང་པར་ལོག། དང་པོར་བརྟག་པར་ཤེས་པར་བྱ།། ཐ་མར་འཕེན་པའི་སྦྱོར་བ་ཡིས། ། དེ་བཞིན་བརྟག་ཅིང་གནས་པ་ལ།། སྣང་བ་རིག་པའི་ཐིག་ལེར་བསྡུས།། རྒྱུ་བ་ནམ་མཁའ་སྟོང་པར་འཆར།། ཤེས་པའི་འོད་གསལ་ཐིག་ལེར་ཐིམ།། ཡུལ་དང་ཤེས་པ་མ་མཐོང་བས། ། ཕུང་པོ་ཉིད་མཚམས་སྦྱོར་དང་བྲལ།། མ་བཅོས་འོད་གསལ་ཐིག་ལེ་ལ།། རོལ་པ་རང་སྣང་ཀུན་འཆར་ཡང།། རྒྱ་མཚོའི་རླབས་ལྟར་འགྲོ་འོང་མེད།། ཅེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལ། ཡིད་ཀྱི་གཟུགས་བརྙན་བརྟག་ཅིང། སྒྱུ་མའི་རྣལ་འབྱོར་བྱ་བའི་ལེའུ་སྟེ་ཉི་ཤུ་བདུན་པའོ།།།། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀུན་ཏུ་བཟང་པོ་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། དབང་ཕྱུག་གསང་བའི་རྣལ་འབྱོར་པས།། དད་དང་དམ་ཚིག་བརྩེ་ལྡན་ཞིང།། དབང་ཐོབ་བརྟུལ་ཞུགས་ཆེར་ལྡན་པ།། དངོས་གྲུབ་ཆེན་པོ་ཐོབ་འདོད་པས།། དུར་ཁྲོད་བས་མཐའ་རབ་དབེན་པར། ། བདག་ཉིད་བྱ་བ་ཀུན་རྫོགས་ནས།། ཡིད་དང་འཐད་པའི་གཟུངས་མ་བསྟེན།། རིགས་དང་ལྡན་ཞིང་ཡིད་འོང་བ།། འཇམ་ལ་དལ་ཞིང་ན་སོ་གཞོན།། ལུས་ནི་དར་ལ་བབས་པ་དང།། དད་པ་ཆེ་བ་ཤེས་རབ་རྣོ། ། བརྟུལ་ཞུགས་འཛེམ་དང་ཁུ་འཕྲིག་ཆུང།། སྤྱོད་པ་བརླིང་ཞིང་ཐོགས་རྡུག་མེད།། གསང་ཐུབ་འདོད་ཆགས་ཆེ་བ་དང།། འཁྱུད་བརྡེག་སྦྱོར་བའི་ལས་ལ་དགའ།། དཀར་ལ་དམར་མདངས་ཆེ་བ་དང། ཁ་ཡི་དྲི་ཞིམ་ལུས་རླན་ཆགས།། བྷ་ག་བཟང་དང་བདེ་བ་ཆེ།། འགྲོགས་ཤིང་ཡིད་དགའི་བུད་མེད་ལ།། ཐ་མལ་པ་ལས་བསྒྱུར་བྱས་ཏེ།། གསང་བའི་ཡུམ་དུ་ཐབས་ཀྱིས་སྦྱར།། ངེས་པའི་དྲོད་ཐོབ་གྱུར་པ་ན། ཁམས་བཞི་རླུང་དང་ཟས་དང་གོས།། མཐུན་པའི་སྤྱོད་པས་བསྟེན་བྱས་ཏེ།། ཐབས་དང་ཤེས་རབ་རང་བཞིན་གྱིས།། མཛེས་དང་ཡིད་འཕྲོག་ཆོ་ག་ཡིས།། བལྟས་དང་བརྟག་དང་འཁྱུད་པ་ཡིས། ། བསྣམ་དང་ལྕེ་ཡི་རོ་མྱོང་དང།། ལུས་ཀྱིས་མྱོང་བ་ཆེ་ཆུང་དང།། ཟླ་གམ་དབང་པོ་མཐུན་སྦྱར་ནས།། དམ་དུ་འཁྱུད་ཅིང་བཙིར་བྱས་ཏེ།། བདེ་བའི་དཀྱིལ་འཁོར་བསམ་བྱས་ལས་ཀྱང། པས།། ཚད་དང་ལྡན་པར་འཕེལ་བྱས་ཏེ། ། བྱང་ཆུབ་སེམས་ནི་འཕོ་མི་བྱ།། གལ་ཏེ་སེམས་ནི་འཕོས་གྱུར་ན།། ལུས་སེམས་ཏིང་འཛིན་རྒུད་པ་དང།། དམ་ཚིག་དག་ཀྱང་ཉམས་པ་དང།། མཆོག་གི་དངོས་གྲུབ་ཡལ་བ་དང།། དགའ་དང་ཆགས་དང་བདེ་བ་དང། ། རྒྱུ་བཅད་པ་ཡི་ཉམས་བཞི་ཡིས།། ཐ་མལ་གོལ་ས་བཀག་ནས་ཀྱང།། དངོས་གྲུབ་བདེ་ཆེན་ཞིང་དུ་བལྟ།། གང་དུ་བལྟས་པས་དོན་མཐོང་བ།། ཐ་མལ་པ་དང་དཀྱིལ་འཁོར་དང། ། ཆོས་ཀྱི་དབྱིངས་སུ་གང་མཐོང་བ།། འཁོར་བའི་གྲོང་ཁྱེར་རྣམ་པར་འཇོམས།། གང་གིས་གང་ལ་བལྟས་མཐོང་བ།། སྤྱད་དང་སྤངས་དང་དཀྱིལ་འཁོར་དང།། བདེ་ཆེན་ཉིད་དང་སྟོང་ཉིད་དུ།། མཐོང་དང་ངེས་འཛིན་འདུ་ཤེས་ཟད། ། སྤྱད་དང་འཁྱུད་དང་བགང་བ་དང།། སྦྱར་དང་གླུ་བླང་བལྟ་བ་དང།། དམིགས་དང་དྲན་པ་ཙམ་གྱིས་ནི།། བདེ་བ་བསྐྱེད་པའི་ཁྱད་པར་ཡིན།། སྨིན་དང་མཉེས་པ་མ་ཡིན་པ།། ཐིག་ལེ་ཤོར་ན་དམ་ཚིག་ཉམས། ། མ་མྱོང་བ་དང་རྒྱུན་ཆད་དང།། ངེས་པར་གནས་ན་དངོས་གྲུབ་མེད།། དཔལ་དང་ལྡན་པའི་ཧེ་རུ་ཀ། འདོད་པའི་དབང་མོ་སྐྱོན་བྲལ་མ།། ཐ་མལ་པ་དང་བར་ཆད་དང།། འཕོ་བ་རླུང་གི་འཇིགས་པ་བྲལ། ། མཐོང་བའི་བདུད་ནི་རང་ལོག་པས།། གནད་ཀྱི་རྒྱུ་བཞི་གནས་ལས་གྲོལ།། གནས་པའི་སྟོབས་ཟད་རླུང་འགགས་ན།། བརྟག་དང་འཕང་དང་དམིགས་པ་དག། ཐབས་དང་ལྡན་པས་ཕ་རོལ་ཕྱིན། ། ཐོག་མ་མཐའ་དབུས་མེད་པ་ཡི།། རླུང་ནི་མ་བཅོས་དེ་བཞིན་ཉིད།། ཆུ་ཡི་ཆུ་བུར་ཇི་བཞིན་དུ།། མ་བཅོས་མཐོང་བས་སྐྱེ་ཤི་བྲལ།། ཕུང་པོ་སྒྱུ་མ་མིང་མེད་ལ།། ཞེན་པས་བརྟགས་པས་འཆི་བ་མཐོང།། རང་སེམས་ཐོག་མཐའ་དབུས་མེད་པས། ། ཕྱི་ནང་བདག་གཞན་མེད་པ་དང།། འགྲོ་བའི་དངོས་པོ་ཀུན་བྲལ་བས།། སེམས་ལ་སྐྱེ་ཤི་འདུ་འབྲལ་མེད།། མ་བཅོས་རང་བྱུང་ཕྱོགས་བྲལ་བ།། མ་བཅོས་འཛིན་མེད་ཡེ་ཤེས་བཞག། ཡེངས་མེད་འཁྲུལ་པ་རྣམ་པར་གཅད།། ཞེན་པ་མེད་པས་མངོན་སངས་རྒྱས།། རེ་དོགས་མེད་པས་བདུད་བཞི་ཆོམས།། ཧེ་ནི་དགྱེས་པ་ཆེན་པོ་ཉིད།། རུ་ནི་ཐབས་ཆེན་ཆགས་པའི་ཡུམ།། ཀ་ནི་བསྐྱོད་པས་ཕྲིན་ལས་མཆོག། ཀ་ནི་མཛེས་པས་གཉིས་མེད་སྐུ།། རུ་ནི་ཆགས་པའི་གསུང་ཉིད་དེ།། ཧེ་ནི་བདེ་བའི་ཐིག་ལེ་ཉིད།། ཀ་ནི་འདོད་པའི་དབང་མོ་ཆེ།། རུ་ནི་སྒེག་པ་ཧེ་རུ་ཀ། ཧེ་ནི་ཐིག་ལེ་བདེ་ཆེན་པོ། ། ཧེ་ནི་ཡབ་ཡུམ་འཁྲིལ་བ་སྟེ།། རུ་ནི་སྦྱོར་བའི་ཕྱག་རྒྱ་བཞི།། ཀ་ནི་ཐིག་ལེ་འབེབས་པའི་ལས།། ཧེ་ནི་རྒྱུ་རྐྱེན་བྲལ་བ་ལ།། རུ་ནི་ཡབ་ཡུམ་མཛེས་པར་སྣང། གཉིས་མེད་ཐིག་ལེ་བདེ་བ་ཆེ།། རང་ལ་གད་མོས་ཚུལ་དུ་སྣང། ། ཀ་ནི་ཡབ་ཡུམ་ཕྱག་རྒྱ་ཆེ།། མ་ནི་བསྐྱེད་པ་ལྷ་ཡི་ཚོགས།། ལ་ནི་སྦྱོར་བའི་དངོས་གྲུབ་མཆོག། ཐབས་དང་ཤེས་རབ་གཉིས་མེད་པའི།། ཉི་ཟླའི་འོད་ཀྱི་གང་བུ་ལ།། བསྐྱོད་པ་རླུང་གི་དབང་བསྐུར་བས། ། མ་ལུས་བདེ་བ་ཆེན་པོར་སྣང།། ལ་ལར་ཆགས་པས་ཆགས་བྲལ་འགྱུར།། ཆགས་པས་ཆགས་པ་འཇོམས་བྱེད་པ།། ཐབས་ཆེན་ལྡན་པའི་སྐྱེས་བུ་ནི།། དུག་གིས་དུག་ནད་སེལ་བའོ།། དངོས་གྲུབ་ཞིང་གྱུར་རྣལ་འབྱོར་པ། ། ཉོན་མོངས་བར་ཆོད་བདུད་ལྔ་པོ།། ཐབས་ཆེན་ཐོབ་པའི་རྣལ་འབྱོར་པས།། དེ་ཉིད་དེ་ཡིས་རྣམ་པར་གྲོལ།། དུག་ཉིད་བདུད་རྩིར་གྱུར་པ་ལ།། རིགས་མིན་ཐབས་ཀྱིས་རྣམ་པར་འཇོམས།། དེ་ནི་མ་རྟོགས་ཉོན་མོངས་དུག། ཐབས་ཀྱིས་བདུད་ཀྱི་བདུད་རྩི་འབར་བར་བྱེད།། ཅེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། བདེ་བ་ཆེན་པོར་བྱིན་གྱིས་རླབས་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ། །།། དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རང་བཞིན་ཁྱོད།། ཡིད་བཞིན་ནོར་བུ་ཆེན་པོ་ལྟར། ། འགྲོ་བ་ཀུན་གྱི་བསམ་པ་བསྐང།། དངོས་གྲུབ་ཀུན་གྱི་གཏེར་དུ་གྱུར།། དངོས་གྲུབ་སྒྲུབ་ཐབས་བཤད་དུ་གསོལ།། ཞེས་གསོལ་པ་ལས།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། སྒྲུབ་པ་མཆོག་གི་རྣལ་འབྱོར་པ།། དད་དང་དམ་ཚིག་བརྟུལ་ཞུགས་དབང།། ངེས་པར་ཐོབ་པའི་རྒྱལ་པོ་ཡིས།། འཇིགས་པ་བག་ཚ་ཀུན་སྤངས་ཏེ།། དུར་ཁྲོད་ལ་སོགས་དབེན་པའི་སར། ། རང་གི་ཏིང་འཛིན་ལས་རུང་ནས།། ནམ་མཁའི་དབྱིངས་སུ་ཟླ་བ་བསྒོམ།། རང་ཉིད་སྒྲུབ་པ་ཧཱུཾ་བཅས་བསམ།། དེ་ལས་རྡོ་རྗེ་སེམས་དཔའ་ནི།། ཡབ་ཡུམ་འོད་དང་གཟི་མདངས་བཅས།། ཏིང་འཛིན་རིམ་པར་བསྐྱེད་བྱས་ནས། ། ཆོ་འཕྲུལ་མངོན་ཤེས་རིམ་པ་ཡིས།། སངས་རྒྱས་ཞིང་ཁམས་བགྲོད་པར་བྱ།། ནམ་མཁའི་དབྱིངས་སུ་ཟླ་བ་བསྒོམ།། སྭཱ་ལས་རིན་ཆེན་འོད་འབར་བསམ།། རིན་ཆེན་སེམས་དཔའ་ཡབ་ཡུམ་བསྒོམ། ། ཏིང་འཛིན་རིམ་པས་བསྐྱེད་ནས་ནི།། སངས་རྒྱས་ཞིང་ཁམས་བགྲོད་པར་བྱ།། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ན།། གྲུབ་པའི་ཨ་ལས་ཟླ་བ་བསམ།། ངེས་འགྱུར་ཧྲཱིཿསྙིང་པདྨར་འབར། ། པདྨ་སེམས་དཔའ་ཡབ་ཡུམ་བསྒོམ།། ཏིང་འཛིན་ལམ་གྱིས་དྲངས་ནས་ནི།། སངས་རྒྱས་ཞིང་ཁམས་ངེས་བགྲོད་བྱ།། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ན།། ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། ། རྒྱ་གྲམ་ལས་ཀྱི་སེམས་དཔའ་ཉིད།། གྲུབ་པའི་ཏིང་འཛིན་བསྐྱེད་ནས་ནི།། བདག་གཞན་བྱ་བ་བསྒྲུབ་པའི་ཕྱིར།། སངས་རྒྱས་ས་ལ་བགྲོད་པར་བྱ།། རིག་འཛིན་སྒྲུབ་པའི་རྣལ་འབྱོར་པ།། དགོན་པ་དབེན་པའི་ས་ཕྱོགས་སུ། ། བཱ་ཡཱ་མཎྜལ་ལྔ་སྟེང་དུ།། བྱིས་པ་ཕོ་མོ་གཙང་མ་ལ། ཁྲུས་དང་དྲི་ཞིམ་ལྡན་བྱས་ལ།། མ་ཡེངས་རྩེ་གཅིག་བསམས་པས་གང།། བདག་ཉིད་ཧེ་རུ་ཀར་གསལ་བས།། མ་ནོར་ལྷ་ནི་བརྟེན་བྱས་ལ། ། བར་ཆོད་བགེགས་ནི་བསྐྲད་བྱས་ལ།། ཚངས་པ་དང་ནི་བརྒྱ་བྱིན་དང།། མཐུ་ཆེན་ཕྱོགས་སྐྱོང་འཇིག་རྟེན་སྐྱོང།། སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས།། བཀུག་ནས་དེ་ལ་དབབ་པར་བྱ།། བཅིངས་ནས་འདར་ཞིང་འཕར་བ་དང། ། དམ་ཆུ་བླུད་ལ་སྨྲ་རུ་གཞུག། གལ་ཏེ་སྨྲ་བར་མི་བྱེད་ན།། དབང་ཆེན་གསང་བདག་རྒྱལ་པོ་ཡིས།། ཧེ་རུ་ཀ་ཡི་ཏིང་འཛིན་གྱིས།། སྔགས་དང་ཕྱག་རྒྱས་བསྡིག་བྱའོ།། བདུད་རྩི་ལྕེ་ལ་བཞག་ནས་ཀྱང། ཁམས་གསུམ་གཏམ་ནི་སྨྲ་བར་བྱ།། བདག་ཉིད་གསལ་བའི་ལྷ་བསྒོམས་ནས།། སྙིང་གར་ཡི་གེ་འབྲུ་གསུམ་བསམ།། མ་ལུས་གཟི་བྱིན་གསུམ་བསྒོམས་ནས།། འོད་ལུས་ཡི་གེ་ཨ་དཀར་འབར། ། དེ་ཉིད་རིམ་པས་འདུས་པ་ལས།། སྟོང་ཉིད་ཨ་ཡི་རི་མོར་ཐིམ།། རྒྱུ་བ་ཆད་ནས་ཟག་པ་བྲལ།། བདེ་ཆེན་འབར་བའི་གཟི་མདངས་ལྡན།། ཉི་ཟླ་ནམ་མཁར་གནས་བར་དུ།། འཆི་བ་མེད་ཅིང་གནས་པར་འགྱུར། ། དམ་བཅས་འདོར་དང་བགེགས་དབང་གྱུར།། དགྲ་དབང་གྱུར་དང་མཁའ་འགྲོས་གཙེས།། སྦོད་གཏོང་ཁར་འདུས་དུས་མིན་འགྲོ།། ཚེ་ཉམས་པ་ཡི་རྒྱུ་རུ་བཤད།། གཟི་བྱིན་མེད་དང་ལུས་ཉམས་བྲལ། ། མདོག་ཉམས་བྱ་བ་དོར་བ་དང།། ཡིད་མི་བདེ་ཞིང་ལུས་སྟོབས་ཆུང།། ཚེ་ཉམས་པ་ཡི་རྟགས་སུ་བཤད།། གང་ཞིག་རོ་ལངས་བསྒྲུབ་འདོད་པས།། རྒྱལ་པོ་རྗེའུ་བྲམ་ཟེའི་རིགས།། ཆོ་རིགས་བཙུན་ཞིང་དར་ལ་བབ། ། བཞིན་ལེགས་རྨ་མེད་བཙལ་བྱས་ནས།། ལེགས་པར་བཀྲུས་ཤིང་དྲིས་བྱུགས་ནས།། སྟེགས་བུའི་སྟེང་དུ་གཞག་པར་བྱ།། རྩ་བ་ལས་སྔགས་སྟེང་དུ་ནི།། དྲག་པོ་རོ་ལངས་སྔགས་ཀྱིས་དགུག། ཕྱག་རྒྱ་བཞི་ཡིས་དབབ་པར་བྱ། ། སྣུམ་དང་ཀྲག་དང་མནར་བྱུང་ན།། འོག་ཏུ་གཞུམ་ཞིང་དྲག་སྔགས་བཟླས།། འདར་དང་འཕར་དང་སྒྲ་བྱུང་ན།། རྡོ་རྗེ་རོ་ལངས་གྲུབ་པ་སྟེ།། བདུད་རྩི་དམ་ཕོག་གཏམ་དྲིས་ན།། བདེན་པར་སྨྲ་བར་བྲ་རུ་འགྱུར། ། བསླང་ལ་མནའ་བཀག་དམ་ཕོག་ལ།། ལས་བཅོལ་རོ་ལངས་རྐང་མགྱོགས་འགྱུར། ཁ་ནས་ལྕེ་ཧྲཱིཿབྱུང་སོས་གཅད་དེ།། རོ་ལ་བརྡབས་ན་གསེར་དུ་འགྱུར།། ལྕེ་གཅོད་ཐོད་པ་རལ་གྲི་སྟེ། ། མགོ་བཅད་གོ་མཚོན་གཡུལ་བཟློག་སྟེ།། སྡེ་བརྒྱད་དམག་ཀྱང་འཇོམས་འགྱུར་ན།། རྨོངས་པ་མི་ལྟ་སྨོས་ཅི་དགོས།། བདག་ཉིད་ལས་ཀྱི་སེམས་དཔའ་སྟེ།། འོག་ཏུ་ཟླ་བའི་དཀྱིལ་འཁོར་བསམ། ། དེ་འོག་རླུང་གི་དཀྱིལ་འཁོར་ཏེ།། དྲག་ཞན་མཐོ་དམན་རྟགས་དང་སྦྱོར།། ཏིང་འཛིན་རླུང་གི་གོམ་པ་ཡིས།། ཕྱོགས་བཅུར་བསམ་པས་ཕྱིན་པར་འགྱུར།། ཆུ་སྟེང་ཡང་ནང་ཟླ་བ་ཐིམ་པར་བསམ།། དེ་སྟེང་རྡོ་རྗེ་རྒྱ་གྲམ་བསམ། ། མངོན་དུ་གསལ་བར་གྱུར་པ་ན།། ཏིང་འཛིན་མ་ཡེངས་སྟོབས་ཀྱིས་བགྲོད།། རྒྱ་མཚོ་འབབ་ཆུ་ལ་སོགས་པར།། ཐོགས་པ་མེད་པར་འགྲོ་བར་འགྱུར།། བདག་ཉིད་རྡོ་རྗེ་སེམས་དཔའ་སྟེ། ། ཐུགས་ཀའི་ཧཱུཾ་ནི་གྲངས་མེད་པ།། ནམ་མཁའི་རྡོ་རྗེའི་སྐས་ཀྱིས་གཏམས།། གང་དགའ་ས་ཕྱཽགས་བགྲོད་པ་ནི།། སེམས་ཀྱི་སྤྱོད་ཡུལ་ཡངས་པར་འགྱུར།། བདག་ཉིད་གང་རུང་ལྷར་བསྒོམས་ལ།། ཟླ་བའི་དཀྱིལ་འཁོར་སྟེང་གནས་ཏེ། ། དེ་འོག་རླུང་གི་དཀྱིལ་འཁོར་བསམ།། རླུང་ལ་རླུང་གིས་བསྐྱོད་བསྒོམས་པས།། གང་ལ་དགའ་བའི་ས་ཕྱོགས་སུ།། མཁའ་ལ་ཐོགས་པ་མེད་པར་འགྲོ།། ཐུགས་རྗེས་འགྲོ་བའི་དོན་བྱེད་ན། ། བདག་ཉིད་དྲག་པོའི་ལྷར་གསལ་འབར།། རོལ་པའི་དཀྱིལ་འཁོར་མངོན་བསམ་སྟེ།། བར་ཆོད་བགེགས་ནི་བསལ་བར་བྱ།། རོ་ལ་ངེས་པའི་ཁྲུས་བྱས་ཞིང།། ཤེས་པ་བསྟིམས་བྱུག་རྒྱན་བཏགས་ལ། ། འཁོར་བའི་རྟོག་པ་སྦྱང་བྱས་ལ།། དཀྱིལ་འཁོར་ཉིད་དུ་བསམ་བྱ་ཞིང།། རང་རང་ལྷ་ཡི་སྙིང་པོ་དག། རས་ཆེན་དག་ལ་བྲིས་ཏེ་གདགས།། ཡང་ན་དེ་ཉིད་མེ་ཡི་ལྷ།། རིགས་དང་མཐུན་པར་གསལ་བསྒོམས་ནས། ། རང་གི་མཆོད་པ་གང་རིགས་པས།། དཀྱིལ་འཁོར་ལྷ་ལ་མཆོད་པར་བསམ།། ཡང་ན་རོལ་པའི་དཀྱིལ་འཁོར་གྱི།། ཐུགས་རྗེ་འབྱུང་བའི་དཀྱིལ་འཁོར་ཏེ།། དྲག་ཤུལ་སྒྲོལ་བའི་གིང་ཆེན་དེས།། གདུག་པ་མ་ལུས་བཀུག་བསྟིམས་ནས། ། དྲག་པོ་སྟོབས་ཀྱིས་བསྒྲལ་ནས་ནི།། འཁོར་བའི་ས་བོན་བསྲེགས་ནས་ནི།། ཆོ་ག་གསུམ་གྱིས་ལྷ་བསྐྱེད་ནས།། འོག་མིན་སྦྱོར་བའི་ལྷུམས་སུ་འཕང།། ཡེ་ཤེས་ཚོགས་སུ་བསྔོ་བར་བྱ། ། ཕུང་པོ་ལྷག་མ་བསྒྲལ་བ་ནི།། ལྷ་ཡི་ཚོགས་དང་སྦྱར་ནས་ནི།། རྡོ་རྗེ་གསང་བའི་གླུ་བླང་ཞིང།། བསྲེག་རྫས་མཆོད་པའི་སྐོངས་སུ་འབུལ།། རྡོ་རྗེ་གདུངས་པའི་གླུ་བླང་ཞིང།། བཀྲ་ཤིས་གནས་ཀྱི་སྨོན་ལམ་གདབ། ། མི་དགེ་སྡིག་པའི་བག་ཆགས་དངག། གདུང་བའི་གླུ་དང་བཅས་ཏེ་བཤགས།། རྡོ་རྗེ་མེ་རིའི་ལྷ་རྣམས་ཀྱང།། ལེགས་ཉེས་རབ་འབྲིང་ཐ་མ་བརྟག། ངན་ཞིང་བག་ཆགས་མ་བྱེད་ན།། ལན་གསུམ་བསྲེག་པར་བྱས་ན་ནི། ། ངན་འགྲོ་ངེས་པར་སྐྱེས་པ་ཡང།། ཐར་བར་འགྱུར་ཏེ་ཐེ་ཚོམ་མེད།། འདི་དག་རིམ་པར་བརྩམ་པ་ཡང།། རྣལ་འབྱོར་ལམ་ལ་ཞུགས་པ་དང།། ཐ་མལ་པ་དག་སྤྱད་པ་དང།། མ་ཤིས་གདོན་གྱིས་ཉན་པ་ལ། ། རིམ་བཞིན་ལས་ནི་བརྩམ་པར་བྱ།། དངོས་གྲུབ་ཡིད་བཞིན་འགྲུབ་འདོད་ན།། བྱམས་དང་སྙིང་རྗེས་གཞི་གཟུང་ནས།། མ་ནོར་སྙིང་པོའི་དོན་རྟོགས་ནས།། ཏིང་འཛིན་སྔགས་དང་ཕྱག་རྒྱར་ལྡན། ། དད་དང་བརྩོན་འགྲུས་བརྟུལ་ཞུགས་ཀྱིས།། བར་ཆད་མེད་པར་བསྒྲུབས་པས་ན།། ལོ་དང་ཟླ་བས་འགྲུབ་པར་འགྱུར།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། དངོས་གྲུབ་ཀྱི་རྟོག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། །།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། མ་བཙལ་རང་ཤར་ཕྲིན་ལས་བདག། ཐུགས་རྗེ་ཕྲིན་ལས་ལྷུན་གྱིས་གྲུབ།། ཕྲིན་ལས་རིམ་པ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡེ་ཤེས་རྔམ་པའི་རྒྱལ་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྱང་ཆུབ་སེམས་ནི་རྡུལ་དང་བྲལ།། ཆེ་བའི་ཡོན་ཏན་མཁའ་དང་མཉམ།། ཅིར་ཡང་སྣང་ཡང་ཉིད་ལ་འདུས།། ཆོས་ཉིད་ངང་ལ་རྣམ་རྟོག་མེད།། གངས་འདབས་དང་ནི་ཆུ་གླིང་དང།། ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། ། ཕུག་དང་གྲོག་མདོའི་འཇིགས་པ་དང།། དུར་ཁྲོད་ཤིང་གཅིག་མ་མོའི་ཁྱིམ།། རྣམ་པར་སྣང་མཛད་དཀར་པོ་དང།། རྡོ་རྗེ་རིན་ཆེན་གསེར་གྱི་མདོག། མཐའ་ཡས་པདྨ་རཱ་ག་སྟེ།། རྡོ་རྗེ་ཡིས་ནི་སྣ་ཚོགས་མདོག། ཨོཾ་ཏྲཱཾ་ཧྲཱིཿཧཱུཾ་ལས་བྱུང་བའི།། རང་གི་འཁོར་དང་བཅས་པར་བསྒོམ།། ཞི་བ་ལ་ནི་ཟླུམ་པོ་སྟེ།། རྒྱས་པའི་ཐབ་ཁུང་གྲུ་བཞི་པ།། དབང་གི་དཀྱིལ་འཁོར་ཟླ་གམ་ལ།། དྲག་པོའི་ཨེ་སྟེ་མཁའ་འདྲའི་དབྱིབས། ། འཁོར་ལོ་རིན་ཆེན་པདྨ་དང།། རྡོ་རྗེ་ཡིས་ནི་རྣམ་པར་བརྒྱན།། དཱ་རུ་ཎ་དང་སྟོབས་འབྱིན་དང།། འདོད་པ་སྐྱེས་དང་ཁྲོ་བར་བཤད།། དད་པ་དང་ནི་དགའ་བ་དང།། ཆགས་དང་ཁྲོས་པའི་སེམས་སུ་བཤད། ། རྒྱལ་པོ་རྗེ་རིགས་སྨད་འཚོང་མ།། ཤན་པའི་མེ་ནི་བླང་བ་དང།། མཛེས་མ་དང་ནི་ཕྱུག་མོ་དང།། སྨད་འཚོང་མ་དང་ཡུགས་ས་མོ།། དངུལ་དང་གསེར་དང་ཟངས་མ་དང།། ལྕགས་ཀྱི་ཕུར་པ་བསྔགས་པ་ཡིན། ། སྔགས་ཀྱང་རང་རང་སྔགས་ཉིད་ལ།། ཤཱནྟིཾ་པུཥྟིཾ་ཀུ་རུ་དང།། བ་ཤཾ་མཱ་ར་ཡ་ཡིས་མཛེས།། ཞོ་དང་འབྲས་དང་ནས་དཀར་དང།། མར་སར་འོ་མ་བཞི་ལ་སྦྱར།། མར་རྙིང་ཕྲུམ་དང་གྲོ་ཆན་དང།། ཐུད་དང་དྲི་ཞིམ་ཤིང་རྒྱས་པ། ། འབྲུ་མར་སྦྲང་རྩི་ཤ་ཆེན་དང།། འབྲས་དམར་ཆན་དང་ཙན་དན་དམར། ཁྲག་དང་ཤ་ཆེན་ཚིལ་ཆེན་དང། ཁྲག་གསུམ་དུག་དང་མི་རུས་བཅས།། གསོད་པར་བྱེད་པའི་མཆོག་ཏུ་འགྱུར།། དབྱར་དང་སྟོན་དང་དགུན་དང་དཔྱིད། ། སྔ་གྲོ་གུང་དང་དགོངས་ཀ་དང།། ནམ་གུང་རྣམས་ནི་དུས་ཡིན་ནོ།། ནད་དང་སྡུག་བསྔལ་ཞི་བ་དང།། ཚེ་དང་ལོངས་སྤྱོད་རྒྱས་པ་དང།། དགྲ་བགེགས་གཟུངས་མ་དབང་བྱ་དང། ། དགྲ་བགེགས་གདུག་པ་ཚར་གཅོད་དང།། དགོས་ཆེ་འབྲས་བུར་བཤད་པ་ཡིན།། ཆོས་ཀྱི་འཁོར་ལོ་ནང་གི་གནས།། དབྱིབས་དང་ཁ་དོག་ལ་སོགས་པས།། རང་བཞིན་ལས་དང་ཐབས་བཅས་པ། ། ཕྲིན་ལས་བཞི་རུ་གྲུབ་པ་ཡིན།། བྷ་ག་གསང་བའི་ངོ་བོ་ལས།། ཕྲིན་ལས་བཞི་ཡི་རང་བཞིན་གནས།། དབྱིབས་དང་ཁ་དོག་ལས་རྣམས་ཀྱིས།། ཨེ་བཾ་མ་ཡཱ་གྲུབ་པར་གནས།། རླུང་དང་བླ་མའི་བྱིན་རླབས་ཀྱིས། ། རྣམ་པར་རྟོག་པའི་རྡུལ་ཞི་ཞིང།། བདེ་བ་ཆེན་པོ་རྒྱས་པ་དང།། ལུས་དང་རླུང་དང་སྣང་བ་དང།། རྣམ་རྟོག་ཕྱི་ནང་སྣོད་བཅུད་རྣམས།། བདེ་བའི་དབང་དུ་གྱུར་པས་ནི།། རྣམ་པར་རྟོག་པའི་གཞི་མེད་པས། ། ཕྱིས་མི་འབྱུང་བར་སྔགས་ཀྱིས་གསད།། ངོ་མཐོན་གསད་པའི་དམ་ཚིག་གིས།། རྡོ་རྗེ་གསད་པའི་རང་བཞིན་ནི།། སངས་རྒྱས་དང་ནི་སེམས་ཅན་དང།། ཕྱི་ནང་སྣོད་བཅུད་མ་ལུས་པ།། རྡོ་རྗེ་རྟོགས་པའི་ཡེ་ཤེས་ཀྱིས། ། མ་ལུས་པར་ནི་དུས་གཅིག་བསྒྲལ།། རང་བྱུང་ཐུགས་རྗེའི་ཕྲིན་ལས་ཀྱིས།། གང་ལ་ཇི་ལྟར་འདུལ་བ་དང།། མ་བཀག་རླབས་ཀྱིས་སྤྱོད་པ་ནི།། སངས་རྒྱས་ཀུན་གྱི་སྤྱོད་པ་སྟེ།། ཐོག་མཐའ་མེད་པའི་རྡོ་རྗེ་སེམས། ། དཔའ་ཆེན་ཧེ་རུ་ཀ་ཡི་དངོས།། ཐོག་མཐའ་མེད་པའི་ཕྲིན་ལས་ནི།། ཇི་ལྟར་འཚམས་པ་བཞིན་དུ་སྣང།། ཞེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས།། ཕྲིན་ལས་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་སུམ་ཅུ་པའོ། །།། དེ་ནས་གསང་བའི་བདག་པོས། འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསང་བ་གསུམ་ལ་གནས་པའི་བདག། གསང་བ་ཀུན་མཁྱེན་རྒྱལ་པོ་ཡིས། ། གསང་སྔགས་ལམ་ནི་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཐབས་ཆེན་དྲི་མ་མེད་པའི་ལམ། ། དཀའ་ཐུབ་དཀའ་སྤྱོད་འབད་པ་མེད།། ཉོན་མོངས་གཟིར་དང་ཞེན་པ་མེད།། འདོད་པ་ལྔ་ལ་སྤྱོད་བྱེད་ཅིང།། བདེ་བས་བྱང་ཆུབ་འགྲུབ་པར་འགྱུར།། དང་པོ་ཐ་མལ་ཞེན་བསལ་ནས།། བྱིན་བརླབ་དམ་ཚིག་ལྡན་བྱས་ཏེ། ། ཕྱི་ནང་ཞེན་པ་ཀུན་བསལ་ནས།། གང་དུ་ཞེན་པ་ཀུན་བརྟགས་ནས།། འདུ་ཤེས་ཡིད་འཛིན་བྲལ་བ་ཡི།། སྟོང་ཉིད་མ་སྐྱེས་རྣལ་འབྱོར་བསྒོམ།། མ་སྐྱེས་པ་ནི་སྣ་ཚོགས་དོན།། དེ་ཉིད་དངོས་པོ་མེད་གནས་པའོ། ། སྒྱུ་མ་སྨིག་རྒྱུ་ལྟར་སྣང་བའི།། མ་ལུས་སྒྱུ་མའི་རྣལ་འབྱོར་བསྒོམ།། དངོས་པོ་གསང་བ་གསུམ་གྱི་དངོས།། གདན་སྟེངས་གསལ་བ་དེ་ཉིད་ཀྱིས།། མ་ལུས་ཞེན་པ་གསུམ་དག་ནས། ། ཕྲ་མོའམ་ཕྱག་རྒྱ་ཆེན་པོར་བསྒོམ།། དེ་ནས་རིམ་པར་གསལ་བསྒོམས་ལ།། རྩ་བའི་ལྷ་ནི་ཚང་འགྱུར་ལ།། ཡན་ལག་དགུ་སོགས་ཀུན་ཚང་ནས།། སངས་རྒྱས་དཀྱིལ་འཁོར་གྲངས་མེད་སྣང།། སྤྱོད་ལམ་ཡེ་ཤེས་ལྷར་གསལ་ནས། ། དུར་ཁྲོད་རབ་དབེན་བས་མཐའ་རུ།། དུར་ཁྲོད་རྒྱན་དང་མཆོད་པར་བཅས།། དུར་ཁྲོད་གསང་བའི་རོལ་མོར་བཅས།། རྣལ་འབྱོར་ཕོ་མོ་གྲངས་ལྡན་པས།། མོས་དང་སྤྱོད་པའི་བརྟུལ་ཞུགས་བཅས། ། འབར་བ་ལྔ་ཡི་བྲོ་གླུར་བཅས།། ལོ་འམ་ཟླ་བའི་གྲངས་བཞིན་དུ།། ཐབས་དང་ཆོ་གར་ལྡན་སྤྱོད་པས།། ཟག་མེད་ནམ་མཁའི་ལམ་ལ་གནས།། སྐྱེ་འཇིག་མེད་པའི་སྐུར་འགྱུར་ཏེ། ། བསྐལ་པ་གྲངས་མེད་ཚེ་ལ་དབང།། བདེན་པའི་ངེས་མཐོང་འཇིག་པ་མེད།། ཏིང་འཛིན་གྲངས་མེད་དབང་ཐོབ་ནས།། བསྐལ་པ་བྱེ་བ་གྲངས་མེད་དུ།། ཡེངས་མེད་ཡེ་ཤེས་ཕྱག་རྒྱ་ཆེ།། ཧེ་རུ་ཀ་ཡི་རྡུལ་ཕྲན་ནི། ། སྟོང་གསུམ་ཁྱབ་པར་གསལ་བ་ལ།། སྤྱོད་ལམ་ལོག་དང་མ་ལོག་མེད།། གོམས་པ་མཐར་ཕྱིན་མཐར་ཐུག་ས།། སངས་རྒྱས་རྫུ་འཕྲུལ་ཆེར་གྲགས་ཤིང།། མངོན་ཤེས་རྫུ་འཕྲུལ་ཡེ་ཤེས་ལྡན།། ཡོན་ཏན་ལྷུན་གྲུབ་ངོ་མཚར་ཆེ། ། རང་བྱུང་ཡེ་ཤེས་འབར་བ་ནི།། གསང་བ་མཐར་ཕྱིན་གསུམ་གྱི་བདག། རང་བྱུང་རྩལ་འཆང་བདུད་འདུལ་ཞིང།། དཔའ་བོ་བདུད་འདུལ་བདུད་ཀྱི་གཉེན།། སྐད་ཅིག་ཙམ་ལ་ཐོགས་པ་མེད། ། དང་པོ་མེད་པས་མ་བྱུང་བ།། ཐོག་མ་ཐ་མ་དངོས་མེད་པའི།། རང་བྱུང་མཐའ་དབུས་མེད་པ་ཡི།། དེ་བཞིན་ཆོས་ཉིད་ཆོས་ཀྱི་སྐུ།། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ།། རང་བྱུང་འཁོར་ལོ་འོད་ཀྱིས་བསྐོར། ། རོལ་པའི་ལོངས་སྤྱོད་བདེ་དང་ལྡན། འཁོར་ལོ་སངས་རྒྱས་མངོན་ཐོབ་ནས།། ཆོ་འཕྲུལ་ནམ་མཁའི་མཐར་ཐུག་པ།། སྤྲུལ་པ་འགྲོ་འོང་མེད་པ་ཡིས།། ནམ་མཁའི་སྐར་ཚོགས་བཀྲམ་པ་ལྟར།། འཕེལ་འགྲིབ་ཕྱོགས་ཆར་ཡོངས་ལས་འདས། ། རྒྱ་མཚོ་ཆུ་ཡི་རྦ་རླབས་ལྟར།། གྲངས་ལས་འདས་ཀྱང་ཉིད་ལ་རྫོགས། ཡེ་ཤེས་ལྷ་མོ་དཔག་མེད་པའི།། ཞལ་ཕྱག་བདེ་བའི་དབང་ཐོབ་པའི།། ཡེ་ཤེས་ནམ་མཁའི་མཐར་ཐུག་པའི། ། བདེ་བ་ཆེན་པོ་ཉིད་དུ་གསལ།། ཡེ་ཤེས་ཆེན་པོ་འདོད་ཆགས་སྟེ།། ལྷ་མོ་ཡེ་ཤེས་རོལ་པ་ལས།། བདེ་ཆེན་ནམ་མཁའ་མཐའ་དབུས་མེད།། སངས་རྒྱས་ཀུན་གྱི་རང་བཞིན་ནི།། ཐོག་མ་ཐ་མ་མེད་པ་ཡིས། ། ཡེ་ཤེས་རྒྱ་མཚོ་ཚད་དང་བྲལ།། ཆེ་བའི་ཡོན་ཏན་གྲངས་མེད་པ།། རྡུལ་དང་མཉམ་པའི་རང་བཞིན་ཤར།། ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ།། ཐུགས་རྗེའི་སྤྲུལ་སྐུ་ཁྱབ་ཚད་མེད།། གང་དུ་སངས་རྒྱས་རྣམས་ནི་སྐུ་གསུང་ཐུགས། ། ཕྱོས་བཅུ་ནམ་མཁའ་ཁྱབ་པར་གང་གནས་པ།། རང་བྱུང་ཡེ་ཤེས་ཐུགས་རྗེ་ཆགས་དབང་གིས།། ཇི་སྲིད་འཁོར་བའི་བར་དུ་རྒྱུད་མི་འཆད།། སྨོན་ལམ་ཡེ་ཤེས་བར་ཆད་མི་མངའ་བ། ། ཇི་སྲིད་འཁོར་བ་རྒྱུན་ཆ་བར་དུ་ནི།། མེ་བསྙེལ་ཐུགས་རྗེའི་དབང་གིས་འཁོར་བར་བཞུགས།། ནམ་མཁའི་ནོར་བུ་བསམ་པ་ཡོངས་རྫོགས་ཤིང།། དཔག་བསམ་ཤིང་ལྟར་འདོད་པ་སྐོང་མཛད་པ།། མ་རིག་མུན་སེལ་འགྲོ་བའི་སྡུག་བསྔལ་སེལ། ། ཡེ་ཤེས་རི་བོས་བལྟ་ངན་རྣམ་པར་སེལ།། བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ།། མཚན་དང་དཔེ་བྱད་འོད་འབར་མཛེས་ལྡན་ནི།། ཡེ་ཤེས་ལྷ་མོར་ཞལ་སྦྱོར་དམ་འཁྱུད་ཅིང། ། ལྕེ་འཇིབ་སེན་འདེབས་ཆགས་པའི་གར་སྟབས་ཀྱིས།། ཡེ་ཤེས་ཐིག་ལེའི་ཆར་གྱིས་རབ་རྒྱས་བདེ་བའི་སྐུ།། སྣ་ཚོགས་རྣམ་འཕྲུལ་དགྱེས་པའི་གར་ཐབས་ནི།། དགའ་དང་མཛེས་དང་ཆགས་དང་རོལ་པ་དང། ། འབར་དང་བསྡིགས་དང་འགྲེད་དང་མཉེས་པ་དང།། སྤྲུལ་པའི་གར་དགུས་འགྱིངས་པ་ཡིས།། འགྲོ་བའི་བསམ་པ་ཡོངས་རྫོགས་ལྷུན་གྱིས་གྲུབ།། ཅེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། ། རྣལ་འབྱོར་འབྲས་བུའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་ཡང་དེ་བཞིན་གཤེགས་པས་དགོས་པ་ཆེན་པོ་འདོད་ཆགས་གསང་བའི་ངོ་བོ་ཀུན་ཏུ་བཟང་པོ་ཡེ་ཤེས་རྔམ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ།། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་འདི་ནི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་མ་ལུས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཡིན་པས། ། དེ་ལ་གནས་པར་གྱིས་ཤིག། སངས་རྒྱས་ཀུན་གྱི་ངོ་བོ་གཅིག་པར་བསླབ་པར་གྱིས་ཤིག། ཐིག་ལེ་ཆེན་པོ་ཕྱོས་མེད་པར་བསླབ་པར་གྱིས་ཤིག། དེ་བཞིན་གཤེགས་པ་ཐམས་དང། སེམས་ཅན་ཐམས་ཅད་དང།། ཕྱི་ནང་གི་དངོས་པོ་ཐམས་ཅད་སེམས་ཉིད་དོ།། སེམས་ཉིད་ནི་ཐོག་མ་དང་ཐ་མ་མེད་པའོ།། ངོ་བོ་ཉིད་ལ་གོ་འབྱེད་པའི་སྟོང་པ་བསམ་གྱིས་མི་ཁྱབ་པའི་རང་བཞིན། དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་བྱྀན་རླབས་ཅན། དུས་གསུམ་འདུས་མ་བྱས་པ་ལ།། ཡེངས་པ་མེད་པའི་ཚུལ་དུ་གནས་པར་བྱའོ།། སྟོང་ལས་སྟོང་མིན་ཡེ་ཤེས་ཧེ་རུ་ཀ། མ་བཅོས་ཆོས་ཉིད་འབྱོར་པ་སྣ་ཚོགས་གཟུགས།། གང་ཡང་མ་ཡིན་བདེ་དང་མི་བདེ་མིན།། ཆགས་མིན་བྲལ་མིན་བདེ་མཆོག་རྟོག་པའི་རྒྱུད།། གསང་བདག་ཁྱོད་ཀྱིས་ལེགས་པར་ནན་ཏན་གྱིས།། འདྲི་འཆད་ཀློག་དང་འཛིན་བསམས་ལ། ། བདུད་དང་ལོག་འདྲེན་བགེགས་ཀྱིས་མི་ཚུགས་ལ།། བསམ་པ་ཡིད་བཞིན་ནོར་བུ་ལྟ་བུ་འཕེལ།། དུས་མིན་འཆི་དང་ནད་དང་སྡུག་བསྔལ་དང།། སྐྱེ་རྒས་ན་འཆིའི་རྦ་ཀློང་འཁྲུགས་པ་དང། ། མི་མཐུན་ཕྱོགས་བཞིའི་བདུད་ལས་རྣམ་པར་རྒྱལ།། དད་དང་གུས་དང་མོས་པས་འཆད་པ་དང།། ཉན་དང་འཛིན་པ་རྡོ་རྗེ་འཛིན་པ་ཡིན།། དེ་བཞིན་བདེ་གཤེགས་རྒྱལ་པོའི་སྲས་པོ་སྟེ།། ཐོགས་མེད་འཁོར་བ་རྒྱ་མཚོ་ཕ་རོལ་ཕྱིན། ། མཁའ་འགྲོ་ཤུགས་འགྲོ་རིག་འཛིན་བཀའ་ཉན་རྣམས།། བྲན་བཞིན་བཀའ་ཉན་རྗེས་སུ་འབྲང་བར་བྱེད།། དེ་ཕྱིར་གསང་བའི་བསྟན་པ་བཟུང་བར་གྱིས།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་དགྱེས་པར་གྱུར་ཏེ། དཀྱིལ་འཁོར་ཆེན་པོ་མ་ལུས་པ་ཐམས་ཅད་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལ་ཞུགས་ནས། དུས་གསུམ་གྱི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་བདེ་བ་ཆེན་པོ་ཉིད། དབྱིངས་ཐོག་མ་དང་ཐ་མ་མེད་པའི་ཐིག་ལེར་ཐིམ་ནས་མི་སྣང་བར་གྱུར་ཏོ།། ཏ་ཐཱ་ག་ཏ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན། དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། རྒྱུད་གཏད་པའི་ལེའུ་སྟེ་སོ་གཉིས་པ་རྩ་རྒྱུད་རྫོགས་སོ།།།། ཞུས་ཆེན་གྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་པའོ།། ནམ་མཁའི་སྙིང་པོས་བསྒྱུར་བ་ཡང་ཡོད་དོ།།།།

CLOSE WINDOW