CLOSE WINDOW

Gpb022.006: དཔལ་པདྨ་དབང་ཆེན་དྲེགས་པ་དབང་སྡུས་ཀྱི་རྒྱུད་ཅེས་བྱ་བ
Wylie

།།། རྒྱུད་འདི་དཔེ་གཅིག་ལས་བསྡུར་ས་མ་འབྱོར། རྒྱ་གར་སྐད་དུ། ཤྲཱི་པདྨ་མ་ཧཱ་བ་ཤ་སཾ་བྷཱ་ཏ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ནི། པདྨ་ཅན་ནམ་བདེ་བ་ཅན་ཞེས་བྱ་བའི་གནས་བཙུན་མོའི་བྷ་ག་ལས་བཞེངས་ཏེ། འདི་ལྟར་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་པ་ནི། ས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གཟིགས་ནས་ཤེས་བྱའི་སྒྲིབ་པ་ཆ་ཕྲ་བ་རྣམས་སྦྱངས་པར་མཛད་དོ། ། རང་སངས་རྒྱས་རྣམས་ལ་གཟིགས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་རྣམ་པར་དག་པར་སྟོན་པར་མཛད་དོ།། ཉན་ཐོས་རྣམས་ལ་གཟིགས་ནས་འགོག་པ་ལས་བསླངས་ཤིང་སྦྱངས་པར་མཛད་དོ། ། བྱ་བ་ལས་ཀྱི་རྒྱུད་ཀྲི་ཡ་བ་ལ་གཟིགས་ནས་རིགས་གསུམ་གྱི་དོན་རྣམ་པར་དག་པར་མཛད་དོ།། ཆ་མཐུན་སྤྱོད་པའི་རྒྱུད་ཨུ་པ་ཡ་ལ་གཟིགས་ནས་རིགས་བཞིའི་གདུང་རྣམ་པར་དག་པར་མཛད་དོ། ། རྣམ་གྲོལ་རིག་པའི་རྒྱུད་རྣལ་འབྱོར་ཐེག་པ་ལ་གཟིགས་ནས་སུམ་ཅུ་རྩ་གཉིས་རྣམ་པར་དག་པ་མཛད་དོ།། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བསྐྱེད་རྫོགས་རྣམ་པ་གསུམ་གྱི་བལྟ་སྤྱོད་ཀྱིས་དྲེགས་པ་ཐམས་ཅད་དབང་དུ་སྡུད་པར་མཛད་པར་ཡང་གཟིགས་སོ། ། དེ་ནས་འགྲོ་བའི་རིགས་བསམ་ཡས་པ་ལ་གཟིགས་ནས། སེམས་ཉིད་སངས་རྒྱས་པ་ཡིན་པ་ལས། སྣང་བ་སྣོད་དང་བཅུད་དུ་སྣང་བ་འདི་ཐམས་ཅད་ནི། སེམས་ཉིད་ཆོས་སྐུ་ལས་སྣང་བ་ཆོས་སྐུའི་འོད་གསལ་དུ་གཏན་ལ་འབེབས་པའི་ཕྱིར། ཉིད་སྐུ་ཞལ་གསུམ་ཕྱག་དྲུག་པར་བསྟན་པ་ནི་དེ་ལྟ་སྟེ། དབུས་ཀྱི་སྐུ་མདོག་དཀར་དམར་པདྨ་རཱ་གའི་མདངས་སུ་གནས། གཡས་ཐུགས་ཀྱི་ཞལ་སྔོ་བ། གཡོན་ཡོན་ཏན་གྱི་ཞལ་སེར་བ། གཡས་དང་པོ་ལ་པདྨའི་སྡོང་བུ། བར་མ་ན་རྡོ་རྗེ་རྩེ་གསུམ། ཐ་མ་ན་མདའ་འཛིན་པ། གཡོན་དང་པོ་ན་བུམ་པ། བར་པ་ན་དཔལ་བེའུ། ཐ་མ་ན་གཞུ་འཛིན་པ། རྒྱན་རིན་ཆེན་སྣ་ཚོགས་པའི་ན་བཟས་མཛེས་པ། ཡུམ་ཕྱག་རྒྱ་མ་དང་བཅས་པ། དམར་པོ་རྡོ་རྗེ་དྲིལ་བུས་འཁྱུད་པ། རིན་ཆེན་སེང་གེ་ཉི་ཟླ་པདྨའི་ཁྲི་ལ། ཡེ་ཤེས་འོད་འཁྱིལ་གོང་བུའི་ནང་ན་བཞུགས་པ། ཞལ་ནས་གསང་བའི་སྔགས་བརྗོད་པ་ནི།། ཨོཾ་ཨཱ་རོ་ལི་ཀ། པཱཾ་རཱ་གར་ཏི་སྟཱཾ་སྭཱ་ཧཱ། ཞེས་བརྗོད་པས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་བར་གྱུར་ཏེ། དེ་ནས་འཁོར་རྣམས་ཀྱིས་བསྟོད་པ་འདི་མཛད་ནས་བསྟོད་དོ། ། ཧཱུཾ་དྲི་མེད་རྣམ་དག་ཞི་བ་ལས།། སྤྲོས་པ་ཐམས་ཅད་རབ་ཞི་བའི།། ཡེ་ཤེས་ཚོགས་མཆོག་མངའ་བརྙེས་པ།། རང་བཞིན་དག་པ་ཆོས་ཀྱི་སྐུ།། ཐུགས་རྗེས་སྡུག་བསྔལ་སེལ་མཛད་པ། ། བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ།། ལས་དང་ཉོན་མོངས་ཤེས་བྱ་ཡི།། དྲི་མ་སྤངས་པའི་སྐུར་གྲུབ་པ།། གསུང་མཆོག་སྐུ་གསུང་དང་པ་[+]དང།། ལུས་ངག་སེམས་ཀྱིས་ཕྱག་འཚལ་བསྟོད། ། ཐུགས་རྗེ་ཆེན་པོས་གཟུང་བ་དང།། ཡེ་ཤེས་སྣང་བ་གསལ་བར་མཛོད།། དུས་ཀྱིས་མནར་བའི་སྐྱེ་བོ་རྣམས།། འདུལ་ཕྱིར་ཁྲོ་བོ་བཞེངས་སུ་གསོལ།། རྟག་ཆད་མཐའ་ལ་ཞེན་པ་ཡི། ། གདུག་པ་ཅན་རྣམས་དབང་དུ་སྡུས།། ཞེས་བསྟོད་དོ།། དེ་ནས་གར་དབང་བདེ་བ་ཆེན་པོའི་སྐུ་དེས། ཧཱུཾ་དྲུག་རོལ་པའི་ཆོ་འཕྲུལ་བསྟན་ནས།། ཨོཾ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ། མ་ཧཱ་ཙནྡྲ་སརྦ་དུཥྟཱ་ན་ཧཱུཾ་ཕཊ། ཅེས་བརྗོད་པས། ཉིད་ཀྱི་སྐུ་ཁྲོ་བོར་ཆེན་པོ་དབུ་ལྔ་ཕྱག་བཅུ་དྲུག་པར་གྱུར་ཏེ། སྐུ་མདོག་དམར་པོ་དབུ་ལྔ་པ། དབུ་ལྔའི་ནང་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསལ་བ། ལྟག་པ་ན་རྟ་མགོ་ལྔའི་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་གསལ་བ། གཤོག་པ་ཁམས་གསུམ་རྣམ་པར་རྒྱལ་བ་དང།། ཐུགས་ཀ་ཡེ་ཤེས་སེམས་དཔའ་དང། གཟི་ལྡན་ཡུམ་གྱི་དཀྱིལ་འཁོར་དང། ཕྱག་གཡས་པ་བརྒྱད་ན་རྡོ་རྗེ་དང། ཁ་ཊྭཱཾ་དྲིལ་བུར་བཅས་པ་དང། རྡོ་རྗེ་ལྕགས་ཀྱུ་དང། སྦྲུལ་གྱི་ཞགས་པ་དང། འཁོར་ལོ་དང། རིན་པོ་ཆེ་ཟུར་འཕྱང་བརྒྱད་པ་དང། རལ་གྲི་དང། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྲེང་བའོ།། ཕྱག་གཡོན་པ་བརྒྱད་ན། པདྨའི་ཡུ་བ་ནས་འཛིན་པ། ཐོད་ཁྲག་སྣོད་བཀང་བ་དང། ཁྲོ་བོ་ཆེན་པོའི་སྙིང་འབྱིན་པོ་དང། གཤིན་རྗེའི་དབྱུག་པ་ཐོགས་པ་དང། རྡོ་རྗེ་རྒྱ་གྲམ་དང། རྡོ་རྗེ་བེ་ཅོན་དང། མེ་འོད་ཀྱི་ཕྲེང་བ་དང། ཏྲི་ཤཱུལ་དང། ཁྱུང་གི་ཁྲ་བསྣམས་པ། ཞབས་ཁྲོ་བོ་བརྒྱད་ཀྱི་གདན་ལ་བཞུགས་པར་གྱུར་ཏེ། ཞལ་ནས་ཉིད་ཀྱི་སྙིང་པོ་ཡི་གེ་བཅུ་བདུན་པ་འཛིན་པ་འདི་བརྗོད་དོ།། ཨོཾ་པདྨ་སིདྡྷ་སིདྷོ་ཧ་ཧེ་ཙཀྲ་བྷྱོ། བྷྱོ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་གདུག་པ་ཅན་འདུལ་བའོ། ། དེ་ནས་ཉིད་ཀྱི་འཁོར་ནི། སྐུ་ཡི་ཁམ་རྒྱ་དཀར་མོ་འཁོར་ལོ་དང། གསུང་གི་ཁམ་རྒྱ་དམར་མོ་པདྨ་དང། ཐུགས་ཀྱི་ཁམ་རྒྱ་ནག་མོ་རྡོ་རྗེ་དང། ཡོན་ཏན་ཁམ་རྒྱ་སེར་མོ་དྲིལ་བུ་དང། ལས་ཀྱི་ཁམ་རྒྱ་ལྗང་གུ་རལ་གྲི་དང། གསང་བའི་ཁམ་རྒྱ་སྣ་ཚོགས་མདོག་ཅན་ཁཱ་ཊྭཱཾ་བསྣམས་པ། ཁམ་རྒྱ་མོ་དྲུག་པོ་ཀུན་ཀྱང་གཡོན་ན་བདུན་རྩིའི་ཐོད་པ་བསྣམས་པ། ཞལ་ནས་རང་སྔགས་བརྗོད་པ། བུདྡྷ་བཛྲ་ཨོཾ། ས་ཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཱཾ། དྷརྨཱ་བཛྲ་ཧྲཱིཿ། ཀརྨ་བཛྲ་ཧཱ། གུ་ཧྱ་བཛྲ་ཕཊ། ཅེས་བརྗོད་ཅིང་འཁོར་ལོ་འབར་བའི་རྩེ་མོ་དྲུག་ལ་བཞུགས་སོ།། ལོང་བ་ཆེན་པོ་བརྒྱད་ནི། ཤར་རྡོ་རྗེའི་ལོང་བ་དཀར་པོ་དང། ལྷོ་རིན་ཆེན་ལོང་བ་སེར་པོ་དང། ནུབ་པདྨའི་ལོང་བ་དམར་པོ་དང། བྱང་ལས་ཀྱི་ལོང་བ་ལྗང་གུ་དང། མཚམས་ཀྱི་ལོང་བ་ཕྱེད་གཟུགས་ཀྱི་མདོག་ཅན་དང། ཕྱག་བཞི་ན་གཡས་པ་ཟངས་གྲི་དང་ཐོད་པ། གཡོན་རྒྱུ་ཕྲེང་དང་སྙིང་བསྣམས་པ། རང་གི་ཞལ་ནས་རང་སྔགས་བརྗོད་པ་ནི།། ཨོཾ་ཤྭ་རི་ཁཱ་ཧི་ཧཱུཾ། ཨོཾ་ཤྭ་རི་ཁཱ་ཧི་ཏྲཱཾ། ཨོཾ་ཤྭ་རི་ཁཱ་ཧི་ཧྲིཿ། ཨོཾ་ཤྭ་རི་ཁཱ་ཧི་ཧཱ། ཞེས་བརྗོད་ཅིང་ཐོད་རུས་ཀྱི་བར་ཁྱམས་དང་པོ་ལ། སྐུ་གཅེར་བུའི་ཚུལ་གྱིས་གནས་སོ། ། དེ་ཉིད་ཀྱི་གནས་ལ་བཞུགས་པའི་དམུས་ལོང་དྲུག་ཅུ་བོ་རྣམས་ནི།། ཕྱོགས་རེ་ན་རིགས་ཀྱི་མདོག་ཅན་བཅོ་ལྔ་བཅོ་ལྔ་བཞུགས་ཏེ། ཕྱག་གཡས་ན་ལྕགས་ཀྱུ་གཡོན་ཕུར་བུ་བསྣམས་པའོ། ། ཞལ་ནས་རང་སྔགས་བརྗོད་པ་ནི།། ཨོཾ་ཤྲཱི་རཾ་ཁཱ་ཧི་ཧཱུཾ། ཨོཾ་ཤྲཱི་རཾ་ཁཱ་ཧི་ཏྲཱཾ། ཨོཾ་ཤྲཱི་རཾ་ཁཱ་ཧི་ཧྲཱིཿ། ཨོཾ་ཤྲཱི་རཾ་ཁཱ་ཧི་ཧཱ། ཞེས་བརྗོད་ཅིང་བར་ཁྱམས་དང་པོ་ལ་གནས་སོ།། ཟ་བྱེད་དཔལ་གྱི་ཁྱི་བརྒྱད་ནི། སྐུ་མདོག་མཐིང་ནག་སྤྱང་ཀིའི་མགོ་ཅན། གཡས་གྲི་གུག། གཡོན་ཐོད་པ་འཛིན་པ། རང་གི་སྤྲུལ་པ་ཅེ་སྤྱང་བརྒྱད་དང། ཡེ་ཤེས་ཀྱི་སྤྲུལ་པ་ཁྱི་བཅུ་ཡང། ཞལ་ནས་རང་སྔགས་བརྗོད་པ་ནི།། ཨོཾ་དཱིཔྟ་ཙཀྲ་ཤྭ་ན་མུ་ཁ་ཁ་ལོང་ཁ་ཧཱུཾ་ཕཊ། ཀུ་རུ་ཀུ་རུ་ཡཀྴ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བར་ཁྱམས་གཉིས་པ་མེ་རི་དམར་པོ་ལ་བཞུགས་སོ།། འཁོར་གྱི་སྒོ་བ་བཞི་ནི། མགོ་དགུ་པོ་ལ་རྐང་གཅིག་པོ། མདོག་དཀར་ལག་ན་ལྕགས་ཀྱུ་བསྣམས་པ། ཞལ་ནས་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཤར་སྒོར་བཞུགས་སོ།། འོད་གཤོག་མགོ་བརྒྱད་རྐང་བརྒྱད་པོ་སེར་པོ་ལག་ན་ཞགས་པ་ཐོགས་ཤིང།། ཧཱུཾ་ཏྲཱཾ་ཏྲཱཾ་ཕཊ། ཅེས་བརྗོད་ཅིང་ལྷོ་སྒོར་བཞུགས་སོ།། ཡེ་ཤེས་མགོ་དྲུག་ལག་དྲུག་རྐང་དྲུག་པོ་དམར་པོ་ཕྱག་ན་ལྕགས་སྒྲོག་བསྣམས་ཤིང། ཞལ་ནས་ཧྲཱི་ཧྲཱིཿཧྲཱིཿཕཊ། ཞེས་བརྗོད་ཅིང། ནུབ་སྒོར་བཞུགས་སོ།། གསང་བ་མགོ་གསུམ་ལག་གསུམ་རྐང་གསུམ་པོ་ལྗང་གུ་ནི། ཕྱག་ན་དྲིལ་བུ་བསྣམས་ཤིང། ཞལ་ནས་ཧཱུཾ་ཧཱུཾ་ཧཱ་ཧཱ་ཕཊ། ཅེས་བརྗོད་ཅིང་བྱང་སྒོར་བཞུགས་སོ།། སྒོ་བ་དེ་ཀུན་གྱི་ཕྱག་གཡོན་ན། ཐོད་ཁྲག་ཉིད་ཀྱིས་ལོངས་སྤྱོད་མཛད་པ།། མེ་འབྲུག་དམར་པོ་བྷྲཾ་ངེ་གི་རི་ཏི་དང། རླུང་འབྲུག་སྔོན་པོ་ཀ་ལ་ཤ་ནི། ཨོཾ་ཛི་ན་ལཾ་ཏེ་ཙེ་རི། ཡཀྴ་ཀུ་བྷཉྫ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་བོ།། ཡང་སྤྲུལ་ཕོ་ཉ་ནི། དུར་བྱ་དང། ཁྲུང་ཁྲུང་དང། བ་སེའི་བྱན་གླག་དང། ཁྱི་སྤྱང་མ་རྣམས་དང་གདོང་དགུ་གྲངས་མེད་པ་ཡང། ཨོཾ་ཧ་ཧ་རུ་ལུ་མ་ཧཱ་ཙནྡྲེ་ཤྭ་རཱི་ན་ཡེ་ཨ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པར་བྱེད་ཅིང། ཕྱི་རོལ་སྒོ་ནས་ར་བའི་མཚམས་ཀྱི་བར་དུ་གནས་སོ། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས་ཉིད་ཀྱི་སྐུ་མངོན་པར་བསྟན་པ་རྩ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ལས་ཡོངས་སུ་རྫོགས་པ་འདི་གསུངས་སོ།། གསང་སྔགས་ཀུན་གྱི་ངོ་བོ་ནི། ། སྤྱི་དང་བྱེ་བྲག་རྣམ་པ་གཉིས།། སྤྱིར་ནི་སྔགས་ཀྱི་ངོ་བོ་ནི།། ཐབས་དང་ཤེས་རབ་རྣམ་པ་གཉིས།། དེ་ལ་ཐབས་ཞེས་བརྗོད་པ་ནི།། ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང།། ཤེས་རབ་ཞེས་ནི་གང་བརྗོད་པ། ། དོན་དམ་སྐྱེ་བ་མེད་པའོ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཁྱད་པར་སྔགས་ཀྱི་ངོ་བོ་ནི།། ཁྱེད་ལ་ངས་ནི་རབ་བཤད་ན།། སྔགས་ཀྱི་ངོ་བོ་ལྷ་ཡི་སྐུ།། དྲང་སྲོང་མཐུ་ལས་ཁྱད་པར་འཕགས། ། ངེས་ཚིག་སྤྱི་དང་ཁྱད་པར་གཉིས།། སྤྱི་ཡི་ངེས་པའི་ཚིག་བཤད་པ།། སྐྱོབས་པའི་ཕྱིར་ན་སྔགས་ཡིན་ཏེ།། ཡིད་བསྐྱབ་པ་ཡི་དོན་ཡིན་ནོ།། ཁྱད་པར་སྔགས་ཀྱི་ངེས་ཚིག་ནི།། ཤེས་སྐྱོབ་ཡོན་ཏན་ལྡན་པ་ཡིན། ། སྔགས་ཀྱི་དབྱེ་བ་རྣམ་པ་གཉིས།། སྤྱི་དང་བྱེ་བྲག་གཉིས་སུ་བཤད།། སྤྱི་ཡི་དབྱེ་བ་རྣམ་གཉིས་ཏེ།། ཀུན་རྫོབ་ཀྱི་ནི་སྔགས་ཞེས་བྱ།། ལྷ་ཡི་དཀྱིལ་འཁོར་ཡིད་ལ་བྱེད།། དོན་དམ་པ་ཡིས་སྔགས་ཞེས་པས། ། གཉིས་སུ་མེད་པའི་རང་བཞིན་ཏེ།། སྟོང་པ་ཆེན་པོ་ཡེ་ཤེས་དང།། དེ་ཡུལ་བྱེད་པའི་ཡེ་ཤེས་ཏེ།། ཡུལ་དང་ཡུལ་ཅན་ཡེ་ཤེས་ཏེ།། རྟོགས་པ་འཁོར་བ་བདག་ལ་སྐྱོབ།། བྱེ་བྲག་སྔགས་ཀྱི་དབྱེ་བ་གསུམ། ། གསང་སྔགས་རིགས་སྔགས་གསང་སྔགས་ཡིན།། གསང་སྔགས་དོན་ནི་རྣམ་པ་བཞི།། བཟོད་པ་ཐོབ་པའི་རྒྱུར་འགྱུར་གཟུངས།། གསང་སྔགས་གཟུངས་དང་ཆོས་ཀྱི་གཟུངས།། དོན་གྱི་གཟུངས་ཞེས་བྱ་བར་འདོད། ། བཟོད་པ་ཐོབ་པའི་རྒྱུར་འགྱུར་པས།། བསྐྱེད་རིམ་མཐར་ཕྱིན་རྣལ་འབྱོར་རམ།། མཚན་བཅས་རྫོགས་རིམ་རྣལ་འབྱོར་རམ།། མཚན་མེད་རྣལ་འབྱོར་ཨ་དང་ཧཱུཾ།། དེ་དག་བརྗོད་བྱ་ཐོབ་བྱེད་རྣམས། ། རང་བཞིན་མེད་པར་སེམས་པ་ནི།། དེ་ལྟར་ཡུལ་དང་ཡུལ་ཅན་དེ།། རང་བཞིན་མེད་པར་རྟོགས་པ་ནི།། དགའ་བ་མཆོག་ཏུ་དགའ་ཆེན་སྐྱེས།། དེ་ལ་གཟུངས་ཐོབ་ཅེས་བྱའོ།། དྲན་དང་ཤེས་རབ་གཅིག་ཏུ་བྱས། ། བཟོད་པ་འཛིན་པར་བྱེད་པས་གཟུངས།། གཟུངས་ཐོབ་པ་དེས་དེ་མ་ཐག། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེ།། མཐུན་པའི་བཟོད་པ་ཆེན་པོ་སྟེ།། དོན་དམ་ཆོས་རྣམས་བཟོད་པ་ནི།། དེ་སྐྱེས་རིང་པོ་མི་ཐོགས་པར། ། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ།། གསང་སྔགས་ཀྱི་ནི་གཟུངས་ཤེས་པ།། དེ་ཡང་ཕྱག་རྒྱ་ཆེན་པོ་ནི།། ཐོབ་པ་ཡན་ཆད་གང་ཟག་དེས།། རང་གི་ཏིང་ངེ་འཛིན་དང་ནི།། སྔོན་གྱི་སྨོན་ལམ་སྟོབས་བསྐྱེད་པས། ། གསང་སྔགས་ཚིག་ནི་འདི་དག་གིས།། སེམས་ཅན་རྣམས་ཀྱི་ནད་སོགས་པ།། མེད་པར་གྱུར་ཅིག་ཅེས་བརྗོད་ཅིང།། ཏིང་འཛིན་དབང་གི་སྟོབས་ཀྱིས་ནི།། སེམས་ཅན་རྣམས་ཀྱི་ཡམས་ནད་སོགས།། མེད་ཅིང་བྱིན་བརླབས་ལྷར་འགྲུབ་འགྱུར། ། དེས་ན་ཏིང་ངེ་འཛིན་གྱི་དབང།། དེ་ལྟར་གྱུར་པས་གསང་སྔགས་རྣམས།། འཛིན་པར་བྱེད་པས་གསང་སྔགས་གཟུངས།། ཆོས་ཀྱི་གཟུངས་ཞེས་བྱ་བ་ཡང།། ཕྱག་རྒྱ་ཆེན་པོའི་ཐོབ་པའམ། ། སྟོན་པ་མཁའ་འགྲོའམ་བླ་མ་ཡིས།། སྔོན་ཆད་མ་ཐོབ་མ་ཤེས་པའི།། བདག་ཉིད་གསང་བའི་ཆོས་བཤད་པ།། ཐོས་པ་ཙམ་གྱིས་མི་བརྗེད་འཛིན།། དྲན་པ་ཤེས་རབ་ཆོས་ཀྱི་གཟུངས།། དོན་གྱི་གཟུངས་ནི་དེ་བཞིན་དུ། ། གསུངས་པའི་ཆོས་རྣམས་དེ་དག་ནི།། དོན་རྣམས་མི་བརྗེད་འཛིན་པ་ནི།། དྲན་པ་ཤེས་རབ་དོན་གྱི་གཟུངས།། དེ་ལ་རིག་སྔགས་ཞེས་བྱ་བ།། སྟོང་པ་ཆེན་པོའི་ཡེ་ཤེས་དེ། ། ཡེ་ཤེས་ཡུལ་དུ་བྱས་རྟོགས་པས།། མ་རིག་སྤངས་ཤིང་རིག་པ་སྐྱེད།། དེ་ཕྱིར་རིག་སྔགས་ཞེས་བྱ་བའོ།། གསང་སྔགས་མཚན་རྒྱུད་སྔགས་དང་དོན།། འདི་ཞེས་ངེས་པར་ཤེས་པར་བྱ།། མཚན་ནི་གསང་སྔགས་ཞེས་བྱ་སྟེ། ། སྣོད་མ་ཡིན་ལ་གསང་བ་དང།། བློ་ཆུང་ཐེག་པ་དམན་ལ་གསང།། གསང་ཐུབ་དངོས་གྲུབ་མི་ཡལ་ཕྱིར།། སངས་རྒྱས་རྣམས་ཀྱིས་གསང་བར་བསྔགས།། དེ་ཕྱིར་གསང་སྔགས་ངེས་པའི་མཚན།། རྒྱུད་ནི་འབྲེལ་ཕྱིར་རྒྱུད་ཅེས་བྱ། ། གཞི་ཐབས་འབྲས་བུའི་འབྲེལ་བའི་ཕྱིར།། གཞི་ནི་བདེན་གཉིས་རང་བཞིན་གནས།། ཐབས་ནི་བསྒྲུབ་པའི་རང་བཞིན་གནས།། འབྲས་བུ་ཆོས་སྐུ་གཟུགས་སྐུར་གནས།། སྔགས་ནི་ནུས་པའི་མཐུ་ཆེན་དེ། ། བསྒོམ་པའི་གསང་སྔགས་བསྐྱེད་རྫོགས་གཉིས།། སྤྱོད་པའི་གསང་སྔགས་སྦྱོར་སྒྲོལ་གཉིས།། བཟླས་པའི་གསང་སྔགས་ཡེ་ཤེས་ཉིད།། བཟའ་བའི་གསང་སྔགས་བདུད་རྩི་ལྔ།། དོན་ནི་ཀུན་རྫོབ་དོན་དམ་གཉིས། ། དོན་དམ་ཡུལ་དང་ཡུལ་ཅན་ཉིད།། ཡུལ་ནི་སྟོང་པའི་ཡེ་ཤེས་ཉིད།། ཡུལ་ཅན་ཞེས་སུ་བྱ་བ་ཡང།། མི་རྟོག་ཡེ་ཤེས་ཡུལ་བྱས་ཤིང།། དེ་རྟོགས་གཟུངས་སུ་གྱུར་པ་ཡིས།། གནོད་པའི་འཚེ་བ་ནུབ་པར་བྱེད། ། ཀུན་རྫོབ་སྔགས་དེ་ཐོབ་པའི་ཐབས།། སྔགས་ཀྱི་གཟུངས་དང་སྔགས་ཀྱི་མིང།། བརྡའ་དང་ཚིག་སོགས་ཐམས་ཅད་ཡིན།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། གསང་སྔགས་ཐམས་ཅད་དབང་དུ་སྡུད་པར། སྔགས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་སྟེ་ལེའུ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ལམ་རྣམ་པར་བཀོད་པས་སྔགས་ཐམས་ཅད་དབང་དུ་བསྡུ་བ་འདི་གསུངས་སོ། ། འབྲས་བུའི་ཐེག་ཆེན་གསང་སྔགས་འདི།། ཁྱད་པར་གྱུར་ཕྱིར་ཁྱད་པར་ཆེ།། ཐབས་མང་དཀའ་བ་མེད་པ་དང།། དབང་པོ་རྣོན་པོའི་དབང་གྱུར་དང།། དོན་གཅིག་ཕྱིར་ནའང་མ་སྨོངས་པས། ། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། འབྲས་བུ་ཉིད་དུ་ལམ་ཤེས་པས།། ཚེ་ལུས་གཅིག་ལ་རྫོགས་སངས་རྒྱས།། དེ་ལ་གསང་སྔགས་སློབ་མ་ནི།། སྣོད་དང་ལྡན་པ་གཅེས་པ་སྟེ།། དེ་ཕྱིར་དམ་ཚིག་སྲོག་ལྡན་གཞུག། དམ་ཚིག་མི་ལྡན་སྤང་བར་བྱ།། དམ་ཚིག་དང་ལྡན་བཟློག་པ་ནི།། མཁའ་འགྲོ་མ་ཡི་འཚེ་བ་དང།། དུས་མ་ཡིན་པར་འཆི་བ་དང།། ཤི་ནས་དམྱལ་བར་འགྲོ་བའོ།། དམ་ཚིག་མི་ལྡན་བཅུག་པ་ཡང། ། ཚུལ་དེ་ཉིད་དུ་ཤེས་པར་ལ།། ཐེག་ཆེན་སྔགས་ཀྱི་སྤྱོད་པ་ལ།། སྐྱོན་འདོགས་སྨོད་པར་བྱེད་པ་ནི།། མཁའ་འགྲོ་མ་ཡིས་མྱུར་དུ་གསོད།། དེ་ནས་དམྱལ་བར་སྐྱེ་བར་འགྱུར།། དེས་ན་ཟབ་མོའི་སྤྱོད་པ་ལ།། སྐྱོན་འདོགས་སྨོད་པ་སྤང་བྱའོ།། སྐལ་དང་ལྡན་པའི་གང་ཟག་དེ།། བླ་མ་དམ་པར་གྱུར་པ་ནི།། ཐེག་པ་མཐའ་དག་མ་ལུས་པའི།། གྲུབ་པའི་མཐའ་ལ་མ་རྨོངས་ཤིང།། རྒྱུད་ཀྱི་དགོངས་པ་ཤེས་པ་དང། ། དཀྱིལ་འཁོར་ལ་སོགས་ཀུན་མཁས་ཤིང།། སྙིང་རྗེ་ཆེན་པོ་དང་ལྡན་པ།། བླ་མའི་བཀའ་ནི་ཐོབ་པ་ལ།། ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱ།། ཡོན་དབུལ་དབང་བསྐུར་གསོལ་བ་བཏབ།། དེ་ལྟར་གསོལ་བ་བཏབ་པ་དང། ། བླ་མས་ཀྱང་ནི་བསྙེན་པ་དང།། ས་ཆོག་ལྷག་གནས་ཆོ་ག་དང།། དཀྱིལ་འཁོར་ཆོ་ག་རྒྱས་པ་དང།། འཇུག་པ་དབང་བསྐུར་ཡོན་བླང་བྱ།། དེ་ལྟར་སློབ་མས་བླ་མ་ལ།། སེམས་བསྐྱེད་སྡོམ་བླང་དབང་མནོས་ནས། ། དེ་ནས་སློབ་མ་དམ་པ་ཡིས།། དབང་སེམས་དེ་ཉིད་དམ་ཚིག་བསྲུང།། དེ་བས་བསྲུང་ལ་འབད་པར་བྱ།། དམ་ཚིག་བསྲུངས་པའི་ཡོན་ཏན་ཡང།། མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ།། མ་བསྲུངས་པ་ཡི་སྐྱོན་རྣམས་ཀྱང། ། རྡོ་རྗེ་དམྱལ་བར་ངེས་པར་ལྟུང།། དེ་ཡི་སྡུག་བསྔལ་བཟོད་པར་དཀའ།། མཚན་ཉིད་ཤེས་པར་བྱ་བ་ཡང།། དེ་ལྟར་སྣོད་དུ་རུང་བ་དང།། རང་གི་བླ་མ་དམ་པ་ལ།། ཐེག་ཆེན་སྔགས་ཀྱི་རྒྱུད་མཉན་ནས། ། སྔགས་སོང་མཚན་ཉིད་ཤེས་པར་བྱ།། དེ་ནས་རང་སེམས་སྦྱང་བར་བྱ།། སེམས་སྦྱང་དོན་ནི་རྣམ་པར་དྲུག། སྐྱོན་ཡོན་ཡུལ་དང་རྒྱུད་ལ་བསྐྱེད།། སྤང་བྱ་སྤོང་ཐབས་འབྲས་བུ་ཡིན། ། རྣལ་འབྱོར་རང་སེམས་མ་སྦྱངས་པར།། རྫོགས་པའི་བྱང་ཆུབ་མི་འགྲུབ་ལ།། དེ་མ་གྲུབ་པར་གྱུར་པས་ནི།། གཞན་གྱི་དོན་རྣམས་མི་འགྲུབ་པས།། དེ་ཕྱིར་སེམས་ནི་སྤྱད་པར་བྱའོ།། སེམས་སྦྱང་ཡོན་ཏན་བསམ་མི་ཁྱབ། ། དཔག་ཏུ་མེད་པའི་དངོས་གྲུབ་ཐོབ།། ཡུལ་ནི་རྣམ་པ་གཉིས་ཡིན་ཏེ།། འཇུག་པའི་ཡུལ་ནི་སྔོན་བྱུང་གི། སྟོན་པའི་སྤྱོད་པ་བཞིན་དུ་འཇུག། དམིགས་པའི་ཡུལ་ཡང་རྣམ་པ་གཉིས།། མཚན་བཅས་མཚན་མ་མེད་པ་སྟེ། ། ཡེ་ཤེས་ཐིག་ལེ་ཕྱག་མཚན་སྐུ།། དེ་སོགས་མཚན་མ་ཅན་དུ་འདོད།། སྟོང་པ་ཉིད་ཀྱི་རང་བཞིན་ལ།། དམིགས་པ་མེད་པའི་ཚུལ་གྱིས་དམིགས།། ལམ་གྱིས་རྒྱུད་ལ་སྐྱེད་པ་ཡང།། ཉེ་གྲོགས་ལམ་དངོས་དེ་གྲོགས་གསུམ། ། ཉེ་བའི་གྲོགས་ཀྱང་རྣམ་པ་ལྔ།། བསྒྲུབ་པའི་གནས་དང་ཤིས་པའི་དུས།། མཚན་ལྡན་གྲོགས་དང་མཐུན་པའི་རྫས།། ཤེས་པའི་སྟོན་པ་ཕུན་སུམ་ཚོགས།། ལམ་དངོས་འདི་ལྟར་འཇུག་པར་བྱ། ། ཕྱི་ལམ་དངོས་མཆོག་རིམ་པ་རྣམས།། རྣལ་འབྱོར་བསྒོམ་པས་བསླབ་པར་བྱ།། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ནི།། མཚན་མ་དང་བཅས་བསྒྲུབ་ཐབས་ནི།། མཚན་མ་མེད་པའི་བསྒྲུབ་པར་འདོད། ། རྣལ་འབྱོར་རྒྱུད་ལུང་མན་ངག་གསུམ།། བསྐྱེད་རིམ་རྫོགས་རིམ་རྣམ་པ་གཉིས།། རྫོགས་ཆེན་ལམ་ནི་རང་སེམས་ཉིད།། སངས་རྒྱས་རང་སར་གྲོལ་བའོ།། ལམ་དེ་ཆོ་གའི་རིམ་པ་དང།། དོན་རིམ་དགོས་པའི་རིམ་པ་བཤད། ། ཆོ་གའི་རིམ་པ་བྱ་བ་ནི།། རྒྱས་པ་དཔེ་བྱས་བསྡུས་པ་ཡིན།། རྒྱས་པར་འདོད་པའི་རྣལ་འབྱོར་ནི།། བསྒྲུབ་པ་རྟེན་གྱི་གང་ཟག་གིས།། དང་པོ་བླ་མ་དམ་པ་ལས།། དམ་ཚིག་དབང་ཐོབ་བསྲུང་ལ་འབད། ། གདམས་ངག་མནོས་ནས་ཉམས་སུ་བླངས།། གནས་གཞི་ཡིད་དུ་འོང་བ་རུ།། གྲོགས་ནི་ཆོས་དང་མཐུན་པའམ།། བདག་ཉིད་གཅིག་པུ་སྒྲུབ་པ་པོས།། དུས་ཚིག་བཟང་པོ་དག་ལ་འཇུག། གཏོར་མ་གཏང་ཞིང་སཱཙྪ་གདབ།། སྦྱིན་སྲེག་ཡི་དམ་བཟླས་པ་བྱ།། ཁྲུས་བྱས་མཎྜལ་མེ་ཏོག་བཀྲམ།། སྲུང་བའི་འཁོར་ལོ་བསྒོམ་པར་བྱ།། སེམས་ཅན་སྡུག་བསྔལ་བྲལ་བར་འདོད།། དེ་ནས་བྱམས་པ་བསྒོམ་པར་བྱ། ། སེམས་ཅན་བདེ་དང་ལྡན་པར་འདོད།། དེ་ནས་དགའ་བ་བསྒོམ་པར་བྱ།། བདག་གིས་བྱང་ཆུབ་ཐོབ་པར་བྱ།། སེམས་ཅན་དོན་བྱ་སྤྲོ་བར་བྱ།། དེ་ནས་བཏང་སྙོམས་བསྒོམ་པར་བྱ།། དེ་གསུམ་མི་དམིགས་པར་ཡང་བསྒོམ། ། དེ་ནས་ལྷ་དང་བླ་མ་སྤྲུལ།། ཕྱག་འཚལ་མཆོད་དང་སྡིག་བཤགས་སོགས།། བདུན་པོ་རྣམ་དག་བསོད་ནམས་ཚོགས།། དེ་ནས་ཏིང་འཛིན་རྣམ་པ་གསུམ།། ཡེ་ཤེས་ཚོགས་ལས་རང་ཉིད་ལྷ། ། བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ནི།། སྟོང་པ་ཉིད་ཀྱི་སྔགས་བརྗོད་ནས།། བདག་ཉིད་དམ་ཚིག་སེམས་དཔར་བསྐྱེད།། མདུན་དུ་ཡེ་ཤེས་སེམས་དཔར་སྤྲུལ།། བླ་མེད་རྣལ་འབྱོར་བསྐྱེད་རྫོགས་དང།། དབང་བསྐུར་སྐུ་གསུང་ཐུགས་བྱིན་བརླབ། ། སྤྱན་དྲངས་བཞུགས་མཆོད་བསྟོད་པར་བྱ།། ཡི་གེ་ཕྱག་མཚན་ཐིག་ལེ་སྐུ།། ཕྲ་མོ་སྤྲོ་བསྡུ་འབར་འཛག་ལ།། དམིགས་ནས་རྫོགས་རིམ་བསྒོམ་པར་བྱ།། སྐྱོ་བར་གྱུར་ན་ངག་བཟླས་བྱ། ། ཤིན་ཏུ་སྐྱོ་བར་གྱུར་པ་ན།། མཆོད་བསྟོད་བྱས་ལ་སྤྱན་དྲངས་པ།། རང་བཞིན་གནས་སུ་གཤེགས་སུ་གསོལ།། སྤྲུལ་པ་རྣམས་ནི་རང་ལ་བསྡུ།། དེ་ཡང་མཚོན་པའི་དཔེ་བཤད་པ།། སྙིང་རྗེ་རྩ་བ་ལྟ་བ་ལ། ། བྱམས་པ་སྡོང་པོ་ཡིན་པར་འདོད།། དགའ་བ་ཡལ་ག་རྒྱས་པ་སྟེ།། ཚོགས་གཉིས་ལོ་མ་ལྟ་བུ་ལ།། རྣལ་འབྱོར་གཞན་ནི་མེ་ཏོག་འདྲ།། བསྒྲུབ་པའི་རྣལ་འབྱོར་པ་ཡི་རྒྱུད།། ཡོངས་སུ་སྨིན་པ་འབྲས་བུ་ཡིན། ། བསྡུས་པའི་ཆོ་ག་རིམ་པ་བཞིན།། བྱ་སྤྱོད་རྣལ་འབྱོར་བསྒོམ་པ་ཡང།། བདག་ཉིད་ལྷ་རུ་བསྐྱེད་བྱས་ནས།། འཁོར་གྱི་དཀྱིལ་འཁོར་མདུན་དུ་སྤྲུལ།། མར་མེ་གྱེས་པའི་ཚུལ་གཉིས་སུ།། གཅིག་ནི་དཀྱིལ་འཁོར་གཙོ་བོར་སྣང། ། གཅིག་ནི་ལས་ཀྱི་ལྷར་བྱས་ནས།། མཆོད་བསྟོད་དེ་བཞིན་ཐམས་ཅད་བྱ།། དེ་ནི་ཕྱི་ནང་ཐུན་མོང་ཡིན།། ཁྱད་པར་ལམ་དུ་བཤད་པ་ནི།། རྣལ་འབྱོར་བླ་ན་མེད་པ་ནི།། བདག་ཉིད་ལྷ་རུ་གསལ་བྱས་ནས། ། དབང་བསྐུར་བྱིན་བརླབ་སྤྱན་དྲངས་ནས།། བདག་དང་གཉིས་སུ་མེད་བྱས་ཏེ།། བདག་ཉིད་ལྷ་ཡི་སྙིང་ག་ནས།། ལྷ་མོར་སྤྲུལ་ནས་བྱ་བའམ།། འཁོར་གྱི་ལྷ་མོས་བདག་ཉིད་ལ།། མཆོད་བསྟོད་ལ་སོགས་བྱས་ནས་ནི། ། ཡང་ནི་བདག་གི་སྙིང་གའམ།། སྐུ་ལ་སོགས་པར་བསྡུ་བར་བྱ།། བཟླས་པའི་དུས་ནི་ཐམས་ཅད་དུ།། མགལ་མེ་བསྐོར་བ་ལྟ་བུའམ།། ཐག་མདུང་འཕེན་པའི་ཚུལ་འདྲ་དང། ། སྒྲོ་ཡི་ཆུན་པོ་འདྲ་བ་དང།། ཐིག་གུ་བསྒྲིལ་པ་ལྟ་བུ་དང།། སྒྲོག་སྤེལ་ལྕགས་སྒྲོག་ལྟ་བུ་ནི།། སྐབས་ཀྱི་སྟོབས་ཀྱིས་ཤེས་པར་བྱ།། དེ་ལྟར་བསྒོམས་ཤིང་བསྒྲུབས་པ་ལས།། མཚན་མ་བརྟན་པོ་འབྱུང་བར་འགྱུར། ། མཚན་མ་ཐོབ་ནས་མཚན་མེད་བསྒོམ།། མཚན་མ་མེད་པ་མངོན་གྱུར་ནས།། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན།། དེ་དག་གསང་སྔགས་ཕྱི་ནང་གི། ཐུན་མོང་ལམ་དེ་གཉིས་སུ་དབྱེ།། དེ་ནས་དོན་གྱི་རིམ་པ་ནི། ། དེ་བཞིན་གཤེགས་པས་ཚད་མེད་བསྒོམས།། ཚོགས་ནི་རྣམ་གཉིས་བསགས་པ་དང།། བདུད་རྣམས་ཐམས་ཅད་བཏུལ་བ་དང།། ཐམས་ཅད་ལ་ཡང་མ་ཆགས་དང།། སྔ་ཕྱི་བྱང་ཆུབ་མཆོག་སེམས་བསྐྱེད། ། ཐོས་པའི་ཤེས་རབ་བྱང་བ་དང།། བསམ་པའི་ཤེས་རབ་དཔྱད་པ་དང།། བསྒོམ་པའི་ཤེས་རབ་མཐར་ཕྱིན་བསླབ།། དེ་བཞིན་རྣལ་འབྱོར་སྒྲུབ་པ་པོས།། ཚད་མེད་པ་དང་ཚོགས་གཉིས་དང།། སྲུང་བའི་འཁོར་ལོ་པདྨ་དང། ། ཟླ་བ་དང་ནི་ཡི་གེ་དང།། ཕྱག་མཚན་སྐུ་རུ་གྱུར་པ་བསྟན།། ཡང་ནི་དེ་བཞིན་གཤེགས་པ་ཡི།། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ།། མཐོང་བའི་ལམ་དང་བསྒོམ་པའི་ལམ།། མི་སློབ་པ་ཡི་ལམ་དང་ནི། ། གཞན་དོན་སྐུ་གཉིས་བྱིན་བརླབས་སོ།། དེ་བཞིན་དུ་ནི་སྒྲུབ་པ་པོས།། བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས།། ཡི་གེའམ་ཟླ་བ་ཚེས་པའམ།། ཟླ་རྒྱས་ཡི་གེ་འཕྲོ་འདུ་དང།། ཟླ་བའམ་ཟླ་བ་གཉིས་པའམ། ། ཕྱག་མཚན་དང་ནི་སྐུ་དག་བརྟན།། དེ་བཞིན་གཤེགས་པའི་འཕྲོ་འདུ་ནི།། མཛད་པ་སྤྲོ་དང་བསྡུ་བ་དང།། བྱིན་གྱིས་བརླབ་པར་བསྟན་པའོ།། དེ་དག་བྱ་སྤྱོད་རྣལ་འབྱོར་འདོད།། ཡང་ནི་བླ་མེད་རྣལ་འབྱོར་པས། ། བདུད་རྣམས་གདུལ་ཕྱིར་མཚམས་རྣམས་གཅད།། བསོད་ནམས་རྒྱུད་ལྡན་ཕུང་གཏོར་བརླབ།། མ་དག་རྒྱུད་ལ་བརྟེན་ནས་ནི།། ཚོགས་བསག་ཕྱིར་ན་ཚད་མེད་བསྒོམ།། དག་པ་སངས་རྒྱས་ལ་བརྟེན་ནས། ། ཚོགས་བསག་ཕྱིར་ན་ཡན་ལག་བདུན།། བསོད་ནམས་ཚོགས་བསག་བཤགས་པ་བྱ།། ཡེ་ཤེས་ཚོགས་ནི་བསག་པའི་ཕྱིར།། སྐུ་གསུམ་བྱུང་ཚུལ་ཏིང་འཛིན་གསུམ།། སྣོད་རྣམས་སྦྱང་བས་གཞལ་ཡས་གསལ། ། བཅུད་རྣམས་སྦྱང་བས་ལྷ་ཚོགས་གསལ།། ལམ་གྱི་དབང་རྣམས་བླང་བའི་ཕྱིར།། ཡེ་ཤེས་རྣམ་ལྔས་དབང་ཡང་བསྐུར།། ཟབ་མོའི་དབང་གསུམ་ལྡན་པས་ན།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ། སངས་རྒྱས་སེམས་ཅན་གཉིས་མེད་ཕྱིར།། ཡེ་ཤེས་དམ་ཚིག་གཉིས་མེད་བསྲེ།། གང་ཡང་བདག་ལས་གཉིས་མེད་ཕྱིར།། མཆོད་ཅིང་བསྟོད་དེ་བཟླས་པ་བྱ།། རྟག་པའི་མཐའ་ལ་མི་གནས་ཕྱིར།། སྟོང་ཉིད་རང་གི་ཡུལ་དུ་ཐིམ། ། དགོས་པ་དེ་བཞིན་གཤེགས་པ་ཡིས།། བདེན་གཉིས་ལམ་བཞིར་བསྒོམ་བྱས་ཤིང།། ཚོགས་བསགས་སྐུ་གསུམ་ཐོབ་པ་བཞིན།། རྣལ་འབྱོར་རྣམས་ཀྱིས་ཐུན་གཅིག་ལ། ། བསྒོམ་པའི་ཚུལ་ཡང་དེ་བཞིན་སྣང།། གོམས་པས་ཕྱིས་ཀྱང་དེ་བཞིན་འགྲུབ།། དེ་ཕྱིར་ཁྱད་པར་འབྲས་བུའི་ལམ།། དེ་ཡི་གྲོགས་ནི་རྣམ་པ་ལྔ།། གཏོར་མ་སྦྱིན་སྲེག་རབ་ཏུ་གནས།། ཚ་ཚྭ་བུམ་པས་དབང་བསྐུར་རོ། ། བདག་གཞན་བར་ཆད་ཉེར་ཞི་ཕྱིར།། གཏོར་མའི་ཆོ་ག་བྱ་བ་ཡང།། མ་ཆག་གཏོར་བས་གཏོར་མ་སྟེ།། འབྱུང་པོ་སྤྱི་ཡི་གཏོར་མ་དང།། ལྷ་མགྲོན་སོ་སོའི་གཏོར་མ་ཡིན།། ལྷ་ཚིམ་བར་ཆད་བགེགས་ལ་སོགས། ། ཞི་ཕྱིར་སྦྱིན་སྲེག་ཆོ་ག་བྱ།། རྟོགས་སྒྲིབ་ཉམས་ཆགས་ལ་སོགས་བསྲེབ།། གང་འདོད་དངོས་གྲུབ་སྦྱིན་པར་བྱེད།། དོན་དམ་སྦྱིན་སྲེག་མི་རྟོག་བསྒོམ།། ཀུན་རྫོབ་སྦྱིན་སྲེག་ཕྱི་དང་ནང།། ནང་ནི་རང་གིས་བཟའ་བ་ཉིད། ། ཕྱི་ཡི་སྦྱིན་སྲེག་རྣམ་པ་གཉིས།། ལས་རྣམས་ཐམས་ཅད་སྦྱིན་སྲེག་དང།། ལས་བཞི་སོ་སོའི་སྦྱིན་སྲེག་གོ། དེ་ཉིད་གང་མོས་རིགས་ལྔ་དང།། ཕྲིན་ལས་དབང་དུ་བྱ་བ་ཡིན།། དངོས་གྲུབ་ཤིན་ཏུ་མྱུར་བ་དང། ། སྐུ་གསུང་ཐུགས་རྟེན་ཁྱད་པར་ཕྱིར།། རབ་གནས་བཟང་པོའི་ཆོ་ག་བྱ།། ཁྱད་པར་གྱུར་པས་རབ་ཏུ་གནས།། རབ་ཏུ་གནས་པ་རྣམ་པ་གསུམ།། སྐུ་གཟུགས་གླེགས་བམ་རྡོ་རྗེ་དྲིལ།། བསོད་ནམས་ཁྱད་པར་ཅན་བསགས་ཕྱིར། ། ཚ་ཚྭ་གདབ་པའི་ཆོ་ག་བྱ།། མཆོད་པའི་ཡུལ་གྱུར་ཚ་ཚྭ་བཤད།། དབྱེ་བ་རྣམ་པ་གཉིས་ཡིན་ཏེ།། ཆོ་ག་རྒྱས་བསྡུས་ཕྲལ་དུ་བྱ།། བག་ཆགས་སྦྱངས་དང་དབང་བསྐུར་ཕྱིར།། བུམ་པའི་ཆོ་ག་རབ་ཏུ་བྱ། ། ཡོན་ཏན་ཐམས་ཅད་འདུ་བ་དང།། དགོས་པ་བྱེད་ཕྱིར་བུམ་པའོ།། བུམ་པ་རྣམ་པ་གཉིས་ཡིན་ཏེ།། སྐབས་སུ་བྱ་དང་དཀྱིལ་འཁོར་བཞེངས།། གནས་སྐབས་ཕྱི་ནང་གསང་བ་དེ།། ཕྱི་ནི་རྫ་པ་རིན་ཆེན་སོགས། ། ནང་ནི་ཐོད་པ་མཚན་དང་ལྡན།། གསང་བ་ཡུམ་གྱི་བྷ་ག་ཉིད།། དཀྱིལ་འཁོར་དབང་གི་བུམ་པ་དང།། ཁྲུས་དང་མཆོད་པ་ཚེ་བུམ་ཡིན།། སྤང་བར་བྱ་བ་རྣམ་པ་གཉིས།། ངན་རྟོག་སེམས་བདག་མཚན་འཛིན་དང། ། བཟང་རྟོག་སངས་རྒྱས་བདག་ཏུ་འཛིན།། སྤོང་བའི་ཐབས་ནི་རྣམ་པ་གཉིས།། ངན་རྟོག་བཟང་རྟོག་བདག་གིས་སྤང།། བཟང་རྟོག་མི་རྟོག་པ་ཡིས་སྤང།། སྤྱོད་པ་འགྲོ་ཉལ་འདུག་སྡོད་ཀུན། ། ཉིད་ཀྱི་ལྷ་ཡི་ང་རྒྱལ་ལྡན།། འགྲོ་དུས་ལྷ་ཡི་སྤྱོད་པ་ཡང།། ལྷག་པའི་ལྷའམ་རིགས་གསུམ་མམ།། ལྷའམ་ལྷ་མོ་གང་འདོད་བྱ།། སྐབས་སུ་ལུས་ཕྱག་བསྐོར་བ་བྱ།། མཎྜལ་དབུལ་དང་ཡི་དམ་བཟླས། ། བརྟུལ་ཞུགས་སྤྱོད་པ་རབ་ཏུ་བྱ།། ཡངས་པའི་འབྲས་བུ་རྣམ་པ་གཉིས།། ཐུན་མོང་དོན་ཤེས་གྲུབ་ཆེན་བརྒྱད།། མཆོག་ལ་རིག་འཛིན་རྣམ་བཞི་དང།། སྐུ་གསུམ་སྐུ་བཞི་སྐུ་ལྔ་སོགས།། ཕྱག་རྒྱ་ཆེན་པོ་མཆོག་བསྒྲུབ་བོ། ། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། གསང་སྔགས་ཀྱི་ལམ་དབང་དུ་བསྡུ་བ་སྟེ་ལེའུ་གསུམ་པའོ།།།། དེ་ནས་འཁོར་གྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས། བཅོམ་ལྡན་འདས་གར་གྱི་དབང་ཕྱུག་ཆེན་པོ་ལ་རང་རང་གི་མངོན་པ་དོན་དུ་གཉེར་བར་བྱ་བའི་ཕྱིར། མགྲིན་གཅིག་ཏུ་འདི་སྐད་དུ་ཅེས་ཆེད་དུ་བརྗོད་དོ།། ཧཱུཾ་མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། ། འབར་བའི་རྒྱལ་པོ་ཁྲོ་བོ་ཀུན་གྱི་རྗེ།། གར་དགུ་འཇིགས་པའི་ཆ་ལུགས་ཧཱུཾ་སྒྲ་ཅན།། འཁོར་བཅས་ཁྲོ་བོའི་ཚོགས་རྣམས་གཤེགས་སུ་གསོལ།། ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་བྷ་ག་བཱན་ས་མ་ཡ་སྟྭཾ། སྲིད་གསུམ་འདྲེན་མཛད་ཐར་ལམ་འདྲེན་པའི་དཔལ།། རིགས་ལྔ་བདེ་གཤེགས་སེམས་དཔའ་སྲས་བཅས་ཚོགས།། ཐབས་དང་ཤེས་རབ་གཉིས་མེད་འགྲོ་དོན་མཛད།། རྡོ་རྗེ་བཀོད་པའི་དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། ། དབང་དྲག་ཀླུ་རྒྱལ་འཇོམས་མཛད་གསུང་ཉིད་ལྷ།། ཐུགས་རྗེ་ཐབས་མཁས་ཕྲ་མེན་འདུལ་མཛད་ཅིང།། ཕྲིན་ལས་སྣ་ཚོགས་རྟ་མགོ་ལྗང་གུ་སྟོན།། འགྲོ་འདུལ་བརྗིད་པའི་སྐུ་ལ་ཕྱག་འཚལ་ལོ། ། ཐིག་ལེ་ཆོས་སྐུ་གདལ་བའི་དཀྱིལ་འཁོར་ནས།། གཉིས་མེད་སྣ་ཚོགས་མ་བསྒྲིབས་ས་ལེར་གསལ།། ཐུགས་རྗེ་ཡེ་ཤེས་སེམས་དཔའ་སྔགས་ཀྱི་གནས།། ཕྱག་རྒྱའི་རྟེན་གནས་འཕྲོ་འདུ་མཛད་ལ་ཕྱག་འཚལ་ལོ། ། མཁའ་འགྲོ་བཅུ་དྲུག་རབ་ཏུ་རྔམ་ཆེན་སྐུ།། འཇིགས་པའི་ཚོན་ཆས་འགྲོ་བའི་ལས་རྒྱུད་སྟོངས།། གནས་རྣམས་སོ་སོ་སྣ་ཚོགས་སྟོན་པའི་སྐུ།། འགྲོ་བ་འདུལ་བའི་ལྷ་ལ་ཕྱག་འཚལ་ལོ།། དྲེགས་བྱེད་དབང་སྡུད་ཁྲོ་བོ་གནོན་པའི་སྟོབས། ། མི་མཐུན་ཚོགས་འཇོམས་གཉེན་པོའི་ཚུལ་དུ་གནས།། བརྗིད་པའི་ཆས་བརྒྱད་ཕྲིན་ལས་བླ་ན་མེད།། བདུད་འདུལ་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ།། ཐུགས་རྗེའི་མཛད་པས་ཁམས་གསུམ་ཟིལ་གྱིས་གནོན། ། ཐབས་དང་ཤེས་རབ་འདམ་རྫབ་མུན་པ་སེལ།། གསང་བའི་ཕྱག་རྒྱ་དྲུག་པའི་ཏིང་འཛིན་གསལ།། ཁམས་གསུམ་གནོན་པའི་ལྷ་ལ་ཕྱག་འཚལ་ལོ།། དུས་གསུམ་སངས་རྒྱས་ཀུན་གྱི་རང་བཞིན་ལས། ། དཀྱིལ་འཁོར་ཐམས་ཅད་སྐུ་གསུང་ཐུགས་སུ་སྡུད།། གནས་གསུམ་སྟོན་པས་ཆོས་བཤད་རྒྱུད་སྦྱངས་ཤིང།། བྱིན་རླབས་ནམ་མཁའི་མཛོད་ལ་ཕྱག་འཚལ་ལོ།། བདེ་བར་གཤེགས་པ་ཐམས་ཅད་བསྐྱེད་པའི་ལམ། ། ཡུམ་གྱི་ཚུལ་གྱིས་བདེ་ཆེན་དགྱེས་པར་མཛད།། རང་རིག་མཁའ་འགྲོའི་གཙོ་མོ་དབྱིངས་ཀྱི་ཚུལ།། ཆགས་ཆེན་གཟི་ལྡན་གཙོ་ལ་ཕྱག་འཚལ་ལོ།། ཆོས་སྐུ་མཉམ་ཉིད་བདེ་ཆེན་བྱང་ཆུབ་སེམས། མ་བསྒྲིབས་ཕྱི་ནང་མེད་པའི་བདེ་གསལ་བའི།། ཟབ་མོའི་ཚུལ་གནས་རང་བཞིན་གཡོ་བ་མེད།། སྣང་སྟོང་བདེ་བའི་སྐུ་ལ་ཕྱག་འཚལ་ལོ།། ཨ་ཏི་པུ་ཧོཿ།། པྲ་ཏཱིཙྪ་ཧོཿ།། པདྨ་བནྡ་ནཾ་ཀ་རོ་མི། ཨ་ལ་ལ་ཧོཿ། ། ཨོཾ་དགའ་བོ་རོལ་མོ་གླུ་བྲོ་གར་གྱི་ཚོགས།། འདོད་པའི་ཡོན་ཏན་ཁྱད་པར་འཕགས་པའི་སྤྲིན།། སྟོང་གསུམ་མཐུན་པར་སྣང་བའི་སྤྱོད་ཡུལ་དུ།། ལྷ་མོའི་ཚོགས་བཅས་ཟག་པ་མེད་པར་དབུལ། ། ཨཱ+ོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨཱ+ོཾ་བཛྲ་དྷཱུཾ་པེ་ཧཱུཾ་སྭཱ་ཧཱ། ཨཱ+ོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨཱ+ོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱ་ཧཱུཾ་སྭཱ་ཧཱ། ཨཱ+ོཾ་བཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། རང་བྱུང་བདུད་རྩི་ལྔ་དང་སྨན་སྣ་ཚོགས།། མཉམ་པའི་དོན་གྱིས་དབྱེར་མེད་རང་བཞིན་གཅིག། དམ་རྫས་ལྔ་པོ་ལེགས་སྦྱར་བྱིན་བརླབས་པས།། གཉིས་མེད་དགྱེས་པའི་དམ་ཚིག་བསྐང་གྱུར་ཅིག། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧུ་ལུ་ཧུ་ལུ་རཾ་ཛྭ་ལ་ཨོཾ་ཨེ་ཨཱ་ར་ལི། ཛཿཧཱུཾ་བཾ་ཧོཿ།། ཨ་ལ་ལ་ཧོ།། ཨཱ+ོཾ་མ་ཏྲཾ་རཱུ་ཏྲ་ཧ་ལ་ཧ་ལ་ཧཱུཾ་ཕཊ། དུག་གསུམ་དངོས་པོའི་ཚོགས་རྣམས་སྦྱང་བའི་ཕྱིར།། རྔམ་པའི་ཁྲོ་ཚོགས་སྤྲུལ་པ་ཕྱོགས་བཅུར་སྤྲོས། ། ཁྲོ་འཛུམ་ཕྱག་རྒྱའི་ཚོགས་རྣམས་བསྟེན་མཛད་ཅིང།། ཧ་ཧེ་རུ་ལུ་གསང་སྔགས་དྲག་ཏུ་བརྗོད།། ཧ་ལའི་རྡོ་རྗེའི་བཤུག་པའི་གད་རྒྱངས་ཀྱིས།། བདུད་དང་སྲིན་པོའི་ཚོགས་རྣམས་བརྒྱལ་བར་མཛད། ། ཨཱ+ོཾ་སརྦ་པཱ་པཾ་ཀ་ར་ཧི་ཏ་ས་བི་ཤྭ་མ་ཏང་རཱུ་ཏྲ་ཧཱུཾ་ཕཊ། ཨཱ+ོཾ་པཱ་པ་ཀ་ར་ཧི་ཏ་ས་བི་ཤྭ་ཁ་ཊྭཱཾ་ག་རཱུ་ཏྲ་ཧཱུཾ་ཕཊ། ཨཱ+ོཾ་སརྦ་པཱ་པ་ཀ་རེ་ཧི་ཏ་ས་བི་ཤྭ་ཨ་ཀ་ར་ཡ་རཱུ་ཏྲ་ཧཱུཾ་ཕཊ། ཧཱུཾ་དཔལ་ཆེན་ཐུགས་ཀྱི་ཕོ་ཉའི་ཚོགས། ། དཔལ་ཆེན་རྡོ་རྗེ་ཐོག་ཐོག་སེར་ཆེན་འབེབས།། ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིགས།། ཧཱུཾ་ཆེན་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ།། རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམ།། རྡོ་རྗེ་མཚོན་ཆ་གནམ་ལྕགས་མཐུ་འདྲ་བས། ། གསང་སྔགས་ལོག་པར་ལྟ་བའི་བདུད་རྣམས་འཇོམས།། རྡོ་རྗེའི་སེར་ཆེན་རང་བཞིན་ཐོག་བཅས་འཁྲུགས།། ཉམས་པའི་སྙིང་སྲོག་ཁྲག་བཅས་ཐང་ལ་ཕྱུང།། ཡེ་ཤེས་རྔམ་པའི་ཐུགས་རྗེ་ཨ་ལ་ལ། ། ཨཱ+ོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་བྷནྡྷ་བྷནྡྷ་གརྫ་གརྫ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཧཱུཾ་ཐུགས་རྗེ་རྣམ་དག་པདྨའི་རང་བཞིན་ལས།། ཐུགས་རྗེའི་སྤྲུལ་པ་ཐར་ལམ་བྱང་ཆུབ་སེམས།། ཕྱོགས་བཞི་དབུས་ལྔར་བརྗིད་པའི་དབུ་མཆོག་ནི། ། གྲུབ་པའི་སངས་རྒྱས་མཁྱེན་ལྔ་ཡེ་ཤེས་ལྔ།། དཔའ་ལུས་ཁྱད་པར་འཕགས་པ་ཞལ་གྱི་དབྱིབས།། དབང་མཆོག་ལྷུན་གྱིས་གྲུབ་པའི་རྟ་སྐད་ཅན།། ཐུགས་ལས་ཐུགས་རྗེ་ཐབས་མཁས་སྤྲུལ་པ་ནི།། ཡེ་ཤེས་བྱིན་རློབས་ཁྲོ་རྒྱལ་འབུམ་དུ་སྟོན། ། སྨིན་མཛད་སྨོན་ལམ་ཡུན་རིང་ལས་གྲུབ་པའི།། དམིགས་པའི་མཐའ་བྲལ་པདྨ་ཡུམ་གྱི་ཚུལ།། ཆོས་རྣམས་མ་ལུས་གསལ་བར་གཟིགས་པ་ཡི།། ཆགས་མེད་ཐུགས་རྗེ་པདྨ་སྤྱན་གྱི་ཚུལ། ། སྒྲ་སྐད་ཐམས་ཅད་མཐའ་ལས་གྲོལ་བ་ཡི།། ཟབ་དང་རྒྱ་ཆེ་ཆོས་ཀྱི་མཚན་ཉིད་གསན།། ཤངས་ཀྱི་རླུང་སྒྲོམ་དུག་གསུམ་རྩད་ནས་གཅོད།། ཞལ་གྱི་ཧོམ་ལྔ་གདངས་ལས་རྒྱུད་ལྔ་སྒྲོལ།། རྣོ་དབལ་མཆེ་བས་སྐྱེ་ཤི་རྩད་ནས་གཅོད། ། ལེ་བརྒན་ལྗགས་ཀྱིས་གསུངས་རབ་རྒྱ་མཚོ་འཆད།། རོལ་པའི་ཕྱག་གིས་འགྲོ་བ་འདུལ་ལ་མཁས།། གཤོག་བཞི་བརྐྱངས་པས་ཕྲིན་ལས་རྣམ་བཞི་མཛད། ། ཞབས་བརྒྱད་རོལ་པས་གཟིར་གནོན་མཛད་པའི་ཚུལ།། སྐུ་ཆེ་ཡན་ལག་རགས་ཏོ་རི་བོ་བཞིན།། ཐུགས་མཆོག་ཡེ་ཤེས་སྟོང་གི་ཉི་མ་བརྡལ།། ལྷ་ཡི་ལྷ་མཆོག་བྱིན་བརླབས་འབྱུང་བའི་གནས།། ངོ་མཚར་རོལ་པས་ཁྲོ་བོ་ཀུན་གྱི་རྗེ། ། དཔའ་བོ་ཐབས་མཆོག་མངའ་ལ་ཕྱག་འཚལ་བསྟོད།། རྡོ་རྗེས་འཁོར་ལ་དམ་ཚིག་སྦྱིན་མཛད་ཅིང།། གཏོར་མ་རྒྱ་ཆེན་བྱིན་བརླབ་སྔགས་ཀྱིས་དབུལ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡོ་ག་སིདྡྷི་ཧཱུཾ། ས་ཧོ་ཀ་མ་ལ་པུ་ར་ཏ་ཧཱུཾ། ཨཱ+ོཾ་བཛྲ་ས་མ་ཡ་མ་ཧཱ་ཀྲོ་ཏ་ཨོཾ་ཨཱཿཧཱུཾ། མ་ཧཱ་ཡོ་ག་ཙིཏྟ་རི། བ་མེ་ལ་རཀྟ་ཁཱ་ཧི་ཁཱ་ཧི་ཧཱུཾ། ཨོཾ་ཁ་ཁ་ལེ་ལེ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨི་དན་ས་མ་ཡ་ཨ་ལ་ལ་ཧོ།། ཐུན་སྐབས་ཐ་མའི་གཏོར་མ་ལ། ། བསྲེག་སྦྱང་བྱིན་བརླབ་འདོད་ལྔ་བདུད་རྩིའི་ཚོགས།། རང་གི་སྔགས་ཀྱིས་མགྲོན་ཚོགས་ཀུན་བསྡུས་ཏེ།། དེ་དག་སྦྱང་ཞིང་བྱིན་བརླབས་ཕྱག་རྒྱའི་རྒྱུ།། སྐུ་གསུང་ཐུགས་གསལ་རིགས་ཀྱི་ཅོད་པཎ་ཅན། ། མཉམ་སྙོམས་ལོངས་སྤྱོད་བདུད་རྩིས་ཚིམ་གྱུར་ནས།། རང་ཉིད་ལྷ་དང་གཉིས་མེད་གནས་པ་དང།། རྒྱལ་བའི་བསྟན་པ་བསྲུང་བའི་ཕྲིན་ལས་བཅོལ།། ཨོཾ་ལྷ་ཀླུ་གནོད་སྦྱིན་སྲིན་པོ་གཤིན་རྗེ་ཀླུ།། དྲི་ཟ་གྲུལ་བུམ་མེ་ལྷ་མཁའ་འགྲོའི་ཚོགས། ། ལྷ་མིན་འདབ་བཟངས་དབང་ལྡན་སྲུལ་པོ་དང།། འགྲོ་དྲུག་གནས་པའི་གང་ཟག་རྫུ་འཕྲུལ་ཅན།། སྙིང་རྗེ་ལན་ཆགས་མགྲོན་བཅས་མ་ལུས་ཀུན།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྦྱང་བྱས་ནས། ། རང་རིག་ལྷས་བརྒྱན་གཉིས་མེད་གནས་པ་དག། བདུད་རྩི་དགའ་བའི་ལོངས་སྤྱོད་འདི་བཞེས་ལ།། བདག་གི་ཞི་རྒྱས་དབང་དྲག་ལས་བསྒྲུབ་ཅིང།། རྣལ་འབྱོར་འཁོར་བཅས་བསྲུང་བར་མཛད་པ་དང། ། འགྲོ་བ་བདེ་ལེགས་ཕུན་སུམ་ཚོགས་མཛད་ཅིང།། ནད་རྐྱེན་བར་ཆད་མ་ལུས་བསལ་བ་དང།། རྒྱལ་བའི་བསྟན་པ་རྗེས་སུ་བསྲུང་མཛོད་ལ།། རང་གི་གནས་སུ་བདེ་བར་གཤེགས་པར་མཛོད།། ཨཱ+ོཾ་ཧྲི་ཧ་ཧ་ཡ་ཤཱ+ོ་ཏ་མ་བི་ན་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི། ཨརྒྷཾ་མཱཾ་ས་ཁཱ་ཧི། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། ཡེ་ཤེས་དཀྱིལ་འཁོར་དབང་སྡུད་མཉེས་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཧེ་རུ་ཀས་རྗེ་བཙུན་འཕགས་པ་གནོད་མཛེས་ཆུ་དབང་གི་སྒྲུབ་པའི་ཐབས་འདི་དག་གསུངས་སོ། ། འདི་བསྒྲུབ་པ་ཡི་གང་ཟག་ནི།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ། སྡོམ་པ་དང་ནི་དམ་ཚིག་ལྡན།། དབང་བསྐུར་ཐོབ་ཅིང་བརྩོན་འགྲུས་ཅན།། བླ་མ་མཆེད་གྲོགས་དག་ལ་གུས།། དེ་ལྟ་བུ་ཡི་སྔགས་པས་བསྒྲུབ།། གནས་ནི་ཡིད་དུ་འོང་བ་དང།། ཤིན་ཏུ་དབེན་པར་བྱ་བའམ། ། རང་ཉིད་གང་དུ་གནས་ཀྱང་རུང།། རྒྱུན་དུ་གང་དུ་འདུགས་པར་བསྒྲུབ།། གཉིས་པ་བྱ་ཐབས་རྟེན་བཤད་པ།། གསེར་དངུལ་ཟངས་ཀྱི་ཤོག་བུ་ལ།། པདྨ་འདབ་བརྒྱད་གཉིས་བྱས་ལ། ། གཅིག་ལ་གནོད་སྦྱིན་ཕོ་དགུ་བྲི།། གཅིག་ལ་གནོད་སྦྱིན་མོ་དགུ་བྲི།། དེ་ལ་རབ་གནས་ལེགས་བྱས་ནས།། དེ་གཉིས་ཁ་སྦྱར་མཉེས་བསམ་ལ།། མར་དང་སྦྲང་རྩི་ཀ་རས་གྲིལ།། ཟ་མ་ཏོག་གི་ནང་དུ་ནི།། མེ་ཏོག་སེར་པོས་བཀང་བ་ཡི། ། དབུས་སུ་གའུ་སྩལ་བྱས་ནས།། མཎྜལ་གྲུ་བཞི་ཁྲུ་བརྒྱད་པ།། བྱི་དོར་ལེགས་བྱས་རྣམ་ལྔས་བྱུག། མེ་ཏོག་སེར་པོ་བཀྲམ་པའི་དབུས།། ཟ་མ་ཏོག་ནི་བཞག་ནས་ཀྱང།། དུས་གསུམ་མཆོད་བསྟོད་བསྐོར་དང་བཟླས། ། དེ་ལྟར་བྱེད་པའི་སྔགས་པ་ལ།། གྲུབ་ཆེན་བརྒྱད་ཀྱང་སྟེར་བྱེད་ན།། དངོས་གྲུབ་ཕལ་ཆེར་ལྟ་ཅི་དགོས།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དང་གསང་སྔགས་བཤད་པ་འདིའོ། ། ཨཱ+ོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། དབུས་གནོད་འཛིན་གྱི་སྔགས་སོ།། ཨཱ+ོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཤར་ནོར་བུ་བཟང་པོའི་སྔགས་སོ།། ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ལྷོར་གང་བ་བཟང་པོའི་སྔགས་སོ།། ཨཱ+ོཾ་དྷ་ན་པ་ཏ་ཡེ་སྭཱ་ཧཱ། ནུབ་ནོར་སྦྱིན་གྱི་སྔགས་སོ།། ཨཱ+ོཾ་བཻ་ཤྲཱ་མ་ཎཱ་ཡ་སྭཱ་ཧཱ། བྱང་ནོར་སྦྱིན་ཆེན་པོའི་སྔགས་སོ།། ཨཱ+ོཾ་ཀེ་ལི་མཱ་ལི་ནེ་སྭཱ་ཧཱ། ཤར་ལྷོ་རོལ་པའི་ཕྲེང་བའི་སྔགས་སོ།། ཨོཾ་མུ་ཁེན་དྲཱ་ཡ་སྭཱ་ཧཱ། ལྷོ་ནུབ་སྒོའི་དབང་པོའི་སྔགས་སོ། ། ཨཱ+ོཾ་ཙ་རིནྡྲ་ཡ་སྭཱ་ཧཱ། ནུབ་བྱང་སྤྱོད་པའི་དབང་པོའི་སྔགས་སོ།། ཨཱ+ོཾ་ཙི་བི་ཀུནྜ་ལི་ནེ་སྭཱ་ཧཱ། བྱང་ཤར་རྒྱལ་བ་འཁྱིལ་པའི་སྔགས་སོ། ཨཱ+ོཾ་བ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ། དབུས་ནོར་སྦྱིན་མའི་སྔགས་སོ།། ཨཱ+ོཾ་ཙནྡྲ་སྐཱནྟཱ་ཡཻ་སྭཱ་ཧཱ། ཤར་དུ་ཟླ་འོད་མའི་སྔགས་སོ།། ཨོཾ་ཨཱརྱ་ཡཻ་སྭཱ་ཧཱ། ལྷོར་འཕགས་མའི་སྔགས་སོ།། ཨོཾ་སུ་ད་ཏྟཱ་ཡཻ་སྭཱ་ཧཱ། ནུབ་རབ་སྦྱིན་མའི་སྔགས་སོ།། ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། བྱང་སྦྱིན་མའི་སྔགས་སོ།། ཨོཾ་ས་ར་སྭ་ཏྱཻ་སྭཱ་ཧཱ། ཤར་ལྷོ་དབྱངས་ཅན་མའི་སྔགས་སོ།། ཨཱ+ོཾ་དེ་བྱཻ་སྭཱ་ཧཱ། ལྷོ་ནུབ་ལྷ་མོའི་སྔགས་སོ།། ཨཱ+ོཾ་གུ་པྟ་ཡཻ་སྭཱ་ཧཱ། ནུབ་བྱང་སྦས་མའི་སྔགས་སོ།། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། བྱང་ཤར་བཟང་མོའི་སྔགས་སོ།། ཨོཾ་ཛཾ་ཛཾ་བྷ་ལ་སྭཱ་ཧཱ། བཟླས་པའི་སྔགས་སོ།། ཨོཾ་ཛཾ་ཛཾ་བྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ། བསྒྲུབ་པའི་སྔགས་སོ།། ཨོཾ་ཛཾལུ་སྭཱ་ཧཱ། ལས་སྦྱོར་ཆུ་འབུལ་བའི་སྔགས་སོ།། གནོད་སྦྱིན་ཆེན་པོ་འདི་བརྒྱད་ཡང།། སྐུ་མདོག་ཕྱོགས་མཐུན་དབུས་མ་སེར། ། གཡས་པའི་ཕྱག་ན་ཨ་རུ་ར།། གཡོན་པ་ནེའུ་ལེའི་རྐྱལ་བུ་འཛིན།། དེ་ཡི་ཆུང་མ་དགྲ་བོ་ཡང།། དབུས་མ་གསེར་མདོག་ཕྱོགས་མཐུན་འཁོར།། གཡས་པ་མཆོག་སྦྱིན་ཕྱག་རྒྱ་ལ།། གཡོན་པ་འབྲས་ཀྱི་སྙེ་མ་འཛིན། ། ཡང་ན་ཞལ་གསུམ་ཕྱག་དྲུག་སྟེ།། སྐུ་མདོག་རིགས་མཐུན་ཕྱོགས་ཀྱི་མདོག། གཡས་ན་ལྕགས་ཀྱུ་ཞགས་པ་དང།། ནེའུ་ལེའི་རྐྱལ་བ་འཛིན་པའོ།། གཡོན་ན་བི་ཛ་བཱུ་ར་དང།། རྡོ་རྗེ་ལྕགས་ཀྱུ་འཛིན་པ་དང། ། ནེའུ་ལེའི་རྐྱལ་བ་བསྣམས་པ་ནི།། བློ་མཆོག་རྣམས་ཀྱིས་བསྒོམ་པར་བྱ།། དེ་ནས་ཡི་གེ་དགོད་པ་ནི།། སྤྱི་བོར་ཨཱ+ོཾ་སྟེ་ཁ་ལ་ཛཾ།། དཔུང་གཡས་བྷ་སྟེ་དཔུང་གཡོན་ལ།། སྙིང་ཁར་ཛ་སྟེ་བརླ་གཡས་ལེན། ། བརླ་གཡོན་དྲ་ལ་གསང་བར་ཡ།། བྱིན་པར་སྭཱ་སྟེ་རྐང་མཐིལ་ཧཱ།། དེ་ནས་ཕྱག་རྒྱས་དགུག་པ་ཡང།། ལག་གཉིས་སྙིང་གར་ཁུ་ཚུར་བཅང།། གུང་མོའི་ཚིགས་ནི་དབུས་མ་དང།། གསུམ་པོ་བཀུག་ལ་ཕྱག་རྒྱའོ། ། དེ་ལ་ཆུ་འབུལ་མན་ངག་ནི།། ཟླ་བ་དང་ནི་རྡོ་རྗེ་བསམ།། ཡི་གེ་ཨཱ+ོཾ་ལས་གདུ་བུ་ནི།། སོ་སོར་མཁྲིག་མར་བསམ་པར་བྱ།། བཾ་ནི་ཟླ་བའི་མདོག་ཅན་དེ།། དེ་ལ་བདུད་རྩི་རབ་འབར་བ།། དྲི་མེད་སོ་སོར་མངོན་ཕྱོགས་པས། ། མཁས་པས་བུམ་པ་བཞིན་དུ་བལྟ།། མཛུབ་མོ་ལ་ནི་ནོར་བུ་བཟང།། གང་བ་བཟང་ཞེས་གུང་མོ་ལ།། སྲིན་ལག་ལ་ནི་ནོར་སྦྱིན་ཏེ།། ནོར་སྦྱིན་ཆེན་པོ་མཐེའུ་ཆུང་ལ།། མཐེ་བོར་ཙི་པི་ཀུཎྜ་ལི། ། ཀི་ལི་མི་ལི་མཁྲིག་མར་ཏེ།། སྒོ་དབང་སྤྱོད་པའི་དབང་པོ་དག། ལག་པའི་ངོས་ལ་རྣམ་པར་བསམ།། སྔགས་པས་ནོར་འཛིན་ཆུ་དབང་ནི།། ལག་པའི་དབུས་སུ་རྣམ་བཞག་སྟེ།། རང་རང་སྔགས་ཀྱིས་རིམ་བཞིན་བསམ། ། དང་པོར་ཡི་གེ་ཨོཾ་དང་ནི།། རཏྣ་བཛྲ་རང་མིང་ལྡན།། བཞི་ཡི་མཐའ་དང་དེ་བཞིན་དུ།། སྭཱ་ཧཱར་བཅས་པ་སྔགས་སུ་དྲངས།། རྡོ་རྗེ་བདུད་རྩི་ལག་པར་བསམ།། འདི་ལྟར་སྤྱི་བོར་ཆོ་ག་བཞིན། ། མཁས་པ་ཆུ་ཡི་སྦྱིན་བླུགས་བརྒྱ།། ཉིན་རེ་བཞིན་ནི་ལེགས་པར་དབུལ།། དེ་ནས་གལ་ཏེ་འགྱངས་པ་ན།། ནན་ཏུར་བྱ་བར་རིགས་པ་ཡིས།། བདག་ཉིད་པདྨ་དབང་ཆེན་གྱིས།། ཐུགས་ལས་ཡི་གེ་མཐིང་ནག་ཧཱུཾ། ། དེ་ལས་རྡོ་རྗེ་ཧཱུཾ་མཛད་སྤྲུལ།། ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ།། གཡས་གཡོན་དང་པོ་ཕྱག་གཉིས་ན།། རྡོ་རྗེ་དྲིལ་བུ་བསྣོལ་མར་འཛིན།། འོག་མ་ལྕགས་ཀྱུ་ཞགས་པ་ཐོགས།། སྟག་གི་ཤམ་ཐབས་མཛེས་པར་བསམ། ། སྦྲ་ཚིལ་སྐུ་གཟུགས་ཆུ་བདག་འདྲ།། དུག་དང་ཚ་བ་གསུམ་དང་ནི།། སྐྱེ་ཚེ་ཚ་བའི་མར་ཁུ་དང།། ཁྲག་གིས་གཟུགས་ལ་བྱུག་ནས་ནི།། དེ་སྔགས་བཟླས་ཤིང་དུར་ཁྲོད་ཀྱི།། མེ་ལ་བདུག་ན་ཞག་བདུན་གྱིས། ། མངོན་སུམ་འདོད་པ་སྟེར་བར་བྱེད།། དེ་ནས་བཟོད་པར་གསོལ་བྱས་ནས།། རྫས་དང་བྲལ་བར་བྱས་པ་ཡི།། མཚན་མ་དབེན་པར་བཞག་ལ་མཆོད།། དེ་ནི་ནན་ཏུར་བསྒྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ཛཾ་བྷ་ལྷ་ལ་བསྟོད་པ་འདི་གསུངས་སོ། ། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ།། གནོད་སྦྱིན་མང་པོའི་ནོར་འཆང་ཀུན་གྱི་རྗེ།། བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛཾ་བྷ་ལ། ། བཅོམ་ལྡན་གྲུབ་མཆོག་སྩོལ་ལ་ཕྱག་འཚལ་བསྟོད།། གང་གི་ཐུགས་ནི་སྟོན་ཀའི་ཟླ་བ་ལྟར་དཀར་བ།། ཡོན་ཏན་འོད་ཟེར་ཐམས་ཅད་རབ་རྫོགས་ཤིང།། ཉེས་པའི་མུན་པ་མ་ལུས་རབ་སེལ་བ།། བཅོམ་ལྡན་ནོར་ལྷའི་པདྨར་རབ་ཏུ་འདུད། ། ཐུགས་རྗེའི་དབང་བྱས་བཀྲ་ཤིས་སྐུ་མངའ་བ།། གསེར་གྱི་པདྨ་ལྟ་བུར་ཡིད་འོང་ཞིང།། དམན་པ་རྣམས་ཀྱིས་མཐོང་དཀའ་དམ་པ་ཡི།། གཙུག་གི་ནོར་བུ་ཁྱོད་ལ་ཕྱག་འཚལ་བསྟོད། ། གསུང་གི་ཆུ་འཛིན་ཤིན་ཏུ་སྡུག་པོ་ལས།། ཆོས་དབྱིངས་བདུད་རྩིའི་ཆུ་རྒྱུན་རབ་འབེབས་པས།། དད་པའི་ལྟོ་བ་རབ་རྒྱས་དགེ་བ་ཡི།། པདྨ་སྐྱེད་མཛད་ཁྱེད་ལ་ཕྱག་འཚལ་བསྟོད།། བྱམས་དང་སྙིང་རྗེའི་རང་བཞིན་མི་གཡོ་ཡང། ། ནོར་བུ་རིན་ཆེན་དཔག་བསམ་ཤིང་ལྟ་བུར།། ས་གསུམ་པོ་ཡི་དགོས་པ་དུས་གཅིག་ཏུ།། རྩལ་བར་མཛད་པ་ཁྱེད་ལ་ཕྱག་འཚལ་བསྟོད།། ཡུལ་རྣམས་སྒྱུ་མ་ལྟ་བུར་རབ་མཁྱེན་ཀྱང། ། སྔོན་གྱི་སྨོན་ལམ་ལྗགས་ཀྱི་སོ་བརྡར་བས།། གཏེར་གྱི་དབང་པོ་མ་ལུས་རབ་བསྣམས་པ།། གནོད་སྦྱིན་གཟུགས་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད།། མ་རིག་མུན་པས་ཐར་པའི་ལམ་དང་བྲལ།། སྲིད་པའི་གཡང་ས་སྡུག་བསྔལ་མེ་ནང་དུ། བརྩེ་མེད་སྟོབས་ལྡན་ལས་ཀྱིས་འཕངས་པས་ན།། མགོན་པོ་ཉིད་ཀྱིས་བདག་ལ་མྱུར་དུ་སྐྱོབས།། ཞེས་ནི་རྣལ་འབྱོར་སྒྲུབ་པ་པོ།། གང་གིས་བསྟོད་པ་འདིས་བསྟོད་ན།། ནོར་གྱི་ཆར་པ་མྱུར་དུ་འབེབས། ། འབྲུ་ཡི་བང་མཛོད་རྒྱས་པར་འགྱུར།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས།། མགོན་པོ་གནོད་སྦྱིན་ཤིང་རྟའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བགེགས་ཀྱི་རྒྱལ་པོ་ཚོགས་ཀྱི་བདག་པོ་རྣམས་སྒྲུབ་པའི་ཐབས་རྣམས་གསུངས་སོ། ། གང་ཞིག་རྣལ་འབྱོར་སྒྲུབ་པ་པོས།། སྐུ་ཡི་ཚོགས་བདག་དཀར་པོ་བསྒྲུབ།། དབྱི་མོང་ཤིང་ངམ་ཙནྡན་ཤིང།། མཐེ་བོང་ཙམ་པའི་ཚོགས་བདག་སྐུ། ། དཀར་པོ་གླང་ཆེན་གཞོན་ནུའི་གདོང།། གཡས་ན་ལ་ཕུག་བགྲང་ཕྲེང་དང།། གཡོན་གཉིས་ལ་དུ་དགྲ་སྟྭ་བསྣམས།། བྱི་བ་སྔོན་པོའི་ཁྲི་ལ་བཞུགས།། དེ་ཡི་གསང་སྔགས་རབ་བཤད་ཀྱིས། ། ནོར་གྱི་བདག་པོ་དབང་དུ་བྱེད།། ཨཱ+ོཾ་གུ་མ་ག་ཎ་པ་ཏི་སྭཱ་ཧཱ། བསྙེན་པའི་སྔགས་སོ། སྔགས་རྣམས་མ་ཕྱྀ་སོར་བཞགས།། ཨོཾ་ཧྲི་ཧ་སྟི་མུ་ཁ་ལ་ལ་མ་བྷྱོ་དྷ་ར་ཡ། ཨུ་ཙིཏྟ་མ་ལ་ཡ་མ་ཧཱ་ར་མ་ནེ། ཀྲཾ་བྲུམ་ཧྲི་ཧཱུཾ་ཏྲཾ། ཨུ་ཙིཏྟ་ཡ་སྭཱ་ཧཱ། སྙིང་པོའོ།། ཨོཾ་བར་ཏ་ཀ་ཨུ་ཙིཏྟི་སྭཱ་ཧཱ། བསྒྲུབ་པའི་སྔགས་སོ།། ཨོཾ་བཛྲ་ཨ་རུ་ཤ་གུ་ཏེ་ས་ཏེ་ཨཱ་ཀ་ར་ཤ་མ་ཧཱུཾ་ཛཿ། དངོས་གྲུབ་བླང་བའི་སྔགས་སོ།། ཡང་ངོའི་ཚེས་བརྒྱད་གནམ་སྟོང་པར།། དུས་གསུམ་བརྒྱ་རྩ་བརྒྱད་བཟླས་ན། ། ཡུལ་ཁམས་དབང་དུ་འདུ་བར་འགྱུར།། མཆན་ཁུང་གཡོན་དུ་ཚོགས་བདག་སྐུ།། སྦས་ནས་སྔགས་བཟླས་གང་འདོད་པ།། རང་གི་དབང་དུ་བྱེད་པར་འགྱུར།། རྣལ་འབྱོར་གང་ཞིག་སྒྲུབ་པ་པོས། ། གསུང་གི་ཚོགས་བདག་དམར་པོར་བསྒྲུབ།། ཟངས་ལ་ཚོགས་བདག་དམར་པོའི་སྐུ།། གླང་ཆེན་གདོང་ཅན་ཕྱག་བཞི་པ།། གཡས་ན་ལ་ཕུག་ནོར་བུ་དང།། གཡོན་པ་དགྲ་སྟྭ་ཁ་ཊྭཱཾ་ག། གསུམ་པོ་ཆེ་ལ་རྒྱན་གྱིས་བརྒྱན། ། ཟླ་བའི་གདན་བཞུག་སྔགས་འདིས་བསྒྲུབ།། ཨོཾ་བྷུཾ་ག་ཎ་པ་ཏི་ས་ར་ཀ་རཏྣ་སིདྡྷི་ཧཱུཾ། འབོད་པའི་སྔགས་སོ།། ཨཱ+ོཾ་བྷ་ག་ཏྲཻ་ཀ་དང་ཥྟ་བི་དྷ་ཧཱུཾ་ཕཊ། བསྒྲུབ་པའི་སྔགས་སོ།། ཙནྡན་དམར་པོ་བྱུག་པའི་མཎྜལ་སྟེང་དུ་ཚོགས་བདག་བཞུགས། མེ་ཏོག་དམར་པོས་མཆོད་པ་བྱ།། ལྷ་ཀླུ་མི་ཡི་བུ་མོ་ཡིས།། བདག་ལ་བཀུར་སྟི་བྱེད་པར་འགྱུར།། བུད་མེད་ཐམས་ཅད་དབང་དུ་སྡུད།། གང་གི་བསྒྲུབ་པའི་རྣལ་འབྱོར་པས། ། ཐུགས་ཀྱི་ཚོགས་བདག་ནག་པོ་བསྒྲུབ།། དུར་ཁྲོད་རས་ལ་སྐུ་བྲིས་ཏེ།། མདུན་དུ་མཎྜལ་སྟེང་དུ་གཞག། མི་ཤ་མར་ཁུ་འབྲས་ལ་སོགས།། གཏོར་མ་ཐོད་པར་བཤམས་ལ་འདུལ།། རང་ཉིད་པདྨ་དབང་ཆེན་བསྒོམ། ། མདུན་དུ་ཚོགས་བདག་གླང་གདོང་ནག། རལ་གྲི་གཡས་ལ་ཐོད་པ་གཡོན།། རྩངས་པ་ཞོན་པ་བསམ་པར་བྱ།། ཨཱ+ོཾ་ཧྲི་ཛཾ་བེ་མོ་ཧྲི་སྟམ་བྷི་ཨ་ན་དྷི་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། བི་ནཱ་ཡ་ཀ་ཧ་ཏི་བྷི་ཤ་ཙི་བ་ལིཾ་གྷྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། འབུམ་ཚོ་གསུམ་བཟླས་གཏོར་མ་འབུལ།། མི་ཤ་གླང་ཁྲག་མར་ཁུ་ཡིས།། སྦྱིན་སྲེག་ཁྲི་འབུམ་དངོས་སུ་ཡང།། དེ་ལ་གང་འདོད་དངོས་གྲུབ་བླངས།། གསད་པར་འདོད་ན་བཙན་དུ་གདང། ། གུ་གུལ་ཚ་དང་དགྲ་ཡི་མིང།། མར་ངོའི་བཅུ་བཞིའི་ནུབ་མོ་ལ།། ཚེར་མའི་ཧོམ་དུ་ཁྲི་ཚོ་གཅིག། བསྲེག་ན་ཞག་བདུན་དག་ན་གསོད།། དེ་ཡི་གསང་སྔགས་འདི་བཟླས་སོ།། ཨཱ+ོཾ་ཧྲི་པི་ནཱ་ཡ་ཀ་ཆེ་གེ་མོ་ཤ་ཏཱུཾ་ན་ཤ་ཡ་སྟྭཾ་བྷ་མཱ་ར་ཡ་ཧཱུཾ་ཕཊ། རྣལ་འབྱོར་གང་ཞིག་གྲུབ་པ་པོས།། ཡོན་ཏན་ཚོགས་བདག་སེར་པོ་བསྒྲུབ།། རིན་ཆེན་གསེར་སོགས་རྫ་ས་ལ།། ཚོགས་བདག་སེར་པོ་སྤྲེལ་མགོ་ཅན།། ཕྱག་གཉིས་ཐལ་མོ་སྦྱར་བར་བྱ། ། ཁོང་དུ་རིན་ཆེན་འབྲུ་སྤོས་དང།། དར་ཟབ་སྔགས་དང་བཅས་པ་གཞུག། མཎྜལ་གྲུ་བཞི་སེར་པོ་ཡི།། སྟེང་དུ་བཞག་ནས་མཆོད་པར་བྱ།། སྔགས་འདི་བཟླས་ན་འཛམ་གླིང་གི། ལོངས་སྤྱོད་ནོར་གྱི་ཆར་བ་འབེབས། ། གུ་གུལ་དུད་པས་རྟག་ཏུ་བདུག། ཨཱ+ོཾ་རཏྣ་རཏྣ་རཏྣ་རཏྣ་ག་ཎ་པ་ཏི་ག་ག་ག་ག་ག་ག་ག་ག་ག་ཎ་པ་ཏི་ཙུ་རུ་ཙུ་རུ་མ་ནུ་པ་ཏྲ་རུ་རུ་རུ་རུ་ག་ཎ་པ་ཏ་ཡེ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། བསྙེན་པ་གོ་བརྒྱད་པའི་སྔགས་སོ། ། ཨཱ+ོཾ་བཛྲ་ཨ་རུ་རུ་ཤ་མ་ཧཱ་གུ་ར་བེ། མ་མ་པུཥྟིཾ་ཀུ་རུ། ཨཱ་ཀརྴ་ཡ་ཧཱུཾ་ཛཿ། སྒྲུབ་པའི་སྔགས་སོ།། འདོད་པའི་ལོངས་སྤྱོད་མ་ལུས་དང།། གཏེར་ཆེན་པོ་ཡང་རྙེད་པར་འགྱུར།། གང་ཞིག་རྣལ་འབྱོར་སྒྲུབ་པ་པོས། ། ཕྲིན་ལས་ཚོགས་བདག་ནག་པོ་བསྒྲུབ།། ཚོགས་བདག་ནག་པོ་གླང་ཆེན་མགོ།། ཕྱག་བཞི་ཞབས་ནི་བརྐྱང་བསྐུམ་བཞུགས།། གཡས་པ་མཆེ་བ་ཞགས་པ་འཛིན།། གཡོན་པ་དགྲ་སྟྭ་ཁ་ཊྭཱཾ་བསྣམས།། ཡུམ་ནི་ཕག་གདོང་དགྲ་སྟྭ་ཁ་ཊྭཱཾ་དང། ། བྷནྡྷ་ཁྲག་བཀང་ཞལ་དུ་སྟོབ།། ཨཱ+ོཾ་ན་མོ་ག་ཎ་བ་དྷེ་ཛཿ་ཡ་བ་ར་ནེ་ཛྷི་བ་ཏྲི་ཡ་སྭཱ་ཧཱ། འབོད་པའོ།། རཱུ་པ་བཀྵ་བི་ནཱ་ཡ་ཀ་མེ་ར་ཧཱུཾ། ཏྲི་ན་ག་བྷེ་ཐེ་སུ་རུ་བྷ་ཧཱུཾ་ཕཊ། ཡཀྴ་ཀ་ལ་མ་ཧཱ་བྷཻ་ར་བེ་ཏྲི་བྲ་ཙ་ཤ་ཏྲུཾ་ནརྀ་ཛ་ནརྀ་ཛ། རྦད་པའི་སྔགས་སོ།། ཡཀྴ་ཀ་ལ། མ་ཧཱ་བྷཻ་ར་བེ་དེ་བ་ཡཀྴ་མ། ནཱ་ག་ཆེ་གེ་མོ་ཐུམ་རིལ་ཡ། རྦད་པའི་སྔགས་གཉིས་པའོ།། ནཱ་ཤ་ཡ་ནཱ་ཤ་ཡ། སེ་ག་ཡ་ས་ཤ་ཡ། ཙཱུ་ར་ཎ་ཙཱུ་ར་ཎ། ཏྲ་ས་ཡ། ན་ག་ཡ་ཀ་ཏྲ་ཤ་མཱ་ར་ཡ། ཧ་ན་ཙཀྲ། ཧ་ན་ཙཀྲ། བི་ནཱ་ཡ་ཀ་ཛི་བི་ཏཱནྟ་ཏ་ཀ་རཱ་ཡ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། གསད་པའི་སྔགས་སོ།། ཨཱ+ོཾ་བྷི་གྷ་བྷི་བ་བྷྱི་སརྦ་བིརྱཱ་བི་ཤ་ཡ། ཧྲི་ད་ཡཱ་ཧྲི་ད་ཡཱ། ཙི་ཏུ་བ་ཏུ། སྲ་མ་དུ་ཏ་ཡ། ཧ་ན་ཧ་ན་གྲྀ་ཧྞ་གྲྀ་ཧྞ། པ་ཙ་པ་ཙ། བྷྲ་མ་བྷྲ་མ། བྷྲ་མ་ཡ་བྷྲ་ཡ་མ། ཧཱུཾ་ཧཱུཾ་ཕཊ་ཕཊ། གསང་བའི་སྔགས་གཉིས་པའོ།། རྦད་སྔགས་གཉིས་ནི་ཉིན་དང་མཚན།། དང་པོ་དགྲ་བོ་སྲོག་ནས་འདྲེན། ། གཉིས་པ་དགྲ་ལ་རྦད་པར་བྱ།། གསད་སྔགས་གཉིས་ནི་ཉིད་དང་མཚན།། དང་པོ་གསད་པའི་གསང་སྔགས་ཡིན།། གཉིས་པ་ཐུན་གྱིས་གསད་པའི་སྔགས།། དཀྱིལ་འཁོར་གྲུ་གསུམ་ནག་པོ་རུ། ། དགྲ་གཟུགས་སྤྲ་ཚིལ་རས་བྱས་ཏེ།། དེ་ཡི་སྙིང་གར་མིང་རུས་གཞུག། དགྲ་རྫས་རྙེད་ཚད་དེ་ལ་བྱུག། ལ་དུ་ལ་ཕུག་ཉ་ཤ་དང།། སྒོག་བཙོང་འབྲས་ཆེན་དཀར་གསུམ་དང།། མངར་གསུམ་སྦྱར་བའི་གཏོར་མ་དང། ། ཅེ་སྤྱང་ཐོད་པར་སྤྱེ་ཚེ་དང།། ཉུང་དཀར་ཉུང་ནག་ཟི་ར་ཡིས།། ཐུན་བྱ་ལིངྒར་བྲབ་པར་བྱ།། ཐ་མར་བཀའ་རྟེན་འོག་ཏུ་གནན།། དགྲ་བགེགས་འབྱུང་པོ་དབང་དུ་བྱེད།། ཚོགས་ཀྱི་བདག་པོས་འདུལ་བར་འགྱུར། ། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས།། ཚོགས་ཀྱི་བདག་པོས་དབང་དུ་སྡུད་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲེའུའི་རྒྱལ་པོ་ཧ་ལུ་མནྡྷའི་སྒྲུབ་པ་འདི་གསུངས་སོ། ། ཤེས་རབ་སྙིང་རྗེ་ལྡན་པ་ཡིས།། དབང་དང་དམ་ཚིག་ཐོབ་ནས་ནི།། སེམས་ཅན་ཀུན་ལ་སྙིང་རྗེར་ལྡན།། དེ་ལྟ་བུ་ཡི་གང་ཟག་གིས།། རྒྱལ་གྱི་ཉིན་པར་སྐུ་གཟུགས་འཆའ། ། དེ་ཡང་སྔ་དྲོའི་དུས་སུ་ཤིས།། རབ་ནི་གསེར་དངུལ་ཟངས་དང་ལྕགས།། འབྲིང་ནི་སྤྲེའུ་ཤིང་ཞེས་བྱ་དང།། བྲ་མ་ཙ་རའི་ཤིང་ལ་བྱ།། ཐ་མ་རྫ་ས་དག་ལ་བྱས།། དབང་དང་དམ་ཚིག་ལྡན་པ་ཡི། ། བཟོ་བོ་མཁས་པས་བྱ་བ་ཡང།། ཚད་ནི་རྩེ་སོར་བརྒྱད་པ་ལ།། དབྱིབས་ནི་ཞལ་གསུམ་ཕྱག་བཞི་པ།། རྩ་ཞལ་དབུས་མ་སྤྲེའུ་གདོང་དམར།། གཡས་པ་ཁྱུང་གི་མགོ་ནི་སེར།། གཡོན་པ་སེང་གེའི་དབུ་ཡང་དཀར། ། ཕྱག་གཡས་དང་པོ་རིན་པོ་ཆེ།། གཡོན་པ་འབྲས་བུ་ཅན་གྱི་ཤིང།། འོག་མ་གཉིས་ནི་ཐུགས་ཀར་ནི།། ཐལ་མོ་ཁོང་སྟོང་སྦྱར་བ་ལ།། སྤྲེའུའི་ཞབས་གཉིས་ཙོག་བུར་བཞུགས།། སྐུ་མདོག་སེར་པོ་མཇུག་མ་ཅན། ། ལེགས་པར་བྱས་ནས་དབང་པོ་ཚང།། གདན་ནི་བུམ་པ་པདྨ་དང།། བྲག་གི་སྟེང་ན་བཞུགས་པར་བྱ།། སྐུ་གཟུགས་ཁོང་སྟོང་ནང་དུ་ནི།། སྤྲེའུའི་སྙིང་དང་རིན་ཆེན་ལྔ།། བྱི་བའི་ཕོ་མཚན་འབྲུ་སྣ་ལྔ།། སྙིང་པོ་ལྔ་དང་སྨན་ལྔ་དང། ། དྲི་སྣ་ལྔ་དང་ཙནྡན་དམར།། དར་ཟབ་གུ་གུལ་དཀར་པོ་རྣམས།། ནང་དུ་བཅུག་ལ་ཞབས་སྡོམ་བྱ།། དེ་ལ་གྷ་ལས་སྐུ་བསྐྱེད་ནས།། སྤྱན་དྲང་རང་རྒྱུད་བསྟིམ་མཆོད་དེ།། རྟེན་འབྲེལ་སྙིང་པོ་བཟླས་ནས་ནི། ། དབེན་པའི་གནས་སམ་མཆོད་པའི་གྲལ།། མཎྜལ་སྟེང་དུ་བཞུགས་སུ་གསོལ།། ཡི་གེ་གྷ་ལས་སྐུ་ཡང་བསྐྱེད།། རང་ཉིད་ཡི་དམ་རྟ་མགྲིན་སྐུ།། ཐུགས་ཀའི་ཉི་མའི་དབུས་ཉིད་ནས། ། ཧྲཱིཿལས་འོད་ཟེར་འཕྲོས་ནས་ནི།། རང་རྒྱུད་གནས་ནས་འགུགས་པར་བྱའོ།། ཡི་གེ་ཧྲཱིཿདམར་འོད་དཔུང་སྟེ།། ནུབ་ཕྱོགས་སྣང་མཛད་ཞིང་ཁམས་ནས།། ཁ་སར་པ་ཎིའི་ནུས་མཐུ་རྣམས།། མདུན་གྱི་སྤྲེའུ་ལ་ཐིམ་པས། ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ།། དེ་དུས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད།། ཁ་སར་པཱ་ཎི་ཐུགས་རྗེ་ཆེ།། དེ་ཡི་བྱིན་རླབས་སྤྲུལ་པ་ཡི།། སྤྲེའུ་ཧ་ལུ་མ་དྷ་ཡི།། སྲོག་ནས་དྲོང་པའི་སྔགས་འདི་ཡིན།། ཨཱ+ོཾ་བ་ར་ཏ་ཀ་ཧ་ཡ་གྲཱི་བ་ཧ་ལུ་མན་དྷ་སྭཱ་ཧཱ། བཞི་གསུམ་བཅུ་གཉིས་ངོ་བོ་ལས།། མགོ་མཇུག་འབྲུ་བཞི་ལྡན་པ་ནི།། བསྙེན་པའི་སྔགས་ཞེས་བྱ་བ་སྟེ།། གསང་སྔགས་ཆེན་པོ་རང་སྲོག་ཡིན།། བསྙེན་པ་འབུམ་དུ་བཟླས་པས་ན། ། བུད་མེད་ཐམས་ཅད་དབང་དུ་འདུ།། བསྙེན་པ་ཉིས་འབུམ་བཟླས་གྱུར་ན།། སྐྱེས་པ་ཕོ་རྣམས་དབང་དུ་སྡུད།། བསྙེན་པ་སུམ་འབུམ་བཟླས་གྱུར་ན།། འཇིག་རྟེན་ནོར་རྫས་དབང་དུ་སྡུད།། འདི་དུས་ཐལ་སྦྱར་ཕྱག་གི་ནང། ། སྤྲེའུ་ལ་སྤོས་ཀྱི་རེངས་བུ་དབུལ།། བསྙེན་པ་ཐེམ་པར་གྱུར་ནས་ནི།། སྐར་མ་རྒྱལ་གྱི་དུས་སུའམ།། ཡང་ན་ཟླ་སྟོད་བཅོ་ལྔ་ལ།། མཆོད་པ་གཏོར་མ་རྒྱ་ཆེན་འབུལ།། ཁམ་བུའི་གཏོར་རྒྱན་ལ་ཕུག་དང། ། འབྲས་ཆེན་གཏོར་མ་དབུལ་བྱ་ཞིང།། རྩ་སྔགས་བསྙེན་པའི་མཇུག་ཏུ་ཡང།། དངོས་གྲུབ་བླང་བའི་སྔགས་འདི་གདགས།། རཏྣ་རཏྣ་སིདྡྷི་སིདྡྷི། ཕ་ལ་ཕ་ལ། བ་ཤང་ཀུ་རུ། བ་སུ་དྷ་ར། པུཥྟིཾ་ཀུ་རུ་སྭཱ་ཧཱ། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སྤྲེའུའི་རྒྱལ་པོ་ཧ་ལུམ་དྷ་དབང་སྡུད་ཀྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མས་དབང་དུ་སྡུ་བ་འདི་དག་བསྒྲུབ་པར་གསུངས་སོ། ། རྡོ་རྗེ་རིན་ཆེན་པདྨ་ཡི།། མཁའ་འགྲོ་རྣམ་གསུམ་བསྒྲུབ་པར་བྱ།། སྐུ་ཡི་རིན་ཆེན་མཁའ་འགྲོ་སེར།། གསུང་གི་པདྨ་མཁའ་འགྲོ་དམར། ། ཐུགས་ཀྱི་རྡོ་རྗེ་མཁའ་འགྲོ་ནག། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ།། གཡས་པ་ཡིད་བཞིན་ནོར་བུ་ལ།། གཡོན་པ་གཏེར་གྱི་བུམ་པ་བསྣམས།། དེ་ཡི་གསང་བའི་ཐུགས་ཀྱི་སྔགས།། ཨཱ+ོཾ་ན་མ་སུ་ཏྲི་མུ་ཁྲི་མ་ཧཱ་བི་ཤ་ཙིརྣ་ཡེ་སྭཱ་ཧཱ། ནོར་འདུ་བའི་སྔགས་སོ།། ཨཱ+ོཾ་གྲྀ་ན་བ་ན་མ་ཧཱ་བི་ཤ་ཙི་ནེ་ཡེ་སྭཱ་ཧཱ། ཟས་འདུ་བའི་སྔགས་སོ།། ཨཱ+ོཾ་མི་ལི་ཀི་ལི་སེ་ལི་ཀི་སྭཱ་ཧཱ། གོས་འདུ་བའི་སྔགས་སོ།། དེ་ནས་གཏོར་མ་བྱ་བ་ནི། ཆང་གི་ཆང་བུ་གསུམ་བྱས་ནས། ། ཨོཾ་དང་ཨཱཿདང་ཧཱུཾ་ཞེས་པ།། བྱིན་བརླབ་བདུད་རྩི་གསོལ་དགྱེས་བསམ།། སྒྲུབ་པོས་འདི་སྐད་བརྗོད་ལ་དབུལ།། མཁའ་འགྲོ་མ་ཁྱེད་གསུམ་གཏོར་མས་མཆོད་པས། ནོར་དང་ཟས་དང་གོས་ཀྱིས་མི་ཕོངས་པའི་དངོས་གྲུབ་དང། དེ་ཉིད་ཆོས་དང་མཐུན་པའི་གྲོགས་སུ་མཛད་དུ་གསོལ།། ཞེས་བརྗོད་གཙང་སར་གཏོར་བ་ཡིས།། སེམས་ཅན་རྣམས་ལ་ཅི་འདོད་པ།། གཏོར་མ་དེ་ལས་འབྱུང་བར་བསམ། ། ཏྲཱཾ་ལས་རིན་ཆེན་ཕུང་པོར་བསམ།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། མཁའ་འགྲོ་མ་རྣམ་པ་གསུམ་གྱི་དབང་དུ་སྡུད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གཞན་གྱིས་མི་ཐུབ་པའི་སྒྲུབ་པ་འདི་གསུངས་སོ། ། དང་པོ་སྒྲུབ་པར་འདོད་པ་ཡིས།། བྱང་ཕྱོགས་གནས་སུ་དཀྱིལ་འཁོར་ནི།། གྲུ་བཞི་པ་ཡི་རྣམ་ལྔས་བྱུག། དེ་དབུས་དམར་ལ་ཟླུམ་པ་བྱ། ། བཤོས་བུ་དག་ལ་རི་བོང་སྙིང།། ལེའུ་བརྒན་དར་ཡང་གདགས་པར་བྱ།། ཧྲཱིཿལས་གྲི་གུག་འོད་ཞུ་བས།། གནོད་སྦྱིན་གཞན་གྱིས་མི་ཐུབ་དམར།། གྲི་གུག་གཡས་ལ་ཐོད་པ་གཡོན།། ནེའུ་ལེའི་རྐྱལ་པ་མཆན་ཁུང་བཀལ། ། ཡབ་ཡུམ་ནོར་སྦྱིན་སྐུ་མདོག་ལྗང།། རིན་ཆེན་གཡས་ལ་རྐྱལ་བུ་གཡོན།། སྤྱན་དྲང་བཞུགས་མཆོད་སྔགས་འདི་བཟླས།། ཨཱ+ོཾ་ཧྲི་ཨ་པ་ར་ཛི་ཏ་ཡག་ཤ་ཧཱུཾ། ཨཱ+ོཾ་ཨུ་མ་རི་ཧྲིང་ཧྲིང་ཛ་ཛཿ་འབུམ་ཚོ་གསུམ་དུ་བཟླས་པར་བྱའོ། ། རྫ་ཡི་གའུ་ལ་སྦྱོར་དུ།། ཕོ་མོའི་འཁོར་ལོ་རྩིབས་བརྒྱད་བྲི།། གསེར་དངུལ་བྱེ་རུ་མུ་ཏིག་ཤེལ།། དཀར་གསུམ་མངར་གསུམ་བླུག་ལ་བཞག། ཉ་ནས་གཟུག་ལ་ཉ་ལ་གདོན།། གྲངས་ཐེམ་དཀར་གསུམ་མངར་གསུམ་ཟ། ། གའུ་དབེན་པར་སྦ་བར་བྱ།། མ་དྷལ་ཙནྡ་ཆུ་ཡིས་བསིལ།། ཨོཾ་ཧྲཱིཿཱ+ོཾ་ཧཱུཾ། ཨ་བ་ར་ཛི་ཏ་ཧྲཱིཿ། ཧཱུཾ་ཨུ་མ་རི་ཧྲིང་ཧྲིང། ཛོ་བ་རི་ཛོ་བ་རི་ཧྲིང་ཧྲིང་ཧཱུཾ་ཧཱུཾ། ཨ་ཀ་ཤ་ཡ་ཛཿཛཿ། ཤཱིནྟཾ་ཀུ་རུ་པུཥྟིཾ་ཀུ་རུ་སྭཱ་ཧཱ། བུད་མེད་འདུ་དང་ནོར་འཕེལ་དང།། དགྲ་ཡི་གནོད་པ་མི་འབྱུང་དང།། ལྷ་མིན་རྣམས་ཀྱིས་གཏེར་ཆར་འབེབས།། དཀར་གསུམ་འབྲས་ཆན་ཁུ་བ་ཤ། ཤིང་ཐོག་བཟང་དྲུག་གཏོར་མ་ཆང།། འབྲུ་གསུམ་སྔགས་ཀྱི་བྱིན་བརླབས་ནས། ། རྡོ་རྗེ་གསུམ་གྱི་ཕྱག་རྒྱ་བྱས།། ཨཱ+ོཾ་ཨ་པར་ཛི་ཏ་ཡག་ཤ་ཧྲིཾ་ཨུ་མ་རི་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ། བ་ལིཾ་ཏ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ། པ་ཙ་པ་ཙ། ཧ་ན་ཧ་ན། ཤ་ཏྲུཾ་པ་ཙ་ཡ། ཤཱིནྟཾ་པུ+ིཥྟིཾ་ཀུ་རུ་སྭཱ་ཧཱ། སྔགས་བདུན་བརྗོད་ལ་གཏོར་མ་དབུལ། ཨཱ+ོཾ་འདོད་པ་ལྔ་ལ་ལོངས་སྤྱོད་ཅིང།། ཁམས་གསུམ་དབང་དུ་སྡུད་བྱེད་པའི།། ཅི་བསམ་ལྷུན་གྱིས་འགྲུབ་པ་ཡི།། དངོས་གྲུབ་ཆེན་པོ་བདག་ལ་སྩོལ། ། ཚིག་འདི་ཟངས་ཀྱིས་བྲིས་ནས་ནི།། གུང་མོ་བར་དུ་བཅུག་བྱས་ན།། ཉ་ཡི་ནུབ་མོ་ཁོ་འོང་བས།། རྣལ་འབྱོར་མི་སྨྲ་བརྟན་པར་བྱ།། སྨྲས་ན་བར་ཆད་ཆེན་པོ་འབྱུང།། བླ་མ་མཆེད་ལ་གནོད་པ་དང།། སངས་རྒྱས་བསྟན་པ་བསྲུང་བ་ལ། ། དཀྱིལ་འཁོར་གྲུ་གསུམ་ནང་དུ་ནི།། རི་བོང་ཐོད་པ་བཞག་བྱས་ལ།། ལྟག་པར་ཕ་དང་མེས་པོ་བྲི།། རྣ་བ་གཡས་པ་ཕ་སྤུན་ལ།། གཡོན་པ་ལ་ནི་བུ་སྲིང་བྲི།། ཁ་རུ་མིང་རུས་གང་ཡིན་གཞུག། ཨཱ+ོཾ་ཡ་ཤ་ཨ་པ་ར་ཛི་ཏ་ཆེ་གེ་མོ་ཨཱ་ཀརྴ་ཡ་ཛ་ཛཿ། དགུག་པའི་སྔགས་སོ།། ཨ་པ་ར་ཛི་ཏ་འུབ་ཏྲེ་ཡ་ཡཱ། གཟུགས་ལ་དབབ་པའོ།། རྦད་བུ་ནི་རྦད་བུ་ནི་ཙིཏྟ་ལ་ཛ་ཛཿ། ཡག་ཤ་ཆེ་གེ་མོ་ཐུམ་ལཾ་ཐུས་རིལ་རྦད་ཛ་ཛཿ། ཡག་ཤ་ཚལ་པ་ཚལ་བ་ཡཱ་ཡཱ། ཆེ་གེ་མོ་མ་ར་ཡ་ཨ་བ་ར་ཛི་ཏས་སོད་སོད།། ཉུང་དཀར་ཉུང་ནག་དུག་ཁྲག་དང།། སྐྱེ་ཚེས་བརྡེག་ཅིང་ཟླ་གཅིག་བསྒྲུབ།། དམག་དཔོན་བྱེད་དང་སྲོག་ཆགས་བཤས། ། ཨ་ཙར་བསྐོར་བ་བྱེད་པ་ན།། ལིངྒ་མེ་ལ་བསྲེག་པར་བྱ།། ཐལ་བ་ཆུ་ལ་བསྐུར་བར་བྱ།། དགྲ་བོ་མྱུར་དུ་འཆི་བར་འགྱུར།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། གནོད་སྦྱིན་ཆེན་པོ་ཨ་པ་ར་ཛི་ཏ་སྒྲུབ་པའི་ཐབས་བསྟན་པ་སྟེ་ལེའུ་དགུ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྲེའུ་སྒྲུབ་པ་འདི་གསུངས་སོ།། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ནི།། བྱང་ཆུབ་སེམས་དཔའ་སྤྲེའུ་རུ་བསྟན། ། དང་པོ་བྱང་ཆུབ་སེམས་བསྐྱེད་ནས།། སྟོང་པ་ཉིད་ཀྱི་རང་བཞིན་ལས།། ཨཱ+ོཾ་ལས་བྱང་ཆུབ་སེམས་སྤྲེའུ།། གཡས་ན་རི་བོང་འཛིན་པ་ལ།། གཡོན་ན་ཤིང་ལོ་འདབ་མས་འཛིན།། སྔགས་འདིས་དེ་ཉིད་བསྐྱེད་པར་བྱ། ། ཨོཾ་སིདྡྷི་ཝ་རྣ་མུ་ཁ་མ།། རང་འདྲ་སྤྱན་དྲང་བསྟིམ་མཆོད་འབུལ།། ཨོཾ་བྷོ་ཏྲེ་བྷོ་ཏྲེ། མ་བྷི་ཤ་མ་བྷི་ཤ། མ་ཛ་ར་མ་ཛ་ར་ཧཱུཾ་ཕཊ་སྭཱ་ཧཱ། ལག་མཐིལ་མཆིལ་མ་བླུགས་ནས་ནི།། རང་གི་སྲིན་ལག་གཡས་པ་ཡིས། ། སྨིན་ཕྲག་དག་ཏུ་ཐིག་ལེ་ནི།། ལན་གྲངས་ཉི་ཤུ་རྩ་གཅིག་བྱ།། གནོད་པ་ཀུན་ལས་བསྲུང་བར་འགྱུར།། གལ་ཏེ་ཐིག་ལེ་འཆོར་བ་ན།། ལུས་ཀྱི་གཟུགས་ཀྱིས་བསྲུང་བ་ལ།། ཤིང་ལ་ཕོ་མཚན་གཟུགས་བྱ་ལ། ། སྔགས་བྲིས་གུར་གུམ་ཆུས་བྱུགས་ལ།། རང་གི་སྐེད་པར་གདགས་པར་བྱ།། ཁྱེའུ་བུ་མོ་གཙང་མ་ནི།། ཆགས་པ་མ་སྤྱད་གཞོན་པ་ཡིས།། བཀལ་བའི་སྐུད་པ་གསུམ་སྒྲིལ་ལ།། མདུད་པ་བདུན་ནམ་གསུམ་བྱས་ནས། ། བརྒྱའམ་སྟོང་བཏབ་སྐེ་ལ་གདགས།། ཡང་ན་ཁྱི་ཡི་རྔ་མ་དང།། ར་དག་གི་ནི་ཨོག་ཞོལ་དང།། ར་ཕོའི་རྨང་ཁའི་སྤུ་གསུམ་ལ།། སྐུད་པ་བྱས་ནས་སྔགས་བཟླས་ཏེ།། སྐེད་པ་དག་ལ་གདགས་པར་བྱ། ། ང་ཡི་སྔགས་འདི་བཟླས་པ་བྱ།། ཨོཾ་ཧ་ར་ཧ་ར། བྷནྡྷ་ནི། ཤུ་ཀྲ་དྷ་ར་ནི། སི་ར་ཐེ་སྭཱ་ཧཱ། ཡང་ནི་ས་བོན་འཛག་པ་ལ།། སེང་གེ་དཀར་མོའི་ཐག་པ་གཅད།། རང་གི་བུ་སྲིང་འདོམས་ཀྱི་སྤུ།། ཁྱི་མོའི་མཇུག་སྤུའི་སྐུད་པ་ཡིས། ། གང་འཛག་གསང་བའི་རྡོ་རྗེ་བཅིང།། སེང་གེ་དཀར་མོའི་ལྕགས་ཐག་གཅད།། གསང་བ་རྡོ་རྗེའི་གཟུགས་བྲིས་ནས།། སྔགས་བྲིས་བུ་མོ་གཙང་མ་ཡིས།། སྐུད་པ་བཀལ་ནས་འཁོར་ལོ་དེ། ། བརྒྱ་རྩ་བརྒྱད་བཟླས་རང་སྐེད་གདགས།། ཨཱ+ོཾ་ཤུཀྲ་དྷ་ར་དྷ་ར་སྭཱ་ཧཱ། གཡོན་དུ་བྲིས་པའོ།། ཨཱ+ོཾ་ཤུ་ཀྲ་དྷ་ར་དྷ་ར་ཧཱུཾ་ཧཱུཾ་སྭཱ་ཧཱ། གཡས་སུ་བྲི་བའོ།། འཆང་བ་པོ་ཀ་སྱ་རཀྵ་རཀྵ་སྭཱ་ཧཱ། དབུས་སུ་བྲི་བའོ། ། ཨོཾ་ཨ་ན་ལྷ་འཚུག་འཚུག་སྭཱ་ཧཱ། རྩེ་མོར་འཁོར་ལོ་བྲི་བའོ།། རྡོ་རྗེ་ཆེ་བའི་མན་ངག་ལ།། ཐར་ནུ་རེའུ་ལྕགས་ལན་ཚྭ་དང།། བོང་བུའི་གསང་ཚེར་ཟོ་འཇོར་དང།། ཁྱི་ཡི་གསང་ཚིལ་སྦྲང་རྩི་སྦྱར།། བྱུགས་ཤིང་མཉེས་ནས་བསྐམ་པར་བྱ། ། རྡོ་རྗེ་མི་ལྡང་བསྲུང་བ་ནི།། རྡོ་རྗེའི་གཟུགས་ནི་བྲིས་ནས་ཀྱང།། སྔགས་བཀོད་ངོར་རྟར་གདགས་པར་བྱ།། དེས་ནི་ལྡང་བར་འགྱུར་བ་ཡིན།། ཏ་ར་སོ་ཕུལ། འབྲས་བུ་གཡོན་པའི་རྩ་བར་བྲི་བའོ། ། ཧྱ་ཐེན་ཐེན་ཐེན། འབྲས་བུའི་དབུས་སུ་བཀོད་པའོ།། མོ་རི། ཕོ་ཕུལ། འབྲས་བུ་གཡས་པའི་རྩ་བར་བྲི་བའོ།། ཐས་ཧས་ཁྱི་སིང་ལང་ལང། འབྲས་བུ་གཉིས་ཀྱི་བར་དུ་བཀོད་པར་བྱའོ།། བྷི་མོ་ཁྱི་གང་ལེ་ལང་ལ། གཡོན་དུ་བྲིའོ།། ཁྱི་ཁ་ལ་ནི་ལང་ལང། གཡས་སུ་བྲི་བའོ།། མ་ཧེ་སོ་ནི་པར་ལང་ལང། དབུས་སུ་བྲིའོ།། བ་བཾད་བཾད་བཾད། འཁོར་ལོ་ལ་བྲིའོ།། པི་ས་ར་ཐ་ཁ་ལ་བྲིའོ།། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། ལུས་ཟུངས་དབང་དུ་བྱ་བ་རྩ་བ་རང་གསང་གི་ལེའུ་སྟེ་བཅུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཕུབ་ཁུར་ཞེས་བྱ་བ་འདི་གསུངས་སོ།། དབུས་སུ་ཨཱ+ོཾ་གྱི་ཁོག་པ་ན།། ལུས་ངག་ཡིད་ཀྱི་སྲུང་སྔགས་བྲི། ། གྲུ་བཞི་ལོགས་ལ་སྔགས་ཀྱིས་བརྒྱན།། ཨཱ+ོཾ་གྱི་མགོ་མཇུག་ངོས་སུ་ནི།། བརྣག་པའི་ལིངྒ་གནན་པར་བྱ།། ལོགས་གཉིས་རྡོ་རྗེ་མཚན་པར་བྱ།། ཟུར་བཞིར་སྡེ་བརྒྱད་བདུད་དང་ནི།། ཀླུ་དང་ས་བདག་བསྲུང་བར་བྱ། ། དེ་ཡི་སྔགས་ནི་འདི་ཡིན་ནོ།། བཛྲ་ཧཱུཾ་སང་ཧ་ཁ་མ། བཛྲ་ཀཱ་ཡ། བཛྲ་བཱ་ཀ་ཙིཏྟ་བཛྲ་ཧ་རི་སང་སང། རྡོ་རྗེའི་རྒྱལ་པོའི་ལུས་ངག་ཡིད་གསུམ་ལ་ཀ་སྱ་ཡེ་རཀྵ་རཀྵ། ཨཱ+ོཾ་གྱི་ཁོག་པར་བྲི་བའོ། ། སང་སང་ཧེར་ཧེར་བྷ་ཛོ། ནེ་ལོ་ཁི་ཁི། ཀ་ལ་སད་མོ་ནི་ན་ཏི། ཛྷ་བ་ཀྱི། གྲུ་བཞིའི་ལྕགས་རིའི་ནང་དུ་བྲི་བའོ།། ཙཀྲ་བཛྲ་ཧེ་རུ་ཀ་རཀྵ། ཧེ་བཛྲ་མུ་སེང་ཁ་རཀྵ། ཏ་ལོ་ལེ་ས་ར་རཀྵ་རཀྵ། མ་ས་ཛྷ་རཀྵ་རཀྵ། ཟུར་བཞིར་ཤར་དུ་བྲི་བའོ།། ལམ་ལམ་བདུད། ལིམ་ལིམ་ཀླུ། ཕེམ་ཕེམ་ས་བདག་ས་མ་ཡ་སྡེ་བརྒྱད། ཟུར་བཞི་བྲི་བའོ།། པ་ར་ཡ། སེ་བ་ར་ནི། ཀང་ཁ་མོ་ནི། བ་ར་ཡ། འོག་ཏུ་བྲི་བའོ།། འཁོར་ལོ་ནམ་མཁའ་བསྐོར་བྱས་ན། ། ལྷ་སྲིན་གནོད་པ་དབང་དུ་བྱེད།། ས་ལ་བརྡུང་ན་ཀླུ་རྣམས་བརྒྱལ།། ཤོག་དྲིལ་མགུལ་དུ་བཏགས་པ་ན།། རྡོ་རྗེའི་ཕུབ་ཁུར་ལྟ་བུ་སྟེ།། ཅིས་ཀྱང་ཚུགས་པར་མི་འགྱུར་རོ།། ཐམས་ཅད་དབང་དུ་སྡུད་པར་བྱེད། ། དྲེགས་པ་དབང་སྡུད་ཆེན་པོ་ཡིན།། སྤྲེའུ་ཐལ་སྦྱར་བྱང་ཆུབ་སེམས།། སྤྱན་རས་གཟིགས་སྤྲུལ་ཆེན་པོ་སྟེ།། གཡས་ན་ཁམ་ཤིང་འཛིན་པ་ལ།། གཡོན་ན་འཁོར་ལོ་འཕྱར་བར་བསྒོམ། ། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། རྡོ་རྗེ་གུར་ཕུབ་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཉིད་ཀྱི་ངང་དུ་རྫོགས་པར་བྱ་བའི་ཕྱིར། གསང་བའི་མན་ངག་འདི་དག་གསུངས་སོ།། རྣམ་པར་ཤེས་དང་བེམ་རིག་ལས།། མགལ་མ་མ་ཐག་བདེ་བ་སྤྲོ།། སྒོ་ང་དག་ལ་བརྟེན་པ་ཡི།། དམིགས་པ་དེ་ལ་གསལ་བ་ན།། མི་རྟ་ཆུ་དང་འོ་མ་བཞིན། ། ཡུལ་ལ་འབྲེལ་ནས་བྱུང་བ་སྟེ།། སྣང་དང་མཆེད་གྲོགས་ཉེར་ཐོབ་པས།། གསུམ་གསུམ་དག་ཏུ་གསལ་བ་སྟོང།། སྣང་སྟོང་གཉིས་མེད་ཕྱོགས་དག་པ།། གསེར་གྱི་བ་ཐག་འདྲ་བར་བྱ།། གཡས་པ་མེ་ལ་གཡོན་རླུང་དང། ། གཉིས་པ་བརྡལ་ཆུ་ཁམས་ཀུན་སྟོང།། གཙོ་དང་འཁོར་དུ་གང་བྱུང་བ།། ལོ་ཟླ་ཞག་དང་ཉི་མ་ལས།། སྲོག་དང་རྩོལ་བ་བསྒོམ་པར་བྱ།། གསང་སྟོང་རྟོགས་པར་གྱུར་པ་ན།། སྤྱི་མགྲིན་སྙིང་ལྟེ་གསང་བ་རུ། ། དགའ་བཞི་བརྒྱད་གཉིས་ཡབ་ཡུམ་ལས།། ལྷན་ཅིག་སྐྱེས་པས་བདེ་ཆེན་བཟླས།། རིག་པ་ཀུན་ཁྱབ་སྲོག་ལ་བྱུང།། མི་རྟོགས་ཐབས་ཀྱི་གནས་སུ་ཚུད།། བདེ་བ་ཡེ་ཤེས་འཆར་བའོ།། རང་བྱུང་ཡེ་ཤེས་ཆེན་པོ་ཡིན། ། ཕོ་མོ་མ་ནིང་ཐོད་རྒལ་གཟུང།། ཚ་གྲངས་རུས་པ་ཡོན་ཏན་ཟིན།། དུ་བ་སྨིག་རྒྱུ་སྲིན་མེ་དང།། མར་མེ་ཉི་མ་ལུས་སེམས་མཐོང།། རྡོ་རྗེའི་བཟླས་པ་དེ་ལྟར་བྱ།། གྲུ་གསུམ་ལས་ནི་གཞན་བཟླས་པ། ། ཡིད་བཞིན་ནོར་བུ་ལྟ་བུའི་ཨོཾ།། ལྔ་པའི་དང་པོར་བཞི་གསུམ་སྦྱར།། ལྔ་པའི་ཐ་མ་ལྔ་དང་པོ།། སྟེང་དུ་ཨི་ཞེས་བྱ་བ་དང།། བཞི་ཡི་དང་པོ་བདུན་པའི་གསུམ།། དེ་ལ་ཨི་ཡིས་སྤྲས་པ་ནི།། བཞི་པའི་དང་པོ་ཨིས་སྤྲས་ཏེ། ། བདུན་པའི་ཐ་མ་གཉིས་བླངས་པའི།། ཐ་མ་ཨི་ཡིས་བརྒྱན་པར་བྱ།། གཉིས་པའི་དང་པོ་དང་པོའི་གསུམ།། དེ་སྦྱར་དང་པོ་དྲུག་གཉིས་སྤྲས།། ལྔ་པའི་བཞི་པ་ལན་གཉིས་བླངས།། དེ་ལ་དྲུག་པའི་དང་པོ་ནི། ། གཉིས་སྦྱར་ཨོཾ་གཉིས་བརྒྱན་བར་བྱ།། བདུན་པའི་བཞི་པ་ལན་གསུམ་ལ།། ཨུ་གསུམ་སྦྱར་ནས་ཐིག་ལེ་གསུམ།། ལྔ་པའི་གཉིས་ལ་བཞིའི་དང་པོ།། དེ་གཉིས་སྤྲས་པས་བཅུ་བདུན་པའོ།། བཟླས་པའི་སྔགས་རྣམས་འདི་ལས་བྱུང། ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཞེས་གསུངས་སོ། ། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། རླུང་རྡོ་རྗེ་བཟླས་པ་གསང་སྔགས་བསྡུ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ལས་ཧྲཱིཿཞེས་བརྗོད་པས། པདྨ་ཧེ་རུ་ཀ་དོན་ཡོད་པས། ། གཡས་དཀར་གཡོན་སྔོ་དབུས་དམར་ཞལ།། རྟ་མགོ་ལྗང་གུ་ཧྲཱིཿབརྗོད་པ།། གཡས་ན་རྡོ་རྗེ་ཁ་ཊྭཱཾ་ག་དང་ཅང་ཏེའུ།། གཡོན་ན་མེ་དཔུང་ཞགས་པ་ཐོད་ཁྲག་བསྣམས། ཡུམ་གཟི་ལྡན་མ་དང་འཁྲིལ་བར་གྱུར་ནས། ཉིད་ཀྱི་འཁོར་རྣམས་ལ་བཀའ་སྩལ་པ།། རྣམ་པར་རྟོག་བྲལ་གདོད་ནས་སྐྱེ་མེད་དབྱིངས།། མ་བཅོས་མཐའ་ཡས་ཆེན་པོར་གསལ།། མཉམ་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་མཆོག། སྨྲ་བསམ་ཡུལ་འདས་མཐའ་དག་འོད་གསལ་ཞིང།། དེ་ལྟའི་ཆོས་ཀྱི་སྐུ་ལ་གནས་བཞིན་དུ།། དམིགས་མེད་ཡུལ་བྲལ་སྙིང་རྗེས་ཡོངས་ལ་ཁྱབ།། མཁའ་སྣང་སྟོང་པའི་ཆོ་འཕྲུལ་གསལ་མཛད་ཅིང། ། དེ་ལྟའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས།། དྲི་མེད་ཐུགས་རྗེའི་འོད་མདངས་གསལ་བ་ཡིས།། ཐུགས་ཀྱི་རྟགས་སྟོན་འོད་ཟེར་རྒྱལ་བའི་སྐུ།། རྣམ་གསུམ་སེམས་དཔའ་གསང་སྔགས་འོད་ཕྲེང་ཚོགས། ། ཆགས་པའི་སྐྱོན་བྲལ་ཡེ་ཤེས་ལྔ་ཡི་མདངས།། དཀྱིལ་འཁོར་སྣ་ཚོགས་འབྱུང་བའི་རྒྱུ་ཉིད་དེ།། རྐྱེན་གྱི་སྔགས་བཅས་མ་ལུས་གསལ་བར་བྱེད།། དེ་ལྟའི་སྤྲུལ་བ་སྐུ་རུ་ཤར་བ་ཡིས།། དབང་སྡུད་དབང་གི་རྒྱུད་ཆེན་གསུངས་པ་ནི། ། ཟུང་ལ་མཐའ་ཡས་འགྲོ་བའི་དོན་དུ་སྤྱོད།། ཅེས་གཏད་པས་འཁོར་ཐམས་ཅད་ཀྱིས་རྗེས་སུ་འཛིན་པར་གྱུར་ཏོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་དབང་དུ་སྡུད་པ་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་རྫོགས་སོ།། གུ་རུ་པདྨ་དང་ཁ་ཆེ་ཨཱ་ནནྡས་བསྒྱུར་བའོ།།།། དབང་ཆེན་འདུས་རྒྱུད་དམ་གལ་པོར་གྲགས་པ།

CLOSE WINDOW