CLOSE WINDOW

Gpb023.009: ཀླུ་འདུལ་བ་ཞེས་བྱ་བའི་རྒྱུད
Wylie

ནཱ་ག་བི་ན་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། ཀླུ་འདུལ་བ་ཞེས་བྱ་བའི་རྒྱུད། དཔལ་རྟ་མགྲིན་དྲེགས་པ་ཀླུ་འདུལ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གདུག་པ་ཅན་གྱི་གནས། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ། ཀླུ་ཆེན་པོ་བརྒྱད་ཀྱི་གནས། སྦྲུལ་ནག་འབར་བའི་གཞལ་ཡས། ཤིན་ཏུ་འཇིགས་པའི་གནས་དེ་ན། ཀླུའི་རྗེ་བོ་ཧ་ཡ་གྲཱི་བ་དང། ལག་ན་རྡོ་རྗེ་དང། བྱ་ཁྱུང་ག་རུ་ཌ་རྣམས་ཀྱིས། ཀླུ་རྣམས་འདུལ་བའི་དོན་དུ། ཀླུའི་གནས་སུ་བཞུགས་ཏེ། ནཱ་ག་ཀླུ་འདུལ་གྱི་རིགས་སྔགས་འདི་གསུངས་སོ།། ན་མོ་བྷུདྡྷ་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ་ན་ཙན་དྷེ་ཙན་དྷེ། མི་ལི་མི་ལི། བན་དྷ་བན་དྷ། ནཱ་ག་ནི་སྭཱ་ཧཱ། ཞེས་བརྗོད་པས། ཀླུ་ཐམས་ཅད་སྐྲག་དངངས་ཏེ་བརྒྱལ་བར་གྱུར་ཏོ།། དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་དཔའ་བོ་ཆེན་པོ་འཇིགས་བྱེད་དྲག་པོ་གསུམ།། བདག་ཅག་ཀླུ་ཡི་ཚོགས་བཅས་ལ།། བཀའ་དབབ་མི་འཚལ་འབངས་སུ་མཆི།། འབངས་ལ་ནན་ཏན་མ་ཆུང་ཞིག། ཧཱུ~ཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ། ཞེས་ཀླུའི་རྒྱལ་པོ་རྣམས་ཀྱིས་ཕུལ་ལོ།། ནཱ་ག་ར་ཛ་བ་སུ་ཀི་ནི་ཛ་ཛ། ཞེས་ཀླུ་རིགས་བཞིས་ཕུལ་ལོ།། ཀླུ་འདུལ་སྲོག་སྙིང་ཕུལ་བ་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་ཀླུ་བརྒྱད་ཀྱིས་གསོལ་པ། ། ཨེ་མ་འཇིགས་བྱེད་ཆེན་པོ་གསུམ།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། བདག་ཅག་ཀླུ་ཡི་བསྟན་པ་འབྱུང།། བདག་ཅག་ཀླུ་ཡི་འཁོར་རྣམས་ནི།། འགྲོ་བ་མི་ལ་གནོད་བྱེད་པས། ། དེ་ཚེ་བསྲུང་དང་གདུལ་བ་དང།། བཟླས་དང་ལས་ཀྱི་རིམ་པ་དང།། གསད་དང་གནན་དང་བསྲེག་པ་དང།། ཀླུ་བསྒྲུབ་ཀླུ་གསོ་ཀླུ་གཏོར་དང།། གཏའ་བསྡམ་རྟེན་སྤོ་ལ་སོགས་པ། ། འཇུག་ལུགས་ཐུགས་དང་རྟགས་དང་ནི།། སྲོག་སེར་གཏད་དང་ལས་མཐར་རྣམས།། རིམ་པ་བཞིན་དུ་བཀའ་སྩོལ་ཅིག། ཞུས་པ་གླེང་སློང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རྟ་མཆོག་རྒྱལ་པོ་ཡིས། ། འཁོར་གྱི་ཚོགས་ལ་བཀའ་སྩལ་པ།། དང་པོ་ཏིང་འཛིན་སྒོམ་རིམ་ནི།། ཐོག་མར་ཆོས་ཉིད་སྟོང་པ་ཉིད།། དེ་ལས་ཁྱབ་པའི་སྙིང་རྗེ་བསྒོམ།། དེ་ནས་རང་སེམས་ཡེ་ཤེས་ཧྲཱིཿ། ། དེ་ལས་འོད་འཕྲོས་ཨེ་ལས་མཁའ།། དེ་སྟེང་ཡཾ་ལས་རླུང་དཀྱིལ་འཁོར།། དེ་སྟེང་ར་ལས་ཁྲག་གི་མཚོ།། དེ་སྟེང་རཾ་ལས་མེའི་དཀྱིལ་འཁོར།། དེ་སྟེང་ལཾ་ལས་ཞིང་ཆེན་ས།། དེ་སྟེང་ཀེཾ་ལས་རུས་པའི་རཾ། ། དེ་སྟེང་བྷྲུཾ་ལས་གཞལ་ཡས་ཁང།། ཕྱི་ནི་རིན་ཆེན་སྣ་ལྔས་བརྩིགས།། ནང་ནི་བྷན་དྷའི་གཞལ་ཡས་ཁང།། ཕྱོགས་བཞིར་སྒོ་བཞི་ལྡན་པ་ལ།། ཆུ་སྲིན་ཀ་བ་སྦྲུལ་ཆེན་གདུང།། ཉ་སྦལ་གྲལ་དྲབ་སྦྲུལ་ཟར་ཚགས། ། ཤིན་ཏུ་འཇིགས་པའི་གཞལ་ཡས་ཁང།། རྒྱུ་ཡིག་ཧྲཱིཿདེ་གཞལ་ཡས་ཀྱི།། ཉི་ཟླ་པད་ཀླུའི་གདན་སྟེངས་བབས།། དེ་ལས་རྟ་མགྲིན་དབང་གི་སྐུ།། སྐུ་མདོག་དམར་ནག་ཞལ་གཅིག་པ། ། ཕྱག་གཉིས་ཕུར་པ་འདྲིལ་བ་ལ།། ཞལ་གྱིས་སྦྲུལ་ནི་འདྲེན་ཅིང་ཟ།། ཞབས་ཀྱིས་སྦྲུལ་གྱི་མགོ་མནན་པ།། པདྨའི་གཤོག་པས་ཟིལ་གྱིས་གནོན།། ཕྲག་པ་གཡས་གཡོན་སྤྱི་གཙུག་ཏུ། ། སྤྲུལ་པའི་བྱ་ཁྱུང་རེ་རེ་བསྒོམ།། ལུས་པོ་གསེར་ལ་གཤོག་པ་ལྕགས།། མཆུ་སྡེར་ཟངས་ལ་སྡེར་དྲུག་ལྕགས།། ཞལ་གྱིས་སྦྲུལ་ནི་འདྲེན་ཅིང་ཟ།། ཀླུ་རྣམས་སྒྲོལ་ཅིང་ཟ་བར་བསྒོམ།། དེ་ལྟ་བུ་ཡི་སྐུར་གསལ་དང། ། སྤྲུལ་པ་ཡང་སྤྲུལ་མང་པོ་ཡིས།། གང་བར་བསྒོམ་པ་ཏིང་འཛིན་ནོ།། རང་བཞིན་གནས་ནས་སྤྱན་དྲངས་ཤིང།། མཆོད་དང་བསྟོད་པ་མ་ལུས་འབུལ།། ཞེས་གསུངས་སོ། ། ལྷ་བསྒོམ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་འཁོར་གྱི་ཀླུའི་ཚོགས་ཀྱིས་ཞུས་པ།། ཀྱེ་མ་དཔལ་ཆེན་རྟ་མགྲིན་སྐུ།། ཀླུ་རྣམས་ཕུར་པས་ཇི་ལྟར་འདུལ།། དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། ། ནཱ་ག་ཕུར་པས་གདུལ་འདོད་ན།། གྲུ་གསུམ་འབར་བའི་མེ་རིས་བསྐོར།། བསད་པའི་མཎྜལ་དེ་ཡིན་པས།། དུག་ཁྲག་སོལ་བས་ནག་པོར་བྱུགས།། ཤར་དུ་ཤ་ལ་ལྷོར་རྡོ་རྗེ། ། ནུབ་ཏུ་མེ་ཏོག་བྱང་དུ་ཚིལ།། དབུས་སུ་སེང་ལྡེང་ཕུར་བུ་བཞག། ཕུར་བུ་རྟ་མཆོག་ལྷ་གསུམ་བསམ།། གུ་གུལ་དུད་པས་ཕུར་པ་འདུག། བཟླས་པ་འབུམ་དུ་བཟླས་ཤིང་བསྔགས། ། བར་བར་བསྟོད་དང་ཟིལ་གནོན་བྱ།། ཤ་ཚིལ་གཏོར་མ་མཆོད་པ་འབུལ།། ཤ་ཚིལ་ཟ་ཞིང་བྱུག་པར་བྱ།། བྱེ་མ་ལུས་ལ་བཅང་ཞིང་བརྡེག། ཕུར་པ་དག་ལས་འོད་འཕྲོས་པས།། ཉི་མ་ལྟ་བུའི་འོད་ཟེར་གྱིས། ། ཀླུ་གདུག་ཐམས་ཅད་ཞི་བར་ནུས།། རིགས་བཞི་ཟིལ་གྱིས་མནན་པར་འགྱུར།། ཇི་སྲིད་འཁོར་བ་གནས་ཀྱི་བར།། ཀླུ་ཡི་སྦྱོར་བས་མི་ཚུགས་སོ།། ཀླུ་ཕུར་བུས་བཟློག་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་བཟླས་ཤིང་ཀླུ་སྲིན་འདུལ་བ་འདི་གསུངས་སོ།། དང་པོ་ཧྲཱིཿཞེས་བརྗོད་པ་ཡིས།། གཏིང་མཐའ་མེད་པའི་དབྱིངས་ཉིད་ནས།། སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། ། རྟ་མགྲིན་དབང་གི་ལྷ་རུ་གྱུར།། བདག་ཉིད་རྟ་མགྲིན་ཐུགས་ཀ་ནས།། རྟ་མགྲིན་ཁྲོ་ཆུང་ཚོན་གང་བ།། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས།། ཕར་འཕྲོས་པདྨའི་ལྷ་ཚོགས་ལ།། སྐུ་གསུང་ཐུགས་ཀྱི་མཆོད་པ་འབུལ། ། སྤྲུལ་པའི་ཁྱུང་རྣམས་ཕར་འཕྲོས་པས།། གནོད་བྱེད་ཐམས་ཅད་ལྕགས་ཀྱུས་བཀུག། ཞགས་པས་བཅིངས་ཤིང་ལྕགས་སྒྲོག་བསྣམས།། ཕུར་བུས་བཏབ་ནས་བརླག་པར་བསྒོམ། ། ཁྱད་པར་ཀླུ་གཉན་ཕོ་མོ་དང།། ཀླུ་སྲིན་མ་ལུས་ཐམས་ཅད་བསྒྲལ།། བསྐལ་བའི་མེ་དཔུང་ཀློང་དཀྱིལ་ནས།། དབང་གི་རྟ་སྐད་ཕྱོགས་བཅུར་སྒྲོགས།། གདུག་པའི་ཚོགས་རྣམས་འདུལ་བ་དང། ། ཁམས་གསུམ་དབང་དུ་སྡུད་པ་དང།། སྲིད་གསུམ་ཟིལ་གྱིས་གནོན་པ་དང།། གདུག་པ་མ་ལུས་བསྒྲལ་བ་དང།། ཞིང་ཁམས་དབང་དུ་སྡུད་པར་བསྒོམ།། ཏིང་ངེ་འཛིན་གྱིས་ཀླུ་འདུལ་བའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་བུམ་པའི་སྦྱོར་བ་འདི་གསུངས་སོ།། བསྙེན་པ་སྔོན་དུ་སོང་བ་ཡིས།། ཏིང་ངེ་འཛིན་དུ་བསྒོམ་པ་ནི།། ཁྱད་པར་དབང་ཆེན་བུམ་པ་འཛིན། ། རིན་ཆེན་ལས་བྱས་བུམ་པ་རུ།། སྨན་ལྔ་འབྲུ་ལྔ་བླུགས་བྱས་ལ།། བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང།། དེ་ན་དབང་ཆེན་བསྐྱེད་ནས་ནི།། གཟུངས་ཐག་དམར་པོ་བཏགས་བྱས་ལ།། བསྙེན་པའི་སྔགས་ཀྱི་ཤམ་བུ་རུ། ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ། ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ།། བཏགས་པ་བརྒྱ་དང་རྩ་བརྒྱད་བཟླས།། དེ་ནས་ནད་པ་ལ་སོགས་བཀྲུ།། དབང་ཆེན་བུམ་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་འཁོར་ལོའི་སྦྱོར་བ་ནི།། རྫས་བསག་ལྷ་བསྒོམ་འཁོར་ལོ་བསྐོར།། ཁྱད་པར་ལྷ་ཆེན་འཁོར་ལོ་འཛིན།། མཐོ་གང་ཙམ་གྱི་རོ་རས་ལ།། འཆིང་བར་བྱེད་པའི་སྣག་ཚ་ཡིས། ། བལྟས་པས་ལུས་གནག་སྒྲོ་རྩ་ཡིས།། སྔགས་གྲངས་མཉམ་པ་དེ་དམིགས་བྲི།། དེ་ནས་མཚན་མ་གང་བྱུང་བྲི།། ཁ་དོག་རིགས་བཞིའི་ཚུལ་དུའོ།། དེ་ཡི་སྙིང་གར་དྲག་སྔགས་རེ་རེ་ལའོ། ། མཎྜལ་གཙང་མ་དྲིས་བྱུགས་ལ།། མདུན་དུ་ཉུང་དཀར་ཉུང་ནག་གཞག། གུ་གུལ་གླ་རྩིས་ལུས་བྱུགས་ཏེ།། སྔགས་གྲངས་མཉམ་པར་ཉིན་པར་བཟླས།། ནཱ་ག་ནཱ་ཛ་ཁྲག་མཱ་ར་ཡ་ཧཱུ~ཾ་ཕཊ། ཅེས་ལས་ལ་སྦྱར་རོ།། འཁོར་ལོའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཕུར་པའི་སྦྱོར་བ་ནི།། ལྷ་བསྒོམ་རྫ་བསག་ཕུར་བུས་བཏབ།། སེང་ལྡེང་ལྕགས་ཕུར་དུག་ཤིང་གིས།། དྲག་སྔགས་མཉམ་པའི་ཕུར་པ་བཤམས། ། དྲག་སྔགས་བཟླས་པའི་རིམ་པ་ནི། ནཱ་ག་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུ~ཾ་ཕཊ། དྲག་སྔགས་མནམ་པར་གདབ་པར་བྱ།། ཕུར་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་སྦྱིན་སྲེག་བྱ་བའི་རིམ་པ་ནི། ། ལྷ་བསྒོམ་རྫས་བསག་སྦྱིན་བསྲེག་བྱ།། ཁྱད་པར་ལྷ་ཆེན་མེ་དཔུང་འཛིན།། གདུག་པའི་ཧོམ་ཤིང་ཁྲུ་གང་ཚད།། སྔགས་ཀྱི་གྲངས་དང་མཉམ་པར་བྱ།། སྔོ་དམར་སྐུད་པས་རིམ་གསུམ་བཀྱིག། བར་དེར་འཁོར་ལོ་སྲོག་རྩ་བཅད།། གྲི་ཁྱེར་གཡས་སུ་ཐོགས་ནས་ནི།། གསང་སྔགས་འདི་ནི་རབ་ཏུ་བཟླས།། ནཱ་ག་ཏཱིཀྵ་མཱ་ར་ཡ་ཧཱུ~ཾ་ཕཊ།། རིམ་པ་གྲངས་ཏེ་ཡཾ་བཞི་བརྒྱུད། ། བྱང་ཤར་མཚམས་སུ་གཞག་པར་བྱ།། འཁོར་ལོ་གྲིས་གཏུབས་ཐོགས་ནས་ནི།། གྲ་དང་མཉམ་པར་བསྲེག་པར་བྱ། མེ་ནི་ཡུགས་ས་མོ་ལས་བླང།། གསང་སྔགས་བཟླས་པའི་རིམ་པ་ནི། ། ནཱ་ག་ཙིཏྟ་ཛྭ་ལ་རཾ་མཱ་ར་ཡ་ཧཱུ~ཾ་ཕཊ། ཅེས་སྦྱིན་སྲེག་བྱའོ།། སྦྱིན་སྲེག་བྱ་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་མནན་པའི་རིམ་པ་ནི།། ལྷ་བསྒོམ་རྫས་བསག་མནན་སྔགས་བཟླས།། ཁྱད་པར་ལྷ་ཆེན་རི་རབ་འཛིན། ། རྫས་བསག་པ་ཡི་རིམ་པ་ནི།། ཆུ་སྲིན་ཉ་སྲམ་སྤྲེ་ཐོད་དུ།། ཐལ་བ་དག་ནི་བླུགས་བྱ་སྟེ།། རྟ་མགྲིན་བྱ་ཁྱུང་འདྲ་བ་བསམ།། ཆུ་སྲིན་འདྲ་བའི་ཁ་རུ་བཙང།། ནཱ་ག་མཱ་ར་ཡ་ནན་སྟྭཾ་བྷ་ཡ་ནན། ཨོཾ་ལཾ་ཧཱུ~ཾ་ལཾ་སྟཾ་བྷ་ཡ་ནན། ཞེས་གནན་པར་བྱའོ།། མནན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ལས་བཞིའི་སྦྱིན་སྲེག་གསུངས།། དཔལ་ཆེན་རྟ་མཆོག་རྒྱལ་པོ་ཡི།། ལས་ཀྱི་འབྲས་བུ་མངོན་དབྱུང་ཕྱིར། ། ལས་བཞིའི་སྦྱིན་སྲེག་བཤད་པར་བྱ།། དེ་ཡང་ཕྲིན་ལས་རྣམ་བཞི་ལ།། དུས་དང་ཕྱོགས་དང་ཐབ་དང་ནི།། རྫས་དང་སྔགས་དང་ལྷ་བསྒོམ་དང།། སྤྱི་དོན་བདུན་དུ་ཤེས་པར་བྱ། ། དུས་ནི་རྒྱས་པ་སྔ་དྲོ་ལ།། དབང་ནི་ཉིན་ཕྱེད་ཞི་བ་སྲེད།། དྲག་པོ་ཉིན་མཚན་གུང་ལ་བྱ།། ཕྱོགས་ནི་ཞི་བ་ཤར་དུ་བལྟ།། རྒྱས་པ་ལྷོ་ལ་དབང་ནི་ནུབ།། དྲག་པོ་བྱང་དུ་བྱ་བར་བཤད། ། ཐབ་ནི་ཞི་བ་ཟླུམ་པོ་ལ།། རྒྱས་པ་གྲུ་བཞི་དབང་ཟླ་གམ།། དྲག་པོ་མཐིང་ནག་གྲུ་གསུམ་མོ།། ཤིང་ནི་ཡལ་ག་རྒྱས་པ་ལ།། ཞི་བ་རྩེ་མོ་དབང་ལ་ལྷུན།། དྲག་པོ་རྩ་བའི་ཤིང་ལ་བྱ། ། རྫས་ནི་ཞི་བ་ཏིལ་དང་མར།། རྒྱས་པ་ཞོ་དང་འབྲས་ཆན་དང།། དབང་ལ་མངར་བའི་རྫས་ལ་བྱ།། དྲག་པོ་དུག་ཁྲག་ཚ་བའི་རྫས།། སྔགས་ནི་ཞི་བ་ལ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྟིཾ་ཀུ་རུ་སྭཱ་ཧཱ། ། དབང་ནི་པ་ཤང་ཀུ་རུ་སྭཱ་ཧཱ། དྲག་པོ་མཱ་ར་ཡ་ཕཊ། ལྷ་ནི་རྣམ་པ་གཉིས་ཡིན་ཏེ།། མེ་ལྷ་དང་ནི་དཀྱིལ་འཁོར་ལྷ།། གཉིས་ཀ་ཞི་བ་སྐུ་མདོག་དཀར།། རྒྱས་པ་སེར་པོ་དམར་པོ་དབང། ། དྲག་པོ་སྐུ་མདོག་ནག་པོར་བསྟན།། སྤྱི་ཡི་དོན་སྐོར་རྣམ་བདུན་གྱིས།། པདྨའི་ལས་བཞིའི་སྦྱིན་སྲེག་རྫོགས།། ཞེས་གསུངས་སོ།། ལས་བཞིའི་སྦྱིན་སྲེག་མཐར་དབྱུང་བའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཀླུ་རྒྱལ་རྫུ་འཕྲུལ་གྱི་ལེའུ་ལས། ས་བདག་ཀླུ་གཉན་འདུལ་བ་དང།། ཀླུ་ནད་གསོ་བའི་ལེའུ་ལས།། བདག་ཉིད་དབང་ཆེན་སྐུར་བསྒོམས་ལ།། དབུ་ལ་རྟ་མཆོག་འཐོན་པ་སྟེ། ། བྱ་ཁྱུང་རིགས་ལྔ་བསྒོམ་པར་བྱ།། རྡོ་རྗེའི་གཤོག་པ་རེ་རེ་ལ།། བྱ་ཁྱུང་རེ་རེས་གཏམས་པ་ཡིས།། ཐམས་ཅད་དབང་དུ་སྡུད་པ་དང།། ཀླུ་གཉན་འདུལ་བའི་གཉན་བོར་བརྟག། དེ་ལ་སྔགས་ཀྱི་རིམ་པ་ནི། ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ན་མོ་བྷུདྡྷ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུན། ཙནྡྷེཙནྡྷེ། མི་ལི་མི་ལི། བན་དྷ་བན་དྷ། ནཱ་ག་ནི་སྭཱ་ཧཱ། ཨོཾ་བཛྲ་པཱ་ནི་ག་རུ་ཊ་ཀཱ་ཡ་ཛྭ་ལ་ནཱ་ག་རུ་པ་ཡ། མཱ་ཧཱ་རཱ་ཛ་ཀྲོ་དྷ་བྷེ་ཡ་བྷེ་ཡ། བཛྲ་དུན་ཏེ་ཛྭ་ལི་ཏ། ནཱ་ག་སརྦ་ཨཱ་ཀཎྜ་ཏ་ཡ། གྷཱ་ཏ་ཡ་གྷཱ་ཏ་ཡ། ནཱ་ག་པ་ལ་པྲ་ཧ་ར་པྲ་ཧ་ར། ཀྲ་མ་ས་རས་ར་ཨུ་ཙྪ་ཏ་ཡ་ཕཊ། ནཱ་ག་བོ་དྷ་ཡ་ཁ་ད་ཡ་ཁ་ད་ཡ། ནཱ་ག་སརྦ་དུཥྟན་ཛི་བི་ནི་ཧ་ར་པྲ་མ་ཀ་ནཱ་ག་བི་དཱ་ར་ཡ་ཏི་ལིང་ག་ལེ། ནཱ་ག་བྷསྨི་ཀུ་རུ་ཧཱུ~ཾ་ཕཊ། དེ་སྐད་བཟླས་ཤིང་གདུལ་བར་བྱ།། དྲག་པོའི་སྔགས་བརྗིད་ལྡན་པ་འདིས། ཀླུ་རྣམས་ཀུན་ཀྱང་གསོད་པར་འགྱུར། ། གདུག་པ་གཞན་ལ་སྨོས་ཅི་དགོས།། ཀླུ་རྒྱལ་རྫུ་འཕྲུལ་ཀླུ་གཉན་ས་བདག་འདུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་སྔགས་དང་རྫས་ཀྱི་བསྲུང་བ་འདི་གསུངས་སོ། ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧཱུ~ཾ་ཛ། མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། ཅེས་སྐུའི་སྔགས་སོ།། ཨཱ+ོཾ་ཧཱུ~ཾ་ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཛ། ཞེས་གསུང་སྔགས་སོ།། མ་ཧཱ་སྲོག་ཤག་ཐུན་བྷྱོ་ཕཊ། ཅེས་པ་ཐུགས་ཀྱི་སྔགས་སོ། ། དང་པོ་དབང་གི་སྐུ་རུ་བསྐྱེད།། གཉིས་པ་ཁམས་གསུམ་དབང་དུ་སྡུད།། གསུམ་པ་ཐམས་ཅད་ལས་ལ་འཛུད།། ལས་སྔགས་འདི་ལ་མཐའ་སྦྱར་ཏེ།། རེ་རྩེ་རེ་བྷུ་ཏེ་ལེ་བུ། ཊ་ད་ལ་བུ་ནན། ཧྲི་ཀར་རྩེ་རྩེ་བྷྲཱུཾ་བ་བ་ཏུ་མ་ཨོཾ་ག་ཏ་ག་ཏིག། མུག་མུག་ཏི་ཏི་རི་སད། མཆུ་ཡི་སྔགས་རྒོད་ཀླུ་ཐམས་ཅད་སེལ་བའོ།། ཨཱ+ོཾ་ཨ་པ་ཏ་ཨ་པ་ཏ། འབྲུག་ཐོག་འབྲུག་ཐོག་ནན་སད་ནན་སད། ཏི་ཏི་སཾ་ཧ་རི་སད། པཾ་སད་ཐུམ་རིལ་སད། ཐུམ་ཤི་སད་སྭཱ་ཧཱ། སྡེར་མོའི་སྔགས་སྙིང་ནས་འདྲེན་པ་སྟེ། ཀླུ་ནད་ཐམས་ཅད་སེལ་བར་བྱེད་པའོ།། ཨཱ+ོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཨོཾ་ཨཱ+ོཾཿཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ག་རུ་ཊ། མ་ཧཱ་ག་རུ་ཊ། ནཱ་ག་མཱ་ར་ཎ་དུན་དུན། ནཱ་ག་མཱ་ར་ཎ་མྱོགས་མྱོགས། ནཱ་ག་མར་ཎ་བྱིང་བྱིང། ཐུམ་རི་ལི་ལི་ཛ་ཛ། རྟག་ཏུ་བཟླས་ཤིང་ཀླུ་ལས་གྱུར་པའི་ནད་རིགས་ཐམས་ཅད་ལ་གདབ་བོ། ། དྲག་སྔགས་གསང་བ་ལས་ཀྱི་སྔགས།། ཀླུ་གདུག་འདུལ་བའི་སྔགས་རྒོད་ཡིན།། མཛེ་ནད་ཐམས་ཅད་སེལ་བར་བྱེད།། དྲག་པོའི་སྔགས་རྒོད་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་སྔགས་རྣམས་བསྟན་པ་ནི།། ཉེ་བསྙེན་ག་ལ་དགུག་པ་འདི།། ནཱ་ག་སྲོག་ཚིག་ནན་རྦད་ལུས་བརྟུལ་ནཱ་ག་མཱ་ར་ཡ་རྦད། རཾ་རཾ་ཛྭ་ལ་ཛྭ་ལ་ཤི་ཤི།། རུལ་ཕུང་ནཱ་ག་མཱ་ར་ཡ་རྦད་སོད། སྒྲུབ་པ་དག་ལ་རྦད་པ་ནི། ནཱ་ག་ཤིག་ནན། ནཱ་ག་བེར་རཾ། ནཱ་ག་ཆིངས། ནཱ་ག་སྟིམས་ནཱ་ག་སོད། ནཱ་ག་མགོ་ལ་ནན། ནཱ་ག་རཱ་ཛ་མཱ་ར་ཡ་ཆིངས། ལས་ལ་སྦྱར་ཏེ་བསད་པའི་སྔགས། ། ནཱ་ག་རཱ་ཛ་ཧཱུ~ཾ། ནཱ་ག་རཱ་ཛ་ཕཊ། ནཱ་ག་ཤུ་ཤུ་ནན། ནཱ་ག་ཤུ་ཤུ་བེར། སྙིང་ལ་ཚལ་སྲོག་ལ་རྦུད།། པྲ་ཏི་ས་མ་ཡ་ཛ་ཛ། ནཱ་ག་སྙིང་ལ་ཚལ་པ་དུམ་བུར་རྦད། སི་ཏ་སརྦ་ག་ཏ་ན་བི་ཤད་དེ་ནཱ་ག་ནན་ཁ་ཐཾ་ཁ་ཐཾ། ཉི་མ་ས་ལ་ཟླ་བ་ནན། ཀླད་པ་ནན། རྩི་ཏི་ཀུ་ལིང་ནན། ཀུ་ན་ཤི་རྩི་ཏྲི་མུ་ཏྲ་བཟློག་བྱེད། ནཱ་ག་ཤིག་ནཱ་ག་ནན། ནཱ་ག་མགོ་ལ་ནན། ནཱ་ག་རཱ་ཛ་བིར་བེར་ཕཊ་རྦད། ཀླུ་བཙན་ཐལ་བར་བརླག་པ་ནི། ཡ་མ་ཤུ་ཤུ་སོད། ཡ་མ་ཤུ་ཤུ་རྦད། ཡ་མ་ཤུ་ཤུ་ནན། ཀླུ་བདུད་དག་ལ་བརྡེག་པའི་སྔགས།། ནག་པོ་ཤུ་ཤུ་མགོ་ལ་ནན། ནག་པོ་ཤུ་ཤུ་རྦད། ནག་པོ་ཤུ་ཤུ་ནན་རྦད། ས་བདག་དག་ལ་བརྡེག་པ་ནི། ས་གདོན་ནག་པོ་སོད། ས་ཁྲག་མཱ་ར་ཡ་རྦད། ཀླུ་བསེན་དག་ལ་བརྡེག་པའི་སྔགས།། ཡ་མ་ཡཾ་ཏྲི་ནན་རྦད། ཡ་མ་ཡཾ་ཏྲི་སོད། ཡ་མ་ཡཾ་ཏྲི་ནན། རཀྴ་མཱ་ར་ཡ་རྦད། གཉན་ལ་བརྡེག་པའི་སྔགས་འདིའོ། ། རྩག་ཀྲཾ་རུ་ཏྲི་རྦད། རྩག་ཀྲཾ་རུ་ཏྲི་རྦུད། རྩག་ཀྲཾ་རུ་ཏྲི་སོད། དུ་མ་མཱ་ར་ལ་རྦད། རྒྱལ་པོ་དག་ལ་བསྣུན་པ་ནི། རཱ་ཛ་ཐང་ཐང་ཤི་ཤི་རྦད། ཏྲང་རིལ་ཏྲང་རིལ་ཐུམ། ཀྱི་མ་ཐར་ག་མ་ཏང། ཁུག་ཤེལ་ཁུག་ཤེལ། རཱ་ཛ་མ་རཱ་ཡ་རྦད་རྦད། གཟའ་ལ་བརྡེག་པའི་དྲག་སྔགས་ནི། ནཱ་ག་ཡ་ཏིག་ནན། དུ་མ་མཱ་ར་ཡ་ཛ་ལ་རྦད། དྷི་རི་དྷི་རི་ཕུང་ཕུང་སོད། ནཱ་ག་རཱ་ཛ་མཱ་ར་ཡ། ཐུཾ་ཐུཾ་རིལ་རིལ་ཤི་ཤི་རྦད། མ་ཏི་ཡ་མ་ནཱ་ག་མཱ་ར་ཡ་ཐུཾ་རི་ལི་ལི། ཞུང་ཞུང་མྱོགས་རྦད། ཀླུ་ལ་སོགས་པ་ཐམས་ཅད་ལ་བརྡེག་ཅིང་བསད་པའི་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།།།། ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། བསད་པའི་ཐུན་བསྒྲུབ་འདི་གསུངས་སོ།། དེ་ལ་ཐུན་ལུམ་ཐུན་འདིའོ།། ལྕགས་ལ་སོགས་པའི་ཐུན་ལུམ་ལ།། གསང་སྔགས་འདི་ཡིས་གདབ་པར་བྱ།། ནཱ་ག་ཧཱུ~ཾ་ཐུཾ་རིལ་རྦད། ཅེས་པ་ཁྲི་དང་སྟོང་བཟླས་ནས།། བརྒྱབ་པས་གནོད་བྱེད་བརླག་པར་འགྱུར།། རྡོ་རྗེའི་ཐུན་ནི་བསྟན་པ་ཡིན།། དེ་ལ་བྱེ་ཚན་ཐུན་བསྟན་པ།། ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་ལ།། སྔགས་འདི་བཟླས་ཏེ་གདབ་པར་བྱ། ། ནཱ་ག་ཨག་ནི་ཛྭ་ལ་རཾ། མཱ་ར་ཡ་རྦད། ཁྲི་ཚོ་སུམ་སྟོང་བཟླས་ལ་གདབ།། ནཱ་ག་ཨག་ནི་ཛྭ་ལ་རཾ་མཱ་ར་ཡ་རྦད། ཅེས་པ་ཁྲི་ཚོ་སུམ་སྟོང་བཟླས།། ཆུ་འགྲམ་བྱེ་མ་དག་དང་བསྲེས། ། རྟེན་ལ་བཏབ་ན་འཚིག་པར་འགྱུར།། དེ་ནས་དུག་ཐུན་བསྟན་པ་ནི།། དུག་སྣ་ཚོགས་ལ་སྔགས་འདི་བཟླས།། ནཱ་ག་རཀྴ་ཏ་ཐ་དུག་ཐུཾ་རིལ་མཱ་ར་ཡ་ཕཊ། ལྔ་སྟོང་བརྒྱད་དང་རྩ་བརྒྱད་བཟླས། ། ཀླུ་རྣམས་མྱོས་ཤིང་འཐིབས་པར་འགྱུར།། དེ་ནས་ཕུར་བུའི་ཐུན་བསྟན་པ།། དུག་ཤིང་ཕུར་པ་སོར་བརྒྱད་ལ།། སྔགས་འདི་བཟླས་ཤིང་སྔགས་པར་བྱ།། ནཱ་ག་ཀཱི་ལི་ཀཱི་ལ་མཱ་ར་ཡ་ཕཊ། སྟོང་དང་ཉིས་བརྒྱ་བཟླས་བྱས་ནས།། ཕུར་པ་ལིངྒ་དག་ལ་བརྡེག། ཀླུ་རྣམས་ཐམས་ཅད་བརླག་པར་འགྱུར།། དེ་ནས་སྐེ་ཙེའི་ཐུན་བསྟན་པ།། སྐེ་ཚེ་ལ་ནི་སྔགས་འདི་བཟླས།། ནའ་ག་རཾ་རཾ་ཛྭ་ལ་མཱ་ར་ཡ་རྦད། ། སྟོང་དང་རྩ་བརྒྱད་བཟླས་བྱས་ནས།། ཀླུ་ལ་བཏབ་ན་འཚིག་པར་འགྱུར།། གུ་གུལ་ར་གཞོབ་ཐུན་བསྟན་པ།། ཁྱི་ལུད་མི་གཙང་སྣ་ཚོགས་ལ།། སྔགས་འདི་བཟླས་ཏེ་བརྡེག་པར་བྱ། ། ནཱ་ག་ཐིབས་ཐིབས་མཱ་ར་ཡ་ཧཱུ~ཾ་ཕཊ། ཅེས་སུམ་སྟོང་བཟླས་ནས་བཏབ་པ་ན།། གདོན་རྣམས་ཐམས་ཅད་འབྲོས་པར་འགྱུར།། དུག་ཤིང་ལྕུག་གི་ཐུན་བསྟན་པ།། ཀ་ར་བཱཾ་རའི་ལྕུགས་མའམ། ། སེར་ཤིང་སྨྱག་ཤར་ལྕུག་མ་ལ།། སྔགས་འདི་བཟླས་ཤིང་བརྡེག་པར་བྱ།། ནཱ་ག་ཞུང་ཞུང་རྦད་རྦད་མཱ་ར་ཡ་རྦད། ཁྲི་དང་དྲུག་སྟོང་བཟླས་ཤིང་བརྡེག། ནད་པ་ལ་ནི་བདུག་ལ་བརྡེག། གདོན་རྣམས་ཐམས་ཅད་འཆིང་བར་འགྱུར།། ཀླུ་ཡང་སྐད་ངན་ཙེ་རི་འོང།། ཐུན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། ནཱ་ག་ཀླུ་འདུལ་རྒྱུད་ལས་ནི།། ལས་ཀྱི་མཐའ་བརྟུལ་ཟོར་ཐུན་གསུངས།། མེ་ཟོར་ལས་ཀྱི་མཐའ་བརྟུལ་ནི། ། ཕྲིན་ལས་རྣམ་བཞིའི་ལས་དང་ནི།། དྲག་པོའི་སྦྱིན་བསྲེག་མེ་རོ་ལ།། སྔགས་འདི་བརྒྱ་རྩ་བརྒྱད་བཟླས་བརྡེག། ནཱ་ག་ཨག་ནི་མ་ཏི་བྷྱོ་བྷྱོ། ། ཞེས་ཀླུ་ལ་བཏབ་ན་འཚིག་པར་འགྱུར།། དེ་ནས་རྡོ་ཡི་ཟོར་ལས་བསྟན།། ལྕགས་ཀྱི་རྡོ་ལྔ་བསྲེག་བྱ་ལ།། གནོད་པའི་བགེགས་ལ་སྔགས་འདིས་འཕང།། ནཱ་ག་ཐུཾ་ཐུཾ་མཱ་ར་ཡ་དུག་ཐུཾ་རིལ་བྷྱོ། ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་སོ།། རྡོ་བསྲེགས་འུར་རྡོར་བཅུག་ལ་འཕང།། ཀླུ་རྣམས་ཐམས་ཅད་འཚིག་པར་འགྱུར།། དེ་ནས་ཕུར་བུའི་ཟོར་བསྟན་པ།། གདུག་པ་ཅན་གྱི་ཤིང་རྣམས་ལ། ། ཕུར་པ་སོར་བརྒྱད་བྱས་ནས་ནི།། སྔགས་འདི་ཁྲི་དང་བརྒྱ་སྟོང་བཟླས།། ནཱ་ག་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ།། གནོད་སར་བཏབ་ན་བརླག་པར་འགྱུར།། དེ་ནས་མདའ་ཡི་ཟོར་ལས་བསྟན། ། མདའ་ཡི་ནང་དུ་དུག་ཁྲག་སྐེ་ཚེ་བླུགས།། མདེའུ་ལ་གནོད་པའི་མིང་བྲིས་ལ།། སྔགས་འདིས་འཕང་ཞིང་བརྡེག་པར་བྱ།། ནཱ་ག་ར་ཡ་ཐུན་བྷྱོ།། ཞེས་པ་སྟོང་དང་རྩ་བརྒྱད་བཟླས།། གནོད་པའི་ས་རུ་འཕང་བར་བྱ། ། གནོད་བྱེད་མ་ལུས་གསོད་པར་འགྱུར།། ཁྲག་དང་དུག་གི་ཟོར་བསྟན་པ།། རབས་ཆད་ཐོད་པར་དུག་སྣ་ཚོགས།། ཁྲག་སྣ་ཚོགས་ཚད་བླུགས་པར་བྱ།། སྔགས་འདི་བཟླས་ཤིང་བརྡེག་པར་བྱ། ། ཁྲག་ཏི་མཱ་ར་ཡ་རྦད་བྷྱོ།། སྟོང་དང་ལྔ་ཁྲི་བཟླས་བྱས་ལ།། ཐོད་པ་གནོད་པའི་ཕྱོགས་སུ་འཕང།། གནོད་བྱེད་མྱོས་ཤིང་འཆིང་བར་འགྱུར།། དྲག་པོ་ཟོར་ཐུན་ལས་སྦྱོར་འདིས། ། ནཱ་ག་གདུག་པའི་ཚོགས་རྣམས་ནི།། ཐམས་ཅད་མ་ལུས་བརླག་པར་བྱེད།། དྲག་པོའི་ལས་ཐུན་བསྟན་པ་ཡིན།། ཟོར་ཐུན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། བཟློག་པའི་ལས་ཞིག་བཀའ་སྩལ་པ། ། རང་ཉིད་དབང་ཆེན་ཏིང་འཛིན་བསྒོམ།། སྔགས་འདི་ཉུང་དཀར་དག་ལ་བཟླས།། ཨོཾ་ཧྲཱི་པདྨནྟ་ཀྲྀཏ་ཧཱུ~ཾ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུ~ཾ་ཕཊ། བཾ་ཧཱུ~ཾ་ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཛ། ཨེ་ཧ་རི་མ་ཧཱ་ཧ་རི་ཏ་ས་ལ་ཏ་ས་ལ། ཧ་རི་ཧ་རི་ནི་ཧཱུ~ཾ་ཕཊ། བྷྱོ་བྷྱོ་ས་མ་ཡ་བཟློག་བཟློག། ཨ་ལ་ལ་པྲ་མ་དུ་རུ་ཀ་བྷྱོ་བྷྱོ། མ་ཧཱ་པ་ཀྵ་ཕཊ། ཐུན་བྷྱོ་བྷྱོ། སྔགས་པ་ནང་འགྲས་བྱུང་བའམ།། དགྲ་བགེགས་དྲག་པོའི་གནོད་ཕྱོགས་སམ། ། རི་གཟར་ཁ་ཡི་རྦབ་བྱུང་བཟློག། དགྲ་བགེགས་མདོན་སུམ་སྨོས་ཅི་དགོས།། མི་མ་ཡིན་པ་ཐམས་ཅད་བཟློག། ཐལ་ཆེན་ལ་སྔགས་སེར་བ་བཟློག། ཨོཾ་ཏ་ཀྲི་ཛ་ཏི་བི་ཛ་ཏི། ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། སུ་རུ་ཏི་སྭཱ་ཧཱ། ཀླུ་ཡི་བྱད་དང་གཏད་མནན་བཟློག། ཁྱད་པར་གྱི་བཟློག་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་དགུག་པའི་ལས་བསྟན་པ།། མདུན་དུ་གྲུ་གསུམ་ཁྲུ་གང་བྲུ། ། ནང་དུ་ཀླུ་གཉན་སྣ་ཚོགས་གཟུགས།། ཤོག་ཤོག་ལིངྒ་བྲིས་ལ་གཞུག། རང་འཐག་རྡོ་རྗེ་རྒྱ་གྲམ་གྱིས།། འབྲུབ་ཁུང་ཁ་བཅད་རྟ་རྨིག་མནན།། དེ་ནས་དགུག་གཞུག་བྱ་བ་དེ། ། རང་ཉིད་རྟ་མཆོག་སྐུར་བསྒོམས་ལ།། སྔགས་འདི་བཟླས་ཤིང་རྟ་རྨིག་བརྡུང།། རུ་རུང་རྡུང་རྡུང་ཁུག་ཛ། རུག་ཐ་ཐན་རི་ཉེ་ལུག་ཛ། ཏི་རྦད་ནཱ་ག་ཉུར་ར་རམ་ཁུག་ཛ། ཅེས་གནོད་བྱེད་དགུག་ཅིང་རྟ་སུག་བརྡུང། ། གདུག་པ་གཟེར་ཅིང་བརྡུང་བར་བྱ།། གནོད་བྱེད་གང་ཡིན་སོད་པར་འགྱུར།། འབྱུང་པོ་མ་ལུས་སོད་འགྱུར་ན།། དགྲ་བགེགས་གཞན་ལྟ་སྨོས་ཅི་དགོས།། དགུག་ཅིང་བརྡུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་ནཱ་ག་ཀླུ་ཡི་དུག། མི་ལ་ཞུགས་པའི་རྟགས་བསྟན་པ།། རུས་པ་དག་ལ་ཞུགས་པ་ན།། ལུས་པོ་སྐམ་ལ་ཟུག་གཟེར་ཆེ།། ཐང་ངེ་ན་ཞིང་དྲི་མི་ཞིམ། ། ཤ་རོ་འབྱུང་བ་ཤ་ཡི་རྟགས།། རྩ་ལ་ཞུགས་པའི་མཚན་ཉིད་ནི།། ལུས་སྦྲིད་བེར་བེར་བྱེད་པ་དང།། སྒྱིད་ལུག་པ་དང་སྒྱིད་ལྕི་དང།། ཚ་ཞིང་ཚ་འབྲབ་བྱེད་པ་དང། ། ཚ་བེར་ཚ་སྒྲེང་ཞུགས་པ་དང།། ཚ་ཐང་ཚ་ཀེར་བྱེད་པ་དང།། ཡན་ལག་ན་བ་རྩ་ཡི་རྟགས།། ཁྲག་ལ་ཞུགས་པའི་མཚན་ཉིད་ནི།། ལུས་ལྕི་སྣ་ཁྲག་སྐབས་སུ་འཛག། ཚ་བེར་འདིར་བ་དཀའ་བ་ཡིན།། ནང་ཁྲོལ་དག་ལ་ཞུགས་པ་ནི། ། གློ་སྙིང་མི་བདེ་སྟོང་སྐྱུགས་བྱེད།། སྙིང་མི་བདེ་ལ་ཚ་ལྟར་ཕྱོ།། བཅུད་ལ་ཚུད་པའི་རྟགས་བསྟན་པ།། ཁུ་ཆུ་མི་འབྱུང་དབང་པོ་ཉལ།། ཁུ་བ་སྐྱོ་མར་འབྱུང་བ་དང།། ཆུ་ནི་དངས་སྙིགས་བྱེ་ནས་འོངས། ། ཆུ་ལ་ཞུགས་པའི་མཚན་ཉིད་ནི།། སྣ་ཆུ་སྐྱ་བོར་རྟག་ཏུ་འཛག། སྦུགས་ནི་ཆུ་ནི་རྒྱ་སྐྱེགས་ཁུ་བ་འདྲ།། མིག་རྩ་རུལ་ཏེ་སེ་རུ་འབྱུང།། ལུས་ཀྱི་སྟོབས་ལ་ཞུགས་པ་ན།། སྒྱིད་ཞུམ་པ་དང་ཉལ་ཉལ་བྱེད། ། ལུས་ཀྱི་མདོག་ལ་ཞུགས་པ་ནི།། ལྕེ་མདོག་འོལ་མ་ཟེ་ལྟར་དམར།། དམར་པོ་ཐིག་ལེ་འོང་བའོ།། བྱིངས་ལ་ཞུགས་པའི་མཚན་ཉིད་ནི།། ལུས་ལྕི་སྣ་ཁྲག་སྐབས་སུ་འཛག། ལུས་ལ་གཉེར་ཆུང་ཁེབས་པ་དང།། ལག་སོར་བྱི་གཞུག་འདྲ་བར་འོང།། རེག་པ་དག་ལ་ཞུགས་པ་ནི།། སྣ་རྩེ་ཚ་ཞིང་བེར་བེར་བྱེད།། ཆུ་རྒྱུས་དག་ལ་ཞུགས་པ་ནི།། ཡན་ལག་རེངས་ཤིང་ན་བ་དང། ། ཤ་བུར་འདྲ་ཞིང་ཚིགས་རྣམས་འཁོར།། ཆུ་སེར་དག་ལ་ཞུགས་པའི་རྟགས།། ལུས་པོ་ཚ་ཞིང་ཁོལ་བ་དང།། ཚ་ལ་ཅག་ཅིང་ཚ་ལ་འཇིབས།། ལུས་ལ་འབྲུམ་རྗེས་ཐག་ཐུག་འོང།། ཀླད་པ་དག་ལ་ཞུགས་པ་ནི། ། སྐྲ་བྱེ་བེམ་བེམ་བྱེད་པ་དང།། གདོང་བཀྲག་ཆུ་ནི་མི་ཆགས་པའོ།། ལྷ་བ་དག་ལ་ཞུགས་པ་ནི།། གདོང་བ་དག་ནི་ཡར་ཡལ་བྱེད།། གདོང་བ་གྲང་ནི་སེང་སེང་བྱེད།། ལུས་ལ་ཞུགས་པའི་མཚན་ཉིད་ནི། ། ལུས་ལ་ཚོར་བ་མེད་པ་ཡིས།། གདོང་བ་ལ་སོགས་ཤ་འགུལ་འོང།། རུས་པ་དག་ལ་ཞུགས་པ་ནི།། རྐང་ལག་ཚིགས་བཞིའི་རུས་རྣམས་ཁོལ།། བྱད་ཀྱི་རུས་པ་ཁོལ་ཞིང་ན། ། ན་ཚ་མེད་པར་ཕོལ་མིག་འོང།། སོར་མོ་འབྲུལ་ཞིང་རྐང་ལག་འཆད།། ཁ་མིག་སླེ་ཞིང་མཆུ་ཡང་སླེ།། བྱད་ནི་སྲབ་ཞིང་ལེབ་པར་འོངས།། སྣ་ལྤགས་དག་ལ་ཞུགས་པ་ནི། ། དང་པོ་རང་ནས་བྱད་ཀྱང་བཟློག། བྱད་ལུགས་གདོང་བའི་ཤ་ཡང་འཆོར།། སྨིན་མ་འཚོར་ཞིང་མིག་ཕུགས་ལུག། གཞུག་ཏུ་སྣ་ཡང་འཆད་པར་འགྱུར།། དེ་ནི་གསོ་བར་དཀའ་བ་ཡིན།། ཤ་རོ་འོང་ཞིང་ཤ་རོ་མང་བ་དང། ། བས་ལྡག་རྐོང་པ་ཐོར་བ་འོང།། རྒྱ་ཐོར་མང་ལ་ལུས་པོ་ཟ།། སྨིན་མ་ཟ་ཞིང་སྨིན་ཕྲག་ཟ།། ལུས་དང་ཤ་འཕྲིག་མང་བ་དང།། སྐབས་སུ་སྐྱ་ལ་སྐབས་སུ་དམར། ། ཕགས་པ་དག་ལ་ཟིན་པ་ནི།། ལུས་པོ་སྦྲིད་ལ་སྙམ་བྱེད་དང།། རྐང་ལག་སྦྲིད་པ་མང་བ་དང།། ཤ་ལྤགས་མཚམས་ནས་ཟ་བ་དང།། ཤ་ལྤགས་ན་ཞིང་ཚ་བ་དང།། སེམས་ཅན་འགུལ་སྙམ་བྱེད་པ་དང། ། རོ་སྟོད་ཉ་བཞི་འགུལ་བ་དང།། མིག་ཀོང་གཏིང་ནས་འགུལ་བ་དང།། མཆུ་འགུལ་འཕྲིག་པ་མང་བ་འོང།། ཤ་ལྤགས་མཚམས་སུ་ཞུགས་པ་ཡིན།། རྩ་རྣམས་འཁྱུག་ཅིང་བྲེང་བ་དང། ། ཁྲག་ལུད་མིག་ནི་དམར་བ་དང།། སྣ་ཁྲག་རྒྱུན་དུ་འཛག་པ་དང།། བྱད་ལུས་དམར་ལ་ཐིག་ལེ་འོང།། ལུས་དང་རྐང་ལག་བྲོ་ཞིང་ཚ།། རྨུན་ལོང་བྱད་ལུས་དབུར་ཞིང་སྐྲངས།། དེ་ཡང་ཚ་ཞིང་བྲོ་བར་འོང། ། ན་ཚ་ཡར་འགྲོ་མར་འགྲོ་བྱེད།། སྣ་འགགས་ལུས་ལྕི་བྱད་མི་བདེ།། མི་གཙང་འཁོན་དང་ཐབ་ལ་སྡར།། དེ་ནི་རྩ་ལ་ཞུགས་པའི་རྟགས།། དེ་ལྟར་ནད་ངོས་བཟུང་བྱས་ལ།། ཟིན་པ་གཉན་དང་མི་གཉན་དང། ། གསོ་བ་དཀའ་སླ་ཤེས་པར་བྱ།། སྔོན་གྱི་རྣམ་སྨིན་མ་ཡིན་ན།། སྲུང་བའི་སྦྱོར་བས་སོས་པར་འགྱུར། ཀླུ་ཡིས་ཟིན་པའི་རྟགས་ཀྱི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་རྨི་ལྟས་རིམ་པ་ནི།། གནོད་པའི་རྟགས་རྣམས་བསྟན་པ་ནི།། རྟག་ཏུ་རང་ཤ་ཟ་བ་དང།། ལུས་ལ་ཁྲུས་དག་བྱེད་པ་དང།། རྒྱ་གྲམ་ལམ་ན་ཉལ་བ་དང།། རྒྱ་རུ་འཛུལ་དང་འཕུར་པ་རྣམས། ། ངན་པའི་རྟགས་སུ་ཤེས་པར་བྱ།། གཞན་ཡང་རྟག་ཏུ་ཤ་ཟ་དང།། ཁྱི་ཕག་བྱ་དང་ཉ་སྦྲུལ་དང།། བྱོལ་སོང་རྣམ་པ་སྣ་ཚོགས་དང།། རྟག་ཏུ་མི་གཙང་གོས་ནག་གོན།། ངན་པའི་རྟགས་ཏེ་རིམ་གྲོ་འབད། ། ཡང་ན་བཟང་རྟགས་ངན་རྟགས་དང།། རྣམ་པར་སྨིན་པའི་རྟགས་དང་གསུམ།། དེ་ལ་དང་པོ་བསྒྲུབ་པའི་རྟགས།། བདག་གིས་མཐོང་ཡུལ་ཐོ་ཕྱི་རུ།། ཉ་སྦྲུལ་སྦལ་ལྕོང་ཤི་བ་དང། ། བྱ་ཡིས་གོད་ཤ་ཟ་བ་དང།། བྱ་ཡིས་བདག་གི་བྲག་གཞིབ་དང།། རྒྱ་མཚོ་སྐམ་གནས་འདུག་པ་དང།། དེ་ན་སེམས་ཅན་ཤི་བ་དང།། སེམས་ཅན་ཐམས་ཅད་ཁ་བཅིང་དང།། ལུས་ལས་སྦལ་ལྕོང་འཐོན་པ་དང། ། དེ་རྣམས་བཟང་བའི་རྟགས་བསྟན་ཡིན།། ངན་པའི་རྟགས་རྣམས་བསྟན་པ་ནི།། སྦལ་སྦྲུལ་གློག་ལྟར་འགྱུ་བ་དང།། སྡིག་སྦྲུལ་ཆར་ལྟར་འབབ་པ་དང། ། ཆུ་སྲིན་འབྲུག་ལྟར་སྒྲོག་པ་དང།། སྡིག་སྒྲིབ་སྦྱིན་ལྟར་གཏིབས་པ་དང།། དེ་རྣམས་ངན་པའི་རྟགས་སུ་བསྟན།། རྣམ་པར་སྨིན་པའི་རྟགས་སུ་ནི།། མེ་དཔུང་འབར་བས་གདུང་བ་དང། ། འདམ་རྫབ་ཆེན་པོར་ཚུད་པར་དང།། ཕྱར་ནག་ལུས་ལ་གྱོན་པ་དང།། ཕག་པ་ཞོན་ནས་ས་གཏིང་འགྲོ།། ཕྱར་བ་གོན་ནས་ཆུ་ནང་ཉལ།། འདི་རྣམས་ལས་ཀྱི་རྣམ་སྨིན་ཡིན།། འདུས་བྱས་དགེ་རྩ་དག་ལ་འབད། ། སྲོག་ཚིག་ནན་གྱི་སྔགས་བཟླས་ལ།། འབྱུང་པོ་མི་ཟན་བྱུང་བ་ན།། ཟླ་བ་གཅིག་གིས་འཚོ་བ་ཡིན།། སྦྲུལ་དུ་བྱུང་ན་ཟླ་ཕྱེད་བཟླས།། ཕྱུགས་སུ་བྱུང་ན་ཞག་གསུམ་གདགས། ། ཤ་རོ་བྱ་རྗེས་སྦལ་མིག་དང།། ཤ་འགུལ་རྩ་འཁྱུག་བྱུང་བ་ན།། མི་བཟད་རྫས་སྦྱོར་དེ་ལ་བྱུག། ལྷག་པ་སྐྲངས་པོ་བྱུང་བ་བཞིན།། མི་བཟད་དྲག་པོའི་སྔགས་རྒོད་གདབ།། ནད་ངོས་བཟུང་བ་འདི་ལྟར་རོ། ། དཔྲལ་བར་བྱུང་བ་འཚོ་བ་བུལ།། མིག་དང་ཡན་ལག་གསོ་བ་སླ།། མཁུར་ཚོས་སྙིང་བབས་གསོར་མི་བཏུབ། རྟགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་བསྲུང་བའི་རྫས་བསྟན་པ།། ལྕགས་ཕུར་སེང་ལྡེང་ཕུར་པ་ལ།། སྔགས་བཟླས་ལུས་ལ་བཏགས་པ་དང།། རིང་བསྲེལ་སྤྱི་བོར་གདགས་བྱས་ལ།། དེ་ལ་བྱ་ཁྱུང་བསྐོར་བ་བསྒོམ། ། རུས་སྦལ་ཁོག་པ་མཆན་ཁུང་གཞུག། སྟོབས་ཆེན་མཆེ་བ་གློ་ལ་གདགས།། སྲེག་པའི་རྫས་རྣམས་བསྟན་པ་ནི།། མུ་ཟི་གུ་གུལ་གླ་རྩི་བསྲེག། བཟའ་བའི་རྫས་ནི་ཤ་ཆེན་ལ།། བྱུག་པའི་རྫས་ནི་དྲི་ཆེན་ནོ། ། མཚམས་གཅད་རྫས་ནི་ཐོད་ཆེན་དང།། ཕག་རྒོད་བྱ་ཁྱུང་གཟུགས་ཀྱིས་བྱ།། ལུས་ལ་བཅང་བའི་རྫས་བསྟན་པ།། མུ་ཟི་བཙན་དུག་གླ་རྩི་དང།། སྒོག་སྐྱ་ཁུ་བྱུག་སྤུ་དང་ཤ། གསེར་མ་བཞུ་དང་སྐེ་ཚེ་སྟེ།། དེ་རྣམས་བསྲེལ་ལ་ལུས་ལ་གདགས།། སྙིང་ལ་ཞུགས་པ་ཕག་རིལ་གཏང།། མིག་ལ་བྱུང་ན་གཙང་ཤ་གཏང།། གླ་རྩི་ཤིང་ཀུན་ཤུ་དག་དང།། གུ་གུལ་ཉ་མཁྲིས་མཁྲིས་ཆེན་དང། ། དྲི་ཆེན་ཉུང་དཀར་སྔགས་བཏབ་ལ།། ཆུ་ལ་བཏབ་ལ་ལྟོ་རུ་གཏང།། ནང་ནས་དབྱུང་བའི་ཐབས་ཡིན་ནོ།། དུད་པས་བདུག་པ་བར་ནས་དབྱུང།། ཁྲུས་བྱས་ཕྱི་ནས་དབྱུང་བར་བྱེད། ། ཕྱིས་ནས་མི་ལྡང་བྱ་བའི་ཐབས།། མི་ཐོད་ནང་དུ་བག་ཟན་ལ།། ཀླུ་གཟུགས་བྱས་ལ་ཐེམ་འགག་ནན།། བན་ཆེན་རྔ་བརྡུང་བྱེད་པ་དང།། སྒྲོག་དང་མཐུར་སྟོད་རྨིས་ན་བཟང།། ལྷ་སྲིན་སྡེ་བརྒྱད་ཐུབ་པའི་རྫས། ། སྟག་གི་མཆེ་སྡེར་བཙན་ཐུབ་རྫས།། བྱ་རོག་མགོ་བོ་བདུད་ཐུབ་རྫས།། མུ་ཟི་འབྱུང་པོ་ཐུབ་པའི་རྫས།། སྤྱང་ཁྱིའི་བྲུན་གྱིས་རྒྱལ་པོ་ཐུབ།། གླ་རྩི་གུ་གུལ་ཐེ་རང་ཐུབ། ། ཀླུ་རིགས་བཞི་པོ་ཐུབ་པའི་རྫས།། ཐལ་ཆེན་ཨ་མྲྀ་ཏ་དང་ནི།། མ་ནུ་གསེར་ཚིལ་བྲམ་ཟེ་ཐུབ།། ཕ་བོང་དྲེགས་པས་དམངས་རིགས་ཐུབ།། བ་གླང་ར་གཞོབ་རྗེ་རིགས་ཐུབ།། བཙན་དུག་དང་ནི་སྐེ་ཚེ་དང། ། ཟི་ར་ནག་པོས་རྒྱལ་རིགས་ཐུབ།། རྗེ་རིགས་དབང་པོ་ལག་པ་དང།། རྒྱ་མཚོ་ལྦུ་བ་ཆུ་སྲིན་སྡེར།། ཀཎྜ་ཀ་རིས་ཀླུ་འཁོར་ཐུབ།། སྲུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །།། དེ་ནས་གདུག་པའི་ནང་དབྱེ་བ།། རླུང་ལས་གྱུར་དང་མཁྲིས་པ་དང།། བད་ཀན་ནད་ལས་གྱུར་པ་དང།། འདུས་པ་དག་ལས་གྱུར་པ་དང།། སྲིན་བུའི་ནད་དང་རྣམ་པ་ལྔ། ། རླུང་ལས་གྱུར་པ་སྐྱ་སྦབ་ཤུ་བ་འོང།། མཁྲིས་པ་ལས་གྱུར་དམར་སེང་ཆུ་བུར་འོང།། བད་ཀན་ལས་གྱུར་མཛེ་ནད་ནི།། ཤ་ལྤགས་བེམ་ལ་སྨུག་ནག་འཇིལ།། འདུས་པ་དེ་གསུམ་འདུས་པ་ཡིན། ། ད་ནི་སྲིན་བུའི་ནད་རྣམས་དབྱེ།། ཆུ་རྒྱུས་ཟིན་ན་ཞ་གྲུམ་འཐེང།། རྩ་ལ་ཟིན་ན་ཚ་ཞིང་འཁྲུག། ལྤགས་ལ་ཟིན་ན་སྣ་ཤུ་འོང།། ཤ་ལ་ཟིན་ན་ཕོལ་འབྲས་འོང།། ཁྲག་ལ་ཟིན་ན་སྣ་ཁྲག་འོང། ། གློ་སྙིང་ལ་ཟིན་སྐྱེ་ཡང་འགག། ཀླད་པ་ལ་ཟིན་མགོ་བོ་ན།། ཀླུ་ཡི་ནད་ལ་རྣམ་པ་ལྔ།། ཁ་མིག་སླེ་ཞིང་ཤ་ཡང་སྐམ།། རླུང་དང་སེར་བུའི་སྲན་ཡང་ཆུང།། ས་བདག་དག་ལ་རྣམ་པ་གཉིས། ། ཡན་ལག་རེངས་དང་གཞོགས་སྐམས་སོ།། གཉན་གྱིས་སྐེ་རགས་ག་ཤར་འོང།། རྟགས་དེ་བྱུང་ན་སྨན་བཅོས་བྱ།། དེས་ཀྱང་མ་ཕན་སྔགས་ལ་གཞུག། ནད་རྣམས་བརྟག་པའི་མན་ངག་ནི། ། ཚ་ལ་མེ་དྲོད་འདྲ་ན་ཡིན།། གུ་གུལ་ནག་པོ་རྒྱ་ཚྭ་དང།། ཡུགས་ས་མོ་ཡི་མངལ་ཁྲག་དང།། ས་འོག་ཐལ་བ་བསྲེགས་ལ་བསྐུ།། ཚེར་མ་ཟུག་པ་འདྲ་བ་ན།། ས་དུག་པ་དང་རེ་ལྕག་པ།། ར་མོ་ཤག་གིས་བསྐུ་བར་བྱ། ། ཚ་ཞིང་འབྲུམ་བུ་བྱུང་ན་ངན།། བཙོད་ཁུ་སྤོས་ཀྱིས་བསྐུ་བར་བྱ།། ཀོར་ཚེར་ཟུག་པར་བྱུང་བ་ན།། ར་ལུག་ཐུན་པོའི་རྨང་ཁའི་སྦྲེ།། མེ་ཏོག་ཞེས་བྱའི་རྩ་ཡིས་བྱུག། རྨ་དང་སེར་ག་བྱུང་བ་ན། ། སྤྱང་ཚེར་ཤོག་བུ་ཆོར་ཅན་བྱུག། གུ་གུལ་ར་གཞོབ་ཚ་སྲེག་བསྐུ།། ཉམ་ཆུང་ན་ནི་ཆུ་ཡིས་བཀྲུ།། གླང་ཐབས་བྱུང་ན་སྔགས་ཀྱིས་གདབ།། ཤ་ཁྲག་བྱུང་ན་བུལ་ཆུ་དང།། ཕག་པའི་ཚིལ་བུ་བསྐུ་བར་བྱ། ། དེ་ལྟར་བྱས་ནས་འཚོ་བར་འགྱུར།། སྨན་གྱིས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། ཀླུ་གཉན་ས་བདག་རྟགས་བསྟན་པ།། དང་པོ་ཀླུ་ཡི་རྟགས་རྣམས་ནི། ། ཉ་སྦྲུལ་ཁྱེའུ་ཕོ་མོ་དང།། སྦལ་པ་ལྕོང་མོ་ལ་སོགས་འོང།། ས་བདག་དག་གི་རྟགས་བསྟན་པ།། བ་གླང་མཛོ་དང་འབྲི་དག་དང།། རྟོལ་དང་སྡོམ་སྲིན་དག་ཏུ་འོང།། གཉན་ལ་གླང་དམར་བྲག་ནག་དང། ། མཛེ་ཅན་ཉ་ལྕིབས་གོས་གྱོན་འོང།། ཀླུ་བསེན་བུ་མོ་རལ་པ་ཅན།། ཁྱི་དམར་ཕག་པ་སྲེ་འོ་འོང།། ས་སྲིན་སྡིག་པ་བུད་མེད་དང།། བ་གླང་འཕྱི་བ་བུད་མེད་ནག། ཁྱི་ནག་སྒྲ་སྐད་སྣ་ཚོགས་འདོན། ། རྟགས་དེ་བྱུང་ན་རྟ་མཆོག་བསྒོམ།། ཀླུ་མཆོད་ཀླུ་གཏོར་གཏང་བ་དང།། ཞི་བས་བཅོས་དང་དྲག་པོས་འདུལ།། ཀླུ་གཉན་ས་བདག་ཐུལ་བར་འགྱུར།། ཀླུ་གཉན་དང་ས་བདག་གི་རྟགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །།། དེ་ནས་གསོ་བའི་ལས་བཤད་པ།། སྨྱོ་འབོག་ཆེན་པོ་གསོ་བ་དང།། གློ་བུར་རྐྱེན་དུ་ན་བ་དང།། སྲིན་བུ་གསོ་བ་རྣམ་པ་གསུམ།། རིག་འཛིན་རྒྱལ་པོར་བསྡོངས་པ་དང། ། ཀླུ་དང་རྒྱལ་པོར་བསྡོངས་པ་དང།། བདུད་དང་རྒྱལ་པོར་བསྡོངས་པ་དང།། མ་མོ་རྒྱལ་པོར་བསྡོངས་པ་དང།། ལྕམ་དྲལ་གཉིས་སུ་བསྡོངས་པ་རྣམས།། སྲིད་པའི་ཆེ་འདྲེ་གནོད་པ་དང། ། ཁ་སྨྲས་རྒྱང་མིག་ལྟ་བྱེད་ཅིང།། ངོ་ནག་ཀླུ་དང་རྒྱལ་པོར་བསྡོངས།། ངོ་གནག་སྨྲ་ཉུང་ཁ་ལྐུགས་ན།། ཀླུ་དང་བདུད་དུ་བསྡོངས་པའི་རྟགས།། དགོད་ཅིང་གླུ་ལེན་གྱ་ཚོམ་སྨྲ། ། འབྲོས་ཤིང་འདུག་ཏུ་མི་འདོད་ན།། མ་མོ་རྒྱལ་པོར་བསྡོངས་པའི་རྟགས།། ལག་རྡེབ་མི་ལ་རྒོལ་འདོད་དང།། ངུ་ཞིང་སྨྲ་བར་བྱེད་པ་ནི།། བདུད་དང་རྒྱལ་པོ་བསྡོངས་པའི་རྟགས།། མ་ངེས་སྤྱོད་པ་སྣ་ཚོགས་བྱེད། ། ཁ་སྐམས་གློ་སྙིང་མི་བདེ་ཞིང།། ཅོལ་འབྲུས་སྨྲ་ཞིང་འགྲོ་འདོད་ན།། སྲིད་པའི་ལྕམ་དྲལ་གནོད་པ་ཡིན།། བཅོས་པའི་ཐབས་ཀྱང་འདི་ལྟ་སྟེ།། རིག་འཛིན་སྐོངས་ལ་རྒྱལ་པོ་མཆོད། ། ལུག་པོ་དཀར་པོ་གཉིས་པ་ཡང།། གསོ་བསད་མནན་དང་སྦྱར་བར་བྱ།། སེ་བོ་རྟ་ལ་དཀར་པོ་གཏང།། ཀླུ་དང་རྒྱལ་པོ་བསྡོངས་པའི་ཚེ།། ཁ་བརྒྱ་ལག་བརྒྱའི་ཀླུ་ལ་གཏང།། བྱ་ཕོ་དཀར་པོས་རྒྱལ་པོ་མཆོད། ། ར་དཀར་ལུག་དཀར་གཏའ་རུ་གཟུག། བདུད་དང་རྒྱལ་པོ་བསྡོངས་པའི་ཚེ།། ར་རོག་ནག་པོ་མཁལ་དཀར་དང།། ར་ལྟག་ནག་ལ་ལུག་མིག་གནག། དེ་ནི་རྒྱལ་པོ་ནག་པོ་ཡིན། ། མ་མོ་རྒྱལ་པོ་བསྡོངས་པའི་ཚེ།། བྱ་སྨུག་ལུག་སྨུག་བྱ་རོག་དཀར།། མདའ་འཕང་བྱ་ཡི་ཕོད་ཀྱིས་བརྒྱན།། ལྕམ་དྲལ་གཉིས་སུ་བསྡོངས་པའི་ཚེ།། མི་རྟ་འབྲི་ཡི་སྙིང་གིས་བསྐང།། དེ་ལྟར་གལ་ཏེ་མང་ན་ཡང། ། སྙིང་སྣ་ཁྲག་སྣ་ཚོགས་པ་ཡི།། གཏོར་མ་ཕུད་ཀྱིས་བཅོས་པར་བྱ།། གདོན་ངོས་བཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།། བན་བོན་གཏད་དུ་བཅུག་པ་ཡས། ། མི་ལ་ཀླུ་ཡིས་གནོད་པ་མི།། བཙུན་པ་བཙན་པོ་རྒྱལ་པོ་ཡིན།། བུད་མེད་བྱ་མོ་ནག་མོ་ཡིན།། མི་ནག་རྟ་ནག་བདུད་ཀྱི་ལྟས།། སྐྱེས་པ་གཅན་གཟན་བཙན་གྱི་ལྟས།། སྦལ་སྦྲུལ་བ་གླང་ཁྱི་དང་ཕག། ཀླུ་དང་ས་བདག་ལྟས་སུ་བསྟན།། ཉི་ཟླ་མིག་མང་ལུག་ནི་གཟའ།། བྱིས་པ་སྲན་ཅན་ཐེ་བྲང་ལྟས།། དེ་ལྟར་རྟགས་རྣམས་བྱུང་བའི་ཚེ།། རྒྱལ་པོ་སྔགས་འདིས་བཟློག་པར་བྱ། ། ཨོཾ་རཱ་ཛ་སྟམ་བྷ་ཡ་ཆིངས་ཆིངས་སྭཱ་ཧཱ།། ཀླུ་རྣམས་འདི་ཡིས་བཟློག་པར་བྱ།། ནག་པོ་སོད་ནག་པོ་སོད། ནཱ་ག་འདུས་ནཱ་ག་འདུས། ནཱ་ག་ཆིངས་ནཱ་ག་ཆིངས་སྭཱ་ཧཱ། སྲིན་པོ་འདི་ཡིས་བཟློག་པར་བྱ། ། ཛཱ་ལ་རཀྵ་ཕཊ། མ་མོ་འདི་ཡིས་བཟློག་པར་བྱ།། བྷྱོ་མ་མོར་རཀྴ་མ་མ་ཏྲག་ཏུ་སྭཱ་ཧཱ། བདུད་རྣམས་འདི་ཡིས་བཟློག་པར་བྱ།། ཧཱུ~ཾ་ཏྲི་ཏ་ཡ་ས་མན་ཏ་ལི་ལཾ་བཛྲ་བཾ་རྦད། སྟྭཾ་བྷ་ཡ་མཱ་ར་ཡ་ཛ་ཛ། བཙན་རྣམས་འདི་ཡིས་བཟློག་པར་བྱ།། ཧཱུ~ཾ་བཙན་ཚལ་པ་ཚལ་པ་ཤག་ཤག་ཧཱུ~ཾ་ཕཊ། ཐེ་བྲང་འདི་ཡིས་བཟློག་པར་བྱ།། ཏྲི་དུཾ་སུ་ཏྲི་དུཾ་བུ་ཐེ་བྲང་མཱ་ར་ཡ་ཛ་ཛ། གཟའ་རྣམས་འདི་ཡིས་བཟློག་པར་བྱ། ། ཨོཾ་རཱ་ཧུ་ལ་སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། མཱ་ར་ཡ་མཱ་ར་ཡ། ཛ་ཛ་རྦད་སྭཱ་ཧཱ། སྡེ་བརྒྱད་གནད་ལ་བོར་བའི་སྔགས།། གཏན་རྣམས་ཐམས་ཅད་བཟློག་པ་ཡིན།། ལྷ་སྲིན་སྡེ་བརྒྱད་གནད་ལ་དབབ་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། །།། ནཱ་ག་ཀླུ་འདུལ་རྒྱུད་ལས་ནི།། ཀླུ་ཡི་ཐོགས་སེར་དབབ་པ་བསྟན།། མོན་ནག་རབས་ཆད་ཐོད་པའམ།། མཛེ་པོའི་ཐོད་པའི་ནང་དུ་ནི།། མི་ར་ཁྱི་གསུམ་ཁྲག་དང་ནི། ། ཉུང་དཀར་ཡུངས་ནག་ཐལ་ཆེན་དང།། ར་དུག་སྤྱང་དུག་ལ་སོགས་ལ།། དགྲ་ཡི་ལོ་ཐོག་སྣ་ཚོགས་སྩལ།། ཐོད་པའི་ཕྱི་རོལ་ཁྲག་གིས་བྱུག། སེང་ལྡེང་ཕུར་པ་སོར་བརྒྱད་ལ།། ཐོགས་སེར་དབབ་པ་འདི་ཡིས་བསྒྲུབ། ། བདག་ཉིད་རྟ་མཆོག་སྐུར་བསྒོམ་བཟླས།། ན་མོ་བྷུདྡྷ་ཡ། ཨོཾ་བཛྲཀཱི་ལི་ཀཱི་ལ་ཡ། ཙན་དྷ་མི་རི་ལི། ཙན་དྷ་ཙན་དྷ། ཙན་དྷེ་ཙན་དྷེ། ནཱ་ག་བྷན་དྷ་བྷན་དྷ། བྷན་དྷ་ཡ་བྷན་དྷ་ཡ། ཕཊ་ཕཊ། ཐོད་པ་ཕུར་པ་དག་ལ་སྔགས།། ཀླུ་གནས་ཡུལ་ལྷའི་རྟེན་ལ་སྦ།། ཡུལ་ལྷ་བསྐྲད་པའི་སྔགས་འདིའོ།། ཧཱུ~ཾ་བཛྲ་དེ་བ་ཏད་ད་གུ་ཧྱ་ཏད་དེ་ཕཊ། རོལ་པ་ཡོ་ཀཱི་བྷྱོ།། ནཱ་མ་ཉུང་ཉུང། སྤྲིན་སྡུད་པའི་སྔགས་ཡིན་ནོ།། པ་ར་ཏྲད་ཏྲ་ཧུ་ཡ་ཧུ་ཡ། འབྲུག་བཏང་བའི་སྔགས་འདི་ཡིན་ནོ།། མཱ་ཏི་ཧཱི་ལ་ཕུ་ཕུ་ཏི། ཨེ་ནཱ་ག་ནཱ་ག་གྷོ་ལ། དྲག་པོ་ཐུན་ཁྲག་ཕོབ། བུ་ཏ་པྲ་ཏ་ཡ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། བྷ་རེ་ཤ་ཡ་བྷ་རི་ཤ་ཡ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ནཱ་ག་ནཱ་ག་དྲག་པོ་ཕོབ། སེར་སྤྲིན་བྱུང་ནས་སེར་བ་བྱུང་བ་ན། ནཱ་ག་ནཱ་ག་མགོ་ལ་ཐོག་ཕོབ། རེ་མ་རཀྴ་ཤག། ཨེ་མ་དུ་སྤྲིན་ཐོག་རྒྱོབ། ། ཨི་མ་ཀ་ཙ་ལ་ཕྲོམ་ཤིག། དུ་མ་སྤྲིན་ཐོག་རྒྱོབ།། ཐུན་ཕྲོམ་འུར་འུར་ཆེམ་ཆེམ། ལོ་ཐོག་སྣ་ཚོགས་རང་ལ་ཆེམ། ལྷོགས་ལྷོགས་ཞེས།། གོང་གི་ཁྲག་ལ་སྔགས་ལ་གཏོར། ། ཡུལ་ཞིང་ཇི་ཙམ་འདོད་པ་བསྐོར།། གཏའ་ནི་མ་ཕྱུང་བར་དུ་འོང།། ཐོད་པ་ཕུར་པ་སྔགས་བཅས་སྦ།། ཀླུ་ཡོད་གནས་ནི་འཕྲོག་པར་བྱེད།། ཐོག་དང་སེར་བ་གདོན་མི་ཟ།། གལ་ཏེ་དེས་ཀྱང་མ་ཕེབས་ན། ། རྟ་མཆོག་རྒྱལ་པོའི་སྐུར་བསྒོམས་ལ།། སེང་ལྡེང་ཕུར་པས་སྦལ་པ་གཟེར།། དགུན་ཡང་ཐོག་དང་སེར་བ་འོང།། སེར་བ་དབབ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།། ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། ། ཐུན་མོང་ཁྱད་པར་ཟབ་པ་ཡི།། ཆར་པ་དབབ་པའི་ཆོ་ག་བཤད།། དེ་ལ་ལུགས་ནི་གཉིས་ཡོད་དེ།། ཞི་བས་བསླང་དང་དྲག་པོས་དབབ།། འདི་ནི་ཞི་བའི་དབབ་ལུགས་ཏེ། ། དཀར་གསུམ་མངར་གསུམ་བག་ཕྱེ་ལ།། རིལ་བུ་བརྒྱ་དང་རྩ་བརྒྱད་བྱ།། གསེར་རམ་དངུལ་གྱི་སྣོད་དུ་བླུགས།། བ་ཡི་རྣམ་ལྔས་མཎྜལ་བྱ།། དེ་ནས་བཟླས་པའི་སྔགས་ལ་ཞུགས།། རིལ་བུ་རེ་ལ་བརྒྱ་རྩ་བརྒྱད། ། སྔགས་གྲངས་ཐེམ་པར་གྱུར་པ་དང།། གང་ཡོད་ཆུ་མིག་ནང་དུ་བླུགས།། སྔགས་གྲངས་ཐེམས་ན་གདོན་མི་ཟ།། ཨོཾ་ནཱ་ག་ཀ་ལ་ཧཱུ~ཾ། ནཱ་ག་ལེ་ཡེ། དུམ་པ་ལེ་ལེ། ནཱ་ག་རཱ་ཛ་ཧཱུ~ཾ་ཕཊ། ཀླུ་མཆོད་ཀླུ་གཏོང་གཏང་བར་བྱ།། འདིས་ནི་མི་ཕེབས་མི་སྲིད་དོ།། ཇི་སྲིད་དེས་ཀྱང་མ་ཕེབས་ན།། དྲག་པོའི་ལས་འདི་བྱ་བར་གསུངས།། མཚན་ངན་ཐོད་པའི་ནང་དག་ཏུ།། སྙིང་སྣ་ཤ་སྣས་བཀང་སྟེ་བསྒྲུབ། ། ཨོཾ་གྷུ་ལི་གྷུ་ལི། བྷ་ར་ཤ་ཡ་བྷ་ར་ཤ་ཡ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཧོ་ཧོ་ཧོ། ཕཊ་ཕཊ་ཕཊ་སྭཱ་ཧཱ། སྦོགས་པའོ།། བདག་ཉིད་རྟ་མགྲིན་སྐུར་བསྒོམས་ལ།། དབང་དུ་སྡུད་པའི་སྔགས་འདི་བཟླས། ། ཐུཾ་ཐུཾ་ཆེམ་ཆེམ། བཛྲ་ཁ་ཕྱིར་ཆད། འཁྲུག་བསྐུར་སྔགས་ཀྱང་འདི་ཡིན་ཏེ། ཨོཾ་ཏྲི་ཤི་ཞིམ་གྱི་ཚི་བར་ན་ལེ། བི་ཤ་པ་ཙ་པ་ཙ་ཧཱུ~ཾ་ཕཊ། སྤྲིན་བསྡུ་བའི་སྔགས་འདི་བཟླས། ན་མོ་བྷ་ག་ཝ་ཏེ། བག་ཏི་རད་ན་ཡ། ཏདྱ་ཐཱ། ཨ་ན་ལེ་བའི་ཤད་དྷེ། བེ་ར་བ་ར་དཾ་དཾ་ཐིབས་ཐིབས་སྭཱ་ཧཱ།། རྣམ་ཅིག་སྔགས་ནི་འདི་ཡིན་ཏེ། ཧཱུ~ཾ་ཧཱུ~ཾ་སབ་སབ། ཧཱུ~ཾ་སིབ་སིབ། རླུང་གཏོང་སྔགས་ནི་འདི་ཡིན་ནོ།། ཆར་པ་ཡ་ཆར་པ་ཡ། ཏི་ཏི་ལ་ནན། དེ་ལྟར་ལས་རྣམས་རྫོགས་པ་དང།། སྔགས་བཟླས་དབང་སྡུད་ཏིང་འཛིན་བསར།། ཀླུ་རྣམས་འདར་ནས་ཆར་འབེབས་ཤིང།། རྟ་མགྲིན་བཀའ་ལས་མི་འདའ་བར། ། ཅི་བཅོལ་ལས་རྣམས་བྱེད་པར་འགྱུར།། ཆར་དབབ་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།།།། ནཱ་ག་ཀླུ་འདུལ་རྒྱུད་ལས་ནི།། སེར་བ་བཟློག་པའི་ལས་རིམ་ནི།། སེར་གཏའ་ཡས་སྟགས་འདི་ལྟ་སྟེ། ། ལྕི་བ་གཡར་སྐྱེ་རྒོད་ལ་སྟེར།། མཚོ་ཆུར་འབྲིང་མར་གཉན་འདུ་དང།། ངང་པའི་སྒོ་ང་ལན་ཚྭ་མཁལ།། ཉུང་དཀར་ཉུང་ནག་བྲ་ཡོས་དང།། ཁམ་བླུག་གསར་པའི་ནང་དུ་ནི། ། འབྲུ་སྣ་རིན་ཆེན་ལྔ་ཡང་བསག། ལ་རྫས་སྣ་ཚོགས་དཀར་སྣ་ཚོགས།། མར་ཕུད་ཞོ་ཕུད་སྦྲུལ་གྱི་ཤ། སྤྱང་ཁུས་ལ་ཐུད་ཉ་རི་རབ།། བ་ལུས་ལོ་མ་འབྲུམ་བུ་དང།། ཆང་ཕུང་ཁམ་བླུག་ནང་དུ་སྩལ། ། དབུས་ཀྱི་ཐོ་ཡི་ནང་དུ་གཞག། ཡུལ་ཁམས་མེ་དཔུང་འབར་བར་བསྒོམ།། མེ་ཡི་དཀྱིལ་འཁོར་བསྒོམས་ལ་བཞག། ཤ་ཤ་ཤུ་ཤུ་རི་བོའི་རྩ་ནོན།། རཾ་རཾ་འུར་འུར། འབྲུག་གི་སྒང་རི་ལི་ལི། ཕཊ་ཕཊ། ཤིག་ཤིག་སྭཱ་ཧཱ། གཏའ་ཡི་ཕྱོགས་བཞིར་བག་ཟན་སྐྱུ་བཞི་རུ།། ཉུང་དཀར་འབྲུ་བདུན་མི་སྐྱེའི་ཐལ་ཆེན་བླུག། ཏདྱ་ཐཱ། ཀུ་ལུ་ཀུ་ལུ་ཤ་ཤ་ཀུ་ལུ། ཀ་རུ་བྱི་ཏ་རུ། གཏའ་ལ་འཐའོ་ཞེས་བྱས་ལ་སྦའོ། ། ཞག་གསུམ་ལོ་གནས་སྐྱུ་ཚོ་བལྟ།། གས་ན་ཕུད་གཏང་བཟླས་པ་བསྐྱར།། མ་གས་བཟང་སྟེ་ཐུབ་པའོ།། ཡང་ན་ཤོག་ཐུམ་བྱས་ནས་ནི།། ཕྱོགས་བཞིར་ཡས་སྟགས་གོང་མ་སྩལ། ། ཤར་གྱི་ཤོག་ཐུམ་སྔགས་འདིའོ།། ཤཱཀྱ་རྩ་དུར་ཞིལ་ཞིལ།། དུ་རུ་དུ་རུ་ཞིལ་ཞིལ། གཉན་སེར་བཟློག་པའི་སྔགས་འདིའོ།། ཏདྱ་ཐཱ། ག་ཏོ་ཙག་ཏོ་ཕཊ་ཕཊ། ཚལ་ཚལ། ཀླུ་སེར་བཟློག་པའི་སྔགས་འདིའོ། ། བྱ་དང་བཀྲ་མ་ཞིལ་ཞིལ།། གཟའ་སེར་བསྲུང་བའི་སྔགས་འདིའོ།། དུ་རུ་དུ་རུ་ཤིག་ཤིག། བཙན་གྱི་སེར་བ་བསྲུང་བ་ནི། དུ་རུ་དུ་རུ་རཾ། གནམ་ལྕགས་བསྲུང་བའི་སྔགས་འདིའོ། ། དུ་རུ་དུ་རུ་པ་ཀ་རཾ། དུ་རུ་དུ་རུ་ན་བྱིར་ཙ་ར་དྷི་ཏྲི་ན།། ལན་བདུན་བཟླས་ལ་ཤོག་ཐུམ་གདགས།། སེར་བ་བསྲུང་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།།།། ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། ། གདུག་པ་ཀླུ་ཡི་གཏད་ཁྲམ་འདི།། གྲོ་གའམ་ཤོག་བུ་རས་དག་ལ།། དམིགས་པའི་ལིངྒ་བྲིས་བྱས་ལ།། རིགས་བཞིའི་སྦལ་པས་ལུས་བཟུང་བྲི།། ལ་ཆའི་སྦལ་པར་གཞུག་པར་བྱ།། ཡང་ན་གསོན་མའི་ཁ་རུ་བཙང། ། སྔོན་དམར་སྐུད་པས་ཁ་བཅོམས་ལ།། དྲག་སྔགས་འདི་ཡིས་བསྒྲུབ་པར་བྱ།། ཨོཾ་ནཱ་ག་རཱ་ཛ་ས་མ་ཡ། ནག་པོ་ཙི་ཏ་ས་མ་ཡ་ཛ། ཨོཾ་ནག་པོ་ཙིཏྟ་མཱ་ར་ཡ་ཁྲག་ཏི་མཱ་ར་ཡ་རྒྱས། ། ཙིཏྟ་ཙིཏྟ་མཱ་ར་ཡ། ཨོཾ་ནཱ་ག་ཤིག་མཱ་ར་ཡ་སྭཱ་ཧཱ། རྟགས་ནི་སྦལ་པ་མང་པོ་དང།། སྦྲུལ་ལྕོང་ལ་སོགས་འདེད་པ་རྨིས།། སྦལ་པ་དངོས་སུ་འོང་བར་འགྱུར།། དེ་ནས་ཀླུ་ཡོད་ས་རུ་གཏད།། སྦལ་པ་གསོན་མའི་གཏད་བྱེད་ན། ། ཀླུ་ཡོད་ས་ནས་སྦལ་པ་བཟུང།། ལིངྒ་གྲོ་ག་དག་ལ་བྲི།། འོ་མའི་ནང་དུ་རུ་རྟ་བརྡར།། ཞུ་མཁན་ཕྱེ་མ་བླུགས་བྱས་ཏེ།། ཞག་བདུན་པར་དུ་སྦལ་པ་གསོ།། དྲག་སྔགས་བཟླ་ཤིང་བསྒྲུབ་པ་བྱ། ། གྲུབ་རྟགས་སྦལ་པ་ཆེ་རུ་འགྲོ།། དེ་ཚེ་ལིངྒ་ཁ་རུ་བརྫང།། སྔོན་དམར་སྐུད་པས་ཁ་བཅིངས་ལ།། དགྲ་ཡི་འགྲམ་རྩར་དོང་བྲུས་སྦ།། ཡང་ན་ཀླུ་ཡོད་དེ་རུ་བསྐྱལ། ། ཟླ་བ་གཅིག་ན་ཁ་ཕུང་འཆི།། ཟླ་གཤེད་ནག་པོ་ཞེས་ཀྱང་གྲགས།། འདི་ལས་ལྷག་པའི་གཏད་གཞན་མེད།། ལོག་རྡུག་འཁྱམས་པ་འདི་ལ་མེད།། དགྲ་ལ་བཙན་ལ་རང་ལ་ཤིས།། དྲག་སྔགས་གནད་དང་ལྡན་པ་འདི། ། རྟ་མགྲིན་བསྙེན་པ་སྔོན་སོང་བས།། ལས་འདི་ཡིས་ནི་འགྲུབ་ཅེས་བསྟན།། དགྲ་བོ་ཀླུ་ལ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།།།། ནཱ་ག་ཀླུ་འདུལ་རྒྱུད་ལས་སུ། ། ཙི་ཙི་ཛྭ་ལ་གསོ་བའི་ཕྱིར།། ཞི་བ་ཀླུ་བསྒྲུབ་ཆོ་ག་བཤད།། ཟངས་སམ་ལྕགས་སམ་འཁར་གཞོང་ནང།། རོ་སྟོད་མི་ལ་རོ་སྨད་སྦྲུལ།། དེ་ལྟ་བུ་ཡི་ཀླུ་གཟུགས་བརྒྱད།། མཛོ་དང་རྟོལ་ཡང་བརྒྱད་བརྒྱད་བྱ། ། སྦལ་པ་ཉ་ལྕོང་རྟ་དང་གླང།། དེ་རྣམས་དཀར་སེར་དམར་ནག་བཞི།། སྡིག་པ་འབུ་སྲིན་གཉིས་གཉིས་བྱ།། གཉན་དང་ས་བདག་ཁྲ་བོར་བྱ།། ཀླུ་ཆེན་བརྒྱད་ནི་སེར་པོར་བྱ། ། བུམ་པར་བ་དམར་ར་དཀར་གྱི།། འོ་མ་དཀར་གསུམ་མངར་གསུམ་དང།། ཀླུ་སྨན་སྣ་ཚོགས་བླུག་པར་བྱ།། དེ་ནས་བདག་ཉིད་རྟ་མགྲིན་བསྒོམ།། ཐུགས་ལས་ཕུཿནི་མང་པོ་འཕྲོས། ། གཟུགས་བརྙན་རེ་ལ་ཕུཿརེ་ཕོག། མ་ཧཱ་ནཱ་ག་ཞེས་བརྗོད་པས།། ཀླུ་རིགས་བཞི་པོ་གང་ཡིན་པ།། དེ་རང་དངོས་སུ་གྱུར་པར་བསྒོམ།། ཀླུ་རྣམས་ཅི་བྱ་ཟེར་བར་བསྒོམ།། བྲན་དང་ཁོལ་བོའི་ཚུལ་གྱིས་ཤིག། ནད་འདི་ཐང་ལ་གླུད་འདི་ལོངས།། ཞེས་བྱའོ།། ཀླུ་ཆེན་པོ་བརྒྱད་འབོད་པ།། ཧཱུ~ཾ་ནཱ་ག་རཱ་ཛ་ས་མཱ་ཛ། ཞེས་སྟོང་བཟླས། ཀླུ་གཉན་ས་བདག་ཀུན་གྱི་སྙིང་པོ་བཟླས། ཨོཾ་ནཱ་ག་ཤཾ་ཁ་པཱ་ལ་ནི་ཛ། ཨོཾ་ནཱ་ག་པདྨ་ནི་ཛ། ཨོཾ་བ་ཡེ་བེ་རུ་ཕུ་ནི་ཛ། ཅེས་བརྗོད་དོ།། ཨོཾ་ནཱ་ག་པཱུ་ཛ་ཨ་མྲྀ་ཏ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱི་ཧི། ཧི་ཧི་སརྦ་སྭཱ་ཧཱ། བདུད་རྩི་བླུགས་ལ་དབུལ་བར་བྱ།། ནུབ་གཏོར་ཉི་མ་ཕྱེད་ནས་གཏང། ། ཉི་མ་བཟང་བའི་དུས་དག་ནི།། ཟླ་བ་ཀུན་གྱི་ཚེས་བརྒྱད་ལ།། ཀླུ་རྣམས་ཁྲུས་བྱེད་ཁྲུས་ཆོག་བྱ།། ཉ་ལ་ཀླུ་རྣམས་མི་འདུ་བ།། བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ།། དེས་ན་ཞག་བདུན་བཅུ་བཞི་ཉི་ཤུ་གཅིག། གང་བསྒྲུབ་སྒྲུབ་པ་ཐོན་པ་དང།། ཡས་སྟགས་གནོད་པའི་ས་རུ་བསྐྱལ།། ཙི་ཙི་ཛྭ་ལ་བྱུང་བ་ཡང།། སོས་པར་འགྱུར་བ་ཐེ་ཚོམ་མེད།། ཀླུ་བསྒྲུབ་ཀྱིས་གསོ་བའི་ལེའུ་སྟེ་སུམ་ཅུ་པའོ། །།། ཀླུ་གཏའ་སྡོམ་པའི་རིམ་པ་ནི།། གང་གནོད་པ་ཡི་སར་སོང་ལ།། དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་བྲི།། ཚོན་རྩིས་ལེགས་པར་བསྒྱུར་བྱས་ལ།། གསེར་དངུལ་ཟངས་ལྕགས་གཡུ་ལ་སོགས། ། རིན་པོ་ཆེ་དང་འབྲུ་རྣམས་བསྡུས།། འཁོར་ལོའི་རྩིབས་དང་དབུས་སུ་ནི།། ནཱ་ག་རཱ་ཛ་ས་མ་ཡ་ཛ།། ཞེས་དགོད་དེ་ལྟའི་འཁོར་ལོ་དེ།། ཁམ་སའི་གའུ་གྲུ་བཞི་པ། ། གཞལ་ཡས་ཚུལ་དུ་བྱས་ལ་གཞུག། ལྷ་བཤོས་པད་འདབ་བརྒྱད་པས་མཆོད།། དེ་ནས་གནོད་པའི་ཀླུ་དེ་ཡང།། ཀླུ་སྨན་ཀླུ་གཟུགས་བཅས་པས་མཆོད།། རིན་ཆེན་ནོར་གྱིས་གང་བར་བསམ། ། ཀླུ་ཡི་འདོད་པ་བྱུང་བར་བསམ།། དུས་འདི་ཚུན་ཆད་གནོད་པ་རྣམས།། མ་བྱེད་ཅེས་པའི་བཀའ་ཡང་བསྒོ།། གནོད་པའི་སྦྱོར་བ་ཞི་བར་འགྱུར།། ཀླུ་གཏའ་སྡོམ་པའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ། །།། ཀླུ་གཏེར་སྦས་པའི་ཐབས་བསྟན་པ།། ཟངས་ལ་གླང་བུ་དམར་པོ་བྱ།། གསེར་དངུལ་ཟངས་ལྕགས་བྱི་རུ་གཡུ།། དེ་རྣམས་གླང་བུའི་ཁོག་བར་གཞུག། ཀླུ་སྨན་སྣ་ཚོགས་རྙེད་ཚང་བླུག། ཡང་ན་བག་ཙན་དག་ལ་བྱ།། ཁོག་པར་བ་ར་དཀར་མོ་ཡི།། འོ་མར་ཀླུ་སྨན་བཏབ་ལ་བླུག། བླུ་གུ་གསང་བར་གླང་བུ་བཞག། གཏའ་ལ་མ་ཐ་གཉན་ལ་ཐ།། མི་ཟ་ཡུན་གྱི་གཏེར་མཛོད་ཅིག། ཅེས་པ་བྲིས་ལ་གཞུག་པར་བྱ།། དེ་ནས་གནོད་པའི་སར་སོང་ལ།། ཀླུ་གཏོར་གཏང་ཞིང་བདེན་པར་བརྡར།། མ་གནོད་ཅིག་པའི་བཀའ་ཡང་བསྒོ།། གླང་བུ་རྫེའུ་གནས་སར་སྦ། ། གནོད་པའི་སྦྱོར་བ་རྒྱུན་འཆད་འགྱུར།། ཀླུ་གཏེར་གཞུག་པའི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།།།། ཀླུ་རྟེན་སྤོ་པའི་ཐབས་བསྟན་པ།། ཤིང་དང་ནེའུ་ཆུ་མིག་ཡོད།། དེ་ལྟ་བུ་ཡི་གནས་དག་ཏུ། ། དཀྱིལ་འཁོར་པདྨ་འདབ་བརྒྱད་བཞེངས།། ཀླུ་དེའི་གཞལ་ཡས་ཁང་དུ་བསམ།། སྨན་དང་འབྲུ་དང་སྤོས་རྣམས་དང།། དེ་དག་སྦྱར་བའི་གཏོར་མ་བཤམ།། ཟངས་ཀྱི་གླ་བུར་རིན་ཆེན་སྣ་ཚོགས་བླུགས། ། ཧཱུ~ཾ་ནཱའ་ག་ས་མ་ཡ་ཛ། ནཱའ་ག་ཨུ་ཙ་ཏ་ཡ་ཕཊ། ཅེས་པ་ཞག་གཅིག་ཞག་གསུམ་བཟླས།། དེ་ནས་དཀྱིལ་འཁོར་བསྡུ་བ་དང།། རྫས་དང་གཏོ་མར་བཅས་པ་རྣམས།། རྩི་ཤིང་ཆུ་མིག་ཅན་དུ་བསྐྱལ། ། དེས་ནི་ཀླུ་རྣམས་དེ་རུ་འགྲོ།། རང་ལ་གནོད་པར་མི་འགྱུར་ཏེ།། སྤོ་སའི་ས་གཞི་གང་ཡིན་ཏེ།། གཞལ་ཡས་ཁང་དུ་བསམ་པར་བྱ།། ཀླུ་དེ་སྤོ་བར་ཐེ་ཚོམ་མེད།། ཀླུ་རྟེན་སྤོ་བའི་ལེའུ་སྟེ་སུམ་ཅུ་གསུམ་པའོ། །།། ཀླུ་ཡི་བྱད་དགྲོལ་ཐབས་བསྟན་པ།། ཀླུ་ཡི་བྱད་དུ་ཚུད་པ་ན།། ཞ་དང་གྲུམ་དང་འགྲོ་མི་ཤེས།། དེ་ལ་བྱད་འགྲོལ་ཆོ་ག་བྱ།། ནད་པའི་ཡན་ལག་ཚོན་སྐུད་དཀྲི། ། དཀྱིལ་འཁོར་པདྨ་འདབ་བརྒྱད་བྲི།། ཀླུ་བརྒྱད་ཀླུ་མོ་བརྒྱད་རྣམས་དང།། རིགས་བཞིའི་གཉན་དང་ས་བདག་གནོད།། ཀླུ་གཏོར་ཀླུ་སྨན་རྫས་ཀྱི་མཆོད།། སྔགས་འདི་བརྗོད་ཅིང་མཆོད་པ་དབུལ། ། ཧཱུ~ཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ། ཤིག་ཤིག་ཁྲོལ་ཁྲོལ། ཆོད་ཆོད། བྱད་ཁྲོལ་ཞེས་བཟླས།། རང་ཉིད་རྟ་མགྲིན་ཏིང་འཛིན་བསྒོམ།། ཀླུ་ཡི་བྱད་དེ་བཅད་པར་བསམ།། ནཱའ་ག་རཱ་ཛ་ཆོད་ཁྲོལ་ཞེས་བྱས་ལ། ། གྲི་ཡི་ཚོན་སྐུད་གཅད་པར་བྱ།། ཚོན་སྐུད་གཏོར་མའི་ནང་དུ་གཞུག། ཀླུ་ཡི་ས་རུ་གཏོར་མ་ཡི།། ཡས་སྟགས་དཀྱིལ་འཁོར་ས་ཚོན་བསྐྱལ།། བྱད་དུ་བཅུག་པ་གྲོལ་བར་འགྱུར། ། བྱད་དགྲོལ་བའི་ལེའུ་སྟེ་སུམ་ཅུ་བཞི་པའོ།།།། ཀླུ་རྣམས་དབང་དུ་སྡུད་པ་དང།། མཆོད་ཅིང་ཕྲིན་ལས་བཅོལ་བ་ནི།། ཧཱུ~ཾ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་འདིར།། ཆུ་སྲིན་གཞལ་ཡས་བྱ་ཁྱུང་བླ་རེ་ནི། ། པདྨ་ཉི་མའི་གདན་ལ་གསལ་བཞུགས་པ།། དབང་གི་རྒྱལ་པོ་ཁྲོ་རྒྱལ་རྟ་མགྲིན་དཔལ།། སྐུ་མདོག་དམར་ནག་ཆགས་མེད་པདྨ་འདྲ།། ཞལ་ཅིག་ཕྱག་གཉིས་ཞབས་གཉིས་བརྐྱང་བསྐུམ་བགྲད། ། ཕྱག་མཚན་མཚོན་ཆས་དྲེགས་པ་མ་ལུས་འཇོམས།། མགུར་ཆུ་དཀར་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི།། རྒྱལ་རིགས་ཀླུ་རྣམས་དབང་དུ་སྡུད་པའི་རྟགས།། དབུ་རྒྱན་དམར་ཁྲའི་སྦྲུལ་གྱིས་བརྒྱན་པ་འདི། ། བྲམ་ཟེའི་ཀླུ་རྣམས་དབང་དུ་སྡུད་པའི་རྟགས།། ཕྱག་གདུབ་སེར་ཁྲའི་སྦྲུལ་གྱིས་བརྒྱན་པ་འདི།། རྗེ་རིགས་ཀླུ་རྣམས་དབང་དུ་སྡུད་པའི་རྟགས།། སྐུ་རེགས་དམར་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི། ། གདོལ་པའི་ཀླུ་རྣམས་དབང་དུ་སྡུད་པའི་རྟགས།། ཞབས་གདུབ་ཁྲ་ནག་སྦྲུལ་གྱིས་བརྒྱན་པ་ནི།། དམངས་རིགས་ཀླུ་རྣམས་དབང་དུ་སྡུད་པའི་རྟགས།། ཀླུ་རིགས་ལྔ་ཡི་རལ་པ་སྦྲུལ་འཁྲིལ་པ། ། ཀླུ་རིགས་ཐམས་ཅད་དབང་དུ་སྡུད་པའི་རྟགས།། ཐུགས་ཀྱི་དཀྱིལ་ནས་བྱ་ཁྱུང་མང་པོ་འགྱེད།། ཕྲག་པ་གཉིས་ནས་བྱ་ཁྱུང་གཟན་ལ་འགྱེད།། བཀའ་ལས་འདའ་བྱེད་ཀླུ་རྣམས་ཟས་སུ་ཟ། ། ཀླུ་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད།། དབུ་ཡི་གཙུག་ན་རྟ་མགོ་རྒྱང་ཐོན་པ།། ལྗང་གུ་ལྷང་ལྷང་ཙེར་ཙེར་ཕྱོགས་བཅུར་སྒྲོགས།། ཆོས་སྟོན་མཆོག་རྩོལ་མ་ཚོགས་དབང་དུ་སྡུད། ། སྙན་ནས་འབྲུག་སྒྲོགས་དྲག་པོས་ཐམས་ཅད་བརྒྱལ།། སྤྱན་ནས་མེ་འབར་ཁམས་གསུམ་སྲེག་པར་བྱེད།། ཤངས་ནས་འཐོར་བའི་རླུང་གིས་སྟོང་གསུམ་འགེངས།། ཞལ་ནས་རྔམ་པའི་དུག་ཕྱུང་ཉོན་མོངས་སྒྲོལ། ། རྔོག་མ་ལེ་བརྒན་སྲིད་གསུམ་ཐལ་བར་རློག། དཔྲལ་བ་ཞུར་པོ་དགྱེས་པའི་མདངས་སུ་ཆེ།། དབང་བདག་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད།། འདོད་པའི་ཡོན་ཏན་ལྔ་ཡི་མཆོད་འབུལ་བཞེས། ། ཡུན་གྱི་ལྷར་གྱུར་མཆོག་ཁྱེད་བསྒྲུབ་པ་ན།། བདག་ལ་བསྲུང་བའི་ལས་དང་ཆོ་ག་མཛོད།། ཀླུ་རྣམས་བཀའ་བཞིན་བྱེད་དང་གནོད་པ་སེལ།། བཅོལ་པའི་འབྲས་བུ་དུས་འདིར་སྩལ་དུ་གསོལ། ། ང་ནི་དཔའ་བོ་རྟ་མགྲིན་རྒྱལ་པོ་སྟེ།། ཀླུ་རྒྱལ་གདན་སྟེང་ཀླུ་བྲན་ཟས་སུ་ཟ།། ཀླུ་རྣམས་ང་ཡི་བཀའ་ལས་མ་འདའ་ཅིག། ཀླུ་རྣམས་ང་ཡི་བཀའ་ལས་འདའ་གྱུར་ན། ། མགོ་ལུས་ཡན་ལག་འཚིག་པར་འགྱུར་བ་དང།། ཀླུ་ཡི་གནས་རིས་བརླག་པར་འགྱུར་ཏ་རེ།། ཨོཾ་ཤྲཱི་པདྨནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧཱུ~ཾ། ཧ་ཡ་གྲཱི་ཝ་ཧྲིཾ་ཧྲིཾ། ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་བཛྲ་པ་ཏི་ས་མ་ཡ་ཛ། ཞེས་ཀླུ་རྣམས་བདག་གི་དབང་དུ་འགྱུར་བ་དང་བྲན་དུ་འགྱུར་རོ།། དཔལ་རྟ་མགྲིན་ལ་བསྟོད་ཅིང།། ཀླུ་དབང་དུ་བསྡུ་བའི་ལེའུ་སྟེ་སུམ་ཅུ་ལྔ་པའོ།།།། ཀླུ་རྣམས་མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། ཀྱེ་ཀྱེ་ཚུར་སྤྱོན་ཚུར་སྤྱོན་ཕྲིན་ལས་མཛོད།། ཀླུ་རྒྱལ་ཁྱེད་ཀྱི་ཞལ་ཟས་འདི་ན་མཆིས།། བརྩེ་ཞིང་གདུང་ཕྱིར་གཤེགས་སུ་གསོལ།། བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། ། ཀ་ར་བུ་རམ་མངར་གྱི་བཅུད།། ཁྱེད་ཀྱི་ལོངས་སྤྱོད་འདི་ན་མཆིས།། ཀླུ་གཉན་ཕོ་མོ་འདི་བཞེས་ལ།། བཅོལ་པའི་ལས་རྣམས་འགྲུབ་པར་མཛོད།། ཚུར་སྤྱོན་ཚུར་གཤེགས་ཀླུ་རྒྱལ་རྣམས། ། ནཱའ་ག་གེ་སར་ནཱའ་ག་པུ་ཥྤ་དང།། རྒྱ་མཚོ་ལྦུ་བ་ཨུཏྤ་ལ།། དབང་ལག་ཆུ་སྲིན་སྡེར་མོ་རྣམས།། ཀླུ་རྒྱལ་ཁྱེད་ལ་མཆོད་པར་འབུལ།། བཅོལ་བའི་ལས་རྣམས་འགྲུབ་པར་མཛོད།། ཚུར་བྱོན་ཚུར་བྱོན་ཀླུ་ཚོགས་རྣམས། ། རིན་ཆེན་ལྔ་དང་དར་ཟབ་དང།། དགྱེས་མཆོད་དམ་པ་འོ་མ་མར།། བུ་རམ་སྦྲང་རྩི་རྩི་བཅུད་འབུལ།། ཀླུ་རྒྱལ་བཞུགས་པ་འཁོར་བཅས་ལ།། མགྲོན་གྱི་དམ་པར་སྤྱན་འདྲེན་ན། ། བདག་ཉིད་དད་པས་མཆོད་ལགས་ཀྱི།། བཞེས་ཤིག་རོལ་ཅིག་ཀླུ་ཡི་ཚོགས།། རྒྱན་གྱི་མཆོད་པ་འདི་བཞེས་ཤིག། ནཱའ་ག་རཱ་ཛ་ས་མ་ཡ་ཨ་མྲྀ་ཏ་སརྦ་ཁ་ཁ་ལེ་ལེ། ཞེས་མཆོད་ཅིང་ཕྲིན་ལས་བཅོལ་ལོ། ། མཐའ་བསྒྱུར་ལས་ཀྱི་སྐབས་ཀྱིས་ཤེས།། ཀླུ་མཆོད་ཅིང་ཕྲིན་ལས་བཅོལ་བའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱིས་ནཱའ་ག་ཀླུ་འདུལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། འདི་སྐད་ཅེས་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་ཀྱེ་གདུག་པ་ཅན་གྱི་ཚོགས།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། ཀླུ་ཡི་བསྟན་པ་དར་བའི་ཚེ།། ནད་དུ་ཙི་ཙི་ཛྭ་ལ་འབྱུང། ། དེ་ཚེ་ཀླུ་ཆེན་བྱེད་རྣམས་ཀྱིས།། ཁྲོ་རྒྱལ་ང་ཡི་བཀའ་མ་བཅག། གལ་ཏེ་ང་ཡི་བཀའ་བཅག་ན།། ཁྱེད་རྣམས་རྡུལ་དུ་བརླག་པར་འགྱུར།། ང་ཡི་བཀའ་ནི་བདེན་པར་སྒྲུབས།། ཞེས་གསུངས་པས། ཀླུ་ཡི་ཚོགས་ཀྱི་འཁོར་རྣམས་ཀྱིས་གསོལ་བ།། ཀྱེ་ཀྱེ་དཔལ་ཆེན་རྟ་མགྲིན་རྒྱལ།། ཀླུ་བདག་རྒྱལ་པོའི་བཀའ་བཞིན་བགྱིད།། ཁྱོད་ནི་ཀླུ་རྗེ་ནམ་མཁའ་ལྡིང།། རྒྱལ་པོའི་རྒྱལ་པོ་རྟ་མགྲིན་ལགས། ། ཁྱེད་ཀྱི་བཀའ་བཞིན་མ་བགྱིས་ན།། བདག་ཅག་རྡུལ་དུ་བརླག་པར་འགྱུར།། ཞེས་ཀླུ་རྣམས་ཀྱིས་དམ་བཅས་ཏེ། རྗེས་སུ་ཡི་རངས་ནས་མངོན་པར་དགའོ།། དཔལ་ཆེན་པོ་རྟ་མགྲིན་ནི་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་པར་གྱུར་ཏོ། ། ཀླུ་རྣམས་རང་གི་གནས་སུ་དེངས་ནས་དམ་ཚིག་ལ་གནས་པར་གྱུར་ཏོ།། ལུང་བསྟན་དམ་བཅས་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ། །།། ནཱ་ག་ཀླུ་འདུལ་ཞེས་བྱ་བའི་རྒྱུད་རྫོགས་སོ།།།། !་ཞི་ཁྲོ་འབུམ་རྒྱུད།། དཔལ་ཧེ་རུ་ཀའི་གལ་པོ།། ཞི་ཁྲོ་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ།། འདི་སྐད་ཐོས་ནས་བཤད་པའི་དུས་ཀྱི་ཚེ།

CLOSE WINDOW