Wylie |
། རྒྱ་གར་གྱི་པཎྜི་པདྨ་སམྦྷ་བ་དང། བོད་ཀྱི་ལོ་ཙཱ་བ་ཁ་ཆེ་ཨཱ་ནན་ཏས་བསྒྱུར་བའོ།།།། རྒྱ་གར་སྐད་དུ། ཤྲཱི་པདྨ་མ་ཧཱ་བ་ཤ། པདྨ་ནརྀ་ཏེ་ཤྭ་ར་དུཥྟ་ཁཱ་ད་ནཽ྅་བེ་ཤ་ན་ཀརྨ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་པདྨ་དབང་ཆེན་པདྨ་གར་གྱི་དབང་ཕྱུག་གིས་དྲེགས་པ་ཅན་གཟན་ལ་འབེབས་པའི་ཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་དབང་ཆེན་པོ་ལྷུན་གྱིས་གྲུབ་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཁམས་གསུམ་གྱི་བདག་པོ་ཆེན་པོ་ནི། ཆོས་ཉིད་རྣམ་པར་དག་པའི་གཞལ་ཡས་ཁང་ན། འཁོར་དུས་གསུམ་གྱི་སངས་རྒྱས་རྣམས་དང་དབྱེ་བ་མེད་པར་བཞུགས་སོ། ། དེའི་ཚེ་དེའི་དུས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བས་གཟིགས་པ་ནི། ཤེས་བྱ་ཇི་ལྟ་བར་མཁྱེན་པའི་ཡེ་ཤེས་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་རྣམས་ཀྱི་སེམས་ཉིད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་ཐུགས་དབྱེར་མེད་ཅིང་ཐ་མི་དད་དེ་སོ་སོ་མ་ཡིན་ལ། མི་གཉིས་པར་གཅིག་ཏུ་མཁྱེན་ཏོ།། ཤེས་བྱ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ནི་ཕྱི་སྣོད་ལ་གཟིགས་པས་ས་མི་འགྱུར་བ་ཆོས་ཀྱི་དབྱིངས་ལས་སངས་རྒྱས་སྤྱན་མ་དང། ཆུ་རྒྱུན་ཆད་པ་མེད་པ་ཆོས་ཀྱི་དབྱིངས་མཱ་མ་ཀི་དང། མཉེས་པའི་སྐྱོན་དང་བྲལ་བ་ལས་གོས་དཀར་མོ་དང། རླུང་ཐོགས་པ་མེད་པ་ལས་དམ་ཚིག་སྒྲོལ་མ་དང། ནམ་མཁའ་ཡངས་ཤིང་གོ་འབྱེད་པ་ལས་ཀུན་ཏུ་བཟང་མོར་གཟིགས་སོ།། གཟུགས་ཀྱི་ཕུང་པོ་ས་ལས་རྣམ་པར་སྣང་མཛད་དང། རྣམ་པར་ཤེས་པའི་ཕུང་པོ་ནམ་མཁའ་ལས་ནི་མི་བསྐྱོད་པ་དང། ཚོར་བའི་ཕུང་པོ་ཆུ་ལས་རིན་ཆེན་འབྱུང་ལྡན་དང། འདུ་ཤེས་ཀྱི་ཕུང་པོ་མེ་ལས་ཚེ་དཔག་མེད་པ་དང། འདུ་བྱེད་ཀྱི་ཕུང་པོ་རླུང་ལས་དོན་ཡོད་གྲུབ་པ་གདོན་མི་ཟ་བ་དང། ཕུང་པོ་ལྔ་ཡང་རིགས་ལྔར་གཟིགས་སོ།། མིག་ལ་མེ་རླུང་རྒྱུ་བས་གཟུགས་ཀྱི་མཆོད་པ་དང། རྣ་བར་རླུང་གི་རླུང་རྒྱུ་བས་སྒྲའི་མཆོད་པ་དང། སྣ་ལ་སའི་རླུང་རྒྱུ་བས་དྲིའི་མཆོད་པ་དང། ལྕེ་ལ་ཆུའི་རླུང་རྒྱུ་བས་རོའི་མཆོད་པ་དང། ལུས་ལ་ནམ་མཁའི་རླུང་རྒྱུ་བས་རེག་པའི་མཆོད་པར་ཡང་གཟིགས་ཤིང་མཁྱེན་ཏོ།། དེ་ལྟར་མྱ་ངན་ལས་འདས་པའི་ཁམས་གསུམ་གཟིགས་ནས། འཁོར་བའི་དྲེགས་པ་ཅན་རྣམས་ལ་གཟིགས་པ་ནི། གཏི་མུག་ལས་ཀླུའི་ངན་གཏད་གཏོང་བར་མཁྱེན་ཏོ།། ཞེ་སྡང་ལས་སྲོག་མཐུ་བྱུང་བར་གཟིགས་སོ།། ང་རྒྱལ་ལས་ཐོག་དང་སེར་བ་བྱུང་བར་མཁྱེན་ཏོ།། འདོད་ཆགས་ལས་དབང་སྡུད་བོར་བསྒྲུབ་བྱུང་བར་གཟིགས་སོ། ། ཕྲག་དོག་ལས་སྔགས་པ་སྟོབས་འཇོམས་ས་ཕྱིར་བཟློག་བྱུང་བར་གཟིགས་ཤིང་མཁྱེན་ཏོ།། དེ་ནས་འགྲོ་བ་རིགས་དྲུག་གི་ལས་ལ་གཟིགས་པ་ནི། ཚད་མེད་པ་བཞིས་ཚངས་པ་ལ་སོགས་པའི་གཟུགས་ཁམས་ཀྱི་གནས་སུ་གཟིགས་སོ། ། བལྟ་དགོངས་མ་རྟོགས་པའི་བསམ་གཏན་གྱིས་གཟུགས་མེད་མུ་བཞིར་གཟིགས་སོ།། དགེ་བ་བཅུས་འདོད་ཁམས་མཐོ་རིས་ཐོབ་པར་གཟིགས་སོ། མི་དགེ་བ་བཅུས་འདོད་ཁམས་ངན་སོང་གནས་གསུམ་ཐོབ་པར་གཟིགས་སོ།། དེ་ལྟར་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་འཁོར་འདས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རྣམས་མཁྱེན་པ་ནི། དཔེར་ན་སྨན་པ་མཁས་པས་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་བཞིན་དུ་གཟིགས་ཤིང་མཁྱེན་ཏོ། ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་དབྱེར་མེད་པར་མཁྱེན་པའི་ཡེ་ཤེས་ཀྱིས་ནི་འཁོར་བར་སྣང་བ་ཉིད་མྱ་ངན་ལས་འདས་པ་ཉིད་ལས་མ་གཡོས་ཤིང། མྱ་ངན་ལས་འདས་པར་སྣང་བ་ཉིད་ལས་གཞན་མེད་དེ། དཔེར་ན་ཆབ་རོམ་དུ་སྣང་བའི་དུས་ཉིད་ན་ཆུར་གནས་པ་ཁོ་ནར་གཟིགས་སོ།། གཟིགས་སུ་ཡང་མེད། གཟིགས་པ་ཡང་མི་འགག། གཟིགས་ཐབས་བསམ་གྱི་མི་ཁྱབ། གཟིགས་བྱ་དང་གཟིགས་བྱེད་ལས་གྲོལ་ན་ཡང། སྒྱུ་མའི་ཆོ་འཕྲུལ་ཆེན་པོས་ཁམས་གསུམ་གྱི་གདུལ་བྱ་དྲེགས་པ་ཅན་འདུལ་པར་གཟིགས་སོ།། དེ་ནས་ཡུམ་པདྨ་གཟི་ལྡན་པདྨ་ཅན་གྱིས་གླུ་འདིས་བསྐུལ་ལོ། ། ཨེ་མ་ཧོ།། ཐབས་ནི་སྙིང་རྗེ་ཆེན་པོ་ཉིད།། ཤེས་རབ་སྟོང་པ་ཉིད་ཀྱི་ངང།། སྟོང་ཉིད་སྙིང་རྗེ་ཆེན་པོ་ཅན།། ཐབས་དང་ཤེས་རབ་འགྲོ་དོན་མཛོད།། ཨེ་མ་ཧོ། ། ཤེས་རབ་ཡུམ་གྱི་བྷ་ག་རུ།། ཐབས་མཆོག་ཡབ་ཀྱི་ལིངྒ་ཡིས།། བྷ་གར་ལིངྒ་མཉམ་བཞག་ནས།། སྤྲུལ་པའི་སྲས་ཀྱི་ཕྲིན་ལས་མཛོད།། ཨེ་མ་ཧོ།། སྣོད་ཀྱི་འཇིག་རྟེན་ཤེས་རབ་སྟེ།། མི་དམིགས་ཆོས་དབྱིངས་སྟོང་པའི་མཛོད། ། བཅུད་ཀྱི་སེམས་ཅན་ཐབས་ཡིན་ཏེ།། མ་འགགས་སེམས་ཀྱི་ཆོ་འཕྲུལ་སྣང།། སྣོད་བཅུད་གཉིས་མེད་འབྲེལ་བ་ཡི།། བློ་དང་གཉིས་པོ་རྣམ་པར་བསྲེས།། བློ་དངོས་བསྲེས་པའི་ལྟ་དགོངས་ཀྱིས། ། འཁོར་བ་མྱ་ངན་འདས་པར་སྤྱོད།། ཤེས་རབ་ཀུན་གཞིས་སྟོང་པ་ནས།། ཐབས་ཀྱི་སེམས་ཉིད་འགག་པ་མེད།། རྣམ་ཤེས་ཚོགས་བརྒྱད་ཀུན་ལྡན་པ།། ཚོགས་བརྒྱད་ཡེ་ཤེས་རྣམ་ལྔར་སྦྱོར།། ཨེ་མ་ཧོ། ། མ་རིག་འཁོར་བའི་འགྲོ་དྲུག་རྣམས།། བདེ་ཆེན་ཡབ་ཀྱི་སྐུ་ལ་སྦྱོར།། ང་རྒྱལ་དྲེགས་པའི་ལྷ་སྲིན་རྣམས།། སངས་རྒྱས་བསྟན་པ་བསྲུང་བར་མཛོད།། ཨེ་མ་ཧོ།། དུས་འདིར་ཕུན་སུམ་ཚོགས་ལྡན་ཞིང། ། འབྲེལ་དང་མ་ཚང་མེད་པའི་ཕྱིར།། པདྨ་དབང་ཆེན་ཧེ་རུ་ཀའི།། རྒྱུད་ཆེན་བཤད་པའི་དུས་ལ་བབས།། ཨེ་མ་ཧོ།། དགོངས་དང་དགོངས་མིན་བདག་གབ་སྦས།། དེ་མིན་བཟུང་བར་བདེ་བ་ཡི། ། ལུང་ཆེན་རྒྱ་མཚོ་ལྟ་བུ་ལས།། དུས་འདིར་ལུང་ཆེན་བཤད་དུ་གསོལ།། ཨེ་མ་ཧོ།། ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་དུ།། ཟབ་མོར་གནས་པ་བརྡས་མཚོན་ནས།། བདག་གི་རྣ་བའི་དབང་པོར་བླུག། མི་བསླུའི་ངེས་དོན་མན་ངག་ཤོད། ། ཨེ་མ་ཧོ།། རྒྱུད་དང་ལུང་དང་མན་ངག་གསུམ།། དམངས་དང་རྗེ་དང་རྒྱལ་པོའི་ཚུལ།། གཅིག་ལ་གཅིག་དགོས་རྒྱན་དུ་ཆེ།། རྒྱུད་ལུང་མན་ངག་བཤད་དུ་གསོལ།། ཞེས་ཞུས་སོ། ། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་ཧེ་རུ་ཀ་ཉིད། ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུའི་ངང་ནས། ཉི་ཟླ་ལྟ་བུའི་སྐུ་བཞེངས་ནས།། དབུ་ལྔས་རྟ་གདངས་ཀྱིས་སྐད་ཕྱུང་ནས། ཕྱག་དྲུག་གི་འཇིགས་པའི་མཚོན་ཆ་སྣ་ཚོགས་པ་གསོར་ཞིང། ཞབས་བརྒྱད་ཀྱིས་འཇིག་རྟེན་ལས་འདས་པའི་ཁྲོ་བོ་བརྒྱད་མནན་ནས། རྡོ་རྗེ་འདེགས་གཤོག་གིས་ལྟ་པའི་དགོངས་པ་འཕང་ས་བཅད། རིན་ཆེན་འཛུམ་གཤོག་གིས་སེམས་ཅན་ལ་སྦྱིན་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར་ཆར་བཞིན་ཕབ་ནས། གསུང་དུ་མེད་པའི་བརྗོད་པ་འདི་མཛད་དོ།། ཨེ་མ་ཧོ།། ཐབས་ནི་འགག་པ་མེད་པའི་ཡེ་ཤེས་ཡིན།། སངས་རྒྱས་ཀུན་ལ་མཁྱེན་པའི་ཡེ་ཤེས་མངའ། ། ཡེ་ཤེས་མཁྱེན་ལས་མ་གཏོགས་ཐབས་གཞན་མེད།། ཐབས་དེ་མཐོང་ན་ཐབས་གཞན་སྒྱུ་མ་འདྲ།། ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ཡིན།། སངས་རྒྱས་རྣམས་ཀྱིས་གསུངས་རུང་མ་གསུངས་རུང། ། སེམས་ཅན་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང།། ཆོས་ཉིད་འགྱུར་བ་མེད་པར་ཡེ་ནས་གནས།། ཐབས་དང་ཤེས་རབ་དེ་ཉིད་རྟོགས་གྱུར་ན།། གང་གིས་རྟོགས་པའི་འཁོར་བའི་སེམས་ཅན་རྣམས།། བདེ་ཆེན་ཆོས་སྐུ་དྲི་མ་མེད་པ་ཡིན། ། དེ་ལྟར་རྟོགས་པའི་རྣལ་འབྱོར་སྒྲུབ་པོ་རྣམས།། དྲེགས་པ་མ་ལུས་འཁོར་ཞིང་བསྟན་པ་བསྲུང།། དེ་ཕྱིར་དྲེགས་པ་གཟན་འབེབས་རྒྱུད་བཤད་ཀྱིས།། ཕྱི་རབས་མ་འོངས་དོན་དུ་ལེགས་པར་ཉོན། ། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ལུང་མན་ངག་གསུམ་གཅིག་ཏུ་འབྲེལ་པའི་ཨེ་ཝཾ་མ་ཡཱ་འདི་གསུངས་སོ། ། རྒྱུད་འདི་དམངས་དང་འདྲ་སྟེ་བྱ་བ་མང།། ལས་རྣམས་མ་ལུས་རྒྱུད་ཀྱིས་འགྲུབ་པར་བྱེད།། ལུང་འདི་རྗེ་དང་འདྲ་སྟེ་གཟུང་བར་བདེ།། འབངས་རྣམས་ཇི་ལྟར་འདོད་པའི་དགོས་དགུ་འབྱུང། ། མན་ངག་མ་དང་འདྲ་སྟེ་མི་བསླུ་ངེས།། རྒྱལ་པོ་ལྟ་བུར་རང་ས་འཛིན་པའོ།། རྗེ་ཡིས་རང་ས་འཛིན་པར་མ་གྱུར་ན།། རྗེ་ཡིས་འབངས་ཀྱི་ཆོས་ཀྱང་མི་བྱེད་ལ། ། འབངས་རྣམས་ལས་ལ་གང་གིས་བཀོལ་མི་ནུས།། དེ་ཕྱིར་རྒྱུད་དང་ལུང་དང་མན་ངག་གིས།། ཨེ་ཝཾ་མ་ཡཱ་རབ་ཏུ་བཤད་ཀྱིས་ཉོན།། རྒྱུད་རྣམས་ཀུན་ལ་ཕུན་སུམ་ཚོགས་པ་ལྔ།། འདི་ནི་ཉེ་བར་མཚོན་པ་ཨེ་རུ་གནས། ། ཆོས་དབྱིངས་འོག་མིན་བཙུན་མོའི་བྷ་ག་དང།། འཛམ་གླིང་ལ་སོགས་སྟོང་གསུམ་གནས་སུ་འདོང།། སྐད་ནི་གསལ་བྱེད་ལས་ནི་ཝཾ་གྱིས་མཚོན།། སྟོང་པ་གསལ་བྱེད་སྐུ་གསུམ་ལ་སོགས་ཏེ། ། རང་བཞིན་ཆོས་སྐུ་ལོངས་སྤྱོད་རྫོགས་མཛད་པ།། སྤྲུལ་སྐུས་ཆོས་ཀྱི་དོན་རྣམས་མ་ལུས་གསུངས།། བདག་ནི་མ་སྟེ་འཁོར་དང་སྡུད་པའོ།། ཉིད་ལས་མི་གཞན་འཁོར་ནི་བདེ་བར་གཤེགས།། སྲས་ཚོགས་སེམས་དཔའ་སེམས་མ་ཡབ་ཡུམ་དང། ། གདུག་པ་འདུལ་བྱེད་ཁྲོ་བོ་མང་པོའི་ཚོགས།། བསྟན་པ་སྲུང་བྱེད་ཕྱི་ནང་ལྷ་སྲིན་རྣམས།། དད་པས་གཏམ་ཉན་རིག་འཛིན་ཕོ་མོ་རྣམས།། ཐོས་པས་ཡཱ་སྟེ་བསྟན་པས་རང་རྒྱུད་འདུལ། ། ཉོན་མོངས་གདུལ་བྱ་སྟོང་ཕྲག་བརྒྱད་ཅུ་བཞི།། དེ་སྙེད་ཆོས་རྣམས་བཤད་པས་ཉོན་མོངས་ཞི།། རྨད་བྱུང་ཆོས་ཀྱི་འཁོར་ལོ་མ་ལུས་གསུངས།། ཕུན་སུམ་མཆོད་རྟེན་རྒྱུད་དོན་ཚང་བ་ནི།། ལྟ་སྤྱོད་དཀྱིལ་འཁོར་དབང་དང་དམ་ཚིག་དང། ། ཕྲིན་སྒྲུབ་མཆོད་སྔགས་ཏིང་འཛིན་ཕྱག་རྒྱ་སོགས།། ཐབས་དང་སྨན་སྦྱོར་ཆུ་བོའི་དཔེ་ཡིས་མཚོན།། མི་ནུབ་རྒྱས་ཕྱིར་གཏད་ནས་རྗེས་ཡི་རང།། བདག་རྐྱེན་མཛད་པའི་བཀའ་རྣམས་སྒྲ་ཡིས་བཤད། ། ལུང་རྣམས་འདོད་སྤྱོད་བདུན་དུ་ཀུན་གནས་ཀྱང།། བཟུང་བདེ་ལུང་དང་མཚུངས་པ་ལུང་དུ་གྲགས།། རང་བཞིན་དཀྱིས་འཁོར་བསྐྱེད་དང་ཡེ་ཤེས་བསྒྲུབ།། རྫོགས་པའི་རིམ་པ་བཟང་པོར་བསྒོམ་པའོ། ། རང་བཞིན་དཀྱིལ་འཁོར་གནས་དང་བདག་པོ་ཡིན།། ཨེ་ནི་ནམ་མཁའ་གྲུ་གསུམ་ཆོས་ཀྱི་དབྱིངས།། བཾ་ནི་ཁྲག་མཚོ་བདུད་རྩིའི་བུམ་པས་མཚན།། མ་ནི་རྒྱས་བྱེད་ཤ་ཆེན་རི་རབ་བཅས། ། ཡཱ་ནི་རླུང་ནག་རྡོ་རྗེ་རྒྱ་གྲམ་གཏམས།། དབང་ཆེན་འབྱུང་བ་ཨེ་བཾ་མ་ཡཱར་གནས།། ཨེ་ནི་གྲུ་གསུམ་དཀྱིལ་འཁོར་ཕོ་བྲང་མཆོག། བཾ་ནི་ཁམས་གསུམ་དབང་སྡུད་ཟླ་གམ་མཛེས།། མ་ནི་རྒྱས་བྱེད་གྲུ་བཞི་སྒོ་ཁྱུད་བཅས། ། ཡཱ་ནི་སྤྲོས་བྲལ་ཟླུམ་པོ་འཁོར་ཡུག་བཅས།། ཨེ་ནི་དྲག་པོ་དྲེགས་པ་ཕོ་མོ་རྣམས།། བཾ་ནི་དེ་ཡི་ཡུམ་ཆེན་བུད་མེད་དབང།། མ་ནི་ཆགས་མེད་རྒྱས་པའི་པདྨའི་གདན།། ཡཱ་ནི་ཉི་ཟླའི་གདན་གྱིས་ཡོངས་སུ་མཛེས། ། གནས་དང་གདན་བཅས་ཨེ་བཾ་མ་ཡཱ་ལས།། གྲུབ་པའི་ཕྱིར་ན་རྒྱུད་འདིར་གསལ་བར་བཤད།། གནས་ཀྱི་བདག་པོ་བསྐྱེད་པར་བྱ་བ་ཡང།། ཨེ་ནི་རྣམ་ཐར་སྒོ་གསུམ་སྐུ་གསུམ་མཚོན།། སྐུ་གསུམ་རང་བཞིན་དབང་ཆེན་ཡབ་ཀྱི་སྐུ། ། དཀྱིལ་འཁོར་དགུ་ལྡན་ལྷུན་གྱིས་གྲུབ་པའི་སྐུ།། བཾ་ནི་དབང་སྡུད་གཟི་ལྡན་པདྨ་ཅན།། བདེ་བ་བཞི་ཡི་བདག་ཉིད་ཚེ་གནས་གསུམ།། མ་ནི་ཡིད་སྐྱོབ་བྷ་ག་ལིངྒར་འབྲེལ། ། ཐུགས་ཀ་ཡེ་ཤེས་སེམས་དཔའི་སྐུ་ལ་འཁྲིལ།། གཟི་ལྡན་པདྨ་སྦྱོར་བའི་བྱང་ཆུབ་སེམས།། མཁའ་གསང་སྦྱོར་བ་གསང་བའི་སྣ་རྩེ་ལ།། ཐུགས་ཀར་གནས་པས་ནང་གི་སྣ་རྩེ་ཉིད།། བྱང་ཆུབ་སེམས་ནི་རླུང་གིས་བསྐུལ་བ་ལས། ། ཤངས་ཀྱི་བུ་གར་དེ་ཉིད་ཐོན་གྱུར་པ།། དེ་ནི་ཕྱི་ཡི་སྣ་རྩེར་རྒྱལ་བས་གསུངས།། ཡཱ་ནི་འཁོར་གྱི་ཚོགས་རྣམས་རྒྱས་པར་བསྐྱེད།། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ། ། སྤྱིར་བསྡུས་པ་སྟེ་ཁམ་རྒྱ་ཆེན་པོ་དྲུག། ཆོས་ཉིད་ཆོས་སྐུ་མ་མཐོང་ལོང་བ་བརྒྱད།། ལོངས་སྐུ་སྤྲུལ་སྐུ་མ་མཐོང་དམུས་ལོང་བརྒྱད།། སེམས་ཅན་རྣམས་ལ་བརྡའ་རུ་བསྟན་པའི་འཁོར།། ཟ་བྱེད་ཁྱི་བརྒྱད་ཡེ་ཤེས་ཁྱི་བཅུ་རྣམས། ། ཕྲིན་ལས་འགྲོ་བ་མ་ལུས་བསྲུངས་ཤིང་སྐྱོང།། སྒོ་བཞི་སྒོ་སྐྱོང་སངས་རྒྱས་ལམ་དུ་འདྲེན།། ཐེག་ཆེན་དགུ་དང་རྣམ་པར་ཐར་པ་བརྒྱད།། ཡེ་ཤེས་དྲུག་དང་སྐུ་གསུང་ཐུགས་རྣམས་ཀྱིས། ། ཐམས་ཅད་གསང་བའི་དཀྱིལ་འཁོར་ནང་དུ་འདྲེན།། ཨེ་ནི་རིགས་ལྔའི་རྒྱལ་བ་ལ་སོགས་རྣམས།། རྡོ་རྗེ་སློབ་དཔོན་ལྟ་བུར་ནམ་མཁར་བྱོན།། བཾ་ནི་རིགས་ཀྱི་ཡུམ་རྣམས་བུམ་པ་ཐོགས།། ལས་ཀྱི་སློབ་མ་ལྟ་བུས་ཆུ་རྒྱུན་འབེབས། ། མ་ནི་དབུ་ལ་དབང་རྟགས་རིགས་ལྔར་བཞུགས།། ཡཱས་ནི་སྐུ་དང་གསུང་དང་ཐུགས་རྣམས་ལ།། གསང་བ་ཤེས་རབ་ཡེ་ཤེས་བདེ་ཆེན་གྱིས།། བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་རྣམས་ནི། ། མི་ཟད་རྒྱན་གྱི་འཁོར་ལོར་གྱུར་པ་ཉིད།། དབང་དང་བྱིན་རླབས་དོན་དུ་བཤད་པ་ཡིན།། ཡེ་ཤེས་དཀྱིལ་འཁོར་སྤྱན་ཡང་དྲངས་ནས་འགྲུབ།། ཨེ་ནི་ཨེ་ཧྱེ་ཧི་ཞེས་བརྡའ་མཚོན་སྒྲས།། དབྱིངས་ནས་ཡེ་ཤེས་མདུན་དུ་སྤྱན་ཡང་དྲངས། ། བཾ་ནི་སྒྲ་ཡི་རྣམ་པར་མཚོན་ནས་ནི།། ས་མ་ཡ་ནི་པ་ཏི་ནན་ཞེས་པ།། ཕབ་ནས་གཉིས་སུ་མེད་པར་བསྟིམ་པར་བྱ།། མ་ཞེས་མ་ཧེན་དྲ་ཡི་སྒྲས་མཚོན་ནས།། ཕྱི་དང་ནང་དང་གསང་བ་དེ་ཁོ་ན། ། ཕྱག་མཆོད་མ་ལུས་པ་ཡིས་མཉེས་པར་བྱ།། བཟླས་པས་བསྐུལ་བས་ཐུགས་མཉེས་ཐུགས་དམ་བསྐུལ།། ཡ་ནི་ཡ་ཧི་གཙྪ་བརྗོད་པར་བྱས་པ་ཡིས།། དམ་ཚིག་དཀྱིལ་འཁོར་སྒྲུབ་པ་བདག་ལ་བསྡུས། ། སྤྱན་དྲངས་རྣམས་ནི་རང་རང་གནས་སུ་གཤེགས།། རྫོགས་པའི་རིམ་པ་བཟང་པོ་གང་བསྒོམ་པ།། ཨེ་ནི་ལྟེ་བ་ཆོས་འབྱུང་གྲུ་གསུམ་ཉིད།། ས་རླུང་རང་གི་གནས་ནས་ཐམས་ཅད་བསྐྱེད།། མ་ལྟེ་བུ་ལྟེར་འབྲེལ་ནས་སྤྲུལ་སྐུ་འབྱིན། ། བཾ་ནི་སྙིང་གར་གནས་པས་སྲོག་རྩར་གྱིས།། ཆུ་རླུང་རང་གནས་ལུས་ཀྱི་ཁྲག་རྣམས་རྒྱས།། སྲོག་རྩ་རྩ་བོ་ཆེ་ལས་སྨད་ཁྲག་རྒྱས།། སྲོག་རྩ་ལས་གྱེས་རྩེའུ་ཆུང་སྟོད་ཁྲག་རྒྱས།། མ་ནི་མགྲིན་པར་གནས་པས་གསུང་དབྱངས་རྒྱས། ཟས་དང་སྒོམ་རྣམས་སྤྱད་པས་ལུས་ཟུངས་རྒྱས།། མེ་རླུང་རང་གནས་མགྲིན་པར་ཐམས་ཅད་སྨིན།། སྨིན་པའི་དྭངས་མས་ལུས་ཁམས་བདུད་རྩི་རྒྱས།། ཡཱ་ནི་སྤྱི་བོར་གནས་པས་རླུང་གི་རླུང། ། རླུང་གི་ལས་ཀྱིས་འབྱེད་ཅིང་ཕྲིན་ལས་བྱེད།། ཐ་མ་སྒལ་ཚིགས་རྟ་ལས་བྱང་ཆུབ་སེམས།། ཐུར་དུ་དྲངས་ནས་ས་བོན་འཇིག་པ་དང།། འཁོར་བའི་སེམས་ཅན་སྐྱེ་བའི་རྒྱུ་ཡང་བྱེད། ། རིགས་ལྡན་རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས།། སྤྱི་གཙུག་ཚངས་པའི་བུ་ག་ཁ་བྱེ་ནས།། འོག་མིན་མཁའ་སྤྱོད་གནས་སུ་སེམས་ཉིད་འགྲོ།། ལུང་རྣམས་གཟུང་བདེ་ལག་ལེན་བསྐྱེད་རྫོགས་ཡིན། ། མན་ངག་སྐྱེས་བུའི་ཐུགས་ལ་གང་གབ་པ།། ཨེ་ནི་གྲུ་གསུམ་ཕྱི་དབྱིབས་སྙིང་དུ་གནས།། ནང་དུ་ཀུན་གཞི་མ་བཅོས་བྱང་ཆུབ་སེམས།། དཀར་ནག་ལས་རྣམས་གསོག་པའི་སྣོད་ཡིན་ཡང།། ཆོས་ཀྱི་དབྱིངས་སུ་ཤེས་པས་གོས་པ་མེད། ། བཾ་ནི་མི་ཤིགས་ཐིག་ལེ་རྣམ་ཤེས་ཡིད།། ཕྱི་ནང་ཀུན་ལ་དབང་བསྒྱུར་གང་སྣང་འཆར།། མེ་ལོང་ཡེ་ཤེས་དྲི་མེད་ཆོས་ཀྱི་སྐུ།། ཀུན་ཏུ་བཟང་པོ་ཆོས་སྐུ་དྲི་མ་མེད།། མ་ནི་ཉོན་མོངས་ཡིད་དེ་ཉོན་མོངས་ལྔ། ། རིགས་ལྔའི་སངས་རྒྱས་རྣམས་ཀྱང་དུག་ལྔ་ཡིན།། མེ་ལོང་ལྟོ་རྒྱབ་ལོག་པ་ལྟ་བུར་གནས།། དུག་ལྔ་རིགས་ལྔ་དབྱེར་མེད་རྟོགས་པར་བྱ།། མ་རྟོགས་རིགས་དྲུག་འགྲོ་བ་དུག་ལྔ་ཡིན།། རིགས་དྲུག་རིགས་ལྔར་ཤེས་པས་འཁོར་བ་སྟོངས། ། ཡཱ་ནི་སྒོ་ལྔའི་རྣམ་པར་ཤེས་པར་གནས།། སྒོ་ལྔའི་རྣམ་ཤེས་འདོད་ཡོན་ལྔ་ལ་སྤྱོད།། མིག་གཟུགས་རྣ་བ་སྒྲ་སྟེ་སྣ་ལ་དྲི།། ལྕེ་ལ་རོ་སྟེ་ལུས་ལ་རེག་བྱར་གནས།། འདི་ལྔ་མཆོད་པའི་ལྷ་མོར་ཤེས་པར་བྱ། ། དེ་ལས་མ་རྟོགས་མཆོད་པའི་ལྷ་མོ་མེད།། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། རྒྱུད་ལུང་མན་ངག་མི་ཤེས་པའི་དྲེགས་པ་གཟན་ལ་འབེབས་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་དབང་ཆེན་སྐུ་གསུང་ཐུགས་བསྒོམ་པ་འདི་གསུངས་སོ།། སྐུ་བཞི་གཅིག་ཏུ་བསྒོམ་པའི་ཀུན་ཏུ་ཞལ།། ཞལ་བཞི་སྐུ་མདོག་པདྨ་རཱ་གའི་མདོག། གཡས་ཀྱི་ཕྱག་བརྒྱད་རྡོ་རྗེ་ལྕགས་ཀྱུ་དང།། སྦྲུལ་གྱི་ཞགས་པ་མུ་སྟེགས་མགོ་བོ་དང།། ཏྲི་ཤཱུལ་རྩེ་གསུམ་རྡོ་རྗེ་རྩེ་དགུ་དང།། རྩེ་ལྔ་རེ་གསུམ་རྩེ་གཅིག་འབར་བ་བསྣམས།། གཡོན་གྱི་ཕྱག་བརྒྱད་རྡོ་རྗེ་ལྕགས་ཀྱུ་དང། ། ལྕགས་སྒྲོག་སྡིགས་མཛུབ་ཆང་བར་སྙིང་ཡང་བཅུག། ཐོད་པ་རློན་པ་ཁྲག་གིས་བཀང་བ་དང།། ཁྲོ་ཆེན་སྙིང་དང་ཁ་ཊྭཱཾ་རྩེ་གསུམ་དང།། གཤིན་རྗེའི་དབྱུག་པ་བེ་ཅོན་ཆེན་པོ་དང།། ཁ་ཊྭཱཾ་ཌ་མ་རུ་ནི་ལྷན་ཅིག་བསྣམས། ། བདེ་གཤེགས་སྐུ་ཡི་ཁམ་རྒྱ་མོ།། བདུད་ཀྱི་དྲེད་མོ་རྐང་གསུམ་ཞོན།། འཁོར་ལོ་ཐོད་པ་ལག་ན་ཐོགས།། སྨུག་ནག་གཏི་མུག་ཅན་རྣམས་འདུལ།། པདྨ་གསུང་གི་ཁམ་རྒྱ་མོ།། ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན། ། ཕྱག་ན་པདྨ་ཐོད་པ་བསྣམས།། དམར་པོ་འདོད་ཆགས་དབང་དུ་སྡུད།། རྡོ་རྗེ་ཐུགས་ཀྱི་ཁམ་རྒྱ་མོ།། ཟངས་ཀྱི་འཕར་མོ་མགོ་བརྒྱད་ཞོན།། དཀར་དམར་ཟངས་མདོག་ཞེ་སྡང་འཇོམས། ། རྡོ་རྗེ་རྩེ་ལྔ་བྷན་དྷ་བསྣམས།། རིན་ཆེན་ཡོན་ཏན་ཁམ་རྒྱ་མོ།། གཡུ་ཡི་སྤྱང་མོ་རྐང་གསུམ་ཞོན།། མཐིང་ག་རིན་ཆེན་ཐོད་པ་བསྣམས།། ང་རྒྱལ་ཅན་རྣམས་དབང་དུ་སྡུད།། ཕྲིན་ལས་ཕོ་ཉ་ཁམ་རྒྱ་མོ། ། གསེར་གྱི་སེང་གེ་རྔམ་པ་ལ།། ལྗང་སེར་མ་མོ་རྒྱ་གྲམ་འཛིན།། རློན་པའི་བྷན་དྷ་ཕྲག་དོག་འཇོམས།། ཁྱབ་པའི་ཡེ་ཤེས་ཁམ་རྒྱ་མོ།། དཀར་མོ་སྟག་མོ་ཆིབས་སུ་ཆིབས།། གྲི་གུག་བྷན་དྷ་ཕྱག་ན་བསྣམས། ། ཀུན་ལ་ཐོགས་པ་མེད་པར་རྒྱུག། ཤར་ཕྱོགས་ལོང་བ་རྒྱབ་འབྲེལ་ནི།། འབྲུག་ཆེན་སྔོན་པོ་ཆིབས་སུ་ཆིབས།། ན་བཟའ་ལེ་བརྒན་དཔུང་ཟླུམ་ཅན།། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཐོགས།། འཁོར་གྱི་དམུས་ལོང་བཅོ་ལྔས་བསྐོར། ། ཕྱག་ན་འོད་ཟེར་སྒྲོན་མ་བསྣམས།། ལྷོ་ཕྱོགས་ལོང་བ་རྒྱབ་འབྲེལ་ནི།། ལྕགས་ཀྱི་དྲེལ་རྟ་ཆིབས་སུ་ཆིབས།། ཕྱག་ན་ལྕགས་ཀྱི་ཁྱུང་སྡེར་བསྣམས།། ན་བཟའ་གསེར་རས་སྒྲོན་མེ་གསོལ། ། དམུས་ལོང་བཅོ་ལྔ་འཁོར་བླང་བཅས།། ཕྱག་ན་རིན་ཆེན་སྒྲོན་མེ་སྦར།། ཉུང་དཀར་བགེགས་ལ་མདའ་རུ་འཕེན།། ནུབ་ཕྱོགས་ལོང་བ་རྒྱབ་འབྲེལ་ནི།། བན་གླང་དཀར་པོ་ཆིབས་སུ་ཞོན།། ན་བཟའ་ཀླུ་སྦྲུལ་ལྤགས་པ་གསོལ། ། སྦྲུལ་ཞགས་ཡེ་ཤེས་སྒྲོན་མ་བསྣམས།། འཁོར་གྱི་དམུས་ལོང་བཅོ་ལྔ་ནི།། འབུད་དུང་གཡས་སུ་འཁྱིལ་བ་དང།། པདྨའི་སྒྲོན་མ་ཕྱག་ན་བསྣམས།། བྱང་ཕྱོགས་ལོང་བ་རྒྱབ་འབྲེལ་ནི།། ཆུ་སྲིན་དམར་པོ་ཆིབས་སུ་ཆིབས། ། ན་བཟའ་སེར་གྱི་དཔུང་བླུག་ཅན།། ཕྱག་ན་ཞིང་དབྱུག་སྒྲོན་མེ་འབར།། འཁོར་གྱི་དམུས་ལོང་བཅོ་ལྔ་ནི།། མེ་སྒྲོན་བསྣམས་ནས་ཤ་ཁྲག་ཟ།། ཟ་བྱེད་དཔལ་གྱི་ཁྱི་བརྒྱད་ནི། ། ཤར་ན་ལྕགས་ཁྱི་མགོ་བརྒྱད་ལ།། མཁའ་འགྲོ་གྲི་གུག་ཐོད་པ་དཀར།། ཤར་ལྷོ་ལྕགས་ཁྱི་མགོ་བརྒྱད་ལ།། དཔའ་བོ་གྲི་གུག་ཐོད་པ་སེར།། ལྷོ་ན་ལྕགས་ཁྱི་མགོ་བརྒྱད་ལ།། དཔའ་བོ་གྲི་གུག་ཐོད་པ་མཐིང། ། ལྷོ་ནུབ་ལྕགས་ཁྱི་མགོ་བརྒྱད་ལ།། ཤུགས་འགྲོ་གྲི་གུག་ཐོད་པ་སྨུག། ནུབ་ན་ལྕགས་ཁྱི་མགོ་བརྒྱད་ལ།། མཁའ་འགྲོ་གྲི་གུག་ཐོད་པ་དམར།། ནུབ་བྱང་ལྕགས་ཁྱི་མགོ་བརྒྱད་ལ།། མཁའ་འགྲོ་གྲི་གུག་ཐོད་པ་སེར། ། བྱང་ན་ལྕགས་ཁྱི་མགོ་བརྒྱད་ལ།། དཔའ་བོ་གྲི་གུག་ཐོད་པ་ལྗང།། བྱང་ཤར་ལྕགས་ཁྱི་མགོ་བརྒྱད་ལ།། མཁའ་འགྲོ་གྲི་གུག་ཐོད་པ་སེར།། ཡེ་ཤེས་སྤྲུལ་པ་ཁྱི་བཅུར་བཅས།། ཤར་ན་མགོ་དགུ་རྐང་གཅིག་པོ། ། སྟ་རེ་གཡས་ལ་ལྕགས་ཀྱུ་གཡོན།། ལྷོ་ན་མགོ་བརྒྱད་རྐང་ལག་བརྒྱད།། གཡས་ན་རྡོ་རྗེ་གཡོན་ན་ཕུར།། ནུབ་ན་མགོ་དྲུག་རྐང་ལག་དྲུག། གཡས་པ་ཕུར་པ་གཡོན་གཏོར་མ།། བྱང་ན་མགོ་གསུམ་རྐང་ལག་གསུམ། ། ཕྱག་ན་ཤ་ཟ་ཁྲག་ལ་སྤྱོད།། དེ་ནས་པདྨ་དབང་ཆེན་གྱིས།། གསུང་གི་གསང་སྔགས་རབ་ཏུ་བཤད།། གསང་སྔགས་རབ་ཏུ་ངོ་མཚར་རོ།། མཆོག་དང་ཐུན་མོང་ལས་རྣམས་འགྲུབ།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྟཱན། ཧ་ན་ཏ་ཀ་པ་ཙ་ཧཱུཾ་ཕཊ། སྐུའི་སྔགས་སོ།། ཨོཾ་པདྨ་བི་ཏ་སི་ཏ་ཧ་ཧེ་ཙཀྲ་བྷྱོ་བྷྱོ་ཧཱུཾ་ཧཱུཾ་ཕཊ། གསུང་གི་སྔགས་སོ།། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱིཿཛ། ཐུགས་ཀྱི་སྔགས་སོ།། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡོན་ཏན་གྱི་སྔགས་སོ།། ཧྲི་དི་མ་དྷཱ་རི་ཧ་ཡ་གྷྲི་ཝ་ཨེ་ག་ཛ་ཏི་ཧུ་ལུ་ཧུ་ལུ་ཧཱུཾ་ཧྲཱིཿཛ་ཛ། ཕྲིན་ལས་ཀྱི་སྔགས་སོ།། དེ་ནས་པདྨ་དབང་ཆེན་གྱིས།། ལྕགས་ཀྱི་གསང་བ་རབ་ཏུ་བཤད། ། སྲོག་འཛིན་རླུང་ནི་ཀུན་གྱི་བདག། དེ་ཉིད་པདྨ་དབང་ཆེན་སྐུ།། དེ་ལས་རྩོལ་བའི་རླུང་བྱུང་བས།། འབྱུང་བ་བཞི་དང་འབྱུང་ཆུང་ལྔ།། དཀྱིལ་འཁོར་དགུ་ཡི་ལྷ་རུ་འགྱུར།། མིག་ལ་མེ་ཡི་རླུང་རྒྱུ་ཡང། ། གཟུགས་མཐོང་སྐུ་ཡི་ཁམ་རྒྱ་མོ་དང།། ལྕེ་ལ་ཆུ་ཡི་རླུང་ཡང་རྒྱུ།། རོ་མྱོང་གསུང་གི་ཁམ་རྒྱ་མོ།། ལུས་ལ་ནམ་མཁའི་རླུང་ཡང་རྒྱུ།། རེག་ཤེས་ཐུགས་ཀྱི་ཁམ་རྒྱ་མོ།། སྣ་ལ་ས་ཡི་རླུང་ཡང་རྒྱུ།། དྲི་ཚོར་ཡོན་ཏན་ཁམ་རྒྱ་མོ། ། རྣ་བར་རླུང་གི་རླུང་ཡང་རྒྱུ།། སྒྲ་ཐོས་ལས་ཀྱི་ཁམ་རྒྱ་མོ།། དེ་ལྔ་ཡིད་ཀྱི་ནང་དུ་འདུས།། ཀུན་ཁྱབ་ཡེ་ཤེས་ཁམ་རྒྱ་མོ།། འཁོར་བ་རྣམ་རྟོག་བག་ཆགས་རླུང།། འདས་པ་རྟོག་མེད་ཡེ་ཤེས་སོ། ། འཁོར་འདས་གཉིས་སུ་རྒྱབ་གྱེས་པས།། དེ་ཕྱིར་ལོང་བ་རྒྱབ་འབྲེལ་ཤར།། ཕྱིར་ལྡང་རླུང་ལས་འདོད་ཡོན་ལྔས།། སངས་རྒྱས་མཉེས་ཤིང་སེམས་ཅན་ཚིམས།། ནང་འཇུག་རླུང་ལས་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་དངོས་གྲུབ་ཐོབ། ། ཁོང་ནས་རླུང་ལས་ཡེ་ཤེས་ལྔས།། དངོས་གྲུབ་རང་ལ་ཐོབ་པའོ།། འབྱུང་འཇུག་གནས་པ་བཅོ་ལྔ་ལས།། དེ་ཕྱིར་དམུས་ལོང་བཅོ་ལྔའི་འཁོར།། ཐབས་མཆོག་དམངས་ལ་རྒྱ་ཆེ་ཞིང། ། ཤེས་རབ་སྟོང་པ་ཉིད་དུ་ཟབ།། རྣམ་པར་རྟོགས་པས་ཡ་བྲལ་བཟུང།། དེ་ཕྱིར་ལོང་བ་རྒྱབ་འབྲེལ་ལྷོ།། རླུང་འདི་ཕྱིར་ལྡང་ཨོཾ་དུ་འཕྲོ།། དེ་ལས་བདེར་གཤེགས་སྐུ་ལྔར་གསལ།། ནང་དུ་ཧཱུཾ་འཇུག་ཧཱུཾ་དུ་འདུས། ། དེ་ལས་སངས་རྒྱས་ཐུགས་ལྔར་ཐིམ།། ཁོང་ནས་རླུང་གི་ཡི་གེ་ཨཱཿ།། རྒྱལ་བའི་གསུང་ལྔས་རྟོགས་པ་སྐྱེ།། དེ་ཕྱིར་རླུང་ལྔའི་དམུས་ལོང་འཁོར།། བེམ་པོ་འབྱུང་བའི་རླུང་དང་ནི།། རིག་པ་སེམས་ཀྱི་རླུང་གཉིས་ལས། ། བེམ་རིགས་གཉིས་མེད་མ་ཤེས་པས།། དེ་ཕྱིར་ལོང་བ་རྒྱབ་འབྲེལ་ནུབ།། ཕྱིར་ལྡང་ཕོ་རླུང་རྣམ་ལྔར་འཕྲོ།། ཕོ་ཡི་རླུང་གིས་འདར་ཞིང་དགོད་བསྐྱོད་ཀྱང། ནང་འཇུག་མོ་རླུང་རྣམ་ལྔར་འདུས།། མོ་ཡི་རླུང་གིས་འདར་ཞིང་འཇུམས་[(]འཛུམས[)་]། ཁོང་གནས་མ་ནིང་རླུང་དུ་ཐིམ།། མ་ནིང་མི་རྟོག་ཐོམ་གྱིས་འགྲོ།། ཕོ་མོ་མ་ནིང་བཅོ་ལྔའི་རླུང།། དེ་ཕྱིར་དམུས་ལོང་བཅོ་ལྔའི་འཁོར།། དབྱིངས་ཀྱི་རླུང་ལྔ་ཡུམ་དུ་གསལ། ། ཡེ་ཤེས་རླུང་ལྔ་ཡབ་ཏུ་གནས།། ཡབ་ཡུམ་འབྲེལ་བར་མ་ཤེས་པས།། དེ་ཕྱིར་ལོང་བ་རྒྱབ་འབྲེལ་བྱང།། ཕྱིར་ལྡང་འགྲོ་བའི་དུག་འཇོམས་ནས།། ནང་འདུས་རིགས་ལྔའི་དངོས་གྲུབ་བླང།། ཁོང་ནས་སྐུ་ལྔར་རང་བྱུང་གསལ། ། ལྔ་གསུམ་དེ་ནི་དམུས་ལོང་འཁོར།། དགུན་དུས་ས་ཡི་རླུང་རྒྱུ་འཁྱགས།། དེ་ཡང་ཉིན་མཚན་རྣམ་པ་གཉིས།། དཔྱིད་དུས་རླུང་གི་རླུང་ཡང་རྒྱུ།། དེ་དུས་རླུང་གཉིས་ཉིན་མཚན་གཉིས། ། དབྱར་དུས་ཆུ་ཡི་རླུང་རྒྱུ་བས།། ཆུ་རྣམས་འཁྲུགས་པས་ཉིན་མཚན་གཉིས།། སྟོན་དུས་མེ་ཡི་རླུང་རྒྱུ་བས།། འབྲས་བུ་སྨིན་བྱེད་ཉིན་མཚན་གཉིས།། དུས་བཞི་ཉིན་ཞག་བརྒྱད་ཕྱིའི་ཕྱིར།། ཟ་བྱེད་དཔལ་གྱི་ཁྱི་བརྒྱད་བསྟན། ། ཕུང་པོ་ལྔ་ལ་གནས་པའི་རླུང།། དབང་པོ་ལྔ་ལ་མགྲིན་པའི་རླུང།། དེ་དག་བཅུ་རུ་གྱུར་པས་ན།། ཡེ་ཤེས་སྤྲུལ་པའི་ཁྱི་བཅུར་གནས།། མཚན་བཅས་བསྒོམ་པར་གང་འདོད་པས།། བལྟས་པས་ལོང་བས་སྐུ་ལ་བལྟ། ། བསྒོམ་པས་ཡོངས་རྫོགས་སྐུ་རུ་བསྒོམ།། བཅུར་བས་ལོང་བས་དབུགས་ལ་བཤུར།། མ་བྱུང་ལོག་གནོན་ཞག་གསུམ་བྱ།། འབྱུང་བ་བརྟན་པའི་ཆོ་ག་བྱ།། སྐུ་གྲངས་མང་པོར་བསྒོམ་པ་དང། ། ཆེན་པོ་རགས་པར་བསྒོམ་པ་དང།། རང་ཉིད་སྐུར་བསྒོམ་དཀྱིལ་འཁོར་ཞུགས།། མཚན་བཅས་ལ་བརྟེན་མཚན་མེད་འགྱུར།། མཚན་བཅས་བསྒོམ་པའི་མན་ངག་དགུ།། དབང་གི་དཀྱིལ་འཁོར་ཆེན་པོ་རུ། ། ལས་ཅན་སྐལ་ལྡན་གཞུག་པའི་ཕྱིར།། ཤར་དུ་སྒོ་སྲུང་མགོ་རུ་བསྟན།། མཚན་མེད་བསྒོམ་པས་གང་འདོད་པས།། གནས་པ་དང་ནི་དམིགས་པ་གཉིས།། འོད་གསལ་བ་དང་ཟུང་འཇུག་བཞི།། དེ་ལ་ཡང་ནི་དགྲ་བཞི་སྟེ། ། དགྲ་འདུལ་པ་ཡི་མན་ངག་དང།། དགྲ་ནི་བཙོན་ཏུ་གཟུང་བ་དང།། དགྲ་རྣམས་ཚར་ཡང་གཅད་པ་དང།། དགྲ་ལ་དགྲར་མི་འཛིན་པ་བཞི།། མཚན་མེད་བསྒོམ་པའི་མན་ངག་བརྒྱད།། ལྷོ་ཕྱོགས་སྒོ་སྐྱོང་མགོ་བརྒྱད་བསྟན། ། མཚན་བཅས་མཚན་མེད་གཟིར་གདབ་པ།། ལྟ་བ་བསྒོམ་དུ་མེད་པ་དང།། སྤྱོད་པ་ཡེངས་སུ་མེད་པ་དང།། ལྟ་སྤྱོད་མི་འབྲལ་འགྲོགས་པ་གསུམ།། ཚེ་འདིའི་གཟེར་དུ་གདབ་པར་བྱ། ། རིགས་དྲུག་གྲོང་ཁྱེར་གཅད་པ་དང།། བར་དོའི་ལུས་འདི་ཡིད་མ་བསྒོམ།། འོད་གསལ་ཟུང་འཇུག་རྩེ་བྲག་བསྒོམ།། དེ་དག་བར་དོའི་གཟེར་གསུམ་ཡིན།། དེ་ཕྱིར་ནུབ་སྒོར་མགོ་དྲུག་བསྟན།། སྤྲོས་བཅས་མཚན་མའི་སྤྱོད་པ་དང། ། སྤྲོས་མེད་གསང་བའི་སྤྱོད་པ་དང།། ཤིན་ཏུ་སྤྲོས་མེད་སྤྱོད་པ་གསུམ།། ཞུགས་ཕྱིར་མགོ་གསུམ་བྱང་སྒོ་བསྟན།། བརྩོན་འགྲུས་ལྡན་པའི་མན་ངག་གིས།། ཚེ་འདིར་སངས་རྒྱས་ཐོབ་པ་དང། ། ལེ་ལོ་ཅན་གྱི་གང་ཟག་གིས།། བར་དོར་སངས་རྒྱས་ཐོབ་པ་གཉིས།། དེ་ཕྱིར་མེ་འབྲུག་རླུང་འབྲུག་བསྟན།། ཚེ་འདིར་འབྱུང་བཞི་སེམས་སུ་ཐིམ།། བར་དོར་སེམས་ཉིད་ལྷ་སྐུར་འཆར།། དེ་ཉིད་སངས་རྒྱས་སར་འགྲོ་གསུམ། ། དེ་ཕྱིར་སྐུ་གསུང་ཐུགས་རྣམས་ལས།། ཡང་སྤྲུལ་བསེ་ཡི་བྱ་གླག་སོགས།། སྤྲུལ་པ་མང་པོ་བསྟན་པ་ཡིས།། ཉིན་ཞག་དག་ནི་ཕྲུགས་གཅིག་ལ།། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང།། རྒྱུ་བས་ཕོ་ཉ་འགུགས་འདྲེན་ལས། ། དབུ་ཡི་སྤྱི་བོ་མན་ཆད་ནས།། ཞབས་ཀྱི་གདན་ཁྲི་ཡན་ཆད་དུ།། སྤྲུལ་པའི་ཕོ་ཉ་མང་པོར་བསྟན།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་ལས། དབང་ཆེན་སྐུ་གསུང་ཐུགས་ཀྱི་སྒྲུབ་པས། འགྲོ་དྲུག་བདེ་ཆེན་ཆོས་སྐུར་སྦྱོར་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས་གང་ཟག་གཉིས་སངས་རྒྱས་པའི་ལམ་འདི་གསུངས་སོ། ། བརྩོན་འགྲུས་ཅན་དང་ལེ་ལོ་ཅན།། འདི་དང་བར་དོར་སངས་རྒྱས་པའི།། གསང་སྔགས་འབྲས་བུ་བླ་ན་མེད།། རབ་ཏུ་སྦས་པ་བཤད་པར་བྱ།། བརྩོན་འགྲུས་ཅན་གྱི་གང་ཟག་ཏུ།། ཚེ་འདིར་མཚན་བཅས་མཚན་མེད་བསྟན། ། དང་པོར་སྐུ་ལ་བལྟ་བར་བྱ།། བལྟས་པས་དགོངས་པ་ཐོབ་གྱུར་ནས།། བདག་ཉིད་སྐུ་རུ་བསྒོམ་པར་བྱ།། བདག་ཉིད་སྐུ་ལ་གོམས་གྱུར་ན།། དེ་ནས་དཀྱིལ་འཁོར་ཞུགས་པར་བྱ།། མ་བྱུང་ལོག་གནོན་ཞག་གསུམ་བྱ། ། དེ་ལྟར་ཐོབ་པའི་རྟིང་ལ་ནི།། དེ་ནས་བརྟན་པའི་ཆོ་ག་བྱ།། དགུན་ནི་ཉི་མ་གསུམ་ཆར་བྱ།། དབྱར་ནི་ཉི་མ་བཞི་ཆ་བྱ།། ལུགས་སྐུ་ཀུན་ལ་བློ་གློར་བལྟ།། དེ་ལྟར་ཐོབ་པའི་རྟིང་ལ་ནི། ། མཚན་མ་ཅན་ལ་བརྟེན་ནས་ནི།། མཚན་མ་མེད་པར་རབ་ཏུ་བསྐྱེད།། མྱུར་བར་འདོད་ན་སྤྱོད་པ་བྱ།། སེམས་ནི་འཕྲོ་བ་དགག་པར་བྱ།། གཉིས་སུ་མེད་པའི་སྤྱོད་པ་བྱ།། མཚན་མ་ཅན་གྱི་མན་ངག་ཡིན། ། མཚན་མ་མེད་པའི་མན་ངག་ནི།། དང་པོར་རླུང་ལ་གནས་པར་བྱ།། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ།། རླུང་ཞེས་བྱ་བས་ལས་ཀུན་བྱེད།། འདི་ནི་རྣམ་ཤེས་ཞོན་རྟ་སྟེ།། ལྔ་ཡི་བདག་ཉིད་བཅུ་མིང་ཅན། ། རང་བཞིན་ཕྲ་བ་བརྒྱ་དང་ནི།། དྲུག་ཅུ་ཐམ་པ་འདི་དག་ནི།། རླུང་གི་བཞོན་པའི་རྒྱུ་ཡིན་ཏེ།། ཉིན་དང་མཚན་དུ་རྒྱུ་བའོ།། གཉིས་པར་རིལ་འཛིན་རྗེས་གཞིག་དམིགས།། མགོ་བོ་ནས་ནི་རྐང་པའི་བར།། ཇི་སྲིད་སྙིང་གར་ཕྱིན་གྱི་བར། ། རྣལ་འབྱོར་ཡང་དག་མཐའ་ལ་འཇུག། རིལ་པོར་འཛིན་པ་ཞེས་བཤད་དོ།། ཇི་ལྟར་དབུགས་ཀྱི་མེ་ལོང་ལ།། མཐའ་ནས་རིམ་གྱིས་དབུས་ཐིམ་ལྟར།། རྣལ་འབྱོར་ཡང་དག་མཐའ་ལ་འཇུག། རྗེས་སུ་གཞིག་པ་ཞེས་བཤད་དོ།། གསུམ་པར་འོད་གསལ་བསྒོམ་པར་བྱ།། ད་ནི་ཡོངས་རྫོགས་རྣལ་འབྱོར་གྱི།། གསལ་བའི་དོན་ནི་བཤད་བྱ་སྟེ།། སྟོང་པ་གསུམ་པོ་རྣམ་དག་གང།། འོད་གསལ་བར་ནི་འདིར་བཤད་དོ། ། བསམ་གཏན་འདི་ནི་བསམ་གཏན་མིན།། འདིས་ནི་མཐར་ཐུག་མི་འཐོབ་སྟེ།། ནམ་མཁའ་ལྟ་བུར་ཕྱོགས་གྱུར་པས།། འོད་གསལ་བ་ནི་མི་དམིགས་ཏེ།། འོད་གསལ་བ་ཡི་གནས་ཐོབ་ནས། ། རབ་དགའི་གཟུགས་སུ་སྐྱེ་བར་འགྱུར།། དེ་ཚེ་རབ་དགའ་རྡོ་རྗེའི་སྐུ།། ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར།། འདས་པ་དང་ནི་མ་འོངས་པ།། ད་ལྟར་བྱུང་བའི་སྲིད་པ་གསུམ།། འོད་གསལ་བ་ནི་རྣམ་དག་པས། ། སྐད་ཅིག་གཅིག་ལ་མ་ལུས་མཐོང།། ཞི་བར་ཟུང་དུ་འཇུག་པ་ནི།། ཀུན་རྫོབ་དང་ནི་དོན་དམ་དག། སོ་སོའི་ཆ་ཡིས་ཕྱེ་གྱུར་ན།། ཡང་དག་ཉིད་དུ་འདྲེས་གྱུར་པས།། ཟུང་དུ་འཇུག་པར་དེ་བཤད་དོ། ། མཚན་མེད་བསྒོམ་ལ་དགྲ་བཞི་སྟེ།། དགྲ་འདུལ་མན་ངག་བཤུར་བ་ནི།། ཇི་ལྟར་སྤྲིན་ནི་སྣ་ཚོགས་པ།། མདོག་དང་དབྱིབས་ནི་ཐ་དད་པས།། ནམ་མཁའི་ངང་ལས་བྱུང་ནས་ནི།། དེ་ཉིད་དུ་ནི་ཐིམ་པར་འགྱུར། ། དེ་བཞིན་རང་བཞིན་ཐམས་ཅད་ཀུན།། སྣང་བ་གསུམ་གྱི་རྒྱུ་ཅན་ཏེ།། མ་ལུས་ཡུལ་ལ་ཞུགས་ནས་ནི།། འོད་གསལ་བར་ནི་འཇུག་པར་འགྱུར།། དེ་འདྲ་རང་བཞིན་མ་ཤེས་པས།། མི་ཤེས་མུན་པས་ཕེབས་ནས་ནི། ། དགེ་དང་མི་དགེའི་ལས་བྱས་ནས།། འགྲོ་བ་ལྔར་ནི་འཁོར་བར་འགྱུར།། ཐབས་ཆེན་རྒྱུད་དང་ལྡན་པ་ལ།། ཉོན་མོངས་བྱང་ཆུབ་ཡན་ལག་བཤད།། དང་པོ་སེམས་ནི་བཤུར་བར་བྱ།། བཤུར་བ་ཚད་དུ་ཕྱིན་ཙམ་ན། ། སེམས་ནི་རང་ལོག་ཉིད་དུ་གྱུར།། བཤུར་བ་ཚད་དུ་ཕྱིན་པ་ཡིན།། ལ་ལས་ཚད་དུ་ཕྱིན་པས་ཐོབ།། ལ་ལ་བདེ་བའི་སྒོ་ནས་ཐོབ།། ལ་ལ་ཤེས་པ་འཚམས་པས་ཐོབ།། ལ་ལ་ཁ་བོ་དག་གིས་ཐོབ།། ལ་ལར་སྤྲོས་པ་བཅས་པ་ཐོབ། ། དེ་ནས་གཉིས་མེད་བསྒོམ་པར་བྱ།། གཉིས་མེད་བསྒོམ་པའི་རྟིང་ལ་ནི།། དང་པོར་སེམས་ནི་གནས་པ་སྐྱེ།། དེ་ནས་སེམས་ནི་དམིགས་པ་སྐྱེ།། དམིགས་པ་སྐྱེས་པའི་རྟིང་ལ་ནི།། རང་བཞིན་གྱིས་ནི་འོད་གསལ་སྐྱེ། ། འོད་གསལ་སྐྱེས་པའི་རྟིང་ལ་ནི།། ཟུང་འཇུག་བསྒོམ་པ་སྐྱེ་བར་འགྱུར།། ལེ་ལོ་ཅན་ཡི་གང་ཟག་དེ།། སྲིད་པ་བར་དོར་སངས་རྒྱ་བས།། ཤི་བ་དོན་དམ་བདེན་པ་ཡིན།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། ། འབྱུང་བ་ཆེན་པོ་བཞི་ལ་ཐིམ།། འབྱུང་བ་ཆེན་པོ་བཞི་པོ་ཡང།། ས་ནི་ཆུ་ལ་ཐིམ་པར་འགྱུར།། ཆུ་ནི་མེ་ལ་ཐིམ་པར་འགྱུར།། མེ་ནི་རླུང་ལ་ཐིམ་པར་འགྱུར།། རླུང་ནི་རྣམ་པར་ཤེས་པར་ཐིམ། ། རྣམ་ཤེས་སྣང་བ་དེ་ལ་ཐིམ།། སྣང་བ་སྣང་བ་མཆེད་ལ་ཐིམ།། སྣང་མཆེད་སྣང་བ་ཐོབ་ལ་ཐིམ།། སྣང་བ་ཐོབ་པ་བྱ་བ་ནི།། ཐམས་ཅད་སྟོང་པ་ཉིད་ལ་ཐིམ།། ཐམས་ཅད་སྟོང་པ་འོད་གསལ་བ།། ཤི་བ་ཤེས་རབ་ཕ་རོལ་ཕྱིན། ། བདེ་བར་གཤེགས་པའི་སྙིང་པོ་ཡིན།། རྣལ་འབྱོར་པ་ཡི་གྲོགས་ཡིན་ནོ།། དེ་ལས་སྤྲུལ་སྐུ་འབྱུང་བ་ནི།། ཇི་ལྟ་ཆུ་ཀླུང་དྭངས་པ་ལ།། ཉ་དག་མྱུར་དུ་འཕར་བ་ལྟར།། དེ་བཞིན་ཐམས་ཅད་སྟོང་གསལ་ལས། ། སྒྱུ་འདྲ་བར་ནི་འབྱུང་བར་བཤད།། དེ་ཉིད་བར་དོའི་སྐུ་ཡིན་ཏེ།། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན།། དབང་པོ་ཀུན་ཚང་ཐོགས་མེད་ལྡན།། རིགས་མཐུན་ལྷ་མིག་དག་པས་མཐོང།། བར་མ་དོ་ཡི་སྐུ་དེ་ཡིན། ། འགྲོ་བ་རིགས་དྲུག་གྲོང་ཁྱེར་དེ།། གཉིས་སུ་མེད་པའི་སྤྱོད་པ་སྤྱད།། སྤྲོས་པའི་རྣམ་པས་ཆོད་གྱུར་ནས།། བར་མ་དོ་ཡི་སྐུ་དེ་ནི།། རྡོ་རྗེ་སེམས་དཔའི་སྐུ་རུ་བསྒོམས།། འོད་གསལ་ཡང་ནི་བསྒོམ་པར་བྱ། ། ཟུང་འཇུག་སྐུ་ཡང་འབྱུང་བར་འགྱུར།། ཟུང་དུ་འཇུག་པ་གཉིས་ཡོད་དེ།། སློབ་བཞིན་པ་དང་མི་སློབ་པ།། མི་སློབ་པ་རུ་གྱུར་ཙ་ན།། སྣང་བ་ཙམ་དང་གསལ་བ་ཙམ།། སྣང་ལ་རང་བཞིན་མེད་པ་གཉིས། ། ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན།། སངས་རྒྱས་ཞིང་ནས་མི་ལྡོག་པའི།། བར་མ་དོ་རུ་མངོན་སངས་རྒྱས།། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། འགྲོ་བ་དྲུག་གི་གང་ཟག་ལེ་ལོ་ཅན་དང་བརྩོན་འགྲུས་ཅན་བདེ་ཆེན་ཆོས་སྐུར་དྲངས་པ་སྟེ་ལེའུ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ།། གཟའ་བདུད་ཉི་མ་ཁྲོས་པའི་སེར་བ་དབབ་པ་འདི་གསུངས་སོ། ། ནཱ་ག་ཤང་ཤང། རཾ་རཾ་ཡུ་ཡུ། རྦད་རྦད་ཤར་ཤར། ཕོབ་ཕོབ་ད་ཕོབ་ཡ། མ་མ་རག་ཤ་ཕོབ། རག་ཤ་ཨ་ག་ནི་ཕོབ་སྭཱ་ཧཱ། པི་པི་ཕྲོམ་ཕྲོམ་ཤར་ཤར་སྭཱ་ཧཱ། སུར་ཤག་ཏིན་གནས་མྱགས་མྱགས་ཤར་ཤར་སྭཱ་ཧཱ། པི་པི་རིལ་རིལ་སིབ་སིབ་བྷྱོ་ཡ། རུ་ལུ་རུ་ལུ་སྭཱ་ཧཱ། བསྙེན་དང་བསྒྲུབ་དང་ལས་སྦྱོར་གསུམ།། གཅིག་ཏུ་དྲིལ་བའི་གསང་སྔགས་ཡིན།། དབེན་པའི་གནས་སུ་བསྙེན་པ་བྱ།། སེང་ལྡེང་ཕུར་པ་ཡུངས་གར་ལ། ། གཏོར་མ་མི་དགོས་ཞགས་བཅུར་བཟླས།། ཨ་ཙ་ར་ནི་སྨྲ་བ་དང།། བུད་མེད་ཕྱག་བྱེད་མོན་པ་འབྱུང།། བསྒྲུབ་པ་ར་རོག་ཁྱི་ནག་ཁྲག། ཉུང་དཀར་གསུམ་ལ་ཞག་བ་ཅུར་བཟླས།། མི་རིང་སྐྱ་ཤར་ཆུ་བོ་དང། ། འཁྱགས་པས་ཡུལ་ཁམས་ཁེངས་པ་འབྱུང།། དེ་ནས་གཏའ་བསྒྲུབ་བྱ་བ་ནི།། མི་སོག་གཉིས་ལ་ནང་དུ་སྔགས།། ཕྱི་རོལ་ཡུལ་གྱི་ལྷ་ཀླུ་བྲི།། ལིངྒ་བྲིས་ལ་ཕུར་པ་དྲིལ།། ཐོད་ནང་བཅུག་ལ་ཁེབས་ཀྱིས་གདབ། ། ཞག་བདུན་བཟླས་ཤིང་ཐུན་གྱིས་བྲབ།། རྟགས་ནི་ཟོར་བས་འདར་བ་དང།། ཁ་ལ་འབྲུམ་བུ་ཡོང་བ་དང།། རྩས་མ་བརྔས་དང་སྒྲུབ་སྟེང་འབབས།། སེར་འབྲུ་བླང་ལ་ཐུན་ཁྲག་བླུགས།། དེ་ནས་ལས་ལ་སྦྱར་བ་ནི། ། གུ་གུལ་ཚིམ་ཆེན་ལིངྒར་བདུག། ཞག་གཅིག་བཟླས་ཏེ་གཏའ་ཡངས་བསྐྱེལ།། ཧཱུཾ་མུཾ་ཡཾ་ཡཾ་ཤར་ཤར་ག་དུན་ཕོབ། རག་དུན་ཕོབ། རག་ཤ་ཨ་བྷི་ནི་ཕོབ། ཕི་ཕི་ཤར་ཤར་ནི་ཕོབ། མ་ན་ཀ་ནི་ཕོབ། ནཱ་ག་ཤེད་རཾ་རཾ་ཐུག་ཁྲམ། དགྲ་བོ་ཡི་ཡུལ་དུ་ཕོབ། ཆེམ་ཆེམ་ཐོག་ཤོག། གི་གཾ་དགྲ་ལ་ཕོབ། གཏའ་སྒྲུབ་ཚེ་ན་ཐུན་སྐབས་བྲབ།། ལས་ལ་སྦྱོར་དུས་ཞག་གཅིག་བཟླས།། སོག་པ་གཅིག་ནི་ལྷ་རྟེན་ལ།། གཏའ་དེ་ལྐུགས་པར་གཞུག་པར་བྱ། ། སོག་པ་གཅིག་ནི་ཀླུ་གནས་སར།། ནམ་མཁའ་མཐོང་སར་སྦ་བར་བྱ།། ཕུར་བ་སེར་ཐོ་ངག་ལ་གཞུག། ཐུན་གྱི་ཁྲག་གིས་གཏའ་ཟམ་འབྲེལ།། གནམ་སྟོང་པ་ནི་རི་རྩེ་ནས།། ལྷ་རྡེའུ་ཀླུ་རྡེའུ་ཟོར་དུ་འཕེན། ། སེར་བས་ཡུལ་ཁམས་ཕུང་བར་འགྱུར།། སངས་རྒྱས་བསྟན་པ་དར་བར་ངེས།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་ལས། གཟའ་བདུད་ཉི་མ་ཁྲོས་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ནག་པོ་འཛུམ་མེད་ཀྱི་སེར་བ་དབབ་པའི་མན་ངག་འདི་གསུངས་སོ།། དམ་ཚིག་ལྡན་པའི་དབེན་གནས་སུ།། གྲུ་གསུམ་དཀྱིལ་འཁོར་ཁྲུ་གང་སྟེ། ། ཤར་དུ་འབྲུ་ནག་གཏའ་གཏོར་ལ།། ལྷོ་རུ་སྐྱུང་མདའ་དར་ནག་རྟེན།། ནུབ་ཏུ་ཆང་ཕུད་གསེར་སྐྱེམས་བཤམ།། བྱང་དུ་རྒྱུན་གཏོར་ཤ་ཁྲག་བཤམ།། ཟ་འུག་ཧ་ཐབས་སྟེང་ནས་གུར།། ཁྱི་ནག་ར་རོག་གླང་ནག་དང། ། ཕག་རོག་ཁྲག་དང་ཁྱི་ཀླད་རྣམས།། བག་ཕྱེར་སྦྲུས་ལ་རིལ་བུ་བྱ།། ལིངྒར་དྲིལ་ལ་ཁྱི་ཐོད་གཞུག། སྔགས་འདི་ཟླ་བ་གསུམ་དུ་བསྙེན། པྲད་ཉ་ཨཱ་ས་ཏྭ་བྷྱོ། བྷ་ག་ཧ་ཏ་ཡ་བྷྱོ། མ་མ་རཀྵ་ནི་བྷྱོ། སེ་ལ་མུ་ཏ་བབ། བདུད་སན་ཏ་ཧ་ར་ཡ་བབ། བ་ལ་ནི་ལ་བབ་ཕོབ་བྷྱོ། རུ་རུ་ཧྲིལ་ཧྲིལ་ཕོབ་ཡ། རི་ལ་ར་རོག་རུ་ཅོལ་གཞུག། ལ་ཆས་ཁ་བཅད་འོད་དཀྱིལ་སྦ།། གཏའ་ལྐུགས་ཐུན་གཏོར་བསྙེན་པའོ།། དེ་ནས་བསྒྲུབ་པ་ཐུན་ལ་བྱ། ། ཁྱི་ཐོད་ནང་དུ་ཉུང་དཀར་བྲབ།། བསྙེན་བསྒྲུབ་གཉིས་ཀྱི་སྔགས་དྲིལ་ལ།། ཞག་གྲངས་བཅོ་བརྒྱད་བཟླས་པར་བྱ།། བ་ལ་བ་ཏི་ཏུ་བ། དུག་ས་ལ་མུ་ཏྲ་བབ། ཙ་ག་མ་ར་ཡ་ཤོ་བ་བ། ཧ་ཧ་རིལ་རིལ། ཕ་ལ་ཏྲག་ཏྲག། ཤར་ཤར་ཤུར་ཤུར་ཕོབ་ཡ།། རྡོ་རྗེ་རྒྱ་གྲམ་མུ་ཁྱུད་ལ།། ཁ་གནོན་སྔགས་བྲིས་ཐུན་ཁ་གཅད།། ཡི་དམ་ང་རྒྱལ་ཐུབ་པར་བྱ།། ཁ་གནོན་སྔགས་འདི་བཅུ་བཅུ་བཟླས།། ཨོཾ་མ་མ་བ་ཏྲ་ནན། རུ་ཏིང་ནན། ག་ག་ཏེ་བ་ཏི་ཀ་ནན། པ་ཏྲ་པ་ཏུ་མི་ག་ནན། ནཱ་ག་ཡུ་ལ་པ་ཤ་ནན། ཧཱུཾ་རུ་ར་ག་ཏི་རྦ་ལ་ནན། པྲད་ཉ་ཏྲི་ག་དུ་ནན། ཨ་ཀྲོ་ཀཱ་ལ་བབ་ནན། ཨཱརྱ་སཾ་ག་ཏི་ཡ་ནན། དེ་ནི་ཐུན་བ་སྡོམ་པའི་སྔགས།། ཐུན་གྱི་ཁ་གཅོད་དག་ལ་བྲིས། ། དམུས་ལོང་འཐིབས་ལོང་ཐེབས། དམུས་ལོང་ཉམས་དམུས་ལོང་ཉམས། འུར་ཐིབས་ཤར་ཐིབས། འུར་མ་ཐིབས། ཨེ་ཏ་དྲ་ཐིབས་རྦད། ཧི་ཧི་ལྟིབས་རྦད། རྡེས་སོད་ཁྲག་སྒང་སད། འདར་འདི་ཤར་ཤིག། ཏིང་ན་ཤིག། ཧེ་ན་འདེད་དང་ཐུམས། ཡེ་རཾ་མུག། དེ་ནི་ཐུན་ཁ་སྡོམ་པ་སྟེ།། ཐུན་བར་དག་ཏུ་བཟླས་པར་བྱ།། ལས་སྦྱོར་ཁྲག་ལ་བྱ་བ་སྟེ།། ར་དཀར་བ་དམར་རྟ་དཀར་མོའི།། ཁྲག་གསུམ་གཡས་སུ་གཞག་པར་བྱ། ། བ་དམར་འོ་མ་གཡོན་དུ་གཞག། སྐྱེར་པའི་ཤིང་ལ་ཕེར་ག་བྱ།། རྩེ་མོ་ཁྲག་བྱུག་ཁྲག་ནག་དཀྲུག། རྩ་བ་དཀར་པོས་འོ་མ་དཀྲུག། ཞག་གསུམ་དབབ་པའི་སྔགས་འདི་བཟླས།། བྲཾ་ཡག་ཤ་ཚིལ་དྷེ་ཐུན། གར་བི་ཚ་བུ་གུ་ལིམ་ཤ་ག་ནེ། ཨད་པུར་ཚེ་ཐུལ་ཐུལ། དགྲ་ཡི་རི་རྩེར་ཟངས་ནང་དུ།། ཁྲག་དང་འོ་མ་ར་གྲོད་བླུགས།། བེ་ཀར་གྲོད་བཏག་ཁྲག་བཟང་ཏིག། ཟངས་ཟང་ཀྱང་གར་དབྱུག་པ་ས་ལ་བཏབ། ། ཕུད་འདི་ཤར་ལ་གཏོང་བས་བྱ།། སྔགས་འདིས་ཁྲག་ཟོར་དགྲ་ཡུལ་འཕང། བཛྲ་ས་ག་ཏྲེ་ཡ། མ་སིང་ཏྲཾ་ཡ། བཛྲ་ཁ་ཊྭཱཾ་ག་ཡ། བཛྲ་ཤན་ཀུ་རུ་ཡ། བཛྲ་ཞུང་ཞུང་ཡ། ཏྲི་ཤ་མེ་ཁ་མ། ཡ་ཏྲ་བ་ཡ། བཛྲ་བོང་བོང་ཡ། བཛྲ་ར་ཏྲ་ཡ། བཛྲ་ཞུང་ཞུང་ཡ། མ་ར་ན་རཱ་ཛ་ཡ། བཛྲ་ཏྲི་ནར་ཡ་མ་ཡ། ཙུ་ཧ་ན་ཏྲི་ཡ་དུ་ཡང་དྲུང་ལཾ་ཏྲི་ཡ།། བདུད་པོ་ནག་པོ་འཛུམ་མེད་ནི།། སྟྭ་རེ་གཡས་ལ་ཁ་ཊྭཱཾ་གཡོན།། སྟག་གཞུ་སྟག་སླག་མུ་སྟེགས་ཆས། ། དགྲ་ཡུལ་སེར་བ་འབེབས་པར་བསམ།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་ལས།། བདུད་ནག་པོ་འཛུམ་མེད་གཟན་ལ་དབབ་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས།། ལྷ་ཆེན་པོས་སེར་བ་དབབ་པ་འདི་གསུངས་སོ།། དབེན་གནས་དཀྱིལ་འཁོར་གྲུ་གསུམ་དུ།། དབུས་སུ་དམ་རྫས་གཏོར་མ་ལ།། ཟུར་གསུམ་ཕུར་པ་གསུམ་ཡང་གཟུག། ལྷ་ཆེན་སྐུ་ཡང་བསྒོམ་པར་བྱ།། དབུ་ནི་ལྷ་ཡི་ཡུལ་ན་ཡོད།། འགྲམ་གཡས་དཀར་པོས་ཉི་མ་མནན།། གཡོན་པ་སེར་པོས་ཟླ་བ་གནོན།། སྣ་ནི་ནག་པོ་སྡེ་བརྒྱད་སྡུད།། ཕྱག་གཡས་ཡོངས་འདུ་ས་བརྟོལ་བསྐུལ། ། ཟིལ་བ་སེར་བ་ཆེན་པོ་འབེབས།། ཕྱག་གཡོན་གནམ་ལྕགས་ཐོག་ཆེན་འབེབས།། སྐེད་པ་མི་ཡི་ཡུལ་ན་ཡོད།། མཇུག་མ་སྦྲུལ་དུ་འཁྱིལ་བ་ལ།། ཞབས་ནི་ཀླུ་ཡི་ཡུལ་དུ་བརྐྱང།། དེ་རུ་བསྒོམ་ལ་དྲག་སྔགས་ནི། ། གཡག་རུ་ཡུངས་ཀར་སྐམ་ཐུན་བྲབ།། ཧུ་ཧ་ནུ་ཨ་རུ་ས་ཐ་རུ་ད་ར་ད་ཧ་ས་ར་པ་རུ། ལྗང་ནི་ང་སོ་ཧེ་ས་ཧ་ས་ན། ལ་ཡོ་དྷེ་སེ་ག་འཛུ་ཨེ། མུན་དྷ་ཕ་རི། ཨན་འཛུ་ཕ་རི། མུན་དྷ་ལི་ནི། མ་ཧུ་ཨ་རི། ཨ་རི་ན་མོ། ཏི་ཁྲོཾ་ཁྲོཾ་ཧུབ་ཧུབ། ག་ལི་ཤར་ཤར་སྭཱ་ཧཱ། དགུན་ཀ་ཁ་བ་བུ་ཡུག་ཡོང།། དབྱར་ནི་སེར་བ་དངོས་སུ་འབབ། གཏོར་མ་ལ་ནི་ཐུན་ཡང་བྲབ། བྱ་དང་རྟ་ར་མཚལ་བུ་གསུམ།། གཡག་རུ་ནང་དུ་རློན་ཐུན་སྒྲུབ། ཕོབ་ཕོབ་ཁྲོཾ་ཧྲིལ་ཤར་ཕོབ།། གོས་དམར་གྱོན་ལ་དཀར་གསུམ་ཟ།། སེར་རྒྱ་ར་མགོར་རྫས་བླུག་སྦ།། ཕུར་པ་གསུམ་ནི་གཟེར་དུག་དག། གཏོར་མ་ཟོར་དུ་འཕང་བར་བྱ།། སེར་བས་ཡུལ་ཁམས་ཁེངས་པར་འགྱུར། ། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། ལྷ་ཆེན་གདུག་པ་གཟན་ལ་འབེབས་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ཀྱི་དྲག་སེར་དབབ་པ་འདི་གསུངས་སོ། ། དཀྱིལ་འཁོར་གྲུ་གསུམ་དབུས་དག་ཏུ།། ཕག་ཁྲག་ཉུང་དཀར་ར་ཐོད་བླུགས།། ལྷ་ཀླུ་སེར་སྲུང་ར་རུ་གསུམ།། གནོད་སྦྱིན་ཕྱག་བཞི་འབྲུག་ལ་ཞོན།། ལྕགས་གྱི་བེར་ཀ་བ་དན་གཡས། ། ཐོད་ཁྲག་ཟོར་བ་གཡོན་པ་ན། ཨོཾ་ཏྲི་བྱི་ཤག་པྲ་མ་ཡ། ཏྲི་ལི་ཤག་ཤར་སེར་ཧྲིལ་བྷྱོ། ཏིང་ཁེ་སེར་དྲིལ་ཤར་བྷྱོ། ཛ་ར་ཀ་ར་ཤི་ཧྲིལ་ཤར་བྷྱོ། པྲེ་དུ་ཤ་ཤར་ཤར་བྷྱོ། གྷི་ཏང་བྷ་རི་ཚག་ཤར་བྷྱོ། བྲ་མ་ཡ་གྷ་ར་ཏི་ཕེབས་བྷྱོ། ། བསྙེན་སྔགས་འབུམ་ཚོ་བདུན་པོ་ལ།། ཨོཾ་ཙ་ན་ཉུང་དཀར་རུ་ནང་བླུག། དང་པོ་གཉིས་ནི་བདུན་ཚོ་གཉིས།། ཆུ་རིལ་སྔགས་ཏེ་བསྒྲུབ་པར་བྱ།། ཐ་མ་བདུན་པ་དབབ་སྔགས་ནི།། འབེབས་ཁར་མི་ཚིལ་ར་ཚིལ་དང། ། ཁྱི་ཚིལ་གུ་གུལ་དུད་པས་བདུག། གནད་ལ་ཕེབས་ན་མྱུར་དུ་འབབ།། ར་རོག་ཐོད་པ་ཡུལ་དབུས་སྦ།། རཱུ་མ་གསུམ་པོ་གཟེར་དུ་གདབ།། དྲག་སྔགས་བདུན་པས་ཡུལ་ཁམས་ནི། ། སེར་བས་འཇོམས་ཏེ་སངས་རྒྱས་ཀྱི།། བསྟན་པ་དམ་པ་རྒྱས་པར་གསུངས།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གནོད་སྦྱིན་ལྕགས་ཀྱི་བེར་གཅན་གཟན་འབེབས་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོ་ནག་མོ་ཛ་མུན་ཏིས་ཀླུ་གནད་ལ་འབེབས་པའི་སེར་བ་འདི་གསུངས་སོ།། བྱ་རྟ་མཚལ་བུའི་སྙིང་ཁྲག་དང།། ར་ཁྱི་སེར་སྐྱའི་སྙིང་ཁྲག་བཞི། ། མཛེ་ཁྲག་ལྔ་ཡི་ཐུན་ནང་དུ།། གུ་གུལ་ནག་པོའི་ཆུ་ནང་ནས།། ཉུང་དཀར་ཕྱུང་ལ་ཐུན་དུ་བྱ།། ཐུན་ཁྲག་ཆང་ཕུད་གཙང་མས་སྦྱར།། ནཱ་ག་ཏྲག་རཀྵ་ཁ་མུན་ཏྲ། ནཱ་ག་རུ་ལུ་རུ་ལུ་མ་མ་བྷྱོ་བྷྱོ། ནཱ་ག་ཤ་ནི་ཏི་ཤྭ་རྦད། ཐུམ་རི་ལི་ལི། ནཱ་ག་ཏྲག་རཀྵ་མུན་ཛ། ཏྲ་ཀ་མུན་ཏྲ་རུ་ལུ་རུ་ལུ་མ་མ་བྷྱོ། ནཱ་ག་སྙིང་ཁ་ར་ག་མ། ནཱ་ག་ལ་མཱ་ར་ལ་བྷྱོ་བྷྱོ།། བསྙེན་སྔགས་ཞག་ནི་བདུན་དུ་བཟླས།། སྔགས་དབལ་ཁ་ལ་འབྲུམ་བུ་ཡོང། ། སེར་བ་དངོས་སུ་ཐོར་ཐོར་འབབ།། མཐོང་ལུགས་རྣམ་པ་གསུམ་ཡོད་དེ།། སྒྲུབ་པ་པོས་ནི་ལོ་ཐོག་མཐོང།། མཁའ་འགྲོ་མ་ཡིས་ཟས་སུ་མཐོང།། ཀླུ་ཡིས་དཀོར་ནོར་བང་མཛོད་མཐོང།། བཛྲ་ཏིཀྵྞཱ་མུག་ཡེ། ། ནཱ་ག་མ་མ་ར་ཡ་ཕྲོས་ཕྲོམ། ནཱ་ག་ཧུ་ཡ་ནཱ་ག་ལྀང། མ་ཧཱ་ཨུ་ན་ཡེ་ཕྲོམ་ཕྲོམ། ནཱ་ག་ཧ་ན་ད་ཧ་པ་ཙ་ཧྲིལ་ཧྲིལ། ཤར་ཤར་ཆེ་གོ་མོའི་ལོ་ཐོག་ལ་ཕྲོཾ་ཕྲོཾ་ཕོབ་ཡ།། ཆུ་འདྲིལ་དབབ་པ་ཞག་བདུན་བྱ།། ཐུན་སྣོད་མ་ཆག་མ་གས་པར། ། རང་ནི་མུན་པ་དག་ལ་བསྡད།། འབེབས་དུས་ཞག་གསུམ་གཡོས་ལ་དབབ། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་པའི་རྒྱུད་ལས།། མ་མོ་རལ་པ་གཏིབས་མ་གཟན་ལ་འབེབས་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་སེར་བ་འབེབས་པ་འདི་གསུངས་སོ།། ཉུང་དཀར་ཏིལ་དང་མི་ཁྲག་དང།། ཤ་ཆེན་ར་དུག་རེ་ལྕག་དང།། བཙན་དུག་སྦྱང་ཚེར་དུར་སོལ་དང། ། བདུད་རྩི་ལྔ་དང་ཆང་ཕུད་དང།། ཉ་སྦལ་སྦྲུལ་ཤ་ར་ཁྲག་དང།། ཁྱི་ཁྲག་ཡུགས་སའི་མངལ་ཁྲག་དང།། གུ་གུལ་ནག་པོ་སྐྱེ་ཚེ་དང།། ར་དཀར་འོ་མ་བག་བྱེ་དང།། ཁྱི་དཀར་འོ་མ་སྦྲུལ་གྱི་མགོ། མཆིལ་པའི་ཀླད་པ་དག་དང་ནི།། དེ་བཞིན་སྲེ་མོའི་ཀླད་པ་དང།། མཛོ་མོའི་འོ་མ་ཀུན་བསགས་ནས།། ཟོའམ་བར་བུའི་ནང་དུ་བླུག། བསྙེན་སྔགས་འབུམ་དང་བྱེ་བ་བཟླས།། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་དཾཥྟོ་ད་ཕཊ། ཧུ་ཡ་ཧུ་ཡ་ཧུ་ལུ་ཧུ་ལུ། བནྡྷ་བནྡྷ། ཐུམ་རི་ལི་རི་ལི། ཤབ་ཏ་ཀ་པ་ལ། མ་ནུ་པྲ་བ་ཧྲི། སྲ་ས་ར་དུ་ས་ནི། བི་ཙ་ལ་ཧཱུཾ། ཏ་ཐཱ་བྷ་བ་ན་སྭཱ་ཧཱ།། བསྙེན་པའི་སྔགས་ལ་མ་འབད་ན།། སེར་བ་འབྱུང་བ་མི་མྱུར་བས། ། སྔགས་ལ་རབ་ཏུ་ནན་ཏན་བྱ།། བདག་ཉིད་པདྨ་རྟ་མགྲིན་ལ།། ཀླུ་རྣམས་ཐལ་སྦྱར་འཁོར་དུ་བསམ།། ཨཱ+ོཾ་གྷ་ན་ཤ་ནི་ར་ན་བ་ལཾ་བྷུ་ན་ནི་ར་ཧྲི་ཏ་ག་ས་ལཾ། ས་ཐར་ར་ནུ་ཧྲི། ཨ་ཀྲོ་ན་ནི་ག་ནན། ཤང་ཀ་པ་ལ་ར་ཙི་ནཾ། ས་ཐར་དྷོ་དྷ་གྷ་ན་ལོང། ནཱ་ག་རི་ནཾ་ནཾ། ཨ་བེ་ཤ་ཡ།། སྒྲུབ་སྔགས་འདི་ནི་ཞགས་བདུན་ནམ།། བཅུ་གཅིག་ཉི་ཤུ་རྩ་གཅིག་བསྒྲུབ།། རོ་རས་དག་ལ་འཁོར་ལོ་ནི།། དབུས་ཀྱི་ལྟེ་བ་གླིང་དགུ་ལ། ། བར་མ་བཅུ་གཉིས་བསྙེན་པའི་སྔགས།། མུ་ཁྱུད་བཅུ་གཅིག་སྒྲུབ་པའི་སྔགས།། སུམ་ཅུ་རྩ་གཉིས་འཁོར་ལོ་སྟེ།། ཐ་མ་ཐོག་འབྲུག་གློག་གིས་བརྒྱན།། ཁྱི་ནག་ཐོད་པར་དྲིལ་བྱས་ནས།། དགྲ་ཡུལ་གཏར་བཅུག་ཐོག་སེར་འབེབས། ། ཕེབས་ནས་ཕྱུང་ལ་འོ་མས་བཀྲུ།། སངས་རྒྱས་བསྟན་པ་བསྲུང་བར་འགྱུར།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་ལས།། ཀླུ་རྣམས་གཟན་ལ་དབབ་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ཟངས་ཐོག་གི་སེར་བ་དབབ་པ་འདི་གསུངས་སོ།། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ།། འཁོར་ལོའི་རྩིབས་ལ་མི་གཟུགས་རེ། ། སྙིང་གར་ཧོམ་བཞི་ཕུར་པ་བཞི།། མདའ་བཞི་དར་སྣ་ལྔ་ཡང་གདགས།། དབུས་ཀྱི་གྲུ་གསུམ་འཕར་ཐོད་དང།། བྲས་རྒོད་ཐོག་སྔགས་རྟ་ནག་ཁྲག། ཟླ་གམ་གསུམ་ལ་ཝ་ཁྱི་ཕག། དེ་ནང་རམ་བུའི་རྩ་བ་དང། ། རྟ་ར་ཁྱི་གསུམ་ཁྲག་རྣམས་བླུག། སྒོ་བཞིར་གཏོར་མ་དགོད་པར་བྱ།། ཨོཾ་རཾ་ཏྲ་ཐུན་ཤག། དམུ་བཙན་རོལ་པོ་དགྲ་བོའི་སྲོག་རྩ་རྦད་ཡ། ཐུན་ཐུན་དགྲ་བོའི་ལོ་ཐོག་ལ་ཡཾ་བྷྱོ། ཨ་ཏི་ཡཾ་ཏི་རཀྴ་ཧྲི། ཡབ་ཀྱི་སྔགས་སོ། ། ཨོཾ་པ་ཤ་མི་ཀི་ནག་མོ་བལ་ལ།། དགྲ་བོའི་སྲོག་རྩལ་རྦད།། ཐུན་ཐུན་དགྲ་བོའི་ལོ་ཐོག་ལ་བྷྱོ། དེ་མ་རཀྵ་མ་ཐུན་བྷྱོ། ཡུམ་གྱི་སྔགས་སོ།། ཡབ་དང་ཡུམ་གྱི་སྔགས་དག་ནི།། ཐོག་བསྒྲུབ་བྱ་ན་ཉིས་འབུམ་བཟླས། ། སེར་བསྒྲུབ་ཐུན་བར་བཟླས་པ་ཡང།། བརྒྱ་བརྒྱ་རབ་ཏུ་བཟླས་པར་བྱ།། གནོད་སྦྱིན་ཟངས་མདོག་དམར་ནག་སྐུ།། དབུ་ཡི་རྒྱ་མདུད་འཁོར་ལོ་ཅན།། གཡས་པ་རལ་གྲི་གཡོན་པ་མདུང་དམར་བསྣམས། ། ཡུམ་ནི་ཟངས་གྲི་གཏུམ་མོ་བསེ་གདོང་མ།། སྔོ་དམར་ཞགས་པ་གཡས་ལ་ནད་རྐྱལ་གཡོན།། དེ་ཡི་རྒྱུན་སྔགས་རྟག་ཏུ་བཟླས་པ་ནི།། བནྡེ་གོས་དམར་སྐྱེས་པ་གོ་ཅན་བརྒྱ།། ཆུ་དང་འོད་པ་ལུག་ཁྱུ་འབྲུག་སེར་སྒྲ། ། རྟགས་དེ་མ་བྱུང་བར་དུ་འབད་པར་བྱ།། ཨོཾ་ཧ་སྲི་ཡ་ཏྲི་སེམས་པ་ཛ། ཧ་ཏྲི་ཨ་ཏྲ་སེམས་པ་ཛ་དུ།། བ་ལ་ཡ་ཤོ་ཨ་ཏྲི་སེམས་པ་ཛ་དུ་ཁ་ལ་ཡ་ཤོ་ཨེ་མ་ཀེ་ཏྲ། ཁ་ལ་མུ་ཉིད་ཡ་མན་ཏ་ཀ། དགྲ་བོའི་ཡུལ་འདིར་མཱ་ར་ཡན། ཛ་ཏྲི་ཀེ་ཤ་ཡ་མཱ་ན་ཏ་ཀ་ཧཱུཾ་ཛ།། དེ་ནས་སེར་བ་འབེབས་པའི་སྔགས་བཟླས་པས།། བསྙེན་སྔགས་ཉིས་བརྒྱ་འབེབས་སྔགས་བརྒྱ་ཚོ་གཅིག། ཐོད་པ་ལྔ་ཡི་ནང་དུ་ཉུང་དཀར་སྔགས།། སྤྱོད་ལམ་སྒྲུབ་སྟེ་མི་ཁྱི་བསྲུང་བར་བྱ། ། ཨ་ཀྲོ་ཏེ་ག་ཏ་ཤ་ལ་ཏ་ཤར། ནཱ་ག་ནཱ་ག་དྲག་ཕོབ། ཕོབ་ཕོབ་ཤིག་ཤིག། ཏྲག་མུ་ཏྲག་ཤ་ཁ་ཀ་མུ་ཀ། རུ་ལུ་རུ་ལུ་མ་ཏི་ག། གྲོ་ག་གྲི་གིང། རུ་ལུ་རུ་ལུ་མ་མོ་ཧ་རི་ན། རུ་ལུ་རུ་ལུ་ཙི་ཏ་མ་ལ། རུ་ལུ་རུ་ལུ་ཕྲོམ་ཧྲིལ་ཤར་ཕོབ་བྷྱོ།། སྔགས་སྦྲེལ་བསྙེན་བསྒྲུབ་བཞི་འབུམ་བཟླས་པར་བྱ།། ལས་སྦྱོར་འཕར་ཐོད་ཞིང་གི་དཀྱིལ་དུ་སྦ།། ཐོག་འབེབས་ཡུལ་མཐར་ཁང་བའི་རྨང་དུ་སྦ། ། སེར་བ་འབེབས་ན་ཁྱི་ཐོད་ཀླུ་ལ་མནན།། ཝ་སྤྱང་ཕག་ཐོད་གསུམ་གྱིས་ཞིང་མཐའ་བསྐོར།། ཐོག་འབེབས་ཡུལ་མཁར་ཐ་མར་སྦ་བར་བྱ།། སྔགས་འདིས་དགྲ་ཡུལ་རི་རྩེར་སྦྱིན་བསྲེག་བྱ།། དུ་ག་ཡ་ནི་ས་མ་ཡ་དུ་ཡ་དགྲ་ར་མ་ཤྭ་ཤྭ་རི་རི་རཾ་རཾ་ཙག་ཙག་སྭཱ་ཧཱ། ། ར་རོག་རྟ་ནག་ཁྲག་དང་སོ་བྱའི་སྤུ།། བསྲེག་ནས་ཐལ་འཇིམ་གཏོར་མ་བཏབ་པའི་སྔགས།། བྷཾ་ག་དུ་རུ། ཡོ་ག་དག། ང་རར་ལ་ནི། ཡེ་སེ་མ་ཏོ་ཧི། ཨ་རུ་ག་ཏ། ས་ལོ་བ་མཧུར་ཨེ་སེ་རྩེ་ཏ། སི་ཏ་ད་རེ་ཅོ་དང་དགྲ་བོའི་ལོ་ག་སི་ཏང་ཁ་སི་ཏིང་ཁ།། ཐལ་འཇིམ་གཏོར་མ་ཟོར་དུ་འཕང་བའི་སྔགས།། འོད་པ་ཡུལ་མཁར་དག་ལ་བརྡེག་པར་བྱ།། ནརྀ་ཁ་ལ་ཡཀྴ་ཟོར། སྙིང་ཁྲག་ཁ་བུ་ཡུཾ་བུ་མཱ་ར་ཡ་བཟོར། ཀུ་ན་མ་པྲ་ཏི་བཟོར། ད་ར་ཙཀྲ་བཟོར། དགྲ་བོའི་ལོ་ཐོག་ལ་ཏྲེས་མ་ཡ་ཕཊ། གཟའ་རྒོད་བཙན་ཐབས་དབབ་པའི་སྔགས།། རྒྱུ་བའི་དུས་དང་བསྟུན་ལ་དང་མ། ཨོཾ་སུ་བྱི་དུ་ཛ་བ་ས་སྣ་སི་བྷྱོ། ར་མི་འུར་བུར་འུར་བུར་འུར་རུ། ཆེམ་ཆེམ་ས་མ་ཡ་བྲ་ས་ར་དུ།། སྔགས་འདིས་རང་ལ་འཁྲིས་ན་བཟློག་པ་དང།། སེར་ལམ་བསྟན་པའི་སྔགས་སུ་བཟླས།། ཨོཾ་གུཾ་རུཎི་བཾ་རིལ་བཾ་རིལ། དུ་རུ་རྦད། དུ་རུ་རྦད། དགྲ་བོའི་ལོ་ལ་བྷྱོ། སེར་འབེབས་འཁོར་ལོ་བཞི་ལ་བུར་པ་བཞི།། ཟུར་བཞི་ཧོམ་ལ་དབུས་སུ་ཐུན་སྣོད་གཞག། རྟ་ནག་ཁྲག་དང་ཉུང་ནག་ཐུན་ལ་བསྒྲུབ། ཨ་ཏི་ཡཾ་ཏི་དེ་མ་རཀྴ་ལ། ཉིས་འབུམ་ཧ་སྲི་འབུམ་ལ་ཨ་ཀྲོ་འབུམ། ། བསྙེན་པ་རྒྱུན་སྔགས་དབབ་པར་ཤེས་པར་བྱ།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གནོད་སྦྱིན་ཟངས་ཐོགས་གཟན་ལ་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་གིང་གི་སེར་བ་དབབ་པ་འདི་གསུངས་སོ།། ཁྱི་དཀར་སྣ་དམར་ཐོད་པ་རུ།། ར་དཀར་རྟ་དཀར་བྱ་དཀར་ཁྲག། ཉུང་དཀར་བླུག་སྟེ་བཤོས་བུས་མཆོད།། རྟ་ལག་གཡས་གཡོན་སྔགས་བྲིས་ཏེ། ། ཏྲི་ཤ་རུ་ཏྲ་བཛྲ་སཱ་དྷུ་ས་མ་ཡ། ཕྲོམ་ཧྲིལ་ཤར་ཕོབ། བཛྲ་སཱ་དྷུ་ཨ་ཏྲི་སེམས་པ་ཛ་དུ། ཁྲོཾ་ཧྲིལ་ཤར་ཕོབ། མ་སུ་རཀྴ་ཁལ་འུར་འུར་ཧྲིལ་ཧྲིལ་ཕོབ། འབུམ་དུ་བཟླས་ནས་ལས་ལ་སྦྱར། ། རྟ་ལག་གཡས་པ་རི་རྩེར་སྦ།། རྟ་ལག་གཡོན་པ་རི་ཐང་མཚམས།། ཁྱི་ཐོད་འོང་སར་ཞིང་དཀྱིལ་སྦ།། བཛྲ་སཱ་དྷུ་ས་མ་ཨུ0f84ཡ། ཧྲི་ཏྲི་ན་ག་ས་མྱགས་ཕོབ། ཨ་ཏྲི་སེམས་པ་ཛ་ཡཾ། ཧྲི་ག་ནགས་མྱགས་ཕོབ། ཞེས་པ་གིང་གི་སེར་བ་འབེབས། ། ཞེས་གསུངས་པ་ལས།། འཁོར་རྣམས་དགྱེས་ནས་སྟོན་པ་ལ་བསྟོད་པ། སྐུ་ནི་ལོངས་སྤྱོད་རྫོགས་པ་ལ།། གསུང་ནི་སྤྲུལ་པ་ཅིར་ཡང་སྣང།། ཐུགས་ནི་ཆོས་སྐུ་དྲི་མ་མེད། ། སྐུ་གསུམ་དག་ལ་ཕྱག་འཚལ་ལོ།། ཞེས་བསྟོད་ནས་འཁོར་རྣམས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས། ཡེ་ཤེས་ཀྱི་འཁོར་རྣམས་རྗེས་སུ་ཡི་རང་ངོ།། བཅོམ་ལྡན་འདས་ཉིད་ཆོས་སྐུ་སྐྱེ་བ་མེད་པའི་ངང་དུ་བཞུགས་སོ། ། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གིང་གི་དྲེགས་པ་གཟན་ལ་འབེབས་པ་དང། རྗེས་སུ་ཡི་རང་བའི་ལེའུ་བཅུ་གཉིས་པའོ།།།། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་རྫོགས་སོ། ། པདྨ་འབྱུང་གནས་དང། ཁ་ཆེ་ཨཱ་ནན་ཏས་བསྒྱུར་བའོ།།།། རྒྱ་གར་སྐད་དུ། ཤྲཱི་པདྨ་མ་ཧཱ་ཝ་ཤཾ་དུཥྟ་ནིརྞི་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ཅེས་བྱ་བ་ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།
CLOSE WINDOW