Wylie |
།།། རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་བའི་ལོཙྪ་བ་ནི། རཀྵི་སིདྡྷི་དང། ལྕེ་ཀུ་ཀུ་རཱ་ཛས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།།། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་གྷུ་ཧྱ་ཨཱ་ཛྙཱ་སམྨ་ཏ་བ་ཤ་པུཥྟ་པྲ་ཧ་ཡ་ལ་ལི་ཏ་མ་ཧཱ་ཏན་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་དང། ཡོན་ཏན་དང། ཕྲིན་ལས་གསང་བར་བཀའ་བགྲོས་པ། དབང་རྒྱས་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་གསང་བའི་བདག་ཉིད་ཆེ་མཆོག་དབང་མཆོག་དམ་པ་སོ་སོ་མ་ཡིན་པའི་རང་བཞིན་ཏེ། མཐའ་དབུས་མེད་པའི་འོག་མིན་གྱི་གནས། དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང་ཀུན་ཏུ་ཟླ་གམ་དུ་གྱུར་པ། གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོ་ལས་གྲུབ་པ། རྒྱུ་རིན་པོ་ཆེ་སྣ་ཚོགས་འབར་བ། འཇིགས་བྱེད་འབར་བའི་རྒྱན་མང་པོས་བཀླུབས་པ། ནམ་མཁའི་མཐའ་དང་མཉམ་པ། ཕོ་བྲང་ལྷུན་གྱིས་གྲུབ་པ། བྱང་ཆུབ་སེམས་ཀྱི་རང་བཞིན། སྤྲུལ་པ་མེ་འབྲུག་དང་རླུང་འབྲུག་གིས་དུས་བཞིར་ཕྱེ་བ། ཐུག་ཆོམ་དང་འུར་སྒྲས་འདིར་ཅིང་སྒྲ་འབྱིན་པ། ཁྲོ་བོ་མང་པོའི་ཡུལ་དུ་གྱུར་པ། གསང་བ་ཐམས་ཅད་ཀྱི་མཛོད་དུ་གྱུར་པ། དྲག་ཤུལ་སྔགས་ཀྱི་རྒྱབ། དབང་ཆེན་ཤུགས་ཀྱིས་བསྒྲལ་བས། ཁམས་གསུམ་དབང་དུ་བསྡུས་ཏེ། ལྷ་ཆེན་པོ་བརྒྱད་ཀྱི་རྩིག་རྨང་བྱས་པ། ཕྱོགས་སྐྱོང་བཅུ་བཞིས་བརྩིག་པར་བརྩིགས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་གདུང་ཕྱམ་དུ་བྲེས་པ། གཟའ་ཆེན་པོ་བརྒྱད་ཀྱིས་བད་དང་དྲལ་མར་བྱས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསིབ་བྱས་པ། ཐོད་རུས་ཀྱི་བར་ཁྱམས་ལ། གནམ་ལྕགས་ཀྱི་གཟེར་གྱིས་བརྒྱན་པ། ཉི་མ་དང་ཟླ་བས་སྤྲས་པ། ཞིང་ཆེན་བླ་བྲེ་དང་འཕན་གདུགས་ཀྱིས་བརྒྱན་པ། ཉ་ཆེན་གྱི་འཕན་དང། སྦྲུལ་ཆེན་ཟ་ར་ཚགས་སུ་གནས་པ། ཆུ་སྲིན་གྱི་སྒོ་དང། མེ་རི་དམར་ནག་སྤྲིན་ལྟར་གཏིབས་པ། དབུས་ཀྱི་ཕོ་བྲང་ལ་སྐར་མ་རྒྱལ་གྱི་འོད་ཟེར་གདུགས་སུ་བསྐོར་བ་དེ་ན། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་གར་གྱི་དབང་ཕྱུག་ཆེན་པོ། ཐུགས་ཆགས་པ་ཆེན་པོར་གྱུར་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཀུན་ཏུ་ཞལ་པདྨ་དང། འཁོར་ལོ་དང། རྡོ་རྗེ་དང། རིན་པོ་ཆེ་དང། ལས་ཀྱི་རིགས་སུ་གྱུར་པ་དང། གྲངས་དང། ཕྱག་རྒྱ་དང། ཁ་དོག་ལ་སོགས་པའི་ངོ་བོར་བཞུགས་སོ། ། དེ་ཡང་རིགས་ཀྱི་ཡབ་དང། ཡུམ་དང། སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོར་བཅས་པ་བཞུགས་སོ།། དེ་ཡང་ཀུན་ནས་ཉོན་མོངས་པ་མཚན་མར་བཅས་པས་རོལ་པར་མཛད། ཆེ་བའི་ཆེ་མཆོག་དབང་མཆོག་དམ་པ་དེས། ཕྲིན་ལས་རྣམ་པ་བཞིས་དོན་མཛད་དེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་ནས་བཞུགས་པ་ནི། རོལ་པ་ཆེན་པོ་མི་བསྐྱོད་པ་དང། རྡོ་རྗེ་སེམས་དཔའ་དང། མི་འཁྲུགས་པ་དང། བདེ་ཆེན་རྡོ་རྗེ་འཛིན་ཐ་མི་དད་པའི་ཕྱི་རིམ་ན། ཀུན་རིག་ཆོས་ཀྱི་རྗེ་དང། རྣམ་པར་སྣང་མཛད་གངས་ཆེན་མཚོ་ཁྱབ་སྣང་མཛད་དང། ཀུན་ཏུ་ཞལ་དང། མངོན་པར་བྱང་ཆུབ་དང། ཉེ་བར་གྱུར་པའི་ཕྱི་རིམ་ན། རོལ་པ་ཆེན་པོ་དཀོན་མཆོག་འབྱུང་གནས་དང། རིན་ཆེན་འབྱུང་གནས་དང། ནམ་མཁའ་མཛོད་དང། རིན་ཆེན་དྲ་བ་དང། རོལ་པ་རིན་ཆེན་ཏོག་དང། བྱིན་བརླབས་ཐེག་པའི་འཁོར་རྣམས་ནི། རོལ་པ་ཆེན་པོ་འོད་དཔག་མེད་དང། ཚེ་མཐའ་ཡས་དང། ཆོས་ཀྱི་དཔལ་དང། ཆགས་མེད་མྱ་ངན་འཇོམས་པ། ཐུགས་རྗེ་སྤྲུལ་པའི་འཁོར་རྣམས་ནི།། ལས་མཆོག་རྡོ་རྗེ་གར་དང་དོན་ཡོད་གྲུབ། ། རྡོ་རྗེ་དབང་སྡུད་རྡོ་རྗེ་གནོད་སྦྱིན་དང།། རྡོ་རྗེ་བརྩོན་འགྲུས་ཤུགས་ཀྱིས་རོལ་པར་མཛད།། གཞན་ཡང་ཐུགས་རྗེའི་འཁོར་རྣམས་ནི།། མཚན་དང་དཔེ་བྱད་ཀུན་ལས་འཕྲོ།། རྔམ་ཞིང་གཏུམ་དང་ཞི་བའི་སྐུ། ། དཀྱིལ་འཁོར་རྣམ་གསུམ་ཚུལ་དུ་བྱུང།། འཁོར་ལོ་ཚོགས་ཆེན་བྱིན་རླབས་ཡིན།། ཡེ་ཤེས་ཆེན་པོའི་བྱིན་རླབས་ལས།། ཐམས་ཅད་རོལ་བར་མཛད་པ་ནི།། ས་ཡི་སྙིང་པོ་ནམ་མཁའི་སྙིང་པོ་དང། ། སྤྱན་རས་གཟིགས་དབང་ལག་ན་རྡོ་རྗེ་དང།། འཇམ་དཔལ་གཞོན་ནུ་བྱམས་པ་མཻ་ཏྲི་དང།། སྒྲིབ་པ་སེལ་དང་ཀུན་ཏུ་བཟང་པོ་དང།། སྒེག་མོ་ཕྲེང་དང་དབྱངས་དང་གར་མཁན་མ།། སྤོས་དང་མེ་ཏོག་མར་མེ་དྲི་ཆབ་མ། ། གཞན་ཡང་རོལ་པ་ཆེན་པོའི་འཁོར་རྣམས་ནི།། རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུར་བཅས།། དཀྱིལ་ཉིད་འཁོར་ཡིན་འཁོར་ཉིད་དཀྱིལ་ཡིན་ཕྱིར། ། གཞན་ཡང་རོལ་པའི་འཁོར་རྣམས་ནི།། ཟག་མེད་ལོང་བ་རྒྱབ་འབྲེལ་བརྒྱད།། དམུས་ལོང་འཁོར་བ་དྲུག་ཅུ།། ལྕགས་སྤྱང་བརྒྱད་དང་ཡེ་ཤེས་ཁྱི།། བཅུ་དྲུག་དྲེགས་པ་རོལ་པར་མཛད།། ཐེག་དགུ་རྣམ་ཐར་བརྒྱད་དང་ནི། ། ཡེ་ཤེས་དྲུག་དང་སྐུ་གསུང་ཐུགས།། རྟགས་སུ་སྒོ་བ་ཆེན་པོ་བཞི།། ཡོན་ཏན་ཡེ་ཤེས་དྲུག་ལྡན་པས།། ཁམ་རྒྱ་ཆེན་མོ་དྲུག་གི་ཚོགས།། རྣམ་ཤེས་ཚོགས་བརྒྱད་དག་པའི་དབྱིངས།། དཀྱིལ་འཁོར་བརྒྱད་ཀྱི་བདག་ཉིད་ཆེ། ། རྟ་མགྲིན་དབང་དང་རྡོ་རྗེ་དབྱིངས།། བདེ་ཆེན་དཀྱིལ་འཁོར་ཡིན་པའི་ཕྱིར།། ཡེ་ཤེས་སེམས་དཔའ་གཟི་ལྡན་མ།། དབྱིངས་ལས་རིག་པ་ཤར་བས་མན་ངག་མཆོག། ཐུགས་ཀྱི་དཀྱིལ་འཁོར་རིམ་པ་གཉིས། ། ཤེས་རབ་རིག་པ་མཛོད་ཀྱི་དབྱིངས།། དབུས་ཀྱི་དཀྱིལ་འཁོར་རིམ་པ་གཉིས།། མི་ནུབ་རྒྱལ་མཚན་འཁོར་ལོ་ཆེ།། འགྲོ་བ་འདུལ་བའི་དཀྱིལ་འཁོར་ནི།། དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། ། སྦོས་མོའི་ཚོགས་དང་གཏུམ་མོའི་ཚོགས།། རྨོངས་མོའི་ཚོགས་དང་ཐལ་མོའི་ཚོགས།། སྨེ་ཤ་ཅན་དང་མ་ཚོགས་མ།། སེང་གདོང་ཚོགས་དང་རྟ་གདོང་ཚོགས།། ཝ་གདོང་ཚོགས་དང་ཁྱི་གདོང་ཚོགས། ། གཞད་གདོང་ཚོགས་དང་དུར་བྱའི་ཚོགས།། བྱ་རོག་གདོང་དང་འུག་གདོང་ཚོགས།། འཇིགས་པའི་ཕྱག་མཚན་བཅུ་དྲུག་ཆེ།། སྐྱེ་བཞི་ལས་བཞི་སྒྲོལ་མཛད་གཤོག་བཞིར་ལྡན།། དྲ་བ་ཅན་དང་གློག་འགྱུ་མ། ། སྡེར་མོ་ཅན་དང་མ་མོ་དེ།། ཕྱི་ནང་གསང་བ་མཐར་ཐུག་གི།། པདྨ་ལས་བྱུང་སྐྱེ་མེད་པ།། སྟོང་རྩ་གཉིས་ཀྱི་སངས་རྒྱས་ཀྱང།། ཉི་སྟོང་རྩ་གཉིས་ཐབས་ཀྱི་རྒྱུད།། ཟླ་སྟོང་རྩ་གཉིས་ཤེས་རབ་རྒྱུད། ། ཐབས་དང་ཤེས་རབ་གཉིས་མེད་པས།། དུག་ལྔ་དངོས་པོ་རོལ་བར་མཛད།། ས་བཅུ་དུས་གཅིག་ཟིལ་གནོན་པས།། ཕ་རོལ་ཕྱིན་བཅུ་རབ་ཏུ་རྫོགས།། སྟོབས་བཅུ་ཐོགས་མེད་རབ་ལྡན་པས།། ཁྲོ་རྒྱལ་གཟིར་ནས་ཕྲིན་ལས་བཞི། ། ལྷུན་གྱིས་གྲུབ་པའི་གནོན་བཟློག་གིས།། ཚར་གཅོད་མཛད་པའི་ངོ་མཚར་ནི།། མཚུངས་མེད་ཆེ་བའི་ཁྱད་པར་རབ་བསྟན་ཕྱིར།། ང་རྒྱལ་དཔུང་བསྙོལ་བདུད་ཀྱི་དཔུང་བཅོམ་ནས། ། འཇིག་རྟེན་འདས་པའི་བདེ་བ་ཆེན་པོ་བརྒྱད།། ཆེ་བའི་རྟགས་དང་དབང་ཕྱུག་ཡང་ཆེས་གནོན།། སྨོན་ལམ་དབང་དང་ཐུགས་རྗེའི་བྱིན་རླབས་ཀྱིས།། འཇིག་རྟེན་དྲུག་དང་དུས་བཞི་ཕྱོགས་བཅུ་ན། ། གཟུགས་ཁམས་མ་ལུས་དབང་དུ་བསྡུ་བ་དང།། དྲེགས་པའི་ལྷ་བརྒྱད་ང་རྒྱལ་གཞོམ་པའི་ཕྱིར།། ལྷ་བརྒྱད་བཟུང་ནས་གཞལ་ཡས་རྨང་དུ་བཏིང།། གཏི་མུག་མ་ལུས་ཡེ་ཤེས་བསྐྱེད་པ་དང།། བྱོལ་སོང་ཀླུ་རྣམས་དགེ་ལ་གཟུད་པའི་ཕྱིར། ། ཀླུ་བརྒྱད་བཟུང་ནས་གཞལ་ཡས་གདུང་དུ་བྲེས།། འདོད་ཁམས་མ་ལུས་དབང་དུ་བསྡུ་བ་དང།། ཕྱོགས་མཚམས་སྲིན་པོའི་དྲེགས་པ་གཞོམ་པའི་ཕྱིར།། རྒྱལ་ཆེན་ཕྱོགས་སྐྱོང་བཟུང་ནས་རྩིག་པར་བརྩིགས། ། སྐུ་བཞི་དཔལ་བརྒྱད་ཚང་བར་བྱ་བའི་ཕྱིར།། རྒྱལ་ཆེན་རིགས་བཞི་བཟུང་ནས་ཀ་བར་བཙུགས།། ཐེག་པའི་རིམ་པ་དགུ་ལས་སྤགས་པའི་ཕྱིར།། གླང་ཆེན་ཀ་ལ་འགིང་གིས་ཀ་རྟེན་བྱས། ། གླིང་བཞིའི་མི་རྣམས་དགོས་འདོད་བསྐང་བ་དང། ཚིག་ཆད་དམ་བརྟག། གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས།། གདན་དང་མིག་ཚགས་བྱས་པས་དུས་བཞི་འགྱུར་ལྡོག་མེད།། འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར། ། སེང་གེ་ཀ་ལ་ཤ་ཡིས་ཀ་ཞུ་བྱས།། འཁོར་བའི་གཅོང་སྙིང་གཏན་ནས་སྤྱད་པའི་ཕྱིར།། སེང་གེའི་ཁ་ནས་བདུད་རྩིའི་འོ་མ་འཛག། དཀྱིལ་འཁོར་ཐམས་ཅད་བདུད་རྩིར་གྱུར་པ་ཡིས། ། ཕྱི་རོལ་སྣོད་ཀྱི་ཁམས་དང་ནམ་མཁའ་དང།། ས་དང་ཆུ་དང་མེ་དང་རླུང་དང་རི།། ནགས་ཚལ་ལ་སོགས་ཀུན་ལ་ཐིམས།། བཅུད་ཀྱི་ཁམས་ཀྱི་སེམས་ཅན་དང།། སེམས་དང་སེམས་ལས་བྱུང་བ་དང། ། གཡོ་བ་དང་ནི་འགུལ་བ་དང།། དམྱལ་བ་ཡི་དྭགས་བྱོལ་སོང་དང།། མི་དང་ལྷ་དང་ལྷ་མིན་དང།། ལྷ་རིས་སོ་སོའི་ཁམས་དང་ནི།། བསམ་གཏན་བཞི་དང་ཚད་མེད་དང།། གཟུགས་མེད་ཁམས་དང་མུ་སྟེགས་ཁམས། ། བདུད་ཆེན་པོ་དང་ལྷ་དང་ཀླུ།། གནོད་སྦྱིན་སྲིན་པོ་ནམ་མཁའ་ལྡིང།། མིའམ་ཅི་དང་རཱུ་ཏྲ་དང།། རཱུ་ཏྲ་ཅན་ལ་སོགས་པ་རྣམས།། ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས།། རང་དབང་མེད་པར་འཁོར་དུ་འདུས། ། དབང་ཕྱུག་དྲེགས་པའི་ཆུང་མ་རྣམས།། དབང་མོ་ཉི་ཤུ་དང་ནི་བརྒྱད།། ཇི་སྙེད་དེ་སྙེད་འཁོད་པ་ཡི།། ཕྲ་མེན་མ་ཡི་ཚོགས་བཅས་དང།། མ་དང་བུ་མོ་ཆུང་མ་དང།། བྲན་དང་གཡོག་དང་ཡང་གཡོག་དང། ། བདག་དང་གཞན་པའི་ཤེས་པའི་རྒྱུད།། ཐམས་ཅད་མ་ལུས་ཞི་བ་དང།། དབང་དང་རྒྱས་དང་དྲག་པོ་དང།། དགུག་དང་བཅིང་དང་གཏང་བ་དང།། དགྲོལ་དང་དྲང་དང་རེངས་པ་དང། ། རྨུགས་པ་དང་ནི་དབྲལ་བ་དང།། བཟའ་དང་བཏུང་དང་བཅའ་བ་དང།། བསད་དང་མནན་དང་སྦར་བ་དང།། འཕམ་དང་རྒྱལ་ལ་སོགས་བྱེད་ཅིང།། ཐམས་ཅད་རོལ་པའི་འགྲལ་དུ་འཁོད།། དེ་ནས་གཟི་ལྡན་པདྨ་ཅན། ། ཀུན་ཏུ་བཟང་མོ་ཞེས་བྱ་བ།། དབང་མཆོག་དམ་པའི་སྐུ་ལ་འཁྲིལ་ཏེ་བཞུགས།། སྣོད་བཅུད་ཁམས་རྣམས་མ་ལུས་ཀུན།། པདྨར་གྱུར་པ་སྐྱེ་བའི་རྒྱུད།། ཆགས་མེད་མཁའ་རུ་རྣམ་དག་གོ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏན་ཏྲ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་དབང་མཆོག་དམ་པའི་རྡོ་རྗེའི་སྐུ་དེས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། དུས་བཞིའི་རྒྱལ་བ་རྣམས་དང། དུས་བཞིའི་དཀྱིལ་འཁོར་དུ་གྱུར་པ་ཐམས་ཅད་ལ་གཟིགས་སོ།། རྣམ་པར་གཟིགས་སོ།། ཀུན་ཏུ་གཟིགས་སོ།། གཟིགས་ནས་སྨྲ་བསམ་ལས་འདས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ། ཅང་མི་དགོངས། དེ་ནས་ཅང་མི་མཛད། རྣམ་པར་མི་མཛད་མི་གསུང། རྣམ་པར་མི་གསུང། རྣམ་པར་མི་རོལ། ཀུན་ཏུ་མི་རོལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་དང། དུས་བཞི་དང། ཁམས་གསུམ་དག་ན། ས་དང་སའི་ཁྱད་པར་དང། དཀྱིལ་འཁོར་དུ་གྱུར་པ་ཐམས་ཅད་ལ། རྣམ་པར་མི་གཟིགས་ཀུན་ཏུ་མི་གཟིགས། གཟིགས་ཤིང་དགོངས་པ་ཡང་མི་འགོག། མི་འགོག་པ་ཡང་མི་གནས་སོ། ། རྣམ་པར་མི་འགོག་མི་གནས་སོ།། དེ་ནས་ཏིང་འཛིན་དེ་ལ་ཞུགས་མ་ཐག་ཏུ། འཁོར་གྱི་དཀྱིལ་འཁོར་དེ་དག་དང། སྣོད་ཀྱི་ཁམས་དེ་དག་དང། སའི་ཁྱད་པར་ཐམས་ཅད་དཔེར་ན་ནམ་མཁའ་ལྟ་བུ་སྟེ། ཇི་ལྟ་བུའི་ངོ་བོར་ཡང་གདགས་སུ་མེད་དོ།། དེ་ལྟར་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ཡང། ཆོས་ཐམས་ཅད་ལས་ཀྱང་འདས་ལ། སྨྲ་བསམ་ལས་ཀྱང་འདས་སོ།། དེ་ལྟར་སྐུའི་ངང་དུ་བརྗོད་དུ་མེད་པ་དེ་ལ་མནལ་བཞིན་དུ། ཐམས་ཅད་ཀྱི་ཡུམ་གཟི་ལྡན་པདྨ་ཅན་ཀུན་ཏུ་བཟང་མོ་ཞེས་བྱ་བ་དེས། སྟོང་པ་ཉིད་ཀྱི་ངང་ལས་གླུ་འདིས་བསྐུལ།། ཨོཾ་སྣང་སྟོང་སྟོང་པ་རྡོ་རྗེ་ཆོས་ཀྱི་སྐུ།། སྨྲ་བསམ་ལས་འདས་དོན་དམ་བྱང་ཆུབ་སེམས། ། སྟོང་ཉིད་ངང་ལས་མི་འདའི་དམ་ཚིག་གིས།། སྙིང་རྗེ་ནམ་མཁའི་ངོ་བོ་བསྟན་དུ་གསོལ།། དེ་སྐད་ཅེས་ནི་བསྐུལ་བ་དང།། རྐྱེན་དུ་གྱུར་པས་ཐུགས་ཆུད་ནས།། སྟོང་པ་ཉིད་ཀྱི་ཏིང་འཛིན་ལས། ། རིག་པའི་ཡེ་ཤེས་ཉི་ལྟ་བུའི།། སྙིང་རྗེ་ཀུན་ཏུ་ཁྱབ་གདལ་ཏེ།། འཁོར་གྱི་དཀྱིལ་འཁོར་ཁྱབ་པར་མཛད།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། སྣོད་དང་བཅུད་དུ་གྱུར་པ་ལ།། སྙིང་རྗེ་ཆེན་པོས་ཀུན་ཁྱབ་མཛད། ། རི་ཉིལ་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀྱང།། སྟོང་པ་ཉིད་ཀྱི་ངང་ལས་ཀུན་ཏུ་ཁྱབ་པར་གནས།། དེ་ཚེ་དབང་མཆོག་དམ་པ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དེས།། ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང། ། སྙིང་རྗེ་འབྱུང་བའི་ཏིང་ངེ་འཛིན་དེ་ལ་རབ་ཏུ་ཞུགས་ཏེ། ཀུན་ཏུ་སྣང་བས་ཁྱབ་པར་མཛད་པ་ནི།། ཏིང་ངེ་འཛིན་དེ་རྩེ་གཅིག་མཐུ་ཡིན་ནོ།། གཟི་ལྡན་པདྨ་ཅན་དེས་ཀུན་ཏུ་བཟང་མོའི་གླུ་འདི་བླངས།། མ་ལྟར་བྱམས་པའི་ཐུགས་རྗེ་ཡོངས་ལ་ཁྱབ། ། མཁའ་ལྟར་གོ་འབྱེད་ཆོ་འཕྲུལ་གནས་པ་ལ།། ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་སྤྲུལ་པའི་སྐུ།། འབར་བའི་སྐུ་མཆོག་བདག་ལ་བསྟན་དུ་གསོལ།། ཨ་ལ་ལ་ཧོ།། དེ་སྐད་ཅེས་ནི་གསོལ་བཏབ་པས། ། དབང་ཆོག་དམ་པ་རྡོ་རྗེའི་སྐུ་དེས་ནི།། ཆོས་རྣམས་བྱང་ཆུབ་སེམས་ལ་ཤར་བར་མཁྱེན།། མི་དམིགས་ནམ་མཁའི་དབྱིངས་ནས་རྡོ་རྗེའི་སྐུ་མངོན་ཕྱུང།། དཔེར་ན་ཉི་མ་མཁའ་ལ་སྤྲིན་མེད་ཤར་བ་འདྲ། ། རྡོ་རྗེའི་སྐུ་ལས་འོད་ཟེར་རྣམ་པར་འཕྲོ་བ་ནི།། ཉི་མ་སྟོང་གི་འོད་ཟེར་དུས་གཅིག་ཤར་ལྟ་བུའི།། དབང་མཆོག་དམ་པ་རྡོ་རྗེའི་སྐུ་དེས་ནི།། ཏིང་འཛིན་དེ་ལས་ལངས་ནས་ཀྱང།། འདོད་ཆགས་རྡོ་རྗེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་ཞུགས་སོ། ། གཟི་ལྡན་པདྨ་ཅན་ལ་གཟིགས་ཏེ་འཛུམ་པར་མཛད།། གཟི་ལྡན་པདྨ་ཅན་གྱི་འགྱིང་ཚུལ་གྱིས།། སྤྱན་གྱི་གཟིགས་ཐབས་ཟིམ་བག་ཚུལ་དུ་དགོངས།། ལན་གྲངས་བརྒྱ་སྟོང་ཕྱག་ཀྱང་འཚལ། ། གཡེལ་བ་སློང་བའི་གླུ་འདིས་རྣམ་པར་བསྐུལ།། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ།། རྡོ་རྗེ་གར་གྱི་ཚུལ་གྱིས་རོལ་པ་མཛད།། དགའ་མཆོག་རྡོ་རྗེ་བྱང་ཆུབ་སེམས་ཆེན་དེས།། འཛུམ་ཞིང་འཁྱིལ་ལ་པདྨའི་གནས་སུ་ཕོབ། ། ཧོ་དཀར་ལ་འཚེར་བའི་བྱང་ཆུབ་སེམས་སྤྲིན་དེ།། དམར་པོ་དབང་གི་རང་བཞིན་དུ།། གཉིས་མཉམ་འཕྲོས་པའི་བྱིན་རླབས་ལས།། ཡེ་ཤེས་ལྷ་ཚོགས་སྤྲུལ་སྐུ་བསམ་ཡས་འཐོན།། མ་རིག་མུན་པས་མདོངས་པའི་དོན་གྱི་ཕྱིར། ། དགོན་དུང་གནས་ནས་བྱང་ཆུབ་མྱུ་གུ་བསྐྱེད།། ཞི་བ་འགོག་པའི་ས་ལས་རྣམ་པར་སློངས།། དེ་སྐད་ཅེས་ནི་གླུ་བླངས་པས།། གཉིས་མེད་རོལ་ཅིང་རྣམ་པར་རོལ།། བརྗིད་དང་བཅས་པས་གར་མཛད་དང། ། འཛུམ་པ་མཛད་དང་འདོར་བ་དང།། བསྐུམ་དང་བསྒྱིངས་དང་སྤྱན་མཛེས་བལྟ།། སྨིན་རིང་བསྐྱེད་ཅིང་འགྱུར་བ་དང།། རྡོ་རྗེ་ཕུར་པས་གཡན་པ་སློང།། འདོར་ཞིང་བསྐུམ་དང་འཇོ་སྒེག་དང། ། རྣམ་པར་རོལ་པའི་གར་གྱིས་ཀྱང།། ནམ་མཁའི་ཁམས་ཀུན་ཁྱབ་མཛད་དོ།། རྣམ་པར་རོལ་པ་ངེས་འབྱུང་བས།། བྱང་ཆུབ་སེམས་ནི་ཞི་ཞིང་འཁྱིལ།། རོལ་པའི་ཆར་ནི་མངོན་ཕབ་པས།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ། སྣོད་ཀྱི་ཁམས་དང་བཅུད་ཁམས་ནི།། མ་ལུས་གྱུར་པ་ཐམས་ཅད་ན།། བྱང་ཆུབ་སེམས་ཀྱི་རོལ་པ་ལས།། སྒེག་དང་འཁྱུད་དང་སྡོམ་པ་དང།། སྦྱོར་དང་བསྟིམ་དང་མཉེས་པ་དང།། ཀུན་དུ་རབ་ཏུ་རྒྱས་པར་བྱས། ། ཡང་དག་བདེ་ལ་རབ་གནས་སོ།། དེ་ཚེ་ཐུགས་མཆོག་རྣམ་དག་ལས།། མཁའ་ཀློང་རྣམ་པར་དག་པ་ནས།། རིག་པའི་བྱང་ཆུབ་སེམས་ཆེན་པོ།། འོད་ཟེར་འབྱམས་ཀླས་ཤར་བ་དེ།། གསུང་གི་ཡི་གེ་འཁོར་ལོའི་ཚོགས། ། རྒྱུན་མི་འཆད་པར་རབ་སྣང་ངོ།། ཡིག་འབྲུ་དེ་ཉིད་ཕྱག་མཚན་ཏེ།། ཐུགས་ཀྱི་མཚན་མ་དམ་ཚིག་རྒྱ།། གྱུར་པས་འཕྲོས་ཤིང་འདུས་པའི་ཚུལ།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ནི། ། རྒྱལ་བ་ཡབ་ཡུམ་སེམས་དཔའ་དང།། སེམས་མ་རྣམས་སུ་འཁོད་པ་དང།། ཐུབ་པ་རྣམས་དང་འཇོམས་པའི་ཚོགས།། སྐུ་རུ་གསལ་བར་གྱུར་པ་ནི།། རང་རང་དམ་ཚིག་ཕྱག་རྒྱ་བྱས།། དབང་ཆེན་ལ་ནི་མདུན་གྱིས་བལྟས། ། རྡོ་རྗེ་རོལ་པའི་གྲལ་དུ་འཁོད།། དེ་དག་རེ་རེ་ལ་ཡང་སངས་རྒྱས་འཁོར།། སངས་རྒྱས་ཞབས་འབྲིང་དང་བཅས་པ།། འབྱམས་ཀླས་ནམ་མཁའི་མཐའ་མཉམ་པ།། ལྷུན་གྱིས་གྲུབ་པ་རབ་སྣང་ངོ། ། ཡང་དག་འོད་ཟེར་རེ་རེ་ལས།། ཧེ་རུ་ཀ་ནི་མང་པོའི་ཚོགས།། ཤར་རོ་རབ་ཏུ་སྣང་ཤར་རོ།། ཧེ་རུ་ཀ་ནི་རེ་རེ་ལས།། སངས་རྒྱས་འབུམ་ཕྲག་སོ་སོའི་འཁོར།། ཞབས་འབྲིང་དང་བཅས་ལྷུན་གྱིས་གྲུབ།། ཧེ་རུ་ཀ་ཡི་ཚོགས་དག་ལས། ། རིག་པའི་ཉི་མའི་ཆར་བབས་ཏེ།། མུན་ནག་ཀློང་ཀུན་གསལ་བར་མཛད།། ཆོས་ཀྱི་གླུ་དང་གར་མཛད་ཅིང།། ཆོས་ཀྱི་ཆར་འབེབས་མཆོད་པ་ཆེ།། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། ཆོས་ཀྱི་མཆོད་པ་རྨད་དུ་བྱུང། ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། རོལ་པའི་ཆོ་འཕྲུལ་ལིང་ལོང་ཕྱེད།། དེ་ཚེ་སངས་རྒྱས་མང་པོའི་ཚོགས།། ཧེ་རུ་ཀ་ཡི་འོད་ཕྲེང་དེས།། བདུད་དང་རཱུ་ཏྲ་སྲིན་པོ་དང།། གནོད་སྦྱིན་དང་ནི་དབང་ཕྱུག་དང། ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས།། རང་རང་ང་རྒྱལ་མཐུ་སྟོན་པ།། ཞི་ཞིང་རབ་ཏུ་དུལ་བར་འགྱུར།། རང་རང་དག་གི་དབང་ཕྲོགས་ནས།། སངས་རྒྱས་བསྟན་ལ་དད་གྱུར་ཏེ།། འདུས་སོ་ཀུན་ཏུ་རབ་ཏུ་འདུས། ། དེ་ཡི་བྱང་ཆུབ་སེམས་ཆེན་པོའི།། འོད་ཟེར་ཀུན་ཏུ་ཁྱབ་དེ་ལ།། འདུ་ཤེས་མེད་དང་འགོག་གནས་པའི།། མུར་སྟུག་ས་བོན་མེས་ཚིག་འདྲར།། དྲི་མ་མེད་པའི་བྱང་ཆུབ་སེམས།། རིན་ཆེན་ཆུ་དེས་དབང་བསྐུར་བས། ། བྱང་ཆུབ་སེམས་ལ་དབང་ཐོབ་སྟེ།། འགྲོ་བའི་དོན་བྱེད་ནུས་པར་གྱུར།། ས་དང་ས་ཡི་ཁྱད་པར་གནས་པ་རྣམས།། ས་ལ་སྐྱོ་སེམས་རབ་སྐྱེས་པ།། ལས་ཀྱི་ཚེ་བཀའ་བྱང་ཆུབ་སེམས། ། སངས་རྒྱས་བསྟན་པ་འདི་ཉིད་འདོད།། དེ་ནས་འདུས་པའི་འཁོར་ཚོགས་རྣམས།། ཨེ་མའོ་ངོ་མཚར་རབ་ཏུ་ཆེ།། སྐྲག་ཅིང་རབ་ཏུ་དངངས་གྱུར་ནས།། ཤིན་ཏུ་སྐྲག་སྟེ་གསོལ་བཏབ་པ།། ཨེ་མའོ་ཨེ་མའོ་ཡ་མཚན་ཆེ། ། བཅོམ་ལྡན་འདས་པ་ཡ་མཚན་ཆེ།། གཉིས་མེད་རོལ་པ་ཡ་མཚན་ཆེ།། བདག་ཅག་འཁོར་ཚོགས་འདུས་པ་རྣམས།། དྲི་མེད་དག་པ་ཡ་མཚན་ཆེ།། འོད་ཟེར་འཕྲོ་འདུ་ཡ་མཚན་ཆེ།། བྱང་ཆུབ་སྤྲིན་ཡང་ཡ་མཚན་ཆེ། བཀག་ཀྱང།། སངས་རྒྱས་འབྱུང་བ་ཡ་མཚན་ཆེ།། སྤྲུལ་པ་འབྱུང་བ་ཡ་མཚན་ཆེ།། ཁྲོ་བོ་འབྱུང་བ་ཡ་མཚན་ཆེ།། བྱིན་རླབས་ཆོ་འཕྲུལ་ཡ་མཚན་ཆེ།། དགོན་དུང་སྤངས་པ་ཡ་མཚན་ཆེ།། འགོག་པ་གསོ་བ་ཡ་མཚན་ཆེ། ། བདག་ཅག་འཁོར་ཚོགས་འདུས་པ་རྣམས།། དམ་ཚིག་ཅན་དུ་བྱིན་རླབས་མཛོད།། བླ་འོག་རིམ་པ་ཇི་བཞིན་དུ།། རྡོ་རྗེ་རོལ་པའི་ཚིག་ཏུ་འཁོད།། དེ་སྐད་ཅེས་གསོལ་བ་བཏབ་པས།། བཅོམ་ལྡན་འདས་དབང་མཆོག་དམ་པ་ཆགས་པ་ཆེན་པོ་རྡོ་རྗེའི་སྐུ་དེས། སྐུ་གསུང་ཐུགས་གཉིས་སུ་མེད་པའི་སྒོ་ནས། འཁོར་རྣམ་པར་སྦྱོང་བ་རྡོ་རྗེའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མི་ཟད་བརྒྱན་གྱི་འཁོར་ལོ་མཐར་ཕྱིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང། གསུང་མི་ཟད་པ་རྒྱན་ཡི་འཁོར་ལོ་མཐར་ཕྱིན་པ་སྤྱན་རས་གཟིགས་དབང་ཕྱུག་དང། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མཐར་ཕྱིན་པ་ཕྱག་ན་རྡོ་རྗེས་བསྐུལ་བ་རིག་ནས། བཙུན་མོ་ཀུན་ཏུ་བཟང་མོ་གཟི་ལྡན་པདྨ་ཅན་དང་སྦྱོར་ཞིང། ཚིག་ཆད་དམ། རང་གི་སྟན་ལས་རབ་ཏུ་ལངས་ཏེ། བྱང་ཆུབ་སེམས་ཀྱི་མཚན་མ་གནས་ལྔར་བཏགས་པས། ལྕེ་པདྨའི་སྟེང་དུ་ལས་ཀྱི་རྡོ་རྗེ་བཞག་སྟེ། བརྐྱང་ཕྱག་འཚལ་ནས། སེང་གེའི་ལྟ་སྟངས་ཀྱིས་སྟོན་པའི་ཞལ་དུ་བལྟས་ནས། དོན་བསྡུས་པར་གསོལ་བ་བཏབ་པ། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡབ་ཡུམ་དགོངས་སུ་གསོལ། འདུས་པའི་འཁོར་ཚོགས་མ་ལུས་དགོངས་སུ་གསོལ།། དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་འདི།། ཆོས་ཀྱི་རྒྱལ་པོས་བཤད་དུ་གསོལ།། ཞེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་སངས་རྒྱས་དེ་གསུམ། སྐུ་རྡོ་རྗེའི་བཀའ། གསུང་པདྨའི་བཀའ། ཐུགས་རིན་པོ་ཆེའི་བཀའ།། ཀལ་པར་བྱིན་གྱིས་བརླབས་པའི་ཕྱིར། ཐུགས་གསང་བའི་མཁའ་ལ། བྱང་ཆུབ་ཀྱི་སེམས་སྤྲོས་པས། འཁོར་ལོ་དང། པདྨ་དང། རྡོ་རྗེ་ལག་ཏུ་ལྷན་གྱིས་བཞག་སྟེ། དབང་བསྐུར་བས་མིང་ཡང་འགྲོ་བ་ཀུན་གྱི་དཔལ་དུ་གྱུར་པས། འཇམ་དཔལ་གཞོན་ནུར་གྱུར་པར་བཏགས། སྙིང་རྗེ་ཕྱོགས་རིས་མེད་པས། སྤྱན་རས་གཟིགས་ཀྱི་དབང་ཕྱུག་བཏགས། གསང་སྔགས་ཀྱི་མཛོད་དུ་གྱུར་པས། གསང་བའི་བདག་པོ་ལག་ན་རྡོ་རྗེར་བཏགས་ཏེ། སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་འགྱུར་རོ།། སྨྲ་བའི་སེང་གེའི་སྨྲ་བའི་སེང་གེ་ཞེས་མིང་བཏགས་ཏེ། ཆོས་ཀྱི་སྨྲ་བའི་དབང་ཐོབ་བོ།། དེ་ནས་ལས་ཀྱི་འཁོར་ལོ་བཅུ་གཉིས་ཡོད་པས། འཁོར་རྣམས་སྣོད་དུ་རུང་བར་བྱིན་གྱིས་བརླབ་པའི་ཕྱིར།། ཆོས་ཀྱི་འཁོར་ལོ་བཅུ་གཉིས་རབ་ཏུ་བསྐོར་ཏེ། ཆོ་འཕྲུལ་འདི་དག་རྣམ་པར་བསྟན་ཏེ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། འུར་འུར་རབ་ཏུ་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། དེ་ནས་བྱང་ཆུབ་སེམས་ཀྱི་མཚན་མ་ཡིས།། འདུས་པའི་འཁོར་ཚོགས་གནས་ལྔར་རེག་པར་བྱས། ཧཱུཾ་བཛྲ་ས་མ་ཡ་གུ་ཧྱ་ས་མ་ཡ། ཀྲོ་དྷ་ས་མ་ཡ། རྡོ་རྗེ་རོལ་པ་བསྡུས་པ་ཡིས།། འདུས་པ་ཆེན་པོའི་འཁོར་ཚོགས་རྣམས།། གོང་འོག་རིམ་པ་ཇི་བཞིན་དུ།། རྡོ་རྗེ་གསང་བའི་གྲལ་དུ་གནོས།། སྐལ་བཟང་དམ་ཚིག་ཆེན་པོ་སྟེ།། དེ་ལས་འདས་ནས་བརླག་པར་འགྱུར། ། དེ་སྐད་ཅེས་ནི་བཀའ་བསྒོ་བས།། འདུས་པའི་འཁོར་རྣམས་སེམས་རང་བྱས།། དམ་ཚིག་ཐོབ་ནས་གྲལ་འཁོད་དོ།། དེ་ནས་གསང་བའི་བདག་པོ་ནི།། དབང་ཐོབ་ལས་མཛོད་ཆེན་པོ་དེས། ། བཅོམ་ལྡན་འདས་ལ་གཙུག་གི་ཕྱག། རྣལ་འབྱོར་ལུགས་སུ་བྱས་ནས་ནི།། ཕྱི་ནང་གསང་བའི་མཆོད་པས་མཆོད།། མཉེས་ནས་གསོལ་བ་རབ་ཏུ་བཏབ།། འདི་ལྟར་རྨད་བྱུང་ངོ་མཚར་ཆེ།། སངས་རྒྱས་རྣམས་ཀྱི་དབང་ཕྱུག་ཆེ། ། མངོན་སྤྱོད་ཡ་མཚན་སྟོན་པར་སྤྱོད།། བཀའ་ཡི་འཁོར་ལོ་དམ་པ་དེ།། སྨྲ་བརྗོད་ཡུལ་ལས་རབ་འདས་ཀྱང།། ངག་གི་ལམ་ནས་རབ་འདོན་ཅིང།། དཔེས་མཚོན་ཚིག་གི་ལྡེ་མིག་གིས། ། ཡི་གེ་མིང་དང་ཚིག་ཚོགས་ཀྱིས།། གསལ་བར་མཚོན་ཏེ་གོ་བར་མཛོད།། ཨ་ལ་ལ་ཧོ་གོ་བར་མཛོད།། སྟོན་པ་དབང་ཕྱུག་དམ་པ་དེས།། གསོལ་བ་བཏབ་པ་མཁྱེན་ནས་ཀྱང།། བརྗོད་དུ་མེད་པའི་ཏིང་འཛིན་ལ། ། སྙོམས་པར་ཞུགས་ནས་མི་གསུང་བཞུགས།། དེ་ནས་འདུས་པའི་འཁོར་ཚོགས་ཀྱིས།། སྨྲ་བའི་སེང་གེ་ཆེན་པོ་ལ།། ལོགས་སུ་བཏུད་ནས་ཕྱག་འཚལ་ནས།། རྨད་བྱུང་མཆོད་པ་སྣ་ཚོགས་བྱས།། གསོལ་བཏབ་སྨྲ་བའི་སེང་གེ་ཁྱོད། ། བདག་ཅག་ཞུའོ་གནང་སྐབས་ཕྱེས།། སྨྲ་བའི་སེང་གེ་གསང་བདག་གིས།། འདུས་པའི་འཁོར་ཚོགས་ཁྱོད་ཉོན་ཅིག། བདག་ལ་ཞུས་ཤིག་སྤོབས་པར་བྱོས།། འདུས་པའི་འཁོར་ཚོགས་རྣམས་ཀྱིས་ཀྱང། ། སྨྲ་བའི་སེང་གེ་གསང་བདག་ཁྱོད།། སངས་རྒྱས་རྣམས་ཀྱི་ཡབ་ཀྱང་ལགས།། བྱང་ཆུབ་སེམས་དཔའི་རྗེ་བཙན་ལགས།། ཆོས་རྣམས་ཐམས་ཅད་མཛོད་ལགས་ན།། བཅོམ་ལྡན་གསང་མཆོག་དམ་པ་དེས། ། གསང་སྔགས་ལམ་རྣམས་མི་སྟོན་པ།། རྒྱུ་དང་རྐྱེན་ནི་གང་ལགས་པ།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ལེགས་པར་ཚིག་ཏུ་བསྟན་དུ་གསོལ།། སྨྲ་བའི་སེང་གེས་བཀའ་སྩལ་པ། ། ཨོཾ་ཨཱཿཧཱུཾ་ཨ་ལ་ལ་ཧོ།། སངས་རྒྱས་རྣམས་ནི་ཅང་མི་གསུང།། མ་གསུངས་པ་ཉིད་རྒྱ་ཆེར་བཤད།། བཤད་དུ་མེད་པའི་དོན་དེ་ནི།། རྒྱལ་བ་རྣམས་ཀྱིས་མ་བཤད་དེ།། ད་ལྟར་སྟོན་པ་རྒྱལ་མཆོག་ཀྱང།། རྣལ་འབྱོར་བརྗོད་པར་མི་མཛད་དེ། ། བཀའ་མི་སྩལ་བར་དགོངས་པའོ།། འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག། བྱང་ཆུབ་དམ་པའི་སྙིང་པོ་ནི།། སྨྲ་བསམ་ལས་འདས་བརྗོད་མེད་པས།། ཚིག་ཏུ་བརྗོད་པ་ལེགས་མ་ཡིན། ། ཚིག་ཏུ་སྨྲ་བའི་དུས་ཉིད་ནི།། གོལ་བ་ཡིན་པར་བདག་ཉིད་ནི།། འདས་པའི་སངས་རྒྱས་རྣམས་ཀྱིས་བཤད།། ད་ལྟར་ཉིད་ཀྱང་དེར་དགོངས་པས།། མ་གསུངས་མི་གསུང་གསུང་དུ་མེད།། དེ་ཡང་སེམས་དཔའི་སྙིང་པོ་ནི། ། སྤྲོས་དང་བྲལ་བ་མ་ཡིན་ཀྱང།། ཀུན་རྫོབ་བདེན་པའི་དབང་ཙམ་དུ།། མཚན་མ་ཚིག་གི་རྣལ་འབྱོར་རྣམས།། དོན་དམ་རྟོགས་དཀའ་བཀྲི་བའི་ཕྱིར།། རྒྱལ་བས་ཚིག་གི་སྒོ་གསུངས་ཡིན། ། འདུས་པའི་འཁོར་ཚོགས་ཀྱིས་ཞུས་པ།། སྨྲ་བའི་སེང་གེ་དེ་ལྟར་ན།། བདག་ཅག་མ་འོངས་རྣལ་འབྱོར་པ།། ཚིག་གི་རྗེས་འབྲེང་དོན་དང་ཡང།། གསང་བའི་ལམ་བརྗོད་གསལ་བྱེད་པ།། སྨྲ་བའི་སེང་གེ་ཆེན་པོ་ཁྱོད། ། དབང་བསྐུར་བས་ན་ཞུ་བར་སྤོབས།། བཅོམ་ལྡན་དབང་མཆོག་དམ་པ་ལའང།། ཞུས་ཤིག་སྨྲ་བའི་སེང་གེ་ཁྱོད།། སྨྲ་བའི་སེང་གེ་གསང་བདག་གིས།། འདུས་པའི་འཁོར་རྣམས་རྣམ་རྟོག་མཁྱེན།། བཅོམ་ལྡན་དབང་མཆོག་དམ་པ་ལ། ། ཕྱག་འཚལ་རྨད་བྱུང་མཆོད་པས་མཆོད།། རྡོ་རྗེའི་ཚིག་ཏུ་འདི་སྐད་གསོལ།། ཨེ་མའོ་སྟོན་པ་ངོ་མཚར་ཁྱོད།། ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱིས།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། ། ཚིག་ཏུ་བརྗོད་པ་མ་ལགས་ཀྱང།། མཚན་མའི་རྗེས་འབྲང་རྣལ་འབྱོར་པ།། དོན་ལ་རྩིང་ཞིང་ཚིག་ལ་ཞིབ།། ཚིག་གིས་བསམ་པ་རང་བྱའི་ཕྱིར།། སྙིང་པོ་བྱང་ཆུབ་དོན་འདི་ལ།། དཔེས་མཚོན་ཚིག་གི་ལྡེ་མིག་གིས། ། གསང་བའི་དེ་ཉིད་བསྟན་དུ་གསོལ།། གསོལ་བ་བཏབ་པས་གསང་བདག་པོའི།། ཞུས་མཁྱེན་འདུས་པའི་འཁོར་གྱིས་ནི།། སེམས་ཀྱི་རྟོག་པ་མཁྱེན་པ་ཡང།། མ་འོངས་རྣལ་འབྱོར་རྗེས་འབྲང་བ། ། ཚིག་ལ་དཀའ་བ་ཐུགས་ཆུད་ནས།། ཡེ་ཤེས་ལྔ་དང་ལྡན་པའི་དབུ།། ཀུན་ཏུ་ཞལ་དུ་རབ་གཟིགས་ཏེ།། ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ།། ཡང་ནས་ཡང་དུ་གསོར་བྱེད་ཅིང།། ཐམས་ཅད་པདྨར་གྱུར་པ་ཡི།། རྨད་བྱུང་ཆོས་ཀྱི་སྒྲ་ཆེན་བསྒྲགས། ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བྷོ་དྷི་ཙིཏྟ་གུ་ཧྱ་ས་མ་ཡ་ཨ། འདི་ནི་གསུངས་མ་ཐག་ཏུ་ཡང།། སངས་རྒྱས་གྲགས་པ་ཆེན་པོ་ཡང།། རབ་ཏུ་དངངས་ཤིང་བརྒྱལ་བར་གྱུར།། ཐམས་ཅད་མ་ལུས་སྨོས་ཅི་དགོས། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས།། བཀའ་སྩལ་རིགས་ཀྱི་བུ་རྣམས་ཉོན།། ཚིག་བརྗོད་ཐམས་ཅད་ཀུན་རྫོབ་བདེན་པ་ཡིན།། ཇི་སྲིད་བརྗོད་དུ་མེད་པའི་ཆོས་གང་ནི།། དེ་ནི་དོན་དམ་བདེན་པའོ། ། ཚིག་དང་ཡི་གེ་ལ་འདས་པ་ནི་ཆོས་སྐུའོ།། ཚིག་དང་ཡི་གེ་བརྗོད་དུ་རུང་བ་ནི་གཟུགས་ཀྱི་སྐུའོ།། སྔགས་ཀྱི་ལྟ་བ་སྤྱོད་པ་དེ་ཉིད་ཡིན།། ཆོས་ཀྱི་སྐུ་གང་ཡིན་པ་དེ།། སྔགས་ཀྱི་བལྟ་བར་ཤེས་པར་བྱ། ། དེ་ཉིད་སྒྱུ་མའི་ཚུལ་དུ་གནས་པ་དང།། འབྲས་བུའི་ཚུལ་དུ་ཀུན་རྫོབ་བདེན་པ་དང།། གཟུགས་ཀྱི་སྐུར་སྣང་མེ་ལོང་ལྟ་བུའི་ཚུལ།། ཇི་ལྟར་སྤྱད་དང་སྤྱོད་དུ་རུང་བ་ནི།། སྤྱོད་པ་རྣལ་འབྱོར་ཅན་གྱི་ལྟ་བའོ།། དེ་སྐད་ཅེས་ནི་བཀའ་སྩལ་ནས། ། ཨ་ལ་ལ་ཡི་སྒྲ་བརྗོད་དོ།། སྨྲ་བའི་སེང་གེས་དྲི་བ་དྲིས།། དེ་ལྟར་ལགས་ན་བཅོམ་ལྡན་འདས།། སྔགས་ཀྱི་ལྟ་བར་བློ་གནས་གང།། སྤྱོད་པ་འབའ་ཞིག་བློ་གནས་གང།། དབང་མཆོག་དམ་པས་བཀའ་སྩལ་པ། ། སྨྲ་བའི་སེང་གེ་གསང་བདག་ཁྱོད།། འདི་དོན་ཞུ་བར་སྤོབས་པ་ལེགས།། སྔགས་ཀྱི་ལྟ་བ་སངས་རྒྱས་ཀྱིས།། མཉམ་པའི་དོན་རྟོགས་སྤྱོད་ཡུལ་ཡིན།། ཅི་ཕྱིར་ཞེ་ན་ཀུན་རྫོབ་བདེན་པ་ཡིན། ། བདེན་པ་གཉིས་སུ་དབྱེར་མེད་ཕྱིར།། ཀུན་རྫོབ་བདེན་པ་ག་ལ་ཡོད།། བལྟ་དང་སྤྱོད་ལ་བློ་གནས་ཤིང།། རྣལ་འབྱོར་ས་ཐོབ་ས་གཉིས་ཡིན།། ཅི་ཕྱིར་ཞེ་ན་རྣལ་འབྱོར་མཉམ་ཉིད་དེ།། བདེན་པ་རྣམ་གཉིས་ཚུལ་འདོད་དེ། ། མི་བསྐྱེད་ཚུལ་དུ་བློར་ཆུད་ལ།། ཀུན་རྫོབ་མཚན་མ་ཐབས་ཀྱིས་སུ།། ཕྱག་རྒྱ་སྒྱུ་མའི་ཚུལ་དུ་ནི།། མེད་པ་མ་ཡིན་མཚན་མེད་པའི།། རྣལ་འབྱོར་གཉིས་དང་ལྡན་པའི་ཕྱིར།། སློབ་པའི་རྣལ་འབྱོར་གཉིས་བརྟེན་ནས། ། ལྷུན་གྱིས་གྲུབ་པའི་ས་གོམས་པས།། ཆེ་ཆུང་གིས་ནི་གྲུབ་པ་ཡིན།། བསྟན་པ་བདེན་པ་གཉིས་ལ་གནས།། སྒྲ་ཡི་རྗེས་འབྲང་རྣལ་འབྱོར་ནི།། དོན་ལ་རང་རྒྱུད་སྤྱོད་ལ་གནས།། ཅི་ཕྱིར་ཞེ་ན་ལོག་པ་ཡི། ། ཀུན་རྫོབ་འབའ་ཞིག་བློ་རྟོག་གིས།། ཡང་དག་པ་ཡི་ཀུན་རྫོབ་ནི།། ལྷ་ཡི་དཀྱིལ་འཁོར་མཐོང་མེད་ཕྱིར།། སྨྲ་བའི་སེང་གེ་དེ་བས་ན།། ལོག་པའི་ཀུན་རྫོབ་སོ་སོའི་སྐྱེ་བོ་ཡིས།། དེ་ལྟ་བུ་ཡི་ཆོས་ལ་བརྟེན་ནས་ཀྱང། ། ཡང་དག་པ་ཡི་ཀུན་རྫོབ་ཀྱིས།། བདེན་པའི་ལྷ་དང་ལྷ་མོ་ཡི།། ཆོས་རྣམས་དཀྱིལ་འཁོར་དུ་ཤེས་བྱའོ།། ཡང་དག་ཀུན་རྫོབ་བདེན་རྟོགས་ནས།། དོན་དམ་བདེན་པ་ཁོང་ཆུད་ནས།། དེ་ནི་རིག་པའི་སྐྱེས་བུར་གྲགས། ། སྨྲ་བའི་སེང་གེ་དེ་བས་ན།། ཡང་དག་ཀུན་རྫོབ་ལ་བརྟེན་ནས།། དོན་དམ་བདེན་པ་རྟོགས་པར་བྱའོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ། ལྟ་སྤྱོད་རྣམ་གཉིས་ཀྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞུགས་ནས་ཀྱང་འདུས་པའི་འཁོར་ཚོགས་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་སུ་འདུས།། བྱང་ཆུབ་སེམས་སུ་སྣང་བར་ཤེས་པར་གྱིས།། ཅི་ཕྱིར་ཞེ་ན་ཆོས་རྣམས་ཐམས་ཅད་ནི། ། ལུས་དང་ངག་དང་སེམས་སུ་འདུས་པས་ན།། ལུས་དང་ངག་དང་སེམས་ཉིད་ཆོས་ཀྱི་རྣམ་པར་སྣང།། འདུས་པའི་འཁོར་ཚོགས་རྣམས་ཀྱིས་ལུས་དང་ངག་དང་སེམས་དག་ནི་བདག་ཅག་རྣམས་ཀྱི་ཅི་ལྟར་འཚལ་བར་བགྱི། ། དབང་མཆོག་དམ་པས་བཀའ་སྩལ་པ།། ལུས་དང་ངག་དང་སེམས་ཀྱི་མཚན་ཉིད་ནི།། སེམས་ཀྱང་ལུས་དང་ངག་གི་རྣམ་པ་ལྟ་བུའོ།། ངག་ཀྱང་ལུས་དང་སེམས་ཀྱི་རྣམ་པ་ལྟ་བུའོ།། ལུས་ཀྱང་ཚིག་བརྗོད་སེམས་ཀྱི་རྣམ་པ་ལྟ་བུའོ། ། རང་རང་ལུས་དང་ངག་དང་སེམས་རྟོགས་ཤིག། འོན་ཏང་བྱང་ཆུབ་སེམས་ཡིན་བསྐྱེད་པར་འགྱུར།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མ་ཧོ་དངོས་པོ་དང་བྲལ་བས།། ཕུང་པོ་ཁམས་དང་སྐྱེ་མཆེད་དང།། གཟུང་དང་འཛིན་པ་རྣམ་པར་སྤང།། ཆོས་བདག་མེད་པ་མཉམ་ཉིད་པས། ། རང་སེམས་གདོད་ནས་མ་སྐྱེས་པས།། སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཞེས་གསུངས་སོ།། དེ་ནས་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་ངོ་མཚར་ཡ་མཚན་གྱི།། སངས་རྒྱས་ཀུན་གྱི་གསང་བའི་ཐུགས།། ཆོས་ཀུན་སྐྱེ་བ་མེད་པ་ལ།། སྐྱེ་བ་འདི་ནི་རབ་ཏུ་བསྒྲགས།། སྐྱེ་དང་མི་སྐྱེ་མེད་པ་སྟེ།། བྱང་ཆུབ་ཚུལ་དུ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་ཡང་མེ་ལོང་ལྟ་བུར་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི།། སངས་རྒྱས་ཀུན་གྱི་གསང་བའི་ཐུགས། ། ཆོས་ཀུན་འགག་པ་མེད་པ་ལས།། འགག་པ་འདི་ནི་རབ་ཏུ་བསྒྲགས།། འགགས་དང་མི་འགག་མེད་པ་སྟེ།། བྱང་ཆུབ་ལ་ནི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་ཡང་ཆོས་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་ངོ་མཚར་ཡ་མཚན་གྱི།། སངས་རྒྱས་ཀུན་གྱི་གསང་བའི་ཐུགས།། ཆོས་ཀུན་གནས་པ་མེད་པ་ལས། ། གནས་པ་འདི་ནི་རབ་ཏུ་བསྒྲགས།། གནས་དང་མི་གནས་མེད་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་ཡང་ཆོས་ཐམས་ཅད་སོ་སོར་ཀུན་ཏུ་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་ངོ་མཚར་ཡ་མཚན་གྱིས།། སངས་རྒྱས་རྣམས་ཀྱི་གསང་བའི་ཐུགས།། ཆོས་ཀུན་དམིགས་སུ་མེད་པ་ལས།། དམིགས་པ་འདི་ནི་རབ་ཏུ་བསྒྲགས། ། དམིགས་དང་མི་དམིགས་མེད་པ་སྟེ།། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་ཡང་ཆོས་ཐམས་ཅད་བྱ་བ་ནན་ཏན་དུ་ཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་ངོ་མཚར་ཡ་མཚན་གྱི།། སངས་རྒྱས་ཀུན་གྱི་གསང་བའི་ཐུགས།། ཆོས་ཀུན་སྤྲོས་པ་མེད་པ་ལས།། སྤྲོས་དང་བསྡུ་བར་རབ་ཏུ་བསྒྲགས།། སྤྲོ་བསྡུ་ཡོད་དང་མེད་པ་ནི། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་སྨྲ་བའི་སེང་གེ་གསང་བའི་བདག་པོ་དེས།། ཨ་ལ་ལ་ཞེས་སྒྲ་ཕྱུང་སྟེ།། བྱང་ཆུབ་སེམས་ལ་བསྟོད་པ།། ཨེ་མའོ་སྟོང་ཉིད་བྱང་ཆུབ་སེམས། ། ཨེ་མའོ་དག་པ་དྲི་མ་མེད།། ཨེ་མའོ་མི་སྒྲིབ་གསལ་བ་ཆེ།། ཨེ་མའོ་མཉམ་ཉིད་དབྱེར་མེད་ཆོས།། ཨེ་མའོ་སོ་སོ་རང་རིག་སེམས།། ཨེ་མའོ་བྱར་མེད་ལྷུན་གྱིས་གྲུབ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། ཞེས་བསྟོད་དོ།། བཅོམ་ལྡན་འདས་ཀྱང་བྱང་ཆུབ་སེམས།། བྱང་ཆུབ་ཉིད་ཀྱང་ཐུགས་ཆུད་པའོ།། བདག་ཅག་རིག་འཛིན་ཚོགས་པ་རྣམས།། བྱང་ཆུབ་སེམས་ལ་སྨོན་པར་འཚལ།། འཇུག་དང་ལྡང་དང་གནས་པ་སྟེ། ། རང་རང་སེམས་ནི་གཡོ་བར་བགྱི།། རེག་པར་བགྱི་ཞིང་ཉེ་བར་བགྱི།། ཉམས་སུ་མྱོང་བར་འཚལ་ལགས་ན།། སྙིང་རྗེ་ཆེན་པོས་དགོངས་སུ་གསོལ།། བདེ་བར་གཤེགས་པ་དགོངས་སུ་གསོལ།། དེ་སྐད་ཚིག་ཏུ་གསོལ་བཏབ་པས། ། བཅོམ་ལྡན་སྙིང་པོས་འདི་སྐད་གསུངས།། ཨེ་མའོ་ཡེ་ནས་རྣམ་དག་ཆོས།། སྣ་ཚོགས་སྣང་ལ་རྟོག་པ་སྣང།། ངོ་བོ་ཉིད་ནི་བརྗོད་དུ་མེད།། སྣོད་མ་ཡིན་ལ་བསྟན་པར་དཀའོ།། ཨེ་མའོ། ། སྲིད་གསུམ་ཡེ་ནས་རྣམ་པར་དག་པའི་རང་བཞིན་ལས།། བདག་ཏུ་རྟོགས་པའི་སྲིད་རྩེའི་ཉེས་དམིགས་ཀྱིས།། ཡུན་རིང་དུས་ནས་འཁྱམས་པའི་འགྲོ་བ་རྣམས།། མི་མཐུན་བདེ་སྡུག་གནས་རྣམས་སོ་སོར་བཟུང། ། ལོག་རྟོག་ནོར་བའི་སེམས་ཀྱི་ཀུན་རྟོག་ཀྱང།། རང་བཞིན་ཉིད་ལས་ཉམས་པ་རྡུལ་ཙམ་མེད།། ཡེ་ནས་དོན་གྱི་སངས་རྒྱས་མིན་མོད་ཀྱང།། རྨོངས་པའི་དབང་གིས་འཁོར་བའི་འཁོར་ལོར་འཁྱམས། ། ལོག་རྟོག་ཉིད་ཀྱང་དངོས་མེད་བྱང་ཆུབ་སེམས།། འཁྲུལ་འཁོར་ཉིད་ཀྱང་མི་ཟད་རྒྱན་དུ་ཆེ།། སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་གསལ།། ཕུང་པོ་ལྔ་ཉིད་མངོན་པར་རྫོགས་པའི་སྐུ།། སྲིད་རྩེའི་ཉེས་དམིགས་བྱང་ཆུབ་སྙིང་པོར་གསལ། ། ཕྱི་ནང་སྣོད་བཅུད་བྱང་ཆུབ་ངང་དུ་གསལ།། ཞེས་གསུངས་པས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་ངང་དུ་གནས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། བྱང་ཆུབ་སེམས་ཀྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་སྙིང་པོ་རྡོ་རྗེ་རྩེ་གཅིག་པདྨར་གནས་པ་དེས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས།། དཀྱིལ་འཁོར་འབྱུང་བར་བཞད་ནས་ནི། ། ཤེས་རབ་ཐབས་སུ་རོལ་པ་མཛད།། རྡོ་རྗེ་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། དཀྱིལ་འཁོར་གྱི་ནི་དོན་འདི་གསུངས།། འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག། གསང་སྔགས་བྱིན་རླབས་བསམ་ཡས་ལས།། དཀྱིལ་འཁོར་བསམ་ཡས་བརྗོད་མི་ལང།། མདོར་བསྡུས་རྣམ་པ་གསུམ་ཡིན་ཏེ།། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དང།། ཏིང་འཛིན་གསལ་བའི་དཀྱིལ་འཁོར་དང། ། བཀྲི་དྲང་རྡུལ་ཚོན་དཀྱིལ་འཁོར་དང།། གསུམ་པོ་དག་ཏུ་རྒྱལ་བས་གསུངས།། ཞེས་ཆེད་དུ་གླེང་ངོ།། སྨྲ་བའི་སེང་གེ་གསང་བདག་གིས།། བཅོམ་ལྡན་འདས་སོ་བདག་ཅག་རྣམས།། དཀྱིལ་འཁོར་གསུམ་དུ་མཐོང་ལགས་སོ། ། དེ་ནས་འདི་སྐད་གསོལ་བ་བཏབ།། ཡེ་ནས་ལྷུན་གྱིས་གྲུབ་པའི་བདག། དཀྱིལ་འཁོར་ཀུན་གྱི་འབྱུང་གནས་གཙོ།། རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ།། ཆོས་ཀུན་ཡེ་ནས་སངས་རྒྱས་པའི། ། རང་བཞིན་དག་པ་དྲི་མ་མེད།། རང་བཞིན་ལྷུན་གྲུབ་བཟང་པོའི་དོན།། བཅོམ་ལྡན་སྙིང་པོས་བཤད་དུ་གསོལ།། ཨ་ལ་ལ་ཧོ།། པདྨའི་སྙིང་པོ་བཅོམ་ལྡན་འདས།། རང་བཞིན་དོན་དམ་དཀྱིལ་འཁོར་ནི། ། སྤྲོས་དང་བྲལ་བ་འདི་གསུངས་སོ།། ཨེ་མའོ།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། བླ་ན་མེད་པ་རྟོགས་གྱུར་པ།། རྒྱལ་བས་གསུངས་པའི་ཡེ་ཤེས་གང།། དེ་ནི་དཀྱིལ་འཁོར་སྙིང་པོ་ཡིན།། ཞེས་གསུངས་སོ། ། ཡང་ནི་འདི་སྐད་རབ་གསུངས་ཏེ།། རང་བཞིན་དོན་དམ་དཀྱིལ་འཁོར་འདི།། ལྷུན་གྱིས་གྲུབ་པ་བསྡུས་ཏེ་གསུངས།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད།། ཕུང་པོ་ལྔ་དོན་སངས་རྒྱས་ལྔ། ། འབྱུང་བ་ལྔ་དོན་དབྱིངས་ཕྱུག་ཡུམ།། ཁམས་དང་སྐྱེ་མཆེད་མང་པོ་ཀུན།། སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན།། དེ་བས་སྲིད་གསུམ་དཀྱིལ་འཁོར་ཆེ།། རྒྱུ་དང་འབྲས་བུའི་གཟུགས་རྣམས་ཀུན། ། རྣམ་པར་སྣང་མཛད་རང་བཞིན་ཡིན།། ཚོར་བ་རིན་ཆེན་རང་བཞིན་ཡིན།། འདུ་ཤེས་སྣང་བ་མཐའ་ཡས་ཏེ།། འདུ་བྱེད་དོན་ཡོད་གྲུབ་པའོ།། རྣམ་པར་ཤེས་པ་རྡོ་རྗེ་སེམས།། སྲ་བས་སངས་རྒྱས་སྤྱན་ཡིན་ཏེ། ། ཆུ་ཡི་ཁམས་ནི་མ་མ་ཀཱི།། མེ་ཁམས་ན་བཟའ་དཀར་མོ་སྟེ།། རླུང་ཁམས་དམ་ཚིག་སྒྲོལ་མ་ལ།། ནམ་མཁའ་ཀུན་ཏུ་བཟང་མོའོ།། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། མིག་ནི་ས་ཡི་སྙིང་པོ་ལ།། རྣ་བ་ཕྱག་ན་རྡོ་རྗེའོ། ། སྣ་ནི་ནམ་མཁའི་སྙིང་པོའོ།། ལྕེ་ནི་སྤྱན་རས་གཟིགས་དབང་ཡིན།། གཟུགས་མཛེས་ལཱ་སྱེའི་རང་བཞིན་ལ།། དྲི་རུ་གྱུར་པ་མཱ་ལྱེའོ།། སྒྲ་ཡི་ཚོགས་ནི་ནིར་ཏིའོ།། རོ་རུ་གྱུར་པ་གཱིརྟི་ཡིན།། མིག་གི་དབང་པོ་གང་ཡིན་པ། ། བྱམས་པ་མཻ་ཏྲིའི་རང་བཞིན་ཡིན།། རྣ་བའི་དབང་པོ་སྒྲིབ་པ་སེལ།། སྣ་ཡི་དབང་པོ་འཇམ་དཔལ་ཉིད།། ལྕེ་ཡི་དབང་པོ་ཀུན་ཏུ་བཟང།། རྒྱུ་དང་འབྲས་བུ་རྣམ་པར་དཔྱད།། སྔོན་འདས་དུས་སུ་རྣམ་པར་གྲགས། ། སྔོན་འདས་དཔྱིད་ནི་སྤོས་མེ་མ།། ད་ལྟར་དབྱར་ནི་མེ་ཏོག་མ།། འབྱོན་མ་རག་སྟོན་ཨཱ་ལོ་ཀེ།། མ་འོངས་དགུན་ནི་གནྡེ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། རེག་ཤེས་གཤིན་རྗེ་འཇོམས་པ་ཡིན། ། རེག་བྱ་རྣམ་པར་རྒྱལ་བ་སྟེ།། རེག་པར་བྱེད་པ་རྟ་མཆོག་དཔལ།། རེག་པ་བདུད་རྩི་འཁྱིལ་པ་སྟེ།། གསུམ་འདུས་རེག་པའི་མཚན་ཉིད་ཡིན།། མི་རྟག་པ་དང་སྟོང་པ་དང། ། གཟུང་དང་འཛིན་པ་རྣམ་པ་བཞི།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། ཕྱིན་ཅི་མ་ལོག་ལྷ་མོ་བཞི།། བཅོམ་ལྡན་སྙིང་པོས་རབ་ཏུ་གསུངས།། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། ཆོས་རྣམས་ཀུན་ལ་ངེས་རྟོགས་པ། ། ཀུན་ཏུ་བཟང་པོའི་རང་བཞིན་ཡིན།། འདུས་བྱས་མ་བྱས་ཆོས་རྣམས་ཀུན།། ཡིད་ཀྱི་རྣམ་ཤེས་ཡུལ་ཡིན་པས།། ཀུན་ཏུ་བཟང་མོ་ཡིན་པར་གྲགས།། དེ་ལ་སོགས་ཏེ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ། ། ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པས།། ཇི་སྙེད་སྣང་གྲག་ཡོད་པའི་ཆོས།། ཀུན་ཀྱང་ཕྱག་རྒྱའི་རང་བཞིན་པས།། རྣམ་གྲངས་ཡིན་པར་བདེ་གཤེགས་གསུངས།། ཞེས་ཆེད་དུ་བརྗོད་པས་ཆེད་དུ་གླེང་ངོ། ། དེ་ནས་ཡང་བཅོམ་ལྡན་འདས་པདྨའི་སྙིང་པོས། རང་བཞིན་ཀུན་རྫོབ་ཀྱི་དཀྱིལ་འཁོར་འདི་གསུངས་སོ།། ཀུན་ནས་མཚན་མའི་གནས་ཆེན་ཡང།། འོག་མིན་བླ་མེད་གནས་མཆོག་གམ། ། ལྕང་ལོ་ཅན་དང་བདེ་བ་ཅན། པདྨ་ཅན་ལ་སོགས་པ་ཡི།། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དེ།། མཚན་མའི་ངང་རོལ་རྣལ་འབྱོར་སྣང།། དེ་ཡང་ཇི་ལྟ་བུ་ཞེ་ན།། མཁའ་འམ་ཡིད་ཀྱི་ནམ་མཁའ་ལ།། བདེ་གཤེགས་སྙིང་པོ་ཧཱུཾ་བསྒོམས་ཏེ། ། འབྱུང་ཆེན་བརྩེགས་པ་ལྷུན་གྱིས་གྲུབ།། དབུས་ནི་ཁམས་གསུམ་དབང་སྡུད་པའི།། ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང།། ཐོད་རུས་བར་ཁྱམས་ཉི་ཟླས་བརྒྱན།། མེ་རིའི་བར་ཁྱམས་བྱིན་རླབས་ཆེ། ། སྒོ་ནི་ཆུ་སྲིན་ཁར་གྱུར་པས།། སྒོ་གཏན་འཕོ་བའི་གཞལ་ཡས་ཁང།། རྒྱལ་ཆེན་ཀ་བས་རྣམ་པར་མཛེས།། ཕོ་བྲང་དེ་ཡི་རྒྱན་མཆོག་ཀྱང།། སྒོ་བཞི་སྒོ་ཁྱུད་རྣམས་ཀྱིས་བརྒྱན།། རྟ་བབས་བརྒྱད་དང་ཡང་དག་ལྡན། ། དབུས་ན་རིན་ཆེན་ཁྲི་རྐང་བརྒྱན།། དེ་སྟེང་པདྨ་མཁའ་སྟོང་ལྡན།། ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག། ཕྱོགས་བཅུ་འོད་ཟེར་འབར་བས་འཁྲུགས།། ཉི་ཟླ་ནོར་བུ་རིན་ཆེན་འབར། ། ནོར་བུའི་དོ་ཤལ་རྒྱལ་མཚན་དང།། ཟ་ར་ཚགས་སུ་རྣམ་པར་གནས།། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ།། རྟ་བབས་རྣམས་ཀྱི་ཙོང་ཙོང་ལ།། གསེར་གྱི་དྲིལ་བུ་འབར་བ་དག། དཀོན་མཆོག་གསུམ་གྱི་མཚན་ཡང་བརྗོད།། རྟ་མཆོག་འབར་བའི་བསོད་ནམས་ཀྱིས།། རྒྱུ་ལས་གྲུབ་པ་རྒྱལ་བས་གསུངས།། གཞལ་ཡས་དེ་ནང་ལྷུན་གྲུབ་པའི།། རིན་ཆེན་ཁྲི་རྐང་ཕྱོགས་བཅུར་འོད་འབར་བའི། ། བརྒྱད་དུ་བསྟན་པ་ཧེ་རུ་ཀ། བསྙེན་བཀུར་མཆོད་ཕྱིར་མཉེས་བྱེད་པ།། གསེར་གྱི་སེང་གེ་རྒྱན་གསུམ་པ།། དྲུག་བཞི་རྩ་འཕགས་བཞི་སྟེ་ཉི་ཤུ་བརྒྱད།། ཐུགས་རྗེ་ཆེ་བས་ཉི་ཤུ་བརྒྱད། ། འཇིགས་པ་སྤངས་པས་སེང་གེ་ཉི་ཤུ་བརྒྱད།། སྤྲུལ་སྐུ་མཐོན་པས་དབང་མོ་ཉི་ཤུ་བརྒྱད།། ཀུན་ཏུ་འོད་ཀྱི་ས་ལ་རབ་གནས་པས།། རིན་ཆེན་ཁྲི་རྐང་འདེགས་པའི་སྟོབས་དང་ལྡན།། དགོན་གནས་དབེན་གནས་གཞན་གྱིས་མཐོང་བར་དཀའ། ། རང་གབ་སྦས་པ་ཆོས་ཉིད་ལུང།། ལུང་གི་སྒྲ་དབྱངས་ཐུན་མོང་མ་ཡིན་པས།། མངོན་དུ་ཕྱུང་བའི་ཐུགས་རྗེ་ཤར་བ་ནི།། ཁམས་གསུམ་དོན་མཛད་ཡེ་ཤེས་རྩལ་དང་ལྡན། ། མ་བདུན་ཚོགས་པས་ནུས་མཐུར་ལྡན།། ཕྲིན་ལས་རྣམ་ཐར་བརྒྱད་ཀྱི་ཀ་བ་འདེགས།། རྩལ་གྱི་ཤུགས་དང་རབ་ལྡན་པས།། རྒྱ་ཁྱོན་ཀུན་ཤོང་ཡངས་པ་ཡིན།། རིགས་བཞི་ཁྲག་འཐུང་ཧེ་རུ་ཀ། བཞུགས་གནས་མི་འགྱུར་ཆོས་ཀྱི་སྐུ། ། དེ་ནི་ཀུན་ཏུ་འོད་ཀྱི་ལུང།། པདྨ་ལེ་བརྒན་ཕྱོགས་བཅུར་འོད།། སངས་རྒྱས་ཐམས་ཅད་སྐྱེ་བཞིའི་ཚུལ།། ཆགས་པར་གྱུར་པ་མེད་པས་པདྨ་སྟེ།། ཆེ་བའི་ཡོན་ཏན་མ་ལུས་ལུང་དུ་སྟོན། ། མཁའ་དབྱིངས་ཡང་དག་དྲི་མེད་པདྨར་བསྟན།། མ་ཆགས་པདྨ་ཅན་གྱི་ལུང།། སྟོང་ཞིང་གསལ་བས་ཞབས་གང་འཕགས།། ཉི་ཟླའི་དཀྱིལ་འཁོར་བརྩེགས་པ་ནི།། ཡི་གེ་འཁོར་ལོ་ཚོགས་ཆེན་ཡང། ། ཐབས་དང་ཤེས་རབ་ཡེ་འབྲེལ་བས།། སྤྲོས་མེད་ངང་གིས་ཟླུམ་པ་ཡིན།། མ་སྐྱེས་པ་ནི་ཆོས་ཀྱི་ལུང།། འོད་ཆེན་གསལ་བར་འཚེར་བས་ན།། ཡང་གསང་སྦས་པ་ཡེ་ཤེས་ལུང།། འཕྲོ་འདུ་ཁྱད་པར་གྱུར་པས་སྡུག་བསྔལ་གསོས་སུ་གྱུར། ། ཤེས་རབ་རིགས་ཀྱི་ལྷ་མོ་གསང་བའི་ཡུམ་དུ་བསྟན།། དེ་སྟེང་རྣལ་འབྱོར་དབང་ཕྱུག་ཆེན་པོ་ནི།། ཡོངས་སུ་མཛེས་པའི་རྒྱན་གྱིས་བརྒྱན།། རྡོ་རྗེ་སེམས་དཔའ་གཉེན་པོ་རྐྱེན་དང་བྲལ་བས་མི་འགྱུར་ཆོས་ཀྱི་ལུང། ། གསང་བའི་ཐུགས་ཀར་སྦས་ཏེ་བདེ་ཆེན་དབྱིངས་ནས་རོལ་པས་བདེ་བ་ལོངས་སྤྱོད་ལུང།། དབུ་གསུམ་ཞབས་གཉིས་བརྐྱང་བར་མཛད་པས་ཐུགས་རྗེ་སྤྲུལ་པའི་ལུང།། རིགས་གཉིས་ལུང་གི་བརྒྱུད་པས་ཏིང་འཛིན་རྣམ་གཉིས་ཐབས་ཀྱི་རྒྱུད། ། དེ་ཡང་གཙོ་དང་གཟུངས་སུ་འབྲེལ།། སྐུ་མདོག་མཐིང་ག་རབ་ཏུ་བསྟན།། མཐིང་ནག་དཀར་དང་དམར་བའི་ཞལ།། ལྷ་མཆོག་དེ་ཡི་སྤྱན་སྔ་ན། ། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ།། གསེར་མདོག་ལྟ་བུ་རྣམ་པར་དངས།། རང་རྟགས་འཁོར་ལོ་ཟུར་བརྒྱད་འཛིན།། གཡས་ན་རིན་ཆེན་འབྱུང་ལྡན་གཙོ།། བཻཌཱུར་སྔོན་པོའི་མདོག་འདྲ་ལ།། རང་རྟགས་རིན་ཆེན་ཟུར་བརྒྱད་འཛིན། ། རྒྱབ་ཕྱོགས་སྣང་བ་མཐའ་ཡས་གཙོ།། པདྨ་རཱ་གའི་མདོག་འདྲ་ལ།། རང་རྟགས་པདྨ་འདབ་བརྒྱད་འཛིན།། གཡོན་དུ་དོན་ཡོད་གྲུབ་པ་སྟེ།། རིན་ཆེན་མ་རྒད་མདོག་འདྲ་ལ།། རང་རྟགས་རལ་གྲི་དེ་བཞིན་ནོ། ། ཀུན་ཀྱང་ཞི་བའི་ཆ་ལུགས་ཏེ།། ཐོར་ཚུགས་རིགས་ལྔས་དབུ་ལ་བརྒྱན།། རྫོགས་པའི་སྐྱིལ་མོ་ཀྲུང་དུ་བཞུགས།། དོ་ཤལ་དཔུང་རྒྱན་སེ་མོ་དེ།། ཕྱག་གདུབ་སྙན་ཆས་སྐུ་ལ་མཛེས། ། མཚན་དང་དཔེ་བྱད་ཡང་དག་རྫོགས།། དེ་དག་གི་ནི་གཡོན་ཕྱོགས་ན།། ཀུན་ཏུ་བཟང་དང་ལོ་ཙ་ན།། མཱ་མ་གོས་དཀར་སྒྲོལ་མ་རྣམས།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་རང་རྟགས་དྲིལ་བུ་འཛིན། ། ཆ་ལུགས་གཞན་ཡང་ཡང་དང་འདྲ།། ཕྱི་ཡི་གོང་ར་མཛེས་པ་ལ།། ལག་ན་རྡོ་རྗེ་ལྗང་སྐྱ་རྡོ་རྗེ་རྩེ་གསུམ་འཛིན།། ས་སྙིང་ལྗང་སྔོན་རིན་ཆེན་མྱུ་གུ་འཛིན།། རྒྱབ་ཏུ་ནམ་མཁའི་སྙིང་པོ་མཐིང་ནག་རལ་གྲི་འཛིན། ། གཡོན་ན་སྤྱན་རས་གཟིགས་དབང་དམར་སྐྱ་པདྨ་འཛིན།། ཐོར་ཚུགས་ཡེ་ཤེས་སེམས་དཔས་བརྒྱན།། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས།། རྒྱན་དང་ཆ་ལུགས་ཀུན་གྱིས་བརྒྱན།། དེ་དག་གི་ནི་གཡོན་རོལ་ན། ། སྒེག་མོ་ཕྲེང་དང་དབྱངས་དང་གར།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་གར་དང་མེ་ལོང་ཕྲེང།། པི་ཝང་འཛིན་ཅིང་ཆ་ལུགས་རྒྱན།། གཙོ་བོ་ཉིད་དང་མཐུན་པའོ།། མཛེས་པའི་གྲུ་ཆད་རྣམས་ལ་ནི། ། བྱམས་པ་དཀར་པོ་ཀླུ་ཤིང་འཛིན།། སྒྲིབ་སེལ་མཐིང་ནག་འཁོར་ལོ་འཛིན།། འཇམ་དཔལ་དམར་སྐྱ་ཨུཏྤལ་འཛིན།། ཀུན་བཟང་ལྗང་སེར་སྙེ་མ་འཛིན།། ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང།། བྱང་ཤར་མཚམས་ཀྱི་གྲུ་ཆད་ལ། ། འཁོར་བར་འཛུམ་པའི་མདངས་ཀྱིས་འཁོད།། དེ་དག་གི་ནི་གཡོན་རོལ་ན།། སྤོས་དང་མེ་ཏོག་མར་མེ་དྲི།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་རང་རྟགས་འཛིན་པ་སྟེ།། ཆ་ལུགས་གཙོ་དང་མཐུན་པར་གནས། ། གཤིན་རྗེ་མཐིང་ག་མི་མགོ་གདེངས།། ཤར་གྱི་སྒོར་ནི་རྣམ་པར་གནས།། རྣམ་རྒྱལ་སེར་ནག་རྡོ་རྗེ་འཛིན།། ལྷོ་ཡི་སྒོ་ནི་རྣམ་པར་གནས།། རྟ་མཆོག་དམར་ནག་ཐོད་སྦྲུལ་བསྣམས། ། ནུབ་ཀྱི་སྒོར་ནི་རྣམ་པར་གནས།། བདུད་རྩི་ལྗང་ནག་རྒྱ་གྲམ་འཛིན།། བྱང་གི་སྒོར་ནི་རྣམ་པར་གནས།། དུར་ཁྲོད་རྒྱན་གྱིས་རྣམ་པར་བརྒྱན།། རྣམ་པར་གཙིགས་པ་འཇིགས་འཇིགས་ལྟ།། མེ་དཔུང་འབར་བའི་ཀློང་དཀྱིལ་དུ། ། ཧཱུཾ་དང་ཕཊ་ཀྱི་སྒྲ་ཆེར་སྒྲོགས།། འཇོམས་མ་བཞི་ཡང་སྐུ་ལ་འཁྲིལ།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང།། དྲིལ་བུ་ཐོགས་ཤིང་རབ་ཏུ་རྔམ།། ཆ་ལུགས་འཇོམས་པ་དག་དང་འདྲ། ། སྒོ་བཞི་དག་ཏུ་ལྷུན་གྱིས་གྲུབ།། ཐོད་རུས་བར་ཁྱམས་མཛེས་པ་ལ།། སྤྲུལ་སྐུ་ཐུབ་པ་ཆེན་པོ་དྲུག། ཅིས་འདུལ་ཐབས་ཀྱི་སྐུར་སྟོན་པས།། ཆ་ལུགས་མ་ངེས་འདུལ་བར་སྟོན།། མཛེས་པའི་བར་ཁྱམས་དེ་ཉིད་ལ། ། མདུད་དང་རྒྱབ་ཀྱི་ཕྱོགས་རོལ་དུ།། བྱེད་པ་པོ་དང་བྱ་བ་མོ།། ཏིང་ངེ་འཛིན་དུ་ལྡན་པར་གནས།། དེ་ལ་སོགས་ཏེ་མཐའ་ཡས་མཆོག། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། ལྷ་ཡི་ཚོགས་མཆོག་དེ་དག་གི། ཐུགས་ཀར་ཡེ་ཤེས་སེམས་དཔའ་གནས།། ཚོན་གང་འོད་དང་བཅས་པའོ།། ལྗགས་ལ་རང་རྟགས་ཡི་གེ་རྣམས།། རང་རྟགས་ཕྱག་རྒྱའི་སྟེང་དུ་གསལ།། དེ་ལྟའི་སྐུ་མཆོག་རེ་རེ་ལ།། ཚུལ་དགུ་དག་ཏུ་ལྡན་པ་སྟེ། ། མཉེན་དང་ལྕུག་དང་འཁྲིལ་བ་སྟེ།། ལྡེམ་བག་ཆགས་དང་གཞོན་ཚུལ་དང།། གསལ་དང་འཚེར་དང་ལྷུན་སྡུག་དང།། གཟི་བྱིན་འབར་བར་རབ་ཏུ་གནས།། མེ་རི་བར་ཁྱམས་དམར་ནག་ནི། ། ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད།། དེ་ལྟའི་རང་བཞིན་དཀྱིལ་འཁོར་ལ།། ཕྱི་རབས་སྔགས་འཆང་རྣལ་འབྱོར་པས།། སྤྱན་དྲང་མཆོད་པ་དབུལ་བར་བྱ།། ཞེས་གསུངས་པས། ཆོས་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། ། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་དང། རང་རིག་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང། གསང་སྔགས་རྒྱ་མཚོ་ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་དང། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་འགྲོ་བ་ཐམས་ཅད་ལ་ཆོས་སྟོན་པ་བསམ་གྱིས་མི་ཁྱབ་པ་ཡང་ལྷུན་གྱིས་གྲུབ་པོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། རང་བཞིན་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོར་གནས་པ་དེས། མི་གཡོ་བ་འཕྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདི་གསུངས་སོ། ། ཆོས་རྣམས་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་བསྒྱུར་རོ།། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཏིང་ངེ་འཛིན་གྱིས་ཇི་ལྟར་འདོད་བཞིན་དབང་བསྒྱུར་རོ།། གསང་སྔགས་རྨད་བྱུང་རྒྱལ་པོ་ལ། ། ཏིང་འཛིན་དཀྱིལ་འཁོར་བསམ་ཡས་ཀྱང།། མདོར་བསྡུས་རྣམ་པ་གསུམ་ཡོད་དེ།། བསྒོམ་པ་ཏིང་འཛིན་དཀྱིལ་འཁོར་དང།། བསྐྱེད་དང་ལྷག་པའི་ཏིང་འཛིན་ནོ།། ཐོག་མར་རྣལ་འབྱོར་བདག་བསྒོམས་ཏེ། ། དཀྱིལ་འཁོར་ཡིན་པར་རྒྱལ་བས་གསུངས།། དེ་ཡང་ཇི་ལྟར་བསྒོམ་ཞེ་ན།། ཏིང་འཛིན་ལ་ཡང་རྣམ་པ་གསུམ།། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན།། སྟོང་པ་ཆེན་པོའི་ཏིང་ངེ་འཛིན།། གཉིས་པ་ཀུན་སྣང་ནམ་མཁའ་དང། ། སྙིང་རྗེའི་ཡུལ་གྱིས་ཁྱབ་པའི་ཕྱིར།། མཚམས་སྦྱོར་ཆེན་པོའི་ཏིང་འཛིན་བསྒོམ།། གསུམ་པ་རང་གི་ས་བོན་ཏེ།། རབ་ཏུ་དྲག་པོའི་ཡི་གེ་ཨ།། དེ་ལས་ཕྲ་མོའི་ཨ་འཕྲོས་འདུས།། སྤྲོས་ཤིང་བསྡུས་ཀྱང་འཕེལ་འགྲིབ་མེད། ། དེ་ལས་བདག་ཉིད་ཆེན་པོ་ནི།། ཐམས་ཅད་རྫོགས་པར་བསྐྱེད་པར་བྱའོ།། རྒྱས་བཏབ་བྱིན་བརླབས་དབང་བསྐུར་བས།། རྩ་བའི་དཀྱིལ་འཁོར་རབ་ཏུ་རྫོགས།། དེ་བཞིན་ཉིད་ལ་གསལ་བས་ན། ། བདག་ཉིད་ཆེན་པོ་གཡོན་དུ་སྟེ།། མཁའ་དབྱིངས་རྡོ་རྗེ་པདྨར་གནས།། དེ་ནི་བསྒོམ་པའི་དཀྱིལ་འཁོར་ཡིན།། བསྐྱེད་པ་ཡི་ནི་དཀྱིལ་འཁོར་ན།། ལྷ་ཚོགས་བདག་གི་སྲས་སུ་བསྐྱེད།། དེ་ནི་བསྐྱེད་པའི་དཀྱིལ་འཁོར་ཡིན། ། དེ་བས་ཇི་ལྟར་བསྐྱེད་ཅེ་ན།། ཐོག་མར་ཡབ་ཡུམ་མཁའ་གསང་གཉིས།། རྡོ་རྗེ་པདྨར་བྱིན་གྱིས་བརླབས།། གཉིས་མེད་འཁྲིལ་བར་དགྱེས་པ་ལས།། བྷ་གའི་དཀྱིལ་དུ་ལིངྒ་ལ། ། སྤྲོས་བསྡུས་དབྱིངས་སུ་འཁྱིལ་བ་ལས།། དབང་ཆེན་ས་བོན་འབྲུ་ལྔར་གྱུར།། ཨེ་ཡཾ་བཾ་སུཾ་བྷྲཱུཾ། ཨེ་ལས་ནམ་མཁའ། ཡཾ་ལས་རླུང་གི་དཀྱིལ་འཁོར། བཾ་ལས་རྒྱ་མཚོ། སུཾ་ལས་གསེར་གྱི་ས་གཞི། བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང། དབྱིབས་དང་ཁ་དོག་བསམ་ཡས་མཆོག། འཁོར་ལོ་གདན་དང་རོལ་མོའི་ཚོགས།། རང་བཞིན་དཀྱིལ་འཁོར་དང་འདྲ་བའོ།། དེ་རུ་ལྷ་ཚོགས་བསྐྱེད་པ་ནི།། བརྟན་འབྱུང་ནམ་མཁའི་ཡེ་ཤེས་ཨ། ། འཕེལ་མེད་འགྲུབ་མེད་གནས་པ་ལ།། གཉིས་མེད་དགྱེས་པའི་འཕྲོ་འདུ་ལས།། བཞི་བཅུ་རྩ་གཉིས་འོད་དུ་ཤར།། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཤ་ཥ་ས་ཧ་ཀྵཿ། ཨ་ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ། གསུང་གི་དཀྱིལ་འཁོར་བཞི་བཅུ་གཉིས།། སྤྲོ་བསྡུས་གསལ་བར་གྱུར་པ་ལས།། ཐུགས་མཚན་བཞི་བཅུ་རྩ་གཉིས་འབར།། དེ་ལས་མངོན་རྫོགས་སྐུར་གསལ་བ།། ཏ་ལ་སོགས་པའི་ཡི་གེ་ལྔ། ། ཕུང་པོ་ལྔ་ཡི་ས་བོན་ཡིན།། ཋ་ལ་སོགས་པ་འབྱུང་བ་ལྔ།། བསྐྱེད་པའི་ས་བོན་ཡིན་པར་གསུངས།། ཀ་སོགས་ལྔ་ནི་རྣམ་ཤེས་ལྔ།། ཙ་སོགས་ལྔ་ནི་དབང་པོ་ལྔ།། པ་སོགས་ལྔ་ནི་སྐྱེ་མཆེད་ལྔ། ། ཡ་སོགས་བཞི་ནི་དུས་བཞིར་གྲགས། ཤ་སོགས་བཞི་ནི་འཇོམས་མ་བཞི།། ཨི་སོགས་དྲུག་ནི་ཐུབ་པ་དྲུག། ཀྵ་ནི་ཡིད་ཀྱི་རྣམ་ཤེས་ཁམས།། ཨ་ནི་ཆོས་ཀྱི་ཁམས་སུ་བཤད།། སོ་སོའི་ཐུགས་མཚན་གསལ་བར་ལས། ། ས་བོན་རྣམས་ཀྱིས་མངོན་སུམ་བསྐྱེད། ཧཱུཾ་བཛྲ་དྷྲྀཀྲ། ཨོཾ་ཛི་ན་ཛིཀ། སྭ་རཏྣ་དྷྲྀ་ཀྲ། ཨཱཾ་ཨཱ་རོ་ལྀཀ། ཧ་པྲཛྙཱ་དྷྲྀཀྲ། མཱུཾ་དྷཱ་ཏྲཱི་ཤྭ་རི། ལཱཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་ར་ཛཱ་ཡ། ཏྲཱཾ་ཨཱ་གརྦྷ་ཡ། ཧྲཱིཾ་པདྨ་བ་ད་མ། ཛིཾ་ཀུ་རུ་པཱ་ཎ། ཧཱུཾ་ལ་སྱེ། ཏྲཾ་མཱ་ལེ། ཧྲཱིཾ་གཱི་ཏི། ཨཾ་ནཱྀ་ཏི། མཻ་དྷ་ར་ཎེ་སྭཱ་ཧཱ། ཐླྷིཾ་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་སྭཱ་རཱ་ཛཱ་ཡ། མཱུཾ་ཤྲཱི་ཨཾ་རཱ་གཱ་ཡ། ཛདྷུ་པ། ཧཱུཾ་པུཥྤ། བཾ་དི་པ། ཧོ་གྷནྡྷེ། ཧཱུཾ་ཡ་མཱན་ཏ་ཀྲྀཏ་ཕཊ། ཧཱུཾ་པྲཛྙཱ་ཏ་ཀྲྀཏ་ཕཊ། ཧཱུཾ་པདྨནྟ་ཀྲྀཏ་ཕཊ། ཧཱུཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ། ཛ་བཛྲ་ཀྲོ་དྷཱི། ཧཱུཾ་རཏྣ་ཀྲོ་དྷཱི། བཾ་པདྨ་ཀྲོ་དྷྭི། ཧོ་ཀརྨ་ཀྲོ་དྷཱི། ཧཱུཾ་བཛྲ་ཙིཏྟ། ཨ་བཛྲ་ཙིཏྟ། མུ་ནེ་ཀྲིཾ། མུ་ནེ་ཏྲུཾ། མུ་ནེ་སྲུཾ། མུ་ནེ་སྲཾ། མུ་ནེ་ཀྵཾ། མུ་ནེ་ཡེ། དེ་ལྟར་སོ་སོའི་སྙིང་པོ་ལས།། མངོན་རྫོགས་སྐུར་ནི་གསལ་བ་དང། ཡེ་ཤེས་ལྔ་ཡི་དབང་བསྐུར་ཏེ།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ།། ཨོཾ་བཛྲ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨཱ+ོཾ་ས་མནྟཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅་ཧཾ། ཨོཾ་མཱ་ཧ་པྲ་ཏི་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་མཧཱ་ཀྲི་ཏྱཱ་ཨ་ནུ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཝཱཀ་བཛྲ་སྭ་བྷཱ་ཝ། ཨཱཏྨ་ཀོུ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་སརྦ་ཏ་ཐཱ་ཏ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ། དེ་ལྟར་རྫོགས་པའི་སངས་རྒྱས་རྣམས།། སྐུ་མདོག་ཕྱག་མཚན་སོ་སོ་རྣམས།། ཐོར་ཚུགས་ལ་སོགས་བཞུགས་ཚུལ་དང།། རང་བཞིན་ཀུན་རྫོབ་བཞུགས་ཚུལ་དང། ། བསྐྱེད་པའི་དཀྱིལ་འཁོར་ཏིང་འཛིན་འདི།། རྣལ་འབྱོར་རིག་པའི་རྩལ་ཡིན་ཏེ།། ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ།། ཡང་ན་གཟུགས་བརྙན་དཀྱིལ་འཁོར་ལའོ།། ལྷག་པའི་ཏིང་འཛིན་དཀྱིལ་འཁོར་ནི། ། ཡོངས་སུ་བསྒོམ་པར་བྱ་བ་ནི།། དེ་ལྟར་གསལ་བའི་རྣམ་པ་ཀུན།། ཡུམ་གྱི་མཁའ་ལ་གསལ་བར་བསྒོམ།། རྣལ་འབྱོར་རིག་པའི་ཁྱད་པར་ཡིན།། ཞེས་གསུངས་པས།། རོལ་པའི་འཁོར་ཚོགས་རྣམས་ཀྱིས། ཆོས་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བ་མཐོང་ངོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རིམ་པ་རྣམ་པར་ཕྱེ་བའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོ་དེས། གཟུགས་བརྙན་ལྟ་བུའི་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལས་དང་པོའི་རྣལ་འབྱོར་པ་ཡིད་ཆེས་པར་བྱ་བའི་ཕྱིར། འདི་སྐད་ཅེས་བཀའ་སྩལ་ཏོ།། རོལ་པ་འདུས་པའི་འཁོར་ཚོགས་རྣམས།། ཆོས་རྣམས་གཟུགས་བརྙན་ལྟ་བུར་ཤེས།། ཅིའི་ཕྱིར་ཞེ་ན་དེ་ལས་མ་འདས་ཕྱིར།། དེ་བས་གཟུགས་བརྙན་དཀྱིལ་འཁོར་བཤད་པར་བྱ་ཡིས་ཉོན། ། འདི་ནི་གཟུགས་བརྙན་སྒྱུ་མའི་རྣམ་གྲངས་ཡིན།། མ་རིག་རྨོངས་པའི་འགྲོ་རྣམས་ལ།། མཚོན་པས་གསལ་བའི་དོན་བསྟན་ཕྱིར།། གཟུགས་བརྙན་དཀྱིལ་འཁོར་བཤད་པར་བྱ།། དར་རམ་རས་སམ་གྲོ་ག་ལ། ། ཁ་དོག་ལྔ་ཡི་གཟུགས་བྲིས་ན།། དངོས་གྲུབ་རྟེན་དུ་གྱུར་བར་བཤད།། རའམ་བ་སོའི་འབུར་བཏོད་དང།། རྡོ་དང་ཤིང་དང་རྩིག་ལོགས་དང།། གསེར་དངུལ་ལ་སོགས་ལུགས་བླུགས་ལ།། ཡན་ལག་མ་ཉམས་གཟུགས་མཛེས་བྱས། ། དངོས་གྲུབ་རྟེན་དུ་གྱུར་བར་བཤད།། མཉེན་དང་ལྕུག་དང་སྨིན་པ་དང།། ཕྱག་རྒྱའི་གཟུགས་སུ་ལེགས་བྱས་ན།། དེ་ཡང་མཚན་མའི་རྟེན་དུ་འགྱུར།། ས་སྟེགས་དཀྱིལ་འཁོར་དབྱིབས་ལེགས་མཛེས་པ་ལ། ། ཚོན་རྩི་ལྔ་ཡིས་ལེགས་བྲིས་ན།། དེ་ཡང་དངོས་གྲུབ་འབྱུང་བའི་རྟེན།། རེ་ཞིག་ལས་ནི་དང་པོ་པས།། ས་སྟེགས་དཀྱིལ་འཁོར་བྱ་བར་ཤིས།། འདི་ནི་གནས་ཀྱི་མཚན་ཉིད་དེ།། སྐྱོན་ཡོན་བྱེ་བྲག་ཤེས་པར་བྱ། ། གངས་རི་བྲག་དཀར་འདབ་ཆེན་ནི།། ཞི་བ་བསྒྲུབ་པའི་གནས་སུ་ཤིས།། བྲག་ཆེན་རྡོ་རྗེས་གཏམས་པ་སྟེ།། གཅན་གཟན་ཁྲོ་བོའི་གནས་སྐྱི་གཡའ།། མངོན་སྤྱོད་ཆེན་པོ་བསྒྲུབ་པའི་གནས། ། དུར་ཁྲོད་གནས་དང་ངམ་གྲོག་དང།། སུམ་མདོ་གྲོང་གླིང་དབང་སྡུད་གནས།། ནགས་ཚལ་མང་པོ་གཏིབས་པ་དང།། ཤིན་ཏུ་བཙན་དང་འཇིགས་པའི་དོགས།། འདོད་པ་བསྒྲུབ་པའི་གནས་ཡིན་ནོ། ། མཚོ་གླིང་རྒྱ་མཚོ་ནེའུ་སེང་ཅན།། ལས་རྣམས་ཀུན་ལ་དེར་ཤེས་སོ།། གཞན་ཡང་སྤང་བར་བྱ་བ་ནི།། གཤིན་རྗེའི་མདུང་རྩེ་སྲིན་མོ་ངུས་པའི་མཆི་མ་དང།། གནོད་སྦྱིན་སྦར་རྗེས་འབྱུང་པོའི་འདུ་ས་དང། ། གདུག་པའི་ཀླུ་སྲིན་འབྱུང་པོ་རྒྱུ་བའི་ལམ།། སྦྲུལ་གདུག་འོང་ས་ཁ་ན་མ་ཐོ་བའི།། ཉེན་དང་འབྲེལ་དང་མདུན་སར་མི་འགྲོའོ།། ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས།། ལོ་ཡིས་བསྲིང་སྟེ་སྤང་བར་བྱ།། དེ་ནས་བསླང་བའི་ལས་རྣམས་ཀྱང། ། མངོན་དང་མི་མངོན་བདག་པོ་ལ།། རྩོད་པ་ཉེ་བར་ཞི་བའི་ཕྱིར།། སེར་སྣ་སྤང་བའི་ལས་ཀྱིས་ནི།། རིན་དང་བདེན་པས་བསྒོས་ལ་བསླང།། དེ་ནས་སློབ་དཔོན་བདག་ཉིད་ཀྱང། ། རྡོ་རྗེ་དྲིལ་བུ་རབ་ལྡན་ཞིང།། རྩེ་གསུམ་འགྲོས་ཀྱིས་ཀུན་ཏུ་བསྐོར།། ཁྲོས་པའི་ཧཱུཾ་གིས་ང་རྒྱལ་བྱ།། དངོས་གྲུབ་བར་དུ་གཅོད་པའི་བགེགས།། དེངས་ཤིག་གཅེས་སུ་བསྒོ་ནས་ཀྱང།། ཁྲོ་བོར་བྱིན་བརླབ་གདབ་པར་བྱ། ། དེ་ནས་དབང་གྱུར་ལྷ་མོ་ནི།། བསྐྱེད་དང་སྤྱན་དྲང་གཉིས་མེད་པར།། མཆོད་བསྟོད་ཚུལ་བཞིན་བྱས་ནས་ནི།། བདུད་བཏུལ་མངོན་པར་རྫོགས་པའི་ཚེ།། རཱུ་ཏྲའི་ཚོགས་ཀྱིས་རྒོལ་བ་ལས།། དགེ་བ་ལས་ཀྱི་འགོ་དྲངས་ཏེ། ། སྤྱན་ལྡན་དེ་ལ་དཔང་པོ་བཅོལ།། མཚན་མས་མཚན་མ་གཞོམ་པའི་ཕྱིར།། ས་ཡི་རོ་ལྔ་བརྟག་པར་བྱ།། དགེ་བའི་རྟགས་ནི་དངོས་གྲུབ་མྱུར།། ཤིས་པར་མ་གྱུར་སྤོ་བར་བྱ།། ཡང་ན་སྦྱིན་སྲེག་བྱ་བར་བསྟན། ། གནས་དེར་བསོད་ནམས་གཏེར་ལྡན་ཕྱིར།། རིན་ཆེན་ལྔ་དང་སྨན་ལྔ་དང།། སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ།། གའུའི་ནང་དུ་བླུགས་ནས་ནི།། ས་གཏེར་སྦས་ན་བཀྲ་ཤིས་སོ།། དག་པའི་བདུད་རྩི་རྣམ་ལྔ་ཡིས། ། རྩ་བརྒྱད་སྟོང་ལ་སྦྱར་ནས་ནི།། གྲུ་བཞི་དབྱིབས་ལེགས་སྐྱང་ནུལ་བྱ།། དེ་ནས་དཀྱིལ་འཁོར་ལྷ་ཚོགས་ཀྱི།། སྔགས་དང་ཕྱག་རྒྱས་སྦྱང་བར་བྱ།། ཏིང་ངེ་འཛིན་གྱིས་ངེས་པར་སྦྱང།། ཚོན་ཐིག་རྣམ་པ་ལྔ་པོ་ལ། ། སངས་རྒྱས་ལྔ་ཡི་བྱིན་རླབས་ཏེ།། སྤྲུལ་པའི་འཕྲོ་འདུ་རྒྱུན་མི་གཅད།། སྤོས་སམ་ལྕེ་བོག་ནག་པོ་ཡི།། དུད་པ་རྒྱུན་མི་འཆད་པར་གཏང།། ཁྲོས་པས་དྲག་པོའི་སྔགས་བཟླས་སོ།། ན་མོ་བིག་ཀྲ་མ་ལ་བི་ད་མ་ལ། ཛྭ་ལ་ཛྭ་ལ། པྲ་ཛ་ལ་པྲ་ཛ་ལ། ཀཱི་ལི་ཀཱི་ལི། ཧ་ན་ཧ་ན། ཧཱུཾ་ཕཊ། ཉི་ཤུ་རྩ་གཅིག་བཟླས་པ་ཡིས།། བདེ་བར་གཤེགས་པའི་ཐུགས་དམ་བསྐུལ།། སྐུད་པ་གསར་པ་གཙང་མ་ལ།། གསང་བའི་ལྕང་ལོར་འཁྱིལ་ལངས་སམ། ། རྡོ་རྗེའི་རྒྱུན་ཐག་ལ་སོགས་ལ།། ཡུམ་གྱི་གྲངས་དང་མཐུན་པར་བསྒྲིལ།། རྡོ་རྗེ་རྩེ་ལྔའི་ལུ་གུ་རྒྱུད།། བྱང་ཆུབ་སེམས་སུ་བྱིན་གྱིས་བརླབ།། ཐིག་གཡོག་ལས་ཀྱི་སེམས་མ་སྟེ།། མཚན་ལྡན་བྱིན་བརླབ་ཕྱག་རྒྱར་བཅས། ། རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ།། ས་ཐིག་གདབ་པ་འདུལ་བའི་དབང།། མཎྜལ་ཚད་ནི་ངེས་པ་མེད།། དེ་ཡི་སྔགས་ནི་འདི་བརྗོད་དོ།། ཨོཾ་ཛྙཱ་ན་ཙཀྲ་སུ་ཏྲ་མ་ཏི་ཀྲ་མ། ། ཚོན་དབྱེ་བ་ནི་འདི་ལྟ་སྟེ།། དཀར་དང་དམར་དང་སེར་དང་ལྗང།། ཐ་མ་ལྕགས་རི་ནག་པོས་བསྐོར།། གཙོ་བོ་གཟུགས་སུ་རྫོགས་པར་བྲི།། འཁོར་རྣམས་ཕྱག་རྒྱ་དག་དང་བྲི།། རྒྱན་རྣམས་མང་པོ་བྲི་བར་བྱ། ། དབྱངས་དང་གར་དང་མཆོད་པ་ཆེ།། རོལ་མོའི་ཡོ་བྱད་ཇི་སྙེད་པ།། མཛེས་པའི་དཀྱིལ་འཁོར་རྒྱན་དུ་བྱས།། གསེར་དངུལ་ལས་བྱས་བུམ་པ་ལ།། རས་དཀྲི་མེ་ཏོག་འབྲས་བུས་བརྒྱན།། བདུད་རྩི་ལྔ་ཡིས་དགང་བྱས་པ། ། སྨན་དང་རིན་ཆེན་འབྲུ་སྣ་ལྔས།། གང་བ་བརྒྱད་དམ་བཅུ་དྲུག་བཞག། རྣམ་རྒྱལ་བུམ་པ་དེ་བཞིན་དུ།། དཀྱིལ་འཁོར་བདག་པོས་སྔགས་པ་ཡི།། དཀྱིལ་འཁོར་དབུས་སུ་གཞག་པར་བྱ།། རྨད་དུ་བྱུང་བའི་གཏོར་མ་དགྲམ། ། འདི་ནི་ལུས་ཀྱི་འཕེན་སྡུད་ཀྱི།། སྤྱི་རུ་བསྡུས་ཏེ་བཤད་པའོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་རྣམ་པར་ཕྱེ་བའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཕྲ་མོ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ།། སྔགས་པ་ཏིང་འཛིན་མཉམ་བཞག་སྟེ།། ཏིང་འཛིན་དཀྱིལ་འཁོར་གསལ་བར་བསྒོམ། ། གསལ་བ་གཉིས་མེད་དཀྱིལ་འཁོར་དུ།། རང་བཞིན་ཀུན་རྫོབ་སྤྱན་དྲང་དང།། དབབ་དང་གཞུག་དང་བརྟན་པ་དང།། མི་གཡོ་དམ་ཚིག་ཟིལ་གནན་དང།། ཕྱག་འཚལ་མཆོད་པ་རྫོགས་པ་དང། ། གསང་བ་མཆོག་གི་དཀྱིལ་འཁོར་དུ།། འཇུག་དང་དངོས་གྲུབ་གསལ་བ་དང།། དབང་བསྐུར་བ་ཡི་ལས་རྣམས་བྱ།། སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས།། དེ་བས་སྙིང་པོ་ཕྲ་བར་བསྒོམ། ། པདྨ་ཡེ་ཤེས་ཅན་དག་གིས།། པདྨ་སྙིང་གི་དབུས་སུ་བསྒོམ།། པདྨ་སྙིང་གའི་དབུས་གནས་པས།། པདྨའི་སྔགས་དོན་བསྒོམ་པར་བྱ།། འཁོར་ལོ་ཡེ་ཤེས་ཅན་རྣམས་ཀྱིས།། འཁོར་ལོ་སྙིང་གི་དབུས་སུ་བསྒོམ། ། འཁོར་ལོ་སྙིང་ག་དབུས་གནས་པས།། འཁོར་ལོའི་སྔགས་དོན་བསྒོམ་པར་བྱ།། རྡོ་རྗེ་ཡེ་ཤེས་སྤྱན་རྣམས་ཀྱིས།། རྡོ་རྗེ་སྙིང་ག་དབུས་སུ་བསྒོམ།། རྡོ་རྗེ་སྙིང་ག་དབུས་གནས་པས།། རྡོ་རྗེའི་སྔགས་དོན་བསྒོམ་པར་བྱ། ། རིན་ཆེན་ཡེ་ཤེས་ཅན་རྣམས་ཀྱིས།། རིན་ཆེན་སྙིང་གའི་དབུས་སུ་བསྒོམ།། རིན་ཆེན་སྙིང་གའི་དབུས་གནས་པས།། རིན་ཆེན་སྔགས་དོན་བསྒོམ་པར་བྱ།། རྒྱ་གྲམ་ཡེ་ཤེས་ཅན་རྣམས་ཀྱིས། ། རྒྱ་གྲམ་སྙིང་ག་དབུས་སུ་བསྒོམ།། རྒྱ་གྲམ་སྙིང་ག་དབུས་གནས་པས།། རྒྱ་གྲམ་སྔགས་དོན་བསྒོམ་པར་བྱ།། སྙིང་པོ་མ་ངེས་འཕྲོ་འདུ་ཡིས།། སེམས་ཅན་ལས་ལས་སྐྱེ་བ་བཞིན།། དབྱིངས་ལས་ཡེ་ཤེས་སྐྱེ་བས་ན། ། མི་རྟོག་ཡེ་ཤེས་ཆོས་སྐུ་ཐོབ།། ཆོས་ཅན་མཚན་མ་ལས་སྐྱེས་པའི།། ཆོས་ཉིད་ངང་ལས་སྐྱེ་བས་གནས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཏིང་ངེ་འཛིན་ཕྲ་བར་སྦྱོང་བའི་ལེའུ་སྟེ་བདུན་པའོ། །།། དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོ་རྡོ་རྗེར་གནས་པ་དེས། རྒྱལ་བར་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སངས་རྒྱས་སེམས་ཅན་གཉིས་མེད་པས། ། ཁམས་གསུམ་སེམས་ཅན་འཇིགས་ཚོགས་ཀྱི།། སྙོམས་པར་འཇག་མིའི་སྲིན་བུ་ཡིན།། ཐིག་ལེ་ཆེན་པོའི་ངང་འདུས་པས།། མ་བགྲོད་པ་རུ་མཐའ་རུ་ཕྱིན།། མ་བསྒྲུབས་ལྷུན་གྱིས་གྲུབ་སྟེ་མཉམ། ། སོ་སོ་མ་ཡིན་དབྱེར་མེད་པས།། དབང་བསྐུར་སློབ་དཔོན་གོང་ན་མེད།། དབང་ནོད་སློབ་མ་འོག་ན་མེད།། ཐིག་ལེ་ཆེན་པོ་གཅིག་གི་ངང།། ཐམས་ཅད་སངས་རྒྱས་ལྷུན་གྱིས་གྲུབ།། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། ། འགྲོ་བ་ཀུན་ལ་རང་བཞིན་གནས།། ཆུབ་པར་གནས་པས་བཅོམ་ལྡན་འདས།། འདི་ནི་ཡེ་རྒྱ་སྤྱི་ཡི་དབང།། མ་རིག་རྨོངས་ལ་ཞེན་པ་རྣམས།། ཁྱད་པར་རིམ་པར་བགྲོད་པའི་ལམ།། སྙིང་པོར་གནས་པས་བྱང་ཆུབ་སྟེ། ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ།། སངས་རྒྱས་སེམས་ཅན་རང་བཞིན་གཅིག། དེ་ཡང་འདི་དོན་འདི་ལ་དབང།། སེམས་ཐབས་གང་གིས་དབང་བ་དང།། དོན་ཆེད་ཅི་ལ་དབང་བ་དང། ། དབང་གི་རྣམ་གྲངས་བསྟན་པ་དང།། དབང་རྟགས་ཅི་འཆང་བསྟན་པ་དང།། དབང་ཡུལ་ཅི་ལ་བསྒྱུར་བ་དང།། དབང་གི་དུས་ཚོད་བསྟན་པ་དང།། དབང་གི་ཚད་ཀྱང་བསྟན་པ་དང།། དབང་གི་སྐུར་ཐབས་བསྟན་པ་དང། ། དབང་གི་ཁྱད་པར་བསྟན་པ་དང།། དབང་གི་མན་ངག་བསྟན་པ་དང།། དབང་གི་དྲོད་ཚད་བསྟན་པ་དང།། རྣམ་པ་བཅུ་གཅིག་བཀའ་སྩལ་ཏོ།། དེ་བས་ཕྱི་ནང་གསང་བ་ཡི།། དབང་གི་རིམ་པ་ཤེས་པར་བྱ། ། གསང་བའི་དབང་གི་མདོར་བསྟན་པ།། ལྷ་སྦྱིན་བརྡའ་སྤྲོད་བུམ་པའི་དབང།། བག་བཙུན་སྐྲ་བཟང་དབུ་རྒྱན་དབང།། པདྨར་རྡོར་བཅུག་རྡོ་རྗེའི་དབང།། རྡོ་རྗེ་པད་བསྐྱོད་དྲིལ་བུའི་དབང། ། པདྨར་བྱང་ཆུབ་སེམས་ལྕེས་ལོན།། འདི་ནི་དམ་ཚིག་གསུམ་ཡིན་ནོ།། རྡོ་རྗེའི་ལྕེས་ལེན་བརྟུལ་ཞུགས་མཆོག། དེ་ཡི་འབྲས་བུ་དེ་དག་ནི།། དགའ་དང་དགའ་མེད་རབ་ཏུ་དགའ།། རབ་ཏུ་བསྔགས་པས་ཡོན་ཏན་ཐོབ། ། སེམས་བསྐྱེད་པ་དང་འཇིགས་པ་མེད།། རྣམ་རྟོག་སྤང་དང་ཏིང་འཛིན་ཐོབ།། ཤེས་བྱ་ཀུན་ལ་ཐོགས་མེད་པའི།། ཚད་མེད་བཞི་ལ་རབ་གནས་ན།། འདི་ནི་མི་ལྟུང་སངས་རྒྱས་ཡིན།། སྡུག་བསྔལ་ཐམས་ཅད་བྱང་བར་འགྱུར། ། དེ་བས་ཕྱི་ནང་གསང་བ་ཡི།། མཐར་ཐུག་ཚུལ་དུ་རིམ་པར་བགྲོད།། ཐེག་པ་ཇི་སྙེད་གཅིག་གསུངས་ཀྱང།། དབང་བསྐུར་གནང་བ་མ་ཐོབ་ན།། ཤེས་བཞིན་དབང་མེད་རྣལ་འབྱོར་རློམ་སེམས་ཅན། ། ཁ་ཅིག་ཡ་མ་བརླ་དང་གསོབ་འདྲ་ལ།། དོན་དང་མཐུན་པའི་སྐྱེས་བུ་དབང་ཆེན་ལ།། རྟགས་དང་འབྲེལ་པས་དབང་བསྐུར་ཤིན་ཏུ་རིགས།། དབང་མེད་ཁ་ཅིག་རང་དབང་ཟོས་གྱུར་ན། ། ཐུག་ཐུབ་ཁོང་ལངས་ཤེས་ཐོབ་ཚོད་བཞག་ནས།། ཆེ་བཞི་མེད་བཞིན་ཡོད་པའི་ལས་སྤྱོད་པ།། ངན་སོང་གསུམ་གྱི་ས་བོན་དེ་ཡིན་པས།། སྲིད་ལམ་འཁྱམས་ཤིང་ཆོས་ལམ་རིང་བར་སྣང།། བཀའ་ལ་བརྟེན་ནས་དབང་མེད་བཀའ་བརྐུས་པ། ། དབང་ལུང་ཚད་མར་གྱུར་པའི་སྐྱེས་བུ་ཡིས།། བསྐུར་ཡང་མི་ཐོབ་དབུལ་མོའི་གཏེར་དང་འདྲ།། ཐོབ་པར་མི་འགྱུར་ཆགས་མི་འགྱུར།། འབྲས་བུ་མེད་ཅིང་བརླག་པར་འགྱུར། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྱད་པར་དབང་གི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་པདྨའི་སྙིང་པོ་རྡོ་རྗེ་རྩེ་གཅིག་ཏུ་གནས་པ་དེས། མི་འདའ་བ་རྡོ་རྗེ་རྒྱན་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས། འདའ་དཀའ་ཐུགས་ཀྱི་དམ་ཚིག་འདི་གསུངས་སོ།། བསྡམ་པར་བྱ་བའི་དམ་ཚིག་ནི།། སྲོག་གི་ཕྱིར་ཡང་མི་གཏང་ངོ།། སྣ་ཚོགས་དངོས་པོར་སྣང་བ་ཡང། ། དངོས་པོ་མེད་པའི་སྐུར་གསལ་བས།། རྟོགས་པའི་དོན་ལས་མི་འདའ་འོ།། སྒྲ་མཐའ་སྣ་ཚོགས་གྲགས་པ་ཡང།། སྨྲ་བ་མེད་པའི་གསུང་ཡིན་པས།། རིག་པའི་དོན་ལས་མི་འདའ་འོ།། བསྟན་དུ་མེད་པའི་བསམ་པ་ནི། ། དེ་ནི་ཐུགས་ཀྱི་རང་བཞིན་ཏེ།། དེ་ལས་འདའ་བར་མི་བྱའོ།། སྐུ་གསུང་ཐུགས་ལས་མ་གཡོས་ཀྱང།། ཆེ་བའི་ཡོན་ཏན་སྣ་ཚོགས་འབྱུང།། འོན་ཀྱང་ཟད་མེད་འཕེལ་བ་མེད།། ཡོན་ཏན་དམ་ཚིག་ཡིན་པར་གྲགས། ། དེ་ལས་འདའ་བར་ཡང་མི་བྱ།། རྩོལ་བ་མེད་པའི་ལས་གང་ཡིན།། དེ་ནི་ཐབས་ཀྱི་སྤྱོད་པ་ལས།། ཕྲིན་ལས་དམ་ཚིག་འདའ་དཀའ་འོ།། ལྔ་པོ་དེ་ལ་གང་གནས་པ།། རྣལ་འབྱོར་སྐལ་ལྡན་དམ་པའོ། ། བསྒྲུབ་པའི་དམ་ཚིག་ཆེན་པོ་ནི།། བྱང་ཆུབ་སེམས་དང་ཤ་རྣམས་དང།། ཁྲག་དང་དྲི་ཆུ་དྲི་ཆེན་པོ།། དབང་པོ་ལྔ་དང་བཅས་པ་ནི།། བདེ་གཤེགས་ལྔ་ཡི་ཐུགས་དམ་ནི།། བསྒྲུབ་ལ་གནས་པས་མི་སྤང་སྟེ། ། འདའ་བར་བྱ་བ་མ་ཡིན་ནོ།། བརྟུལ་ཞུགས་དམ་ཚིག་ཆེན་པོ་ནི།། དཀའ་ཐུབ་སྡོམ་ལ་གནས་པའི་ཕྱིར།། བདུད་རྩི་དམ་ཚིག་རྐྱེན་དང་བཅས།། ཐོགས་པ་མེད་པའི་བརྟུལ་ཞུགས་ཀྱིས།། སྤང་ལེན་མེད་པར་རོལ་པར་བྱ། ། བསྟེན་པའི་དམ་ཚིག་ཆེན་པོ་ནི།། ལྷ་དང་རྫས་དང་ཚེ་ལ་སོགས།། སྙིང་པོ་ཡིག་འབྲུར་བཅས་པ་རྣམས།། གཉིས་སུ་མེད་པར་རྟོགས་བྱས་ནས།། མཉམ་པ་ཆེན་པོའི་དབྱིངས་སུ་གཞག། སྤྱད་པར་བྱ་བའི་དམ་ཚིག་ནི། ། པདྨ་ཅན་དང་དུང་ཅན་དང།། བན་གླང་ཅན་དང་རི་མོ་ཅན།། བུ་མོ་མིག་རིང་ལ་སོགས་ཀུན།། ཕྲད་པར་གྱུར་པ་སྦྱར་བ་ཡིན།། མཐོང་བ་ཙམ་གྱི་དམ་ཚིག་སྟེ།། དབང་པོ་ཡུལ་དང་ཤེས་མཚོན་ལྡན། ། གྲུབ་པར་བྱ་བའི་དམ་ཚིག་ནི།། ཉོན་མོངས་ལྔ་པོ་གནས་སུ་དག། སྐུ་དང་ཡེ་ཤེས་ལྡན་སྦྱོར་ཞིང།། ཐམས་ཅད་ལྷ་ཡི་ཕྱག་རྒྱར་གསལ།། ཤེས་པར་བྱ་བའི་དམ་ཚིག་ནི།། འཁོར་བའི་ཆོས་ལྔ་མ་སྤངས་ཤིང། ། སྤྱད་པས་གྲོལ་ཏེ་མྱ་ངན་འདས།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རོ།། དང་དུ་གླང་བའི་དམ་ཚིག་ནི།། ཏན་གཎ་ལ་སོགས་སྤྱད་པར་ཡང།། འདས་པའི་སངས་རྒྱས་རྣམས་ཀྱི་བཀའ། ། མ་བྱིན་པར་ཡང་བླང་བ་དང།། མི་ཚངས་པ་ཡང་སྤྱད་བྱ་ཞིང།། ལྷ་དང་སློབ་དཔོན་མཆེད་ལ་སོགས།། སྤངས་ཤིང་ཉམས་པ་བསྒྲལ་བར་བྱ།། དེ་ལ་རྫུན་གྱི་ཚིག་སྨྲ་ཞིང།། བརླང་པོའི་ངག་གིས་གཞིར་བཏབ་པོ། ། གླུ་བྲོ་གསང་བའི་དམ་ཚིག་ནི།། དབྱིངས་ཉིད་གསང་བའི་ས་གཞི་ལ།། བུདྡྷ་ཁྲག་འཐུང་རོལ་པའི་བྲོ།། གཏི་མུག་གནས་སུ་འཇོམས་པ་སྟེ།། འདའ་དཀའ་སྐུ་ཡི་དམ་ཚིག་གོ། མེ་ལོང་གསལ་བའི་ས་གཞི་ལ། ། རྡོ་རྗེ་ཁྲག་འཐུང་རོལ་པའི་བྲོ།། ཞེ་སྡང་གནས་སུ་འཇོམས་པ་སྟེ།། འདའ་དཀའ་ཐུགས་ཀྱི་དམ་ཚིག་གོ། མཉམ་པ་ཆེན་པོའི་ས་གཞི་ལ།། རིན་ཆེན་ཁྲག་འཐུང་རོལ་པའི་བྲོ།། ང་རྒྱལ་གནས་སུ་འཇོམས་པ་སྟེ། ། ཡོན་ཏན་ལྷུན་གྲུབ་དམ་ཚིག་གོ། སོ་སོར་རྟོག་པའི་ས་གཞི་ལ།། པདྨ་ཁྲག་འཐུང་རོལ་པའི་བྲོ།། འདོད་ཆགས་གནས་སུ་འཇོམས་པ་སྟེ།། སྒྲ་མཐའ་ཆུབ་པའི་དམ་ཚིག་གོ། ནན་ཏན་ཆེན་པོའི་ས་གཞི་ལ། ། ཀརྨ་ཁྲག་འཐུང་རོལ་པའི་བྲོ།། ཕྲག་དོག་གནས་སུ་འཇོམས་པ་སྟེ།། ཕྲིན་ལས་དམ་ཚིག་འདའ་དཀའ་འོ།། སྟོང་ཉིད་ཡེ་ཤེས་ས་གཞི་ལ།། དབང་ཆེན་ཁྲག་འཐུང་རོལ་པའི་བྲོ།། དུག་ལྔ་གནས་སུ་འཇོམས་པ་སྟེ། ། སྐུ་ལྔ་ལྷུན་སྦྱོར་དམ་ཚིག་གོ། དབྱིངས་ཕྱུག་ལྔ་ཡི་ས་གཞི་ལ།། ཡེ་ཤེས་དྲུག་གི་བྲོ་བརྡུངས་ཤིང།། དུག་ལྔ་འཇོམས་པའི་གླུ་བླངས་པས།། སྡུག་བསྔལ་ཆུ་བོའི་གཞུང་བསྐམས་ནས།། འཁོར་བའི་རྒྱ་མཚོ་གཏིང་བསྐམས་ཏེ། ། སྐུ་གསུང་ཐུགས་སུ་རྒྱས་བཏབ་ནས།། བདེ་བ་ཆེན་པོར་རྣམ་སྦྱར་ཏེ།། དམྱལ་སོགས་མེ་དཔུང་གནས་སུ་བསད།། འདི་ནི་དཔལ་ཡི་བྲོ་བོ་ཆེ།། ཐོས་པ་ཙམ་གྱིས་རྟོགས་པ་དང།། བརྡུངས་པ་ཙམ་གྱི་ཐུགས་དམ་སྐོང། ། འདི་ནི་གླུ་བྲོའི་དམ་ཚིག་སྟེ།། ཐམས་ཅད་ཆོས་སྐུ་བརྡལ་བ་ཆེ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། འདའ་དཀའ་དམ་ཚིག་གི་ལེའུ་སྟེ་དགུ་པའོ། །།། དེ་ནས་བཅོམ་ལྡ་འདས་རྡོ་རྗེ་རྩེ་གཅིག་པདྨར་གནས་པ་དེས། དེ་བཞིན་ཉིད་ལ་དམིགས་ནས། ཅང་མི་གསུང་བར་བཞུགས་སོ།། དེའི་ཚེ་རིགས་ལྔ་རྒྱ་མཚོ་བདེ་གཤེགས་འཁོར་རྣམས་ཀྱིས། ། འདུལ་ཐབས་སྣ་ཚོགས་འགྲོ་བ་འདུལ་བར་འགྱུར།། སྐུ་ཡི་དོན་མཛད་སྡིག་སྤོང་སོ་སོར་འདུལ་བ་ནི།། དམྱལ་བའི་གཤེད་པོའི་གཟུགས་ལ་ཡི་དྭགས་ཁ་འབར་གཟུགས།། བྱོལ་སོང་སེང་གེ་མི་ཡི་འཇིག་རྟེན་དུ། ། འཁོར་ལོས་སྒྱུར་རྒྱལ་ལྷ་ཡི་གཟུགས་སུ་བསྟན།། ལྷ་མིན་ཐགས་བཟང་ལྷ་ལ་བརྒྱ་བྱིན་ནོ།། ཚངས་རིས་ཚངས་ཆེན་ཆགས་བྲལ་དགྲ་བཅོམ་མོ།། རང་རྒྱལ་བསེ་རུ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ། ། རྣམ་སྣང་ཚུལ་དང་ཇི་ལྟར་འདུལ་འདུལ་བསྟན།། མཐུན་བྱས་སྣ་ཚོགས་འགྲོ་བ་ཇི་ལྟར་འདུལ་བ་བཞི།། ཆོས་ཀྱི་འཁོར་ལོ་སྣ་ཚོགས་རབ་ཏུ་བསྐོར་བ་ནི།། སྡེ་སྣོད་གསུམ་དང་ལ་ལར་གསུང་རབ་བཅུ་གཉིས་བསྐོར། ། ལ་ལར་བརྒྱད་ཁྲི་བཞི་སྟོང་བསྐོར།། གཏི་མུག་རྨོངས་པའི་སེམས་ཅན་ལ།། སངས་རྒྱས་འཁོར་ལོས་འཁོར་ལོ་བསྐོར།། ཞེ་སྡང་ཅན་ལ་རྡོ་རྗེ་སྟེ།། ང་རྒྱལ་ཅན་ལ་རིན་པོ་ཆེ།། འཁོར་ལོ་བླ་ན་མེད་པ་བསྐོར། ། འདོད་པས་འཆེལ་ལ་པདྨ་ཡིས།། ཕྲག་དོག་ཅན་ལ་ལས་སྣ་ཚོགས།། འཁོར་ལོ་བླ་ན་མེད་པ་བསྐོར།། འགྲོ་དྲུག་སོ་སོའི་སྐད་རྣམས་ཇི་ཙམ་པར།། དེ་སྙེད་སྒྲ་སྐད་ཐ་དད་སྟོན་པར་མཛད།། གསུང་གཅིག་དག་གིས་གསུང་མོད་ཀྱང། ། དུ་མ་ཉིད་དུ་སོ་སོར་གོ། ལ་ལར་ལྷུམས་གཤེགས་ལྷུམས་ནས་བལྟམས་ཤིང་གཞོན་ནུ་རོལ་པར་སྟོན།། ལ་ལར་ཁབ་བཞེས་ཁབ་ནས་རབ་བྱུང་དཀའ་ཐུབ་དཀའ་བ་སྤྱོད།། ལ་ལར་བྱང་ཆུབ་སེམས་བསྐྱེད་བདུད་བཞི་བཏུལ་དང་རྡོ་རྗེའི་གདན་ལ་གཤེགས། ། ལ་ལར་བྱང་ཆུབ་ཤིང་དྲུང་བཞུགས་དང་ལ་ལར་བསྐུལ་བའི་ས་ལ་གཤེགས།། ལ་ལར་རྣམ་པ་བཅུ་གཉིས་ལན་གསུམ་དག་ཏུ་འཁོར་ལོ་བསྐོར། ། ལ་ལར་ཆོ་འཕྲུལ་སྟོན་དང་མྱ་ངན་འདས་དང་སྐུ་གདུང་རིང་བསྲེལ་སྟོན།། ལ་ལར་གླེགས་བམ་སྟོན་དང་ཕྱི་རོལ་འབྱུང་དང་ཆོས་མཐུན་སྒྲ་སྐད་འབྱུང།། ལ་ལར་མུ་སྟེགས་ཚུལ་དང་བསམ་གཏན་བསྒོམ་དང་ས་བཅུ་རིམ་གྱིས་ལ་ལར་འབྱུང། ། ལ་ལར་སྤྱན་ལྔ་རྣམ་དག་ལ་ལར་མངོན་ཤེས་ཕ་རོལ་ཕྱིན།། ཁྱབ་འཇུག་དབང་ཕྱུག་ཆེ་དང་ལ་ལར་འཇིག་རྟེན་སྐྱོང་བའི་ཚུལ།། འགྲོ་རྣམས་ཇི་ལྟར་འདུལ་ཞིང་བྱིན་རླབས་ཆོ་འཕྲུལ་དེ་ལྟར་སྟོན། ། དེ་ཚེ་འགྲོ་བ་ཐམས་ཅད་ལས་ཀྱི་སྟོབས་ཀྱི་དབང་གྱུར་པ།། ལོག་ལྟའི་ཤུགས་བསྙེམས་མ་གཏོགས་གཞན་རྣམས་སངས་རྒྱས་བསྟན་ལ་དད་པར་འགྱུར།། བྱང་ཆུབ་སྤྱོད་སྒོ་ཇི་སྙེད་དེ་སྙེད་འབྲས་བུ་བདེ་ལ་བཀོད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཐུགས་རྗེ་འདུལ་བའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་བཅོམ་ལྡན་འདས་རིགས་སོ་སོའི་བདེ་བར་གཤེགས་པ་ལ་སོགས་པ་དགོངས་པ་གཅིག་ཏུ་གྱུར་ཏེ། ལོག་པའི་ལམ་དངོས་པོ་ལ། མངོན་པར་འཆལ་བ། མངོན་པའི་ང་རྒྱལ་གྱི་མཐུས་བསྙེམས་པ། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པས་འཇིག་རྟེན་གྱི་ཁམས་ཕུང་བར་བྱེད་པ་རྣམས། ཞི་བས་ཕན་པའི་སྐབས་ལ་མ་བབ་སྟེ། རོལ་པའི་མཛད་སྤྱོད་ཀྱིས་འདུལ་བར་གཟིགས་ནས། བདེ་བར་གཤེགས་པས་བཀའི་འགྲོ་བ་མཛད་དོ།། བཅོམ་ལྡན་འདས་ཁྲག་འཐུང་གི་སྙིང་པོས་འགྲོས་པ། ཀྱེ་མ་འདུས་པའི་ཚོགས་ཆེན་དག། འདས་པའི་དུས་ན་སྔོན་བྱུང་ལྟར།། ད་ལྟའི་དུས་འདིར་འབྱུང་བ་སྟེ།། དེ་བཞིན་གཤེགས་པའི་གསུང་རབ་ལ།། བདག་ཉིད་ཆེན་པོ་རྟོག་པ་ཡི།། ཁྲོ་བོའི་ཚུལ་དུ་སྔོན་བྱུང་བ། ། དེ་ཚེ་སེམས་ཅན་ཐམས་ཅད་ཀུན།། ཤིན་ཏུ་ཁྲོ་དྲག་གཏུམ་པར་གྱུར།། འོ་དོད་འབོད་པར་ལྟུང་བར་གྱུར།། མི་བཟོད་སྡུག་བསྔལ་མཐའ་ལ་ཞེན།། ཇི་ལྟ་བ་ཡི་ཐབས་ཀྱིས་གདུལ།། ཞེས་གསུངས་སོ། ། གཏི་མུག་ཚོགས་ཀྱིས་བགྲོས་པ་ནི།། ཤིན་ཏུ་གཏུམ་པའི་སེམས་ཅན་འདི།། དེར་བཞག་བག་ཆགས་ངན་པ་ཡིས།། བདུད་འཕེལ་རིག་འཛིན་རྒྱུན་གཅོད་ཅིང།། སྟོན་པའི་གསུང་རབ་འཇིག་པར་འགྱུར།། ལས་ཀྱི་མུན་པས་འགྲོ་བ་འཁྱམས། ། དུག་ནད་རིམས་ནད་ཕྲ་མེན་མ།། གནོད་སྦྱིན་གདོན་དང་ལོག་འདྲེན་གནོད།། སྲིད་གསུམ་འཇིག་ཅིང་དམ་ཚིག་འདྲལ།། ཇི་ལྟ་བུ་ཡི་ཐབས་ཀྱིས་གདུལ།། ཞེས་བགྲོས་སོ།། བདེ་གཤེགས་ང་རྒྱལ་ཆེན་པོའི་ཚོགས་ཀྱིས་བགྲོས་པ་ནི། ། འདས་དུས་སྔོན་བྱུང་རཱུ་ཏྲ་དེས།། ད་ལྟར་འདི་འཚེར་བྱུང་བ་ཡི།། དུག་གསུམ་བརྩེགས་པའི་རི་བོ་འདི།། རྒྱལ་བ་འདས་པ་སྦྱོར་བ་ཡིས།། ཇི་ལྟར་འཚམས་པ་བཞིན་དུ་འོས། ། སངས་རྒྱས་ཐམས་ཅད་འདུས་ནས་ཀྱང།། མངོན་སྤྱོད་རོལ་པའི་ཐབས་ཆེན་གྱིས།། འཁོར་བ་བསྒྲལ་བའི་དུས་ལ་བབ།། ཅེས་བགྲོས་སོ།། བདེ་གཤེགས་ཆགས་པ་ཆེན་པོའི་ཚོགས་ཀྱིས་བགྲོས་པ་ནི། ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་ངོ་བོ་ལས།། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད།། ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང།། འཇིག་རྟེན་གསུམ་དག་བསྲེག་བྱེད་ན། ། སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས།། ཁམས་གསུམ་མ་ལུས་སྨོས་ཅི་དགོས།། ཞེས་བགྲོས་སོ།། བདེ་གཤེགས་ཕྲག་དོག་ཆེན་པོའི་ཚོགས་ཀྱིས་བགྲོས་པ་ནི།། རང་བཞིན་དག་པའི་ངོ་བོ་ལ།། ལོག་རྟོག་ཕྱིན་ཅི་ལོག་གིས་བཅིངས། ། དངོས་པོ་རང་དགར་ཞེན་པ་ཡི།། གདུལ་དཀའ་མ་ལུས་འདུལ་བ་དང།། དམ་ཚིག་ལ་སྡང་རྣམ་གཅད་ཕྱིར།། དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད།། ཅེས་བགྲོས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། བཀའ་མོལ་བ་མཛད་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དེས།། འཁོར་འདུས་པའི་ནང་ནས།། རིགས་ལྔ་བདེ་བར་གཤེགས་པ་རྡོ་རྗེ་རྩེ་གཅིག་པདྨར་གནས་པ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། ། བདེ་བར་གཤེགས་པ་དཀའ་ཐུབ་ཅན་གྱི་སེམས་ཅན་འདི།། རྒྱུ་རྐྱེན་གང་ཡིན་འབྲས་བུ་ཅིར་སྨིན་རིགས་སྡེ་གང་དུ་གཏོགས། ། ལས་སྐལ་ཅི་བྱེད་བཏུལ་དང་མ་བཏུལ་སྐྱོན་ཡོན་ཅི་ལྟར་ཐོབ།། བདེ་གཤེགས་བཀའ་སྩལ་ལོག་པའི་སེམས་ཅན་ཆེན་པོ་འདི།། གཟུང་འཛིན་རྟོག་ངན་རྒྱུ་ཡིན་ལོག་པར་སྤྱད་པས་རྐྱེན།། འབྲས་བུ་དུག་ལྔ་སྨིན་ཅིང་འཁོར་བའི་རིགས་ཆེན་འདི། ། གདོལ་པའི་འབྱུང་པོར་གཏོགས་ཤིང་ལས་སྐལ་ཆགས་སྡང་སྤྱོད།། མ་བཏུལ་ལྷ་མིའི་སྲིད་བརླགས་ཁ་ལོ་ལོག་པར་བསྒྱུར།། སངས་རྒྱས་ཞིང་ཁམས་སྟོངས་ཤིང་འཁོར་བ་དམན་ལ་ངན། ། སངས་རྒྱས་དམན་རིས་ལུས་ནས་དོན་ལ་མི་ཕན་སྐྱོན།། བཏུལ་ན་ཡོན་ཏན་དུག་གསུམ་རྩད་གཅོད་འཁོར་བ་ཆོས་ཉིད་འགྱུར།། ཞིང་ཁམས་དག་པས་ཡོན་ཏན་ཆེན་པོ་འཐོབ།། ཅེས་གསུངས་པས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཤིན་ཏུ་བསྐུལ་ཏེ།། ཨེ་མའོ་བདེ་བར་གཤེགས་པ་རྣམས།། ཐུགས་རྗེ་ཆེན་པོའི་མངའ་བདག་ཅན།། དུས་ལ་བབ་པའི་བསྐལ་ཆེན་འདིར།། ལས་ལ་བབ་པའི་ཐུགས་རྗེ་ཡིས། ། རྣམ་པར་སྨིན་པའི་འབྱུང་པོ་འདི།། བསྒྲལ་བར་གྱུར་ནི་ཐུགས་རྗེའི་མཆོག། ཅེས་ཉེ་བར་བསྐུལ་བས།། སྤྲུལ་པའི་ཆོ་འཕྲུལ་མངོན་པར་འདུ་མཛད་དེ།། ཡེ་ཤེས་སྤྲིན་དམར་ཆར་སྤྲིན་བཞིན། ། འབར་བའི་ཕྱག་རྒྱ་སྣ་ཚོགས་བཞེངས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། བདེན་པའི་གཞུང་གིས་འདུལ་བར་གཟས།། རཱུ་ཏྲ་ནག་པོས་སེ་གོལ་བརྡེག། བདག་ཉིད་མི་འདུལ་ངོ་མཚར་ཆེ།། གོའུ་ཏ་མ་ཁྱོད་ཀྱིས་བདག་མི་འདུལ། ། རང་རང་དཀའ་ཐུབ་བདེ་ལ་གནོས།། དེ་སྐད་ཟེར་ཏེ་མ་ཉན་ནོ།། དེ་ནས་ཁྲོ་བོ་ཆེན་པོ་རྣམས།། ཁྲོ་བོའི་འཁོར་རྣམས་བསྡུ་བའི་ཕྱིར།། རྡོ་རྗེ་རྟ་ཡི་ཚོགས་སུ་སྤྲུལ།། ཁྲོ་བོ་རྟ་མཆོག་ཚོགས་མཆོག་ལ། ། རཱུ་ཏྲ་ཐུལ་བར་བཀའ་བསྒོ་བས།། དཔལ་གྱི་རྒྱལ་པོ་རྟ་མགྲིན་གྱིས།། ཚངས་པའི་གསུང་དབྱངས་ལྟ་བུ་ཡིས།། སྲིན་པོ་མ་སྲིན་དབང་བསྡུས་ནས།། འདུལ་བ་འདྲིད་པར་བྱས་ན་ཡང།། ཁོ་མ་ཉན་ཏེ་མ་ཐུལ་ལོ། ། དེ་ནས་ཆོས་དབྱིངས་ཕོ་བྲང་དུ།། ཡེ་ཤེས་སྤྲིན་ཚོགས་ཆར་སྤྲིན་བཞིན།། གཏིབས་ནས་གཟུགས་སྐུ་རགས་པར་བཞེངས།། སྣང་སྲིད་ཡེ་ཤེས་སྤྱན་གྱིས་གཟིགས།། རཱུ་ཏྲ་སྲོག་ཆགས་སྐྱམས་ལིངས་སུ། ། གཟིགས་ནས་ཀུན་རྫོབ་སྒྱུ་མའི་ཚུལ།། མཐུན་པར་མཛད་དེ་རྣམ་པར་རོལ།། རྡོ་རྗེ་རྟ་གདོང་ཚོགས་རྣམས་ལ།། སོང་ཞིག་རབ་ཏུ་ཀུན་ཏུ་སོང།། འཇིག་རྟེན་ཁམས་ན་བདུད་ཀྱི་ཚོགས།། སྲོག་ཆགས་སྐྱམས་ལིངས་བྱེད་པ་ལ། ། སོ་ཚུགས་ཞེས་ནི་བཀའ་བསྒོ་ནས།། རྟ་མགྲིན་རྒྱལ་པོས་འཇིག་རྟེན་དུ།། ཆོ་འཕྲུལ་བསྟན་ནས་འཇིག་རྟེན་དུ།། གནམ་ལྕགས་ཡོད་པའི་རི་ཡི་རྩེ།། མ་ལ་ཡ་ལས་སོ་བཙུགས་སོ།། དེ་ལྟར་ཡུམ་རལ་གཅིག་མ་དང། ། པདྨ་བྲི་གུ་ར་གཉིས་མཉེས།། དཔལ་ཆེན་པདྨ་གར་གྱི་དབང་ཕྱུག་གིས།། འཇིག་རྟེན་ཁམས་སུ་ཀུན་རྫོབ་བྱིས་པའི་སྤྱོད་མཐུན་བྱས།། ཆོ་འཕྲུལ་ཞབས་ཀྱིས་བཅགས་ཏེ་སྲིན་པོའི་གླིང་ཁམས་བྱོན། ། ཉོན་མོངས་འདམ་རྫབ་ཞེ་སྡང་རྫོང་ཞེན་དང།། འདོད་པའི་མཚོ་ལ་ཆགས་ཕྱིར་ཁྲག་གི་རྒྱ་མཚོས་བསྐོར་བ་བདུད་རྩིར་རོལ།། མི་གཙང་འདམ་རྫབ་བསྐོར་བའི་དྲི་ཆེན་བདུད་རྩིར་རོལ།། གོ་རོ་ཙ་ན་རྐང་ཚོགས་བཅུད་འཁྱིལ་ཟིལ་མངར་བདུད་རྩིར་རོལ། ། ཆུ་སེར་རྣག་སོགས་དྲི་ཆུའི་རྒྱ་མཚོ་བདུད་རྩིར་རོལ།། འབུ་དང་འབུ་ཆེན་ལྕགས་ཀྱི་སྦྲང་མ་སོགས།། བསྒྲལ་བའི་ཤ་རུས་མཱཾ་སའི་བདུད་རྩིར་རོལ། ། སྲིན་པོའི་བུ་མོའི་ཚོགས་དང་རྐུན་མོའི་ཚོགས་དག་ལ།། ཐབས་ཀྱི་ག་ཎས་སྲས་རྣམས་འཕགས་པའི་ལུས།། སེམས་ཅན་མགོ་རྟགས་མང་པོའི་ཚོགས་སུ་བྱུང།། འཁོར་རྣམས་འདུལ་ཕྱིར་ཕྲ་མེན་ཚོགས་སུ་བསྟན། ། སྲིན་པོའི་སྒོ་སྲུང་གྲོང་ཁྱེར་ཕྱི་རོལ་ན།། རྟ་གདོང་ཕག་གདོང་བྱ་གདོང་ཁྱི་གདོང་རྣམས།། ཤར་ལྷོ་ནུབ་བྱང་དག་ན་གནས་པ་ལ།། བརྟུལ་ཞུགས་ཆེན་པོ་བཞི་ཡང་མཛད།། དབུས་ཀྱི་ཀེང་རུས་གྲོང་ཁྱེར་ན། ། ཐོད་བརྩིགས་ནང་ན་སྲིན་མོ་རལ་གཅིག་གནས།། བམ་གྱི་ཁྲི་ལ་དུང་ཁྲག་འཐུང།། པདྨ་གར་གྱི་དབང་ཕྱུག་གིས།། སྲིན་པོའི་གཟུགས་སུ་སྤྲུལ་ནས་བྱོན།། དུང་ཕོར་ཚོ་ཞལ་བསྟབས་ཏེ་གསོལ།། གཞན་ཡང་བརྟབ་སྟེ་ཡིད་མ་ཆེས། ། བཟང་ཞིང་མདངས་ཆེན་འབར་བ་མཐོང།། བདག་གི་གཙོ་བོ་དེ་བས་གཟི་བྱིན་ཆེ།། དེ་སྐད་ཅེས་པས་སྲིན་སྐད་བརྗོད།། རུ་ལུ་གསུངས་ནས་ག་ཎ་མཛད།། སྲིན་མོ་དེ་ལས་མ་ཐར་རོ།། དེ་ནས་རྟ་མཆོག་ཚོགས་དག་གིས། ། སྲིན་པོ་བྱུང་བའི་མཚན་མ་གཟིགས།། རྡོ་རྗེ་བྱ་གདོང་སྒྲོན་ཆེན་མཛད།། འདུར་ཆེན་རྟ་འགྲོས་སྟབས་ཀྱིས་གཤེགས།། དགོས་ཚུལ་འདུར་གླུ་བླངས་ནས་སྤྲན།། དེ་དུས་པདྨ་གར་དབང་གིས། ། ལྷག་པའི་བྱང་ཆུབ་སེམས་འཕྲོ་འདུ།། ཡི་གེ་ཨཱཾ་གི་ཚོགས་སྤྲུལ་ནས།། བྷ་གའི་ཟླ་བའི་དཀྱིལ་འཁོར་ལ།། འཁྱིལ་ཞིང་གསལ་ཏེ་བྱིན་གྱིས་བརླབས།། སྲིན་མོའི་མཁའ་ལ་རབ་ཏུ་བཞག། ཡི་གེ་འཁོར་ལོ་ཚོགས་ཆེན་པ། ། དབྱིངས་ཀྱི་ངང་དུ་མི་དམིགས་གྱུར།། སྲིན་མོ་རང་གི་གནས་སུ་ཕྱིན།། ལོངས་སྤྱོད་མི་སྣང་འཁོར་རྣམས་བྱེར།། སྔོན་མ་མཐོང་བའི་ཕྲ་མེན་མ།། ཚོགས་ཀྱིས་བསྐོར་ཏེ་ཡིད་མི་དགའ།། རྟོག་པ་སྐྱེས་ཏེ་ཨེ་མའོ། ། བདག་གི་གནས་འདི་ཇི་ལྟ་བུ།། སྲིན་མོས་མདུན་བསུ་ཨེ་མའོ།། དེ་ལྟ་བུ་ཡི་ཚིག་ནི་མ་གསུངས་ཤིག། ཁྱོད་ཀྱི་དགོངས་པ་བདག་གིས་བསྒྲུབ།། འཁོར་ལ་མ་གསུངས་ལྷུམས་མི་བདེ།། རིགས་ཤིག་འཚོབ་ན་ཅི་ཞིག་འཁྲུངས། ། སྲིན་མོའི་གཟུགས་མཐོང་སྐྲག་ལྡན་མ།། བདག་གི་རིགས་འཛིན་ངེས་འབྱུང་སྙམ།། འདོད་སྦྱར་ཞི་བའི་སྐབས་སུ་ནི།། སྲིན་མོར་རཱུ་ཏྲ་སྐྱེ་ཚུལ་དུ།། རཱུ་ཏྲས་སྐད་ནི་ཐེངས་གསུམ་ཕྱུང། ། དཔལ་རྔམ་སྐད་ཕྱུང་སྲིན་ཚོགས་བརྒྱལ།། བརྒྱལ་སངས་བལྟས་ནས་འཇིགས་མེད་པ།། བདུད་ཀྱི་རྒྱལ་པོ་བདུད་ཀྱི་བདག། འབར་བའི་ཞལ་གྱིས་ཀུན་ཏུ་གཟིགས།། སྲིན་མོ་ལ་བརྟེན་ཚུལ་གྱིས་ཀྱང། ། སྲིན་མོ་ཀྲོ་དྷཱི་ཤཱུ་རིར་འགྱུར།། མཚན་ཡང་རྡོ་རྗེ་སྲིན་མོར་གསོལ།། སྲིན་མོ་སེམས་བརྟས་ང་རྒྱལ་སྐྱེས།། སྲིན་པོའི་བསྐུལ་བྱས་རུ་ལུའི་སྒྲ།། ཆོ་འཕྲུལ་གྲངས་མེད་དྲན་པ་ལས།། དེ་དག་རེ་རེ་ལ་ཡང་སྤྲུལ་པ་འཕྲོས། ། སྲིན་མོ་དག་གིས་སྲིན་སྐད་བཟླས།། ཨོཾ་དང་ཧཱུཾ་བར་རུ་ལུ་བཅུག། དཔལ་ཆེན་ཁྲོ་བོའི་སྲོག་སྙིང་བཟླས།། སྲིན་སྐད་བརྗོད་ཅིང་ང་རྒྱལ་སྐྱེས།། ལུས་ཆེན་བསམ་གྱིས་མི་ཁྱབ་ལ།། རྐང་པ་མི་ཡུལ་མགོ་ནི་སྲིད་རྩེར་རེག། ནད་ཀྱི་བསྐལ་པ་ཁ་ནས་གཏོང།། འཇིགས་བྱེད་ཆེན་པོ་ཕྱག་རྒྱའི་སྐུ།། ཅིར་ཡང་མ་ངེས་གཟུགས་སུ་སྤྲུལ།། ངག་གིས་ངག་ཕྲོགས་གླེན་པ་འདྲ།། ལྕེ་མེད་སྨྲ་བའི་སྟོབས་དང་བྲལ། ། འབྲོས་པར་གཟས་ན་གར་དབང་གིས།། ས་མ་ཡ་ཧོ་དམ་ཚིག་བསྐུལ།། སྲིན་པོས་སྔོན་དུས་བཀའ་ནོས་ཤིང།། ཐ་ཚིག་བསྟན་པ་རྗེས་དྲན་པས།། རང་སྲོག་མ་བཟོད་མདུན་གྱིས་བལྟས།། གར་དབང་ཁ་ཊྭཱཾ་ཕྱག་རྒྱ་བསྟན། ། གངས་རི་རྒྱུད་ཆད་བཞིན་དུ་འགྱེལ།། རྡོ་རྗེ་གར་གྱི་ཕྱག་རྒྱས་བཟུང།། སྐེད་བཟུང་ཞལ་དུ་མིད་པས་སུ།། རཱུ་ཏྲས་སྔོན་དུས་གསང་བའི་བཀའ།། སྤྱད་ནོར་ཉོན་མོངས་ཐག་པས་བཅིངས།། དུག་ལྔ་མ་ཆོམ་ས་གཞི་ལྟ་བུ་དེ། ། ངོ་གཅིག་སྦྱངས་པས་ཆོས་ཀྱི་ཕོ་བྲང་མཐོང།། འཁོར་བ་དང་ནི་མྱ་ངན་འདས།། ཆོས་རྣམས་ཐམས་ཅད་ཡེ་ཤེས་ཏེ།། སྐྱེ་བ་བྱེ་མ་སྙེད་གྲངས་མཉམ།། ལུས་བླངས་སྡིག་སྤྱད་ཀུན་ཀྱང་དྲན། ། ལྟ་ལོག་ཀུན་ཤེས་དགེ་སྡིག་གི། ལས་རྣམས་དག་ནི་མི་བསླུ་བའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། འདུས་ནས་ཐབས་ཅིག་བགྲོས་གྱུར་པ།། དེ་དག་ཀུན་ཀྱང་ཉམས་སུ་མྱོང།། དེ་མ་ཐག་ཏུ་བཅོམ་ལྡན་གྱིས། ། སྣམ་དུ་བཏོན་པས་ཁོ་མི་དགའ།། གདུང་བ་སྐྱེས་ནས་དུས་ཏེ་ཞུས།། ཨེ་མའོ་དཔའ་བོ་ཐུགས་རྗེ་ཆུང།། ཤིན་ཏུ་དབེན་པའི་གནས་ཤིག་ནས།། སྣམ་དུ་བཏོན་པ་ཐུགས་རྗེ་ཆུང།། གལ་ཏེ་བཀའ་ལས་འདའ་གྱུར་ན། ། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང།། རུལ་མྱག་ནས་ནི་ཚིག་པར་གྱུར།། མ་དང་སྲིང་མོ་བུ་མོ་རྣམས།། འབངས་སུ་འབུལ་ལོ་བཀའ་ལ་ཐོགས།། དབུས་སུ་མཆིས་པའི་སྐལ་མེད་ཀྱི།། ཉིད་ཀྱི་དཀྱིལ་འཁོར་མཐའ་ལ་ཞོག། ཕུད་པ་འཚལ་བའི་སྐལ་མེད་ཀྱི།། ལྷག་མ་ཁ་ཆུས་བྲོན་ལ་སྩོལ།། འབངས་ལ་ནན་ཏན་མ་ཆུང་ཞིག། ཞེས་ཏེ་སྨེངས་སུ་གསོལ་བཏབ་པ།། ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། ། དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ།། རྣམ་དག་འོད་གསལ་ཟླ་བའི་དཀྱིལ་འཁོར་མཛེས།། ཇི་ལྟར་མཁའ་ལ་འོད་སྟོང་ཤར་བ་བཞིན།། སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས།། ཁམས་གསུམ་འགྲོ་བ་ཀུན་གྱི་བཤེས་གཉེན་པོ། ། བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ།། བདག་ཅག་ཐོག་མ་མེད་པའི་དུས་མཐའ་ནས།། ལམ་སྟོར་ལམ་ནོར་སྲིད་པའི་འཁོར་ལོར་འཁྱམས།། སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས། ། སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད།། དཔའ་བོ་ཆེན་པོ་ཁྱོད་ལ་སྐྱབས་སུ་མཆི།། གར་གྱི་དབང་ཕྱུག་གསན་ཅིང་དགོངས་སུ་གསོལ།། དར་ཅིང་དྲག་པའི་ལས་དབང་དེ་བཙན་པས། ། འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིངས་གྱུར་ཏེ།། ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས།། གཏི་མུག་མུན་པ་འཐིབས་པོས་ཤེས་རབ་མདོངས།། ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། ། ཕྲག་དོག་རླུང་དམར་འཚུབས་མས་འཁོར་བར་གཡེངས།། བདག་ཏུ་བལྟ་བའི་མདུད་པ་དམ་པོས་བཅིངས།། འདོད་པའི་མེ་མདག་འདྲ་བའི་འོབས་སུ་ཆུད།། སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ། ། འདི་འདྲའི་སྡུག་བསྔལ་ཆེན་པོ་བཟོད་དཀའ་ཞིང།། སྡིག་པའི་ལས་དབང་དྲག་པོ་མེ་འབར་བས།། རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ།། ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན།། བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། ། བདག་ཅག་དོན་སླད་ལུས་འདི་བཞེས་སུ་གསོལ།། གཟི་བྱིན་རྒྱལ་པོའི་མངའ་བདག་དགོངས་སུ་གསོལ།། བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ།། ལས་ཀྱི་དབང་གིས་འདོད་པའི་ཁམས་འདིར་སྐྱེས། ། སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད།། ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད།། ལས་ཀྱི་ཤུགས་ནི་ཆུ་བོའི་ཀླུང་དང་འདྲ།། ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག། རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང།། འདི་ལྟར་ལས་ཀྱི་རླུང་དམར་འདིས་བཏབ་པས།། བསྐལ་པ་གྲངས་མེད་བར་དུ་བདག་ཅག་རྣམས།། འཁོར་བའི་བཙོན་ར་མུན་པར་འཁྱམས་ལགས་ན། ། ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། ལས་དང་ཉོན་མོངས་སྒྲིབ་པ་ཀུན་བྱང་ནས།། མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད།། སྐྱོབ་པ་དཔའ་བོ་ཆེན་པོས་དགོངས་སུ་གསོལ།། ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། ། ཐུགས་རྗེའི་ཞལ་ཉིད་བལྟ་བར་འཚལ་ལགས་ན།། ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས།། མདོངས་པའི་ཆུ་བུར་མིག་གིས་མ་མཐོང་ན།། འགྲོ་བའི་མགོན་སྐྱབས་དེ་སྔ་ག་ལ་བཞུགས། ། ལས་དབང་དྲག་པོ་ཤིན་ཏུ་སྐྱི་གཡའ་བས།། ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས།། དུང་དུང་གདུང་བའི་སྨྲེ་སྔགས་འདི་བཏོན་ཅིང།། ཉམ་ཐག་ཕོངས་པའི་འོ་འདོད་འབོད་ལགས་ན།། བྱམས་མགོན་ཐུགས་རྗེས་དུས་འདིར་མ་གཟིགས་ན། ། ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ།། དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད།། དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ།། ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྲིད། ། དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན།། གང་གིས་ཕྱི་བཤོལ་དུས་ལས་མ་གཡེལ་བར།། ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད།། ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། ། ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ།། བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ།། གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ།། ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ།། རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། ། ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང།། ཁམས་གསུམ་བགྲང་ཞིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང།། བྱས་པའི་ལས་ལ་དོན་མེད་ཆུད་རེ་ཟོས།། སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས། ། སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས།། བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན།། དེ་ཙམ་བྱས་པའི་ལས་ལ་དོན་ཡོད་ན།། ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས།། ཤ་རུས་དྲ་བའི་ལུས་བླངས་འཁོར་བར་འཁྱམས། ། སྡུག་བསྔལ་བཟོད་དཀའ་འཁོར་བའི་བཙོན་རར་ཚུད།། མི་བཟད་སྡུག་བསྔལ་དྲག་པོ་འདི་ལྟ་བུ།། ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང།། ཐུགས་རྗེ་ཆེན་པོས་ལས་དབང་རྒྱུན་བཅད་དེ། ། ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ།། མ་རིག་ལོག་པའི་ལས་ཀྱི་དབང་བཙན་ཏེ།། མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན།། ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ།། ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། ། ཐུགས་རྗེ་ཆེན་པོའི་ཕྲིན་ལས་མི་མཛད་དམ།། དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན།། ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོའམ།། ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན། ། ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ།། ལས་ཀྱི་སྡུག་བསྔལ་རྣམ་སྨིན་མེར་འབར་ན།། ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ།། སྡུག་བསྔལ་འཁོར་བའི་འདམ་དུ་བྱིངས་གྱུར་ན། ། ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ།། ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས།། ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ།། འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། ། བདག་ཅག་ལས་འཕྲོའི་དབང་བཙན་བཞག་ལགས་ན།། ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི།། དཔལ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ན།། ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར།། སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། ། དཔའ་བོ་ཆེན་པོ་ཁྱོད་ལ་བཟོད་པར་གསོལ།། མི་བསྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ།། ཨ་ལ་ལ་ཧོ།། ཞེས་གསོལ་བ་བཏབ་པས། བཅོམ་ལྡན་རྡོ་རྗེ་སེམས་དཔའ་པདྨའི་སྙིང་པོར་གནས་པ་དེས། ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ལྷུན་གྱིས་གྲུབ་པས་སངས་རྒྱས་སྲས་སུ་བསྐྱེད་པའི་ཕྱིར། འཇིག་རྟེན་དྲུག་གི་ཕྱོགས་བཅུར། ཧཱུཾ་ཧཱུཾ་ཧཱུཾ་ཞེས་ལན་དྲུག་གསུངས་པས། རིགས་གཉིས་ལུང་གི་བརྒྱུད་པའི་ཕྱིར།། ཕྱི་ནང་སྣོད་བཅུད་ལུང་ལས་གྱུར་པ་ཡིན།། ཡེ་ཤེས་རྣམ་གཉིས་དོན་གྱི་རྒྱུད།། སྤྲུལ་སྐུ་རྣམ་གཉིས་ཐབས་ཀྱི་རྒྱུད།། ཕྲིན་ལས་རྣམ་གཉིས་ཐུགས་རྗེའི་རྒྱུད།། དྲུག་ལས་བདུན་བྱུང་ཧཱུཾ་གི་རང་བཞིན་ལས། ། ཆོ་ག་གསུམ་ལྡན་འཕྲོ་འདུ་གསལ་བ་ཡིས།། འོད་ཟེར་བདུན་གྱིས་རྒྱུད་བསྐུལ་སྡིག་སྦྱངས་ཏེ།། དུར་ཁྲོད་བདག་པོ་གསང་བ་ཉིད་དུ་སྐྱེ།། དེ་སྐད་ཅེས་གསུངས་པས། ཕྱོགས་བཞི་མཚམས་བཞི་རིན་པོ་ཆེའི་ཀ་བ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པས་ཀྱང་དཔགས་པ། ཀ་བ་རེ་རེ་ལ་ཡང། སྤྲིན་མེད་པའི་ཉི་མ་བདུན་བདུན་གྱིས་བརྒྱན་པ། འོད་ཟེར་གྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། ། སྐྱེ་གནས་བཞི་ལས་སྐྱེས་པའི་སེམས་ཅན། ཉན་ཐོས་དང་རང་སངས་རྒྱས་དང། རིགས་དམན་དང། རིགས་མེད་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཐམས་ཅད་འོད་ཟེར་འབར་བ་དེས་བཅོམས་བཏགས་ནས། ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་འདི་སྐད་ཅེས་གསུངས་སོ།། ཐབས་དང་ཤེས་རབ་ཆེ་བའི་རྟགས།། ཉི་ཟླའི་དཀྱིལ་འཁོར་འོད་ཟེར་དེར། ། བཞུགས་ནས་བཅོམ་ལྡན་འདི་སྐད་གསུངས།། བདག་ནི་རྡོ་རྗེ་སེམས་དཔའ་ཡིན།། ཁམས་གསུམ་དབང་གི་སྐུ་གསུང་ཐུགས།། སྲིད་པ་གསུམ་གྱི་བདག་པོ་ཡིན།། དབང་གི་ཁྲོ་བོ་ཆེན་པོ་ཡིན།། ཞེས་གསུངས་ནས། ཁམས་གསུམ་དང་སྲིད་གསུམ་དུ་རྟོག་པ་ཐམས་ཅད། དུག་གསུམ་བརྩེགས་པའི་དབང་གིས། གཅིག་ལ་གཅིག་འཕྱ་བ་དང། བསྟིངས་པ་དང། མི་དགེ་བཅུ་སྤྱད་པས། ངན་སོང་གསུམ་དུ་གྲངས་མེད་པར་སྐྱེས་སོ། ། ལྷ་དང་མིར་སྐྱེས་ན་ཡང། དཀའ་ཐུབ་དང་སྡོམ་པ་དང་རང་རང་གི་ལེགས་པ་ཐོབ་ཏུ་རེ་བའི་དམ་ཚིག་གཉན་པོ་དག་ལས་ཉམས་པར་གྱུར་པས། ཁམས་གསུམ་སྲིད་པ་གསུམ་དུ་གཏོགས་པ་ཐམས་ཅད་ལས་ཀྱི་དབང་གིས་སྡུག་བསྔལ་བར་འགྱུར་རོ། ། རབ་ཏུ་སྡུག་བསྔལ་བར་འགྱུར་རོ།། ཞེས་གསུངས་ནས།། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་འཁོར་ཐམས་ཅད་རང་རང་གི་ཐུགས་ཀར་འདུས་པས། གཉིས་སུ་མེད་པའི་དབྱིངས་སུ་མི་སྣང་བར་མཛད་དོ། ། གནས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཀྱང། ཉིད་ཀྱི་སྐུ་ལ་བསྡུས་ཏེ་མི་སྣང་བར་མཛད་དོ།། དེ་ནས་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྟན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཅེས་སྒྲ་བརྗོད་ཅིང། ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁྲོས་པའི་སྐུར་མངོན་པར་འདུ་མཛད་དེ། དབུ་ལྔ་ལས་བཞི་ཕྱོགས་བཞིར་འབར་བའི་གཟུགས་ཀྱིས་བལྟ་བ། དབུ་དབུས་མ་ཞི་བའི་ཞལ་སྤྱན་གསུམ་པ་ཀུན་ཐལ་བྱུང་བའོ། ། སྐུའི་ལྟེ་བ་ཨེ་གྲུ་གསུམ་གྱི་འབྱུང་གནས་ལས། རྡོ་རྗེ་དང་རིན་པོ་ཆེ་ལས་བྱུང་བའི་གཤོག་པ་བཞི་ཡང་འཐོན་ཏེ། ཕྱོག་བཅུ་དྲུག་རོལ་པའི་ཚུལ་དུ་འཐོན་ཏོ།། སྒེག་པ་ཆེན་པོ་ཡིན་པས་ཞབས་བརྒྱད་ཀྱང་ཆས་བརྒྱད་དང་ལྡན་པར་སྣང་བའི་ཐུགས་ཀ་ནས། རིག་པའི་ཡི་གེ་ཧཱུཾ་རིན་པོ་ཆེ་སྣ་ལྔ་ལྟ་བུར་ལྡན་པའི། འབྱུང་བ་ལྔ་དང། ཡུམ་ལྔ་དང། ཡེ་ཤེས་ལྔ་དང། གདུལ་བྱའི་ཕྲིན་ལས་རྣམ་པ་ལྔ་རུ་སྦྱོར་བའི་ཚུལ། རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པའི་ཚུལ། དབང་ཆེན་ཡུམ་ལྔའི་དཀྱིལ་འཁོར་ནི། འདི་ནི་རིག་པ་ཧཱུཾ་གི་སྒྲ། འབྱུང་བ་རེ་རེ་ལ་ཡང་རྒྱལ་པོ་རེ་རེ་སྟེ།། འཇིག་རྟེན་ཆགས་ཚུལ་འབྱུང་བ་ནི། ། ཆུ་ཞེང་རྔམས་སུ་བསྟན་པ་ཡང།། གྲངས་དང་ཚད་ནི་བརྗོད་དུ་མེད།། རླུང་མཚོ་ནམ་མཁའི་མཐའ་དབུས་སུ།། རླུང་གི་ཤ་བ་ལྗང་གུ་ལ།། ལུས་ཀྱི་གཏོས་ནི་མཁའ་དང་མཉམ།། ཁ་ནི་ནུབ་བྱང་མཚམས་སུ་བལྟ། ། རྐང་ལག་བཞི་ནི་མཐུར་དུ་བཙུགས།། རླུང་ཕུར་ཟུར་དྲུག་རབ་ཏུ་སྣང།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། སྲིད་གསུམ་གཡོ་འགུལ་ཐམས་ཅད་དང།། སྐྱེ་ཤི་ལས་སྐྱེས་སེམས་ཅན་རྣམས། ། ཐམས་ཅད་རླུང་གིས་བསྐྱེད་པ་ཡིན།། འདི་ནི་ཡི་གེ་ཧཱུཾ་གིས་སྒྲ།། རླུང་མཚོ་མཁའ་མཉམ་རླུང་གི་སྐྱེ་མཆེད་ཀྱིས།། ཉི་མ་མེ་ཤེལ་སྤྱན་མིག་གཡས་སུ་བྱུང།། རླུང་ཉིད་གྲང་བ་ཟླ་མིག་གཡོན་དུ་འབྱུང།། རླུང་གི་ཤ་བ་རུ་བཅུ་གྱེན་དུ་བསྒྲེང་བ་ནི། ། བ་དན་ལྕེ་དགུ་འཐོར་རླུང་ཤུགས་ཀྱིས་བར་སྣང་ཁྱབ་པར་འབུད།། རྣ་བ་རྫུ་འཕྲུལ་ནང་ནས་རླུང་སྔོན་དྲུག་དྲུག་འབྱུང།། རབ་ཏུ་དྲག་པོ་སྐད་ཆེན་དགུ་དགུ་བྱུང་བ་ཡང། ། འཇིག་རྟེན་ཁམས་འདིར་རྩིབ་མ་རྡོ་རྗེའི་གུར་ཕུབ་པ།། བསྐལ་པ་རྡོ་རྗེ་རྒྱ་གྲམ་གནས་པ་རླུང་ཡིན་ཏེ།། རྫི་ནི་ལང་ཚོ་རྩེ་རཾ་པརྞ་ཤ་ཝ་རི།། དྲག་པོ་དཔལ་གྱི་གཟེར་གྱིས་རྒྱུན་མི་འཆད།། ཞེ་སྡང་འབར་བའི་རྡོ་རྗེ་ཆར་བཞིན་འབེབས། ། མེ་འབྲུག་དམར་པོ་བྲི་ཏི་ཧི།། བྲིཥྞ་ཀ་ལ་ཤ་ལྔ་རཱ་ག་ས་མུན་ཛ།། བསྲེག་པར་དཔལ་ཆེན་གདུག་པའི་འོད་ཟེར་འཕྲོ།། ཕྱོགས་རེར་ཞིང་བརྒྱ་བརྒྱད་ཁྲི་བཞི་སྟོང་གནས།། ནམ་མཁར་ཁྱབ་པར་རྒྱུག་པའི་ཞལ། ། རྡོ་རྗེ་དམར་མོའི་ལྕེ་ཡང་འབེབས།། མཇུག་མ་མེ་རི་སྤྲིན་མནབས་ནས།། ནམ་མཁའ་སྟོང་པའི་མཐའ་ནས་གཡོ།། མཆེ་བ་ཟང་ཡག་ལོག་རྟོགས་ཁམས་གསུམ་གཟིར།། ལྷ་མིན་གྲོང་ཁྱེར་འཇོམས་ཤིང་འཇིག་རྟེན་དུས། ། རྡོ་རྗེ་འབར་བའི་གུར་ཕུབ་ནས།། དྲག་ཤུལ་ཆེས་སྒྲས་འཆི་བདག་ཀླད་པ་འགེམས།། འདི་ནི་མེ་འབྲུག་རླུང་འབྲུག་གི།། རིགས་པ་གསུངས་པའི་སྒྲ་ཡིན་ནོ།། ཡེ་ནས་ཀུན་བཟང་ཆོས་དབྱིངས་གདལ་བ་ལ། ། འོད་ཟེར་འབུམ་དུ་འཕྲོས་ཏེ་འོད་ཟེར་དཀྱིལ་འཁོར་གྲུབ།། རྒྱུད་དྲུག་གནས་པའི་སེམས་ཅན་རྣམ་རྟོག་སྦྱངས།། ནམ་མཁའི་རང་བཞིན་ཀུན་ཏུ་བཟང་མོ་སྟེ།། འདི་ནི་ནམ་མཁའ་ཀུན་བཟང་རིག་པའི་བཀའ། ། ཀུན་བཟང་ཆོས་དབྱིངས་ཡེ་ནས་གདལ་བ་ལ།། མཚན་མའི་སྤྱོད་ཡུལ་སྣ་ཚོགས་ཅིར་སྣང་ཡང།། མཉམ་པ་ཆེན་པོ་རོ་གཅིག་སྟེ།། རླུང་གི་དཀྱིལ་འཁོར་འཁྱིལ་ཞིང་འཕྲོ།། དམ་ཚིག་སྒྲོལ་མ་རླུང་གི་སྒྲ། ། ཡེ་ནས་ལྷུན་གྲུབ་བརྡལ་བ་ལ།། མཉམ་པ་ཆེན་པོར་ཆོས་ཀུན་གཅིག། སྤྱོད་ཡུལ་སྣ་ཚོགས་ཅིར་སྣང་ཡང།། མཉམ་པ་ཆེན་པོར་རོ་གཅིག་སྟེ།། ཆུ་ཡི་དཀྱིལ་འཁོར་འཁྱིལ་ཞིང་འཕྲོ།། མཱ་མ་ཀི་ནི་ཆུ་ཡི་སྒྲ། ། ཆོས་དབྱིངས་ཀུན་ཏུ་བཟང་མོ་ལས།། ཡེ་ནས་དངོས་མེད་སྟོང་པའི་ངང།། པད་ལྟར་འབར་ཞིང་བག་ཆགས་བསྲེག། ཀུན་ལ་ཁྱབ་པར་རོ་གཅིག་སྟེ།། མེ་ཡི་དཀྱིལ་འཁོར་ལྟ་བུ་འཕྲོ།། ན་བཟའ་དཀར་མོ་མེ་ཡི་སྒྲ། ། ཆོས་དབྱིངས་གནས་པ་བརྟེན་པའི་སྟོབས།། འདེགས་བྱེད་རྡོ་རྗེ་ལྟ་བུའི་ངང།། གནས་པ་མེད་པར་ཡེ་གནས་པ།། ས་ཡི་དཀྱིལ་འཁོར་ལྟ་བུར་འཁྱིལ།། སངས་རྒྱས་སྤྱན་ནི་ས་ཡི་སྒྲ།། དེ་སྐད་ཞེས་ནི་དབང་ཆེན་ཡུམ་ལྔར་བརྩེགས་པའི་སྒྲ་བྱུང་ངོ། ། དེ་ནས་ཡི་གེ་ཧཱུཾ་ལས་འོད་ཟེར་འབུམ་དུ་འཕྲོས་ནས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་འཕྲོས་ཏེ།། རྣམ་པར་རོལ་པར་གྱུར་ཏོ།། དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནི་གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ།། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ།། ཚིག་རབ་ཏུ་ཚིག། ཀུན་ཏུ་རབ་ཏུ་ཚིག་གོ། འཐོར་རབ་ཏུ་འཐོར། ཀུན་ཏུ་རབ་ཏུ་འཐོར་རོ། ། དེའི་ཁམས་གསུམ་གྱི་སྲིད་པ་བརླག་པར་བྱེད་པ། ལྷ་ཆེན་པོ་བརྒྱད་བསྒྲལ་བའི་ཕྱིར། ཁྲོ་བོ་ཆེན་པོ་བརྒྱད་ཞབས་འོག་ཏུ་བཏིང་སྟེ། དབང་ཆེན་ཤུགས་ཀྱི་སྒྲ་དྲག་པོའི་སྔགས་གཟེར་གྱིས་བརྒྱབ་སྟེ། ཧཱུཾ་ཀཱ་ར་པྲ་བེ་ཤ་ཕཊ། ནཱི་ལ་རཎྜ་པྲ་བེ་ཤ་ཕཊ། ཡ་མཱནྟ་ཀ་པྲ་བེ་ཤ་ཕཊ། ཨཱརྱ་ཨ་ཙ་ལ་པྲ་བེ་ཤ་ཕཊ། པདྨ་ཀུཎྜ་ལི་པྲ་བེ་ཤ་ཕཊ། ཊཀྐི་རཱ་ཛ་པྲ་བེ་ཤ་ཕཊ། མ་ཧཱ་བ་ལ་པྲ་བེ་ཤ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་པྲ་བེ་ཤ་ཕཊ། ནཱ་ཤ་སྟཾ་བྷ་ནི་ནཱ་ཤ་སྟྭཾ་བྷ་ནི། ཡཀྴ་སུཾ་བྷ་ནི། ཡཀྴ་སུཾ་བྷ་ནི། ཞེས་གསུངས་ནས། ཁྲོ་བོ་ཆེན་པོ་བརྒྱད་གཟིར་ཅིང་མནན་པས། གདུག་པའི་མཆི་མ་འཛག་ཅིང། འབོད་གྲོགས་ཀྱི་སྒྲ་བཏོན་པས། ལྷ་ཆེན་པོ་བརྒྱད་ནི་ང་རྒྱལ་བཅག། བདུད་ཀྱི་རྒྱལ་པོ་རྣམས་ཀྱིས་ནི་ཤུགས་རིང་འབྱིན། ཀླུའི་རྒྱལ་པོ་རྣམས་ཀྱིས་ཡེ་ཤེས་བསྐྱེད། རྒྱལ་པོ་ཆེན་པོ་བཞིའི་སྐུ་བཞི་དང་དཔལ་བརྒྱད་ཕྲོགས། གཟའ་དང་རྒྱུ་སྐར་རྣམས་ནི་དུས་བཞི་ལས་འགྱུར་ལྡོག་མེད་པ་སྟེ། དེ་ཡང་ཡོན་ཏན་དང་ཁྱད་པར་ལགས་སོ།། དེ་ནས་དབང་དུ་བསྡུ་ཞིང་གནན་གཟིར་བྱ་བའི་ཕྱིར། མ་ཧཱ་དེ་ཝ་པྲ་བེ་ཤ་ཡ་ཕཊ། དེ་བ་ཀ་པཱ་ལ་བྷྲཱུཾ། ཞེས་བརྗོད་པས་ལྷ་ཐམས་ཅད་བརྒྱལ་བར་གྱུར་ཏེ། གཟུགས་ཁམས་ཀྱི་གཙོ་བོ་མ་ཧཱ་དེ་ཝ་དང་ཁྱབ་འཇུག་འཁོར་ལོ་ཅན་དང། བྷྲྀཾ་གི་རི་ཏི་དགའ་བྱེད་དབང་ཕྱུག་དང།། གཞོན་ནུ་སྨིན་དྲུག་ཚོགས་ཀྱི་བདག། ལེགས་ལྡན་སྟོབས་བཟང་ལ་སོགས་པ། ། གཞལ་ཡས་ཁང་གི་རྨང་དུ་བཏིང།། འདི་ནི་བསྡུས་ཏེ་བྱིན་རླབས་ཡིན།། ནཱ་ག་པྲ་བེ་ཤ་ཕཊ། ནཱ་ག་ཀ་པཱ་ལ་བྷྲཱུཾ། ནཱ་ག་ཀ་པཱ་ལ་བྷྲཱུཾ། ནཱ་ག་ཀ་པཱ་ལ་བྷྲཱུཾ། མཐའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ།། ནོར་རྒྱས་དུང་སྐྱོང་པདྨ་དང། ། ཆུ་ལྷ་ལ་སོགས་ཀླུ་ཡི་འཁོར།། གཞལ་ཡས་ཁང་གི་གདུང་དུ་བྲེས། རཀྴ་པྲ་བེ་ཤ་ཕཊ། རཀྴ་ཀ་པཱ་ལ་བྷྲཱུཾ།། བརྒྱ་བྱིན་མེ་ལྷ་གཤིན་རྗེ་དང།། བདེན་བྲལ་ཆུ་བདག་རླུང་གི་ལྷ།། གནོད་སྦྱིན་དབང་ལྡན་ས་ཡི་ལྷ། ། ཉི་མ་ཟླ་བ་ལ་སོགས་འཁོར།། བསྒྲལ་ནས་གཞལ་ཡས་བརྩིག་པར་བརྩིགས། རཱ་ཛ་པྲ་བེ་ཤ་ཕཊ། རཱ་ཛ་པྲ་བེ་ཤ་བྷྲཱུཾ། རཱ་ཛ་ཀ་པཱ་ལ་བྷྲཱུཾ། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ།། མིག་མི་བཟང་དང་རྣམ་ཐོས་སྲས། ། གན་བུབ་བསྲེས་ནས་བསྒྲལ་བར་བྱ།། ཀ་བ་དང་ནི་རྒྱལ་མཚན་བཙུགས།། འདོད་པའི་ཡོན་ཏན་ཀུན་ལྡན་པའི།། རིན་ཆེན་སྣ་བདུན་དབྲོག་པའི་ཕྱིར།། ཙཀྲ་བརྟི་པྲ་བེ་ཤ་ཡ་ཕཊ། འཁོར་ལོས་སྒྱུར་རྒྱལ་བསྒྲལ་ནས་ནི། ། པགས་པས་དབང་གི་བླ་བྲེ་བྱས།། ཕུང་པོ་ཚོགས་ཀྱི་མཆོད་པར་རོལ།། འཁོར་ལོས་སྒྱུར་རྒྱལ་དབང་ཕྲོགས་སོ།། ཨཱརྱ་ཏྲི་ཏི་པྲ་བེ་ཤ་ཕཊ། སཱུརྱ་པྲ་བེ་ཤ་ཕཊ། སཱུརྱ་ཀ་པཱ་ལ་བྷྲཱུཾ། ཉི་མ་དང་ནི་ཟླ་བ་དང། ། དམག་དཔོན་གཟའ་ལྷག་ཕུར་བུ་དང།། པ་ཝ་སངས་དང་སྤེན་པ་དང།། རཱ་ཧུ་ལ་སྟེ་གཟའ་ཡི་ཚོགས།། བསྒྲལ་ནས་བད་དང་དྲལ་མ་བྱས།། སྨིན་དྲུག་དང་ནི་སྣར་མ་དང།། མགོ་དང་ལག་དང་ནབ་སོ་དང། ། རྒྱལ་ལ་སོགས་པ་ཤར་ཕྱོགས་བསྒྲལ།། མཆུ་དང་གྲེ་དང་དབོ་དང་ནི།། མེ་བཞི་ནག་པ་ས་རི་དང།། ས་ག་ལྷོ་ཕྱོགས་རྣམ་པར་བསྒྲལ།། ལྷ་མཚམས་སྣརོན་དང་སྣརུབས་དང་ནི།། ཆུ་སྟོད་ཆུ་སྨད་གྲོ་བཞིན་དང། ། བྱི་ཞུན་རྣམས་ནི་ནུབ་ཏུ་བསྒྲལ།། མོན་བྲེ་དང་ནི་མོན་གྲུ་དང།། ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང།། ནམ་གྲུ་ཐ་སྐར་བྲ་ཉེ་རྣམས།། བྱང་གི་ཕྱོགས་སུ་རྣམ་པར་བསྒྲལ།། དེ་ཝ་ཨིར་ཡ་པྲ་བེ་ཤ་ཕཊ། ར་ཨཀྴ་ཨིར་ཡ་པྲ་བེ་ཤ་ཕཊ། རཱ་ཛ་ཨིརྱ་པྲ་བེ་ཤ་ཕཊ། ནཱ་ག་ཨིར་ཡ་པྲ་བེ་ཤ་ཕཊ། སཱུརྱ་ཨིརྱ་པྲ་བེ་ཤ་ཕཊ། གྲ་ཧ་དྷུ། གྲ་ཧ་དྷུ། ལྷ་རྣམས་ལུས་བསྒྲལ་བའི་ཕྱིར།། ཊཀྐི་ནི་ཧཱུཾ་ཏ་ཀེཾ་ཏ་ཀེཾ་ཕཊ། བྷནྡྷ་བྷནྡྷ་ཆོམས། ཏིཀྵྞཱ་ཏིཀྵྞཱ་ཆོད། གརྫ་གརྫ་ཧཱུཾ། ཚིནྡྷ་ཚིནྡྷ་ཕཊ། ཕྱོགས་སྐྱོང་ཐམས་ཅད་བསྒྲལ་བའི་ཕྱིར། ཀྲོ་ཏ་ཀྲོ་ཏ་རཾ། ཧ་ལ་ཧ་ལ་ཁཾ། རགྴ་རགྴ་ཧཱུཾ། ཧ་ན་ཧ་ན་ཕཊ། རྒྱལ་ཆེན་འཁོར་ལོས་སྒྱུར་བ་རྣམས། ཀེ་ཏུ་ཀེ་ཏུ་ཏྲཾ། རྒྱལ་མཚན་དག་ཏུ་བཙུགས་གྱུར་ཏོ། ། ཀླུ་རྣམས་མ་ལུས་བསྒྲལ་བའི་ཕྱིར། ནཱ་ག་བིན་དུ་ནཱ་ག་ཨིདྱ་ནཱ་ག་དུང་དུང་ཛ། དུང་དུང་རཀྴ། ཕུད་ཕུད་ནཱ་ག་ལེ་ནཱ་ག་ལེ། ཨ་ག་ལེ། ཨ་ག་ལེ། དུཾ་པ་ལེ། དུཾ་པ་ལེ། ཏ་པ་ལེ། ཏ་པ་ལེ། ཧུ་ཡ། ཧུ་ཡ། སྥོ་ཊ་སྥོ་ཊ། རོ་ཥ་ན་རོ་ཥ་ན། ཨཱ་ཀརྵ་ཡ་ནཱ་ཤ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། དེ་སྐད་ཅེས་བརྗོད་པས། དབུས་ཁམས་གསུམ་དབང་དུ་སྡུད་པའི་གཞལ་ཡས་ཁང། ཐོད་རུས་འབར་བའི་བར་ཁྱམས་དང། མེ་རི་འབར་བའི་ཁྱམས་དང། ཆུ་སྲིན་གྱི་ནི་སྒོ་བཞི་དང། ཐུག་པ་མེད་པའི་གཞལ་ཡས་ཁང་དེ་ན། ནམ་མཁའ་དང་མཉམ་པ། འཇིགས་བྱེད་ཀྱི་རྒྱལ་མཚན་མང་པོས་བརྒྱན་པ། ལྷུན་གྱིས་གྲུབ་པར་གྱུར་ཏོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁམས་གསུམ་དབང་དུ་བསྡུས་ཤིང་བདུད་བཏུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་གར་གྱི་དབང་ཕྱུག་ལྷ་མཆོག་དམ་པ་དེས། གདན་ལྔ་རིམ་པར་བརྩིགས་པ་ལ་སྙོམས་པར་ཞུགས་ཏེ། དཔལ་གྱི་གཟི་བརྗིད་གླུ་ཚངས་པའི་མགུར་བཞེངས་ནས་ལུང་བསྟན། ཁ་ཊྭཱཾ་གའི་ཕྱག་རྒྱ་ཡང་བསྟན། དམ་ཚིག་བསྒྲགས། དེ་དག་གི་རྒྱལ་པོ་རྣམས་ཕྱིར་མི་ལྡོག་པའི་ས་ལ་བཀོད། རཱུ་ཏྲ་ཉིད་ནི་རྡོ་རྗེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བར་ལུང་བསྟན། རཱུ་ཏྲའི་འཁོར་ཉེ་གནས་རྣམས། སླས་དང་བྱི་མོར་བཟུང་ཞིང་བྱིན་གྱིས་བརླབས། བྲན་ཕོ་དང་བྲན་མོ་རྣམས་ནི་བཀའ་ལ་བཏགས་ཏེ། དཀྱིལ་འཁོར་གྱི་མཐའ་སྐོར་ལ་བཞག་གོ། དེ་དག་གིས་གསོལ་པ། བདག་ཅག་གི་སྲོག་གི་སྙིང་པོ་ནི། རུ་ལུ་རུ་ལུ་ཞེས་བགྱི་བ་ལགས་ཏེ།། ལས་ལ་མྱུར་བ་དངོས་གྲུབ་ཏུ་གྱུར་པ་དང། མ་ལྟར་ཉེ་ཞིང་སྲིང་ལྟར་གདུང་བ་དང། མཛའ་མོ་ལྟར་ཡིད་གཅུགས་པ་དང། བྲན་མོ་ཁོལ་མོར་ལས་བགྱིད་དོ་ཞེས་སྨྲས་པས། འཁོར་གྱི་གཙོ་བོ་དུག་ལྔའི་བདག་པོ་མ་ཧཱ་དེ་ཝ་ལ་སོགས་རྣམས་ནི། ལུས་ཕུལ་བས་ཉོན་མོངས་པའི་སྒྲིབ་པ་བྱང་ཞིང། བསོད་ནམས་ཀྱི་ཚོགས་རྫོགས། རྣ་བས་ཆོས་ཐོས་པས་ཤེས་བྱའི་རྒྱུད་བཀྲོལ་ཞིང། ཤེས་བྱའི་སྒྲིབ་པ་བྱང་སྟེ། ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པས། བྱང་ཆུབ་སེམས་དཔའི་ས་ལ་བཞག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་རྣམ་པ་བཞིའི་སྟེང། ཐབས་དང་ཤེས་རབ་ཀྱི་གདན་འོག། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལ་ཧཱུཾ་ཧཱུཾ་ཞེས་དབང་དུ་བསྡུས་ཤིང། གར་མཛད་ཅིང་བཞུགས་པར་གྲགས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལུང་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས། གར་གྱི་དབང་ཕྱུག་དེ་དཀྱིལ་འཁོར་ཆེན་པོ་བརྒྱད་དང་ལྡན་པར་བཞུགས་སོ།། དེ་ནས་དབུས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་ཀྱིས་གསུངས་པ། ཆོས་དབྱིངས་ཡོན་ཏན་འབྱུང་གནས་གཞལ་མེད་ཁང།། རྒྱལ་བའི་དཀྱིལ་འཁོར་འཁོར་བཅས་རིགས་ལྔའི་ཅོད་པན་འཛིན། ། རིགས་ཀྱི་དབང་རྣམས་མ་ལུས་ཐམས་ཅད་སྒྲོལ།། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རིལ་པའི་ཏནྟྲ་ལས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ཐམས་ཅད་རྒྱན་གྱི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། ། དབང་ལྔ་ཡུམ་དང་བཅས་པའི་རིགས་ལྔ་སྐུ་དང་ལྡན།། ཤེས་རབ་ཐབས་དང་ཡབ་ཡུམ་འདུ་འབྲལ་མེད།། དུག་གསུམ་གཅིག་ཏུ་བསྒྲལ་བར་ཚར་གསུམ་རྒྱན་དུ་རོལ།། ཁམས་གསུམ་ཡོངས་སྒྲོལ་མཛད་ཕྱིར་རྒྱན་དུ་ཆེ། ། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། དབུ་རྡོ་རྗེ་དབྱིངས་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། རྫུ་འཕྲུལ་མྱུར་དུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་གསུངས་སོ།། མི་གནས་མྱ་ངན་འདས་པས་གསུང་རབ་རྒྱ་མཚོ་སྒྲོག། མི་སྒྲིབ་ཡེ་ནས་གསལ་བས་གོ་འཕང་འཛེགས་པར་མཐོ། ། མི་ལྡོག་ཡུལ་ལས་སྒྲོལ་བས་སྟབས་དྲུག་འགྲོས་སུ་མགྱོགས།། གར་ཡང་ཐོགས་པ་མེད་པས་བྱིན་རླབས་ཤུགས་དང་ལྡན།། འཚེར་སྐད་གདངས་སུ་སྙན་པས་མི་སྲིན་སྤྲོ་བ་བསྐྱེད། ། རལ་པ་དམར་པོའི་དབུས་ནས་དབུ་བྱུང་བ།། དཔྲལ་བ་ཞུར་པོ་བརྗིད་པའི་ཁྱད་པར་དང། རྟ་མགྲིན་མེ་ལྟར་འབར་བའི་ཁྱད་པར་ནི།། དོན་དང་མཐུན་པའི་བྱེ་བྲག་འདི་འདྲ་སྟེ།། ལྗང་གུ་མེ་འབར་རྟ་མགོའི་རང་བཞིན་ནི། ། འགྱུར་མེད་ཡེ་ཤེས་ཆོས་སྐུ་ཇི་བཞིན་གསལ།། བྱམས་པའི་མདངས་ཀྱིས་ཁམས་གསུམ་ཁྱད་པར་གཟིགས།། རྔོག་མ་ལེ་བརྒན་འབར་བའི་ཁྱད་པར་ནི།། སྟུག་པོ་བཀོད་པའི་ཞིང་ཁམས་རབ་འབྱམས་ནས། ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཁྲོ་བོ་ཀུན།། ཞིང་ཁམས་མཐའ་ཀླས་མ་ལུས་དབང་དུ་སྡུད།། ཤེས་རབ་ཐབས་དང་འབྲེལ་བའི་རྟ་སྐད་ནི།། གྲུབ་པའི་དབྱངས་དང་ཚངས་པའི་དབྱངས་ཡིན་ཏེ། ། གྲུབ་པའི་དབྱངས་ནི་རྒྱལ་བའི་ཞིང་ཁམས་སྒྲོག། ཚངས་པའི་དབྱངས་ནི་རི་རབ་རྩེ་ལ་འཚེར།། འཚེར་སྐད་གདངས་སུ་སྙན་པའི་ཁྱད་པར་ནི།། རྒྱུད་དྲུག་མདུད་པས་བཅིངས་པ་མཐར་ལམ་སྟོན།། སྤྱན་མིག་གློག་ལྟར་འགྱུ་བའི་ཁྱད་པར་ནི། ། ཤ་ཁྲག་རློན་པ་ཟ་བའི་སྲིན་པོ་འཇོམས།། འཚེར་བག་ཡིད་ལ་གདུངས་པའི་རྟ་སྐད་ནི།། མཐའ་ནས་རྨོངས་པའི་མུན་པ་སེལ་བར་བྱེད།། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་དབང་གི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ཀུན་ཏུ་གཟིགས་ཤིང་ཀུན་ཏུ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་གསུངས་སོ།། རྒྱུད་དང་དབྱིབས་དང་གྲངས་དང་གཟིགས་ཐབས་རྟོགས་པའི་དོན།། གང་བྱུང་རྒྱུ་ནི་ཧཱུཾ་ལས་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། ། གང་སྐྱེས་གནས་ནི་སྣ་ཡི་དབུགས་རིང་དྲོ་བ་ལས།། ཕྱག་རྒྱའི་ཚུལ་དུ་ཕྱག་རྒྱ་འབྱུང།། ཤངས་ཀྱི་རླུང་སྒྲོམ་ཡངས་པས་ཡེ་ཤེས་དབུགས་སྒྲོམ་ནས།། གསང་བའི་འཚུབས་མ་ལངས་པས་སྡུག་བསྔལ་གཅོང་རྙིང་སྦྱོང། ། རྒྱ་ཡངས་མ་ཆད་བག་ཆགས་ཚར་གཅོད་དེ།། དེ་ཡང་འཁོར་བ་ལུགས་ལས་བཟློག་པ་ཡི།། རླུང་དམར་དུག་ལྔའི་དབྱིངས་སུ་སྒྲེལ།། ཟླུམ་དང་དཀར་དང་གཟང་རིང་དང།། རྣོ་དང་ལྡང་བའི་ཚེམས་དང་ནི། ། ཞལ་དུ་བཏང་བས་བྱང་ཆུབ་སེམས།། མ་སྐྱེས་ཆོས་ཉིད་ཀུན་ལ་རོལ།། ཞི་རྒྱས་དབང་དང་དྲག་པོ་ཡི།། ཅིར་ཡང་འགྱུར་བའི་ཧོམ་ཁུང་སྟེ།། ཧོམ་ལྔར་འབྲེལ་བས་ཞལ་ཞེས་བྱ།། འཁོར་བ་ཡོངས་སུ་སྨིན་པ་རང། ། ལས་དང་ཉོན་མོངས་དབང་བཙན་པས།། དགེ་དང་མི་དགེ་ལུང་མ་བསྟན།། དེ་དག་སྨིན་པས་སྨིན་མར་བཤད།། འཇོ་སྒེག་ཅིར་ཡང་འགྱུར་བ་དང།། རྗོད་བྱེད་གཉིས་ཀའི་རྟེན་གྱུར་པས།། འཕྱར་བའི་ཕྱིར་ན་ལྗགས་ཞེས་བྱ། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཀུན་ཏུ་རོལ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ། ཡེ་ཤེས་ལ་རོལ་ཅིང་ཡེ་ཤེས་ལ་དབང་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ།། ཡིག་འབྲུའི་རྒྱུ་ནི་བདེ་གཤེགས་ཐུགས་ཀྱི་རྒྱུ།། རྡོ་རྗེ་མྱུ་གུ་ཏིང་འཛིན་དམིགས་པའི་རྟེན། ། འོད་ཟེར་འཕྲོ་འདུ་ཉོན་མོངས་རྣམ་རྟོག་འཇོམས།། རིག་བྱེད་ཡེ་ཤེས་ཕྱག་རྒྱ་དང།། ཡིག་འབྲུ་ས་བོན་ཕྱག་རྒྱ་དང།། ཕྱག་རྒྱ་ཆེ་བའི་ཕྱག་རྒྱའོ།། རིག་པ་ལ་ཡང་རྣམ་གསུམ་སྟེ།། བལྟ་བ་རིག་པ་དང་ནི་རྒྱུད་ཀྱི་རིག། ལས་ཀྱི་རིག་པ་གསུམ་དུ་བཤད།། དེ་ནས་ཡེ་ཤེས་རོལ་པ་ནི།། སྙིང་པོ་ཕྱག་མཚན་ཕྲ་མོ་དག། བརྟན་པར་གྱུར་ནས་མཁའ་ལ་ནུབ།། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ཆོས་ཐམས་ཅད་དུར་ཁྲོད་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ།། ཤར་དུ་རོལ་པའི་ཕྱག་བཞི་ནི།། ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་འབར་བ་བསྣམས།། རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་རོལ།། ལྷོ་རུ་རོལ་པའི་ཕྱག་བཞི་ནི། ། ཁྲོ་ཆེན་ཐོད་རློན་ཁྲག་གིས་བཀང་དང་རྡོ་རྗེ་ལུ་གུ་རྒྱུད།། རྡོ་རྗེ་བེ་ཅོན་དང་ནི་རྔེའུ་ཆུང་འཛིན་པས་རོལ།། ནུབ་ཏུ་རོལ་པའི་ཕྱག་བཞི་ནི།། མེ་ཡི་ཞགས་པ་དང་ནི་ཁྱུང་གི་ཁྲ།། སྡིགས་མཛུབ་རྩེ་ལ་ཡེ་ཤེས་མེ་ཆེན་འབར། ། རྡོ་རྗེ་ཁ་ཊྭཱཾ་ག་ནི་རབ་ཏུ་འཁྲོལ།། བྱང་དུ་རོལ་པའི་ཕྱག་བཞི་ནི།། རྡོ་རྗེ་རྩེ་དགུ་དང་རྩེ་ལྔ་དང།། རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེགས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་དེས། ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། ། ཡེ་ནས་སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་སྟོན།། ཡེ་ཤེས་ལྔ་ཡི་ཡོན་ཏན་ཁྱད་པར་ནི།། རིན་པོ་ཆེ་དང་འདྲ་བས་སངས་རྒྱས་སྟོང་གིས་བརྒྱན།། དཔེར་ན་ཀླུ་ནག་འདྲ་སྟེ་ཐབས་དང་ཤེས་རབ་ཀྱི། ། ལྟེ་བ་ཨེ་སྟེ་གྲུ་གསུམ་སྐུ་གསུང་ཐུགས།། སྤྲུལ་པས་དོན་མཛད་ཕོ་ཉ་ཐམས་ཅད་སྟོན།། གསང་བའི་ཡུམ་བཞི་སྐུ་ལ་འཁྲིལ་བ་ནི།། རྡོ་རྗེ་དྲ་བ་མོ་དང་རིན་ཆེན་གློག་འགྱུ་མ། ། ཁྱུང་གཤོག་ཨ་མོ་དེ་དང་ཐེའུ་གཤོག་སྡེར་མོ་ཅན།། སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐུགས་རྗེ་ཤར།། ཐབས་མཆོག་ཉིས་སྟོང་རྩ་གཉིས་གཡས་ནས་བརྐྱང།། ཤེས་རབ་ཟླ་སྟོང་རྩ་གཉིས་གཡོན་ནས་བརྐྱང། ། ཐབས་དང་ཤེས་རབ་འབྲེལ་པས་བྱིན་རླབས་ཆེ།། སྤྲུལ་པའི་ཕྲེང་བ་དུས་གསུམ་རྒྱུན་མི་འཆད།། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གཤོག་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་དེས། སྣ་ཚོགས་རྣམ་པར་རོལ་པའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། དཔའ་རྟགས་སྟག་གིས་སྟེང་ཕྱོགས་འདུལ་ཞབས་བརྒྱན།། རྒྱ་བྱེའུ་ལྕགས་ཀྱིས་ཤར་ལྷོའི་ཞབས་བརྒྱན་ཏེ།། རྡོ་རྗེ་འཆོལ་པས་ལྷོ་ཕྱོགས་ཞབས་བརྐྱངས་བརྒྱན། ། བསེ་ཁྲབ་སྨུག་པོས་ལྷོ་ནུབ་བརྐྱངས་པ་བརྒྱན།། གཅན་གཟན་གཟིག་གིས་བྱང་ཤར་བརྐྱངས་པ་བརྒྱན།། ཤུ་ཀེན་དར་གྱིས་བྱང་ཕྱོགས་ཞབས་བརྐྱངས་བརྒྱན།། མཆེ་བ་དམར་པོས་ནུབ་བྱང་བརྐྱངས་པ་བརྒྱན། ། སྦྲུལ་ནག་འཁྱིལ་བས་འོག་ཕྱོགས་འདུལ་བ་བརྒྱན།། ཁྲོ་བརྒྱད་གཟིར་ནས་རོལ་པ་ནི།། དུང་ཆེན་བཅོམ་ཞིང་སྒལ་ཚིགས་མནན་པ་དང།། བྲང་མནན་ལྡན་པ་བཅོམ་པ་དང།། འཁོར་ཉིད་སྐུ་ལ་སྦས་པ་དང། ། སྐུ་ཉིད་འཁོར་ལ་སྦས་པ་ཡི།། རོལ་པས་གཞལ་ཡས་ཁང་དུ་བསྟན།། རོལ་པས་ཧཱུཾ་མཛད་ཧཱུཾ་གི་རྒྱ།། ས་བཅུ་ཟིལ་གནོན་སྟོབས་བཅུའི་དབང་དང་ལྡན།། དེ་བས་སྣ་ཚོགས་རོལ་པ་ཡིན།། ཞེས་གསུངས་སོ། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཞབས་ཁྲོ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།།། དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་དེ། དམ་ཚིག་རྒྱན་དུ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དཔེར་ན་དམ་ཚིག་མཆོག་རབ་ནི།། ཀུན་ཏུ་བཟང་མོ་ཡིན་པའི་ཕྱིར།། ཇི་སྙེད་བུད་མེད་ཡོད་པ་ལ། ། གསུང་གི་རྡོ་རྗེ་མི་སྨད་དོ།། གཙོ་ལ་རབ་ཏུ་གཏུགས་པ་ལ།། དྲང་དུ་སྨྲ་བ་གང་བྱེད་པ།། འགེགས་པའི་ཚིག་གིས་བརྒྱན་ནས་སུ།། སྲི་ཞུའི་སེམས་ཀྱི་གདུང་བ་ལ།། ཡེ་ཤེས་ཚོགས་ཀྱིས་རབ་བསྐོར་ནས། ། མཉམ་པའི་དབྱིངས་ཉིད་ཡེ་ཤེས་ཏེ།། གཉིས་ཀའི་ངེས་པར་མཉམ་ན་ནི།། སྟོང་གསུམ་དབང་པོར་གདོན་མི་ཟ།། འཇིག་རྟེན་ཁམས་ན་རྒྱལ་པོ་བཞིན།། དུས་ཀུན་དུ་ནི་གནས་དང་རྟེན།། ཅི་ཕྱིར་ཞེ་ན་འཇིག་རྟེ་ན་གྱི། ། དུས་བཞི་དང་ནི་འཇིག་རྟེན་དྲུག། ཕྱོགས་བཅུར་གྱུར་པ་ཐམས་ཅད་ན།། དམ་ཚིག་ལ་བརྟེན་ཀུན་ཏུ་བཟང།། ཕྱི་ནང་གསང་བ་མཐར་ཕྱིན་པའི།། ཐམས་ཅད་པདྨ་ཡིན་པས་ན།། སྐྱེ་བའི་ཆོ་འཕྲུལ་པདྨ་ཡིན། ། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡུམ་པདྨ་གཟི་ལྡན་མ་པདྨ་ཅན་གྱི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ། སྲེད་བྱེད་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ།། དམར་པོ་ཐུགས་རྗེ་ཆགས་པ་དབང་གི་མེ་ལྕེ་འདིས།། ཐམས་ཅད་མ་ལུས་སྲེག་བྱེད་པས། ཐུགས་རྗེ་ཆགས་པས་བགས་ཆགས་བསྲེག་པར་མཛད།། གདུག་པའི་ཚོགས་འཇོམས་ཉོན་མོངས་དུག་གསུམ་བསྲེག། ལྷུན་གྱིས་གྲུབ་པས་ཀུན་ཏུ་འཇོམས་པ་ཡིན།། ཅི་ཕྱིར་ཞེ་ན་ཕྱོགས་བཅུ་དུས་བཞི་ཡི། ། སྙིགས་མ་ལྔར་ལྡན་དུས་ཀྱི་ཐ་མ་ལ།། སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་བ།། ཡེ་ཤེས་འགྲོ་བས་ཀུན་ཏུ་བསྲེག་ཅིང་རོལ།། རྣམ་སྨིན་ལས་མ་ཟད་པའི་སེམས་ཅན་དག། སངས་རྒྱས་རྣམས་ལ་ལས་ཀྱང་མང་པོ་མངའ། ། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེ། དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཧེ་རུ་ཀ་ཁྲོ་བོ་ཐབས་ཀྱི་དྲག་པོ་བསྒྲལ་བའི་སྔགས་གསུངས་སོ། ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱའ་ར་ལི་ཧཱུཾ་ཧྲི་ཛཿ།། ཉེ་བའི་སྙིང་པོ་ཞེས་བྱ་བ།། འདི་དག་བཞི་འབུམ་བཟླས་གྱུར་ན།། ལས་རྣམས་བྱ་བ་ཐམས་ཅད་འགྲུབ།། ཅེས་གསུངས་པས། གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་བསྐུལ་ཏོ། ། བཅོམ་ལྡན་འདས་གསང་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་འདི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་ཞིང་དོན་བཟང་བ་དྲི་མ་མེད་པར་དག་པ་འདི་ལ། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་རྗེས་སུ་བསྒྲུབ་ཅིང་དང་དུ་ལེན་ན། བགེགས་རྣམས་ཀྱི་དབང་དུ་མི་འགྱུར་རམ། བར་མ་དོར་ལྟུང་བར་མི་འགྱུར་རམ། ཞེས་སྒྲ་བསྒྲགས་པས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསན་ནས་འདི་སྐད་ཅེས་གསུངས་སོ། ། ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས།། གསང་སྔགས་བསྒྲུབ་ཅིང་རིག་འཛིན་པ།། ཐམས་ཅད་སངས་རྒྱས་རྣམས་ཀྱི་སྲས།། དེ་ལ་བར་གཅོད་འབྱུང་བ་ན།། བར་གཅོད་དངོས་གྲུབ་དུས་གཅིག་འབྱུང། ། དང་པོ་ཀླུ་ཡི་བུ་མོ་རྣམས།། རྒྱན་གྱིས་བརྒྱན་ཅིང་མཛེས་བྱས་ནས།། རྣལ་འབྱོར་དྲོད་ཉུལ་འོང་སྲིད་ཀྱིས།། དེ་ལ་ཆགས་པ་མ་བསྐྱེད་དང།། བར་བར་ཕྲ་མེན་མ་ཡི་ཚོགས།། མི་ཡི་ཐོད་པ་མང་པོས་བརྒྱན། ། མི་སྡུག་འབྲུ་ཚུགས་བལྟ་བའི་ཚུལ།། བདག་ལ་མི་ཉན་བསད་བཅད་ཟེར།། བྱུང་བར་གྱུར་ན་མ་འཇིགས་པར།། དབང་ཆེན་གར་གྱི་སྐུར་སྒོམས་ཤིག། འཁོར་དུ་གྱུར་པ་དེ་རྣམས་ཀྱིས།། རང་དབང་མེད་པར་ཕྱག་བྱེད་ཀྱི། ། དངོས་གྲུབ་དང་པོའི་རྟགས་སུ་སྦྱར།། དེ་འོག་གནོད་སྦྱིན་ཚུལ་སྟོན་ཅིང།། རལ་པ་འབར་བ་མི་མགོས་བརྒྱན།། མི་ཡི་རྒྱུ་མས་སྐེར་འདོགས་ཤིང།། སྦྲུལ་ནག་མང་པོ་དག་གིས་བརྒྱན།། ལུས་ལ་ཟང་ཟིང་དམ་དཀྲིས་ཏེ། ། ཙིག་ཙིག་ཆོམ་ཆོམ་དག་ཏུ་སྡོམ།། འོང་སྲིད་དེ་ལ་མ་འཇིགས་ཤིག། གར་གྱི་དབང་ཕྱུག་སྐུར་བསྒོམས་ན།། གནོད་སྦྱིན་རྣམས་དང་གྲུལ་བུམ་གྱི།། དབང་པོར་གྱུར་ཏེ་དངོས་གྲུབ་རྟགས། ། གཉིས་པ་ཡིན་པར་ཤེས་པར་བྱ།། དེ་འོག་བར་སྣང་ལ་གནས་པའི།། ལྷ་ཡི་ཁྲོ་བོ་རྣམས་བྱུང་སྟེ།། འབྲུག་སྒྲ་དྲག་པོའི་སྒྲ་སྒྲོགས་ཤིང།། བར་སྣང་ལ་གཤེགས་སྒྲོགས་པ་དག། སྦྲུལ་ནག་ཁ་ནས་མེ་དུག་སྐྱུག། ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང།། མིག་ཀྱང་གཡས་གཡོན་ཉི་མར་བསྒྱུར།། འབར་བའི་གཟུགས་ཀྱིས་བལྟ་བ་དང།། རང་གི་ཁོག་པ་ཁ་ཕྱེ་ནས།། མི་རོ་གསར་རྙིང་བདག་ལ་སྟོན།། ཕོ་མོའི་མཚན་མ་ཟ་བའི་ཁར། ། ཐམས་ཅད་བསྐྱུར་ནས་མཆེ་བ་བརྡར།། རྐང་པ་ཕུར་གྱུར་བདག་ལ་འདེབས།། མི་མགོ་ལགས་པ་རློན་པས་གཡོགས།། ལག་པས་རྡོ་རྗེས་བརྡེག་པ་དག། བྱུང་བར་གྱུར་ན་མ་འཇིགས་པར།། གར་གྱི་དབང་ཕྱུག་སྐུར་བསྒོམས་ན། ། དངོས་གྲུབ་རྟགས་གྱུར་གསུམ་པ་ཡིན།། དེ་ལྟར་ཐམས་ཅད་དངོས་གྲུབ་འགྱུར།། བར་གཅོད་ཉམས་ལེན་དུས་གཅིག་འབྱུང།། གསང་བའི་བདག་པོས་ཤེས་རབ་གྱིས།། ཞེས་གསུངས་སོ། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཐམས་ཅད་དངོས་གྲུབ་ཏུ་གྱུར་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བོས་ཏེ། གོང་དུ་བསྟན་པ་དེ་བས་ན།། བཅོམ་ལྡན་པདྨ་ཧེ་རུ་ཀའི།། སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ནི།། ཅིར་ཡང་སྟོན་ཅིང་ཅིར་ཡང་སྣང།། གཅིག་ཏུ་ངེས་པ་མེད་པའི་ཕྱིར།། སྐུ་ཆེ་གསུང་ཆེ་ཐུགས་ཆེ་བས། ། སྐུ་གསུང་ཐུགས་དང་ཡོན་ཏན་དང།། ཕྲིན་ལས་ཅིས་ཀྱང་མ་བསྒྲིབས་པས།། ཁམས་གསུམ་རྣམ་པར་རྒྱལ་བར་བསྟན།། སྐུ་ལའང་རྣམ་པ་གསུམ་དུ་བཤད།། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས།། སྤྲུལ་སྐུ་སྣ་ཚོགས་འདུལ་བའོ། ། གསུང་ལ་རྣམ་པ་གསུམ་དུ་བཤད།། ཚིག་གི་གསུང་དང་རིག་པའི་གསུང།། དོན་གྱི་གསུང་སྟེ་རྣམ་གསུམ་མོ།། ཐུགས་ཀྱི་ཆེ་བ་ཡང་ནི་རྣམ་གསུམ་སྟེ།། འཇིག་རྟེན་མཁྱེན་པའི་ཐུགས་དང་མྱ་ངན་འདས་པའི་ཐུགས། ། གཉིས་སུ་མེད་པའི་ཐུགས་དང་གསུམ།། དེ་ལྟར་དགོངས་པའི་ཁྱད་པར་ནི།། འགྲོ་བ་མཐའ་དག་འདུལ་དོན་དུ།། རྣམ་པར་ཐར་པའི་དབུ་གསུམ་བསྟན།། གཡས་དཀར་གཡོན་དམར་དབུས་མཐིང་ག། ཡེ་ཤེས་དྲུག་གི་ཕྱག་མཚན་ནི།། གཡས་པ་རྡོ་རྗེ་རྔེའུ་ཆུང་དང།། མདུང་རྩེ་གསུམ་པ་འཛིན་པས་རོལ།། དྲིལ་བུ་རྒྱུ་ཞགས་ཐོད་རློན་གཡོན་གྱིས་འཛིན།། བསྐལ་པའི་མེ་རི་སྦྲུལ་ནག་ཐོད་རློན་ཕྲེང་བས་བརྒྱན། ། ཉིད་ཀྱིས་ཉིད་ལ་ཆེ་བའི་རྔམ་ཚིག་འདི་སྨྲས་སོ།། ང་ནི་ཁྲོ་བོ་རྣམ་པར་རྒྱལ།། སྐྱེ་བ་མེད་པའི་ཆོས་དབྱིངས་སུ།། མཚན་མ་མེད་པའི་ཆོས་བཤད་པས།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་ཀྱིས། ། སེང་གེ་གླང་ཆེན་ཁྲི་སྟེང་ན།། དུས་གསུམ་སངས་རྒྱས་ཐམས་ཅད་ལ།། ཡོད་དང་མེད་པའི་ཆོས་ཀྱང་བསྟན།། མེ་ལོང་ལྟ་བུའི་ཡེ་ཤེས་སོ།། སྤྲུལ་པའི་འགྲོ་དོན་བྱེད་པའི་སྐུས། ། འཇིག་རྟེན་ཕལ་པའི་ས་རྣམས་སུ།། དངོས་པོ་མཚན་མའི་ཆོས་བསྟན་པས།། བྱ་བ་ནན་ཏན་ཡེ་ཤེས་སོ།། ཞེས་གསུངས་ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཞལ་ནས།། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས། ། གར་གྱི་དབང་ཕྱུག་ཡིན་པའི་ཕྱིར།། ནམ་མཁའི་རང་བཞིན་ཕྱག་རྒྱ་རྔམ།། ཅིར་ཡང་འགྱུར་བའི་བཞུགས་ཐབས་རྔམ།། ཟིལ་གྱིས་གནོན་པའི་གདན་མཆོག་རྔམ།། ཚམ་རྔམས་ཆེན་པོའི་སྟོབས་རྔམ་སྟེ། ། འདི་ནི་སྐུ་ཡི་རྔམ་ཡིན་ནོ།། དེ་ཡང་ཀུན་རྫོབ་ཏུ་རང་བཞིན་མེད་པ། ནམ་མཁའ་ལ་སྤྲིན་དངས་པའི་ཚུལ་དང། ལྷ་དང་འཕགས་པ་དང། ཚངས་པ་དང། སྨོན་ལམ་ཅིར་ཡང་འགྱུར་བའི་བཞུགས་ཐབས་ཀྱི་ཚུལ་དང། སྲིད་པའི་འཁོར་ལོ་ཟིལ་གྱིས་གནོན་པ། དྲི་མེད་ཉི་ཟླ་པདྨ་འོད་ཀྱི་རྟགས་ཏེ། གདན་ཁྲིའི་ཚུལ་དུ་བཤད། ཧོམ་ལྔ་འབྲལ་བར་འབྱུང་བའི་ཞལ་རྔམ། ཟླ་ཁམ་ཅིར་ཡང་འགྱུར་བའི་ཞལ་རྔམ། སྐྱེ་བཞི་རྩད་ནས་གཅོད་པའི་ཚེམས་རྔམ། འབྲུག་ལྟར་སྒྲོགས་པའི་དབྱངས་རྔམ། འདི་ནི་གསུང་རྔམ་བཞི་སྟེ། དེ་ཡང་ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་རོ་རྣམ་པ་ལྔའི་བསྲེག་ཁུང་དུ། རོ་རྣམ་པ་ལྔས་འཚམས་པའི་མཆོད་པས་འབྲེལ་བའི་ཚུལ་དང། གསུང་དབང་ཚུལ་གྱི་འདུས་བྱས་དང། རང་བཞིན་ཟུར་མ་འདྲེས་པས་སྟོན་པའི་ཚུལ་དང། ཆེ་བ་ཡེ་ཤེས་ཀྱི་ཕྱག་རྒྱས་དུག་ལྔ་རྣམ་ཤེས་ཀྱི་རྩ་བ་གཅོད་པའི་ཚུལ་དང། འབྲུག་ལྟར་བསྒྲག་པའི་ཡན་ལག་བཅུ་དྲུག་གིས་དབྱངས་ཀྱིས་བསྙད་པའི་མདོ་སྡེ་གོ་བར་སྒྲོགས་ཤིག། ཟིལ་གྱིས་གནོན་པའི་ཚུལ་དང་བརྒྱད་དུ་བསྟན། ཏིང་འཛིན་ནམ་མཁའི་རྒྱན་གྱི་སྐར་ཚོགས་ལྟ་བུར་རྔམ། ཕྲིན་ལས་རྒྱ་མཚོ་རྒྱན་གྱི་རླབས་ལྟ་བུར་རྔམ། ཡོན་ཏན་མི་ཟད་རྒྱན་གྱི་རྩི་ཤིང་ལྟ་བུར་རྔམ། མཛད་པའི་རོལ་མོ་རྒྱན་གྱི་གར་ཐབས་ལྟ་བུར་རྔམ། འདི་ནི་ཐུགས་ཀྱི་རྔམ་བཞིའོ།། དེ་ལ་རྒྱན་ཆེན་པོ་བཞི་ནི། རང་བཞིན་དང་རྒྱན་དུ་དབྱེའོ། ། ལྷག་མཐོང་གི་རང་བཞིན་ལས།། ལྷག་མཐོང་རྒྱན་མ་གཡོས་པའི་ཚུལ་དང། ཞི་གནས་ཀྱི་རང་བཞིན་ལས། ཞི་གནས་ཀྱི་རྒྱན་ཁྱབ་པར་འབྱུང་བའི་ཚུལ་དང། ཞི་གནས་ཅན་གྱིས་རང་བཞིན་བཟོད་པ་ལས། ལྷག་མཐོང་གི་རྒྱན་གྱིས་ཕན་འདོགས་པའི་ཚུལ་དང། ཞི་གནས་ཀྱི་རང་བཞིན་མ་གོད་མི་ཟད་པ་ལས། ལྷག་མཐོང་གིས་ཅིར་ཡང་འགྱུར་ཞིང་དགའ་བ་བསྐྱེད་པའི་ཚུལ་ལོ།། རཱུ་ཏྲ་བཅོམ་པའི་གནས་རྔམ། ཟིལ་གྱིས་གནོན་པའི་གདན་རྔམ། ཁམས་གསུམ་བསྒྲལ་བའི་ཞིང་རྔམ། རྟོག་འཇོམས་བྱེད་པའི་བརྟུལ་ཞུགས་རྔམ། ཡོན་ཏན་རྔོམ་བརྗིད་བཞིར་གྲགས་སོ།། དེ་ཡང་གནས་ཁྱད་པར་ཅན་བཀྲ་ཤིས་ཤིང། ཅིས་ཀྱང་མི་ཚུགས་པའི་ཚུལ་དང། གདན་ཁྱད་པར་ཅན་ཟིལ་གྱིས་མནན་པའི་ཚུལ་དང། ཞིང་ཁྱད་པར་ཅན་ཁམས་གསུམ་ཡོངས་སུ་སྒྲོལ་བའི་ཚུལ་དང། སྤྱོད་པ་ཁྱད་པར་ཅན་སྲིད་གསུམ་དུས་གཅིག་ཏུ་འཇོམས་པའི་ཚུལ་ལོ། ། དེ་ལྟར་རྔམ་སུམ་ཅུ་རྩ་གཉིས་དང་ལྡན་ནོ།། དེ་ལ་སྐུ་ཆེ་ཡན་ལག་རགས་པས་བརྗིད་ཆེ། གྲངས་མང་རྐྱེན་དང་འཚམས་པས་བརྗིད་ཆེ། བཀུར་འོས་གཙོ་བོར་མཐོང་བས་བརྗིད་ཆེ།། ཁྱད་ཞུགས་བླ་མ་ཡིན་པས་བརྗིད་ཆེ། དེ་ཡང་ཆོས་ཀྱི་སྐུ་དང་མཉམ་པར་འབྱུང་བའི་སྒོ་ནས་ཆེ། ཐུགས་རྗེ་དང་ཕྲིན་ལས་ཀྱི་སྒོ་ནས་ཡིད་དང་འཐད། མཉམ་པར་འབྱུང་བའི་སྒོ་ནས་སྤྲུལ་པར་གྲགས། འདུ་བྱེད་མཉམ་པར་འབྱུང་བའི་སྒོ་ནས་གྲངས་མང། སྨོན་ལམ་སྒོ་ནས་རིགས་དང་མཐུན། སྤྱོད་ལམ་གྱི་སྒོ་ནས་བཀུར་བར་འོས། རིགས་བཙུན་པའི་སྒོ་ནས་གཙོ་བོར་མཐོང། རང་བཞིན་གྲུབ་པའི་སྒོ་ནས་ཁྱད་ཞུགས། ཕྲིན་ལས་ཀྱི་སྒོ་ནས་ཡིད་དང་འཐད། ། གསུང་གི་བརྗིད་བཞིར་གྲགས་པ། གདངས་ཆེན་སྟོང་གསུམ་གང་བས་བརྗིད་ཆེ། ཚིག་མྱུར་ཐེ་ཚོམ་གཅོད་པས་བརྗིད་ཆེ། དོན་ལ་ཉི་ཚེར་སྟོན་པས་བརྗིད་ཆེ། ཁྱད་ཞུགས་ཡོན་ཏན་སྟོན་པས་བརྗིད་ཆེ། དེ་ཡང་ཁྱབ་པས་གདངས་ཆེ། སྒྲ་ཐ་དད་པས་སྟོང་གསུམ་ཁེངས། སྐད་ཀྱི་དབྱངས་ཀུན་གྱིས་གོ་བས་མྱུར། དགོངས་པ་གཅིག་གིས་ཐེ་ཚོམ་ཆོད། ཀུན་ལ་བྱམས་པས་གཟིགས་པས་དོན་དུ་དྲིལ་ནས་གསུང་ཤེས་པས་ཁྱད་པར་ཞུགས། སྔགས་ཀྱི་སྒོ་ནས་ཀུན་ཀྱང་འདུལ་བས་ཡོན་ཏན་སྟོན་པའོ།། ཐུགས་ཀྱི་བརྗིད་པ་བཞིར་གྲགས་པ།། ཡངས་པ་རེ་དོགས་མེད་པས་བརྗིད།། གསལ་བས་མཐའ་གཉིས་སྤངས་པས་བརྗིད། ། ཐུགས་རྗེའི་ཐུགས་དམ་མཐར་ཕྱིན་བརྗིད།། མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད།། དེ་ཡང་གཉིས་སུ་མེད་པས་ཡང།། མཐའ་མི་དམིགས་པས་རེ་དོགས་མེད།། ལྷག་མཐོང་གིས་དབུ་མར་གསལ། ཞི་གནས་ཀྱིས་མི་འགྱུར་བའི་མཐའ་སྤངས།། ཐུགས་རྗེ་རྒྱུན་མི་འཆད་པས་འཁོར་བ་སྟོང་གི་བར་དུ་བཞུགས།། ཤེས་རབ་ཀྱིས་མ་རྨོངས་པས་ཏིང་ངེ་འཛིན་གྱིས་འདུལ།། ཡོན་ཏན་བརྗིད་བཞིར་གྲགས་པ་དང། ། མེད་པ་ཟད་མི་ཤེས་པས་བརྗིད།། གཅིག་ལ་འདོད་དགུར་གྱུར་པས་བརྗིད།། གནོད་སྦྱོར་ཕམ་པར་མཛད་པས་བརྗིད།། ཐབས་མཁས་སྐྱོན་གྱིས་མ་གོས་བརྗིད།། དེ་ཡང་བདག་ཏུ་མི་འཛིན་པས་ཟད་མི་ཤེས་པ་དང། ཡེ་ཤེས་ཀྱི་སྒོ་ནས་གཅིག་ལ་བསམ་པའི་དབང་དུ་འདོད་དགུར་སྟོན། སེམས་བསྐྱེད་ཀྱི་སྒོ་ནས་གནོད་པ་སྦྱོར། བསོད་ནམས་ཐམས་ཅད་སེམས་ཅན་ལ་བསྔོ། ཤེས་བྱའི་སྒོ་ནས་ཐབས་ལ་མཁས། ། སྤྱོད་པའི་སྒོ་ནས་སྐྱོན་མ་གོས།། ཕྲིན་ལས་བརྗིད་པ་བཞིར་གྲགས་པའི།། མི་བསྙེངས་ཉམས་བག་རོལ་པས་བརྗིད།། འཁོར་བ་ཡུན་རིང་མི་བསྙེངས་བརྗིད།། མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད། ། དགོངས་པའི་དོན་རྣམས་གྲུབ་པས་བརྗིད།། དེ་ཡང་སྒྱུ་མར་སྟོན་པ་དང།། རང་བཞིན་གྱིས་བདེ་བླག་ཏུ་རོལ་པ་དང། ཇི་སྲིད་འཚོ་བའི་བར་དུ་སྨོན་ལམ་གྱིས་བཞུགས་པ་དང། བྱ་རྒྱུ་མེད་པས་མི་བསྙེངས་པ་དང། མཐུ་ཆེ་བས་མགོན་སྐྱབས་མཛད་པ་དང།། དམ་བཅས་པས་འགྲོ་དོན་རྒྱུན་དུ་མཛད་པ་དང།། ཡེ་ཤེས་རྩེ་གཅིག་གི་དོན་ལ་དགོངས་པ་དང།། ནན་ཏན་གྱི་སྒོ་ནས་བྱ་བ་གྲུབ་པའོ།། དེ་ལྟར་དབང་ཆེན་ཧེ་རུ་ཀའི། ། ཡོན་ཏན་སུམ་ཅུ་རྩ་དྲུག་གིས།། དུག་གསུམ་སྐུ་གསུང་ཐུགས་སུ་སྦྱངས།། སྡུག་བསྔལ་བདེ་བ་ཆེན་པོར་སྤྱད།། དབྱིངས་ལས་ཡེ་ཤེས་ཆེན་པོ་སྟེ།། ངན་འགྲོ་མཐོ་རིས་སྐྱས་བཏབ་པས།། དམྱལ་ཚོགས་དོང་སྤྲུག་ཆེན་པོར་མཛད།། རྒྱལ་བ་གང་གི་ཐུགས་རྗེས་ཀྱང།། འདི་ལ་རྡུལ་ཙམ་བསྐྱང་དུ་མེད།། སྲིད་གསུམ་དབང་དུ་བསྡུས་ནས་ནི།། ཁམས་གསུམ་དུས་གཅིག་དབྱིངས་སུ་ཐིམ།། ཐིག་ལེ་ཆོས་སྐུར་ཡེ་གནས་པ། ། དབང་ཆེན་ཞེས་ཀྱང་དེ་ལ་བསྔགས།། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲོ་བོ་རྔམ་བརྗིད་ཁམས་གསུམ་རྣམ་པར་རྒྱལ་བའི་ལེའུ་སྟེ་ཉི་ཤུ་ལྔ་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཀུན་ཏུ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་བསྒོ་བའི་ཕྱིར། གསང་བའི་བདག་པོ་རྡོ་རྗེ་འཆང་དབྱིངས་ལས་ཐབས་མཆོག་སྤྲུལ་པའི་ཕྱིར། ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས།། ལྕང་ལོ་ཅན་གྱི་ཕོ་བྲང་བཅོམ།། སྣང་མཛད་ཆེན་པོ་ཨ་ལ་ལ།། གནོད་སྦྱིན་ཆེན་པོ་ཨ་ལ་ལ།། ཆོས་ཀྱི་དབྱིངས་ཉིད་ཨ་ལ་ལ། ། སངས་རྒྱས་བདེན་ཚིག་ཨ་ལ་ལ།། ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས།། འཇིག་རྟེན་ཕལ་པའི་སར་བརྡུངས་པས།། མཚན་མ་དངོས་པོའི་ཆོས་རྣམས་ལས།། ཡོད་མེད་ཆོས་ལ་སྤྱོད་པར་ཤོག། ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས།། འོག་མིན་གནས་ཀྱི་སར་བརྡུངས་པས།། ཡོད་མེད་ཆོས་ལ་སྤྱོད་པ་རྣམས།། རང་བཞིན་མེད་པའི་དོན་རྟོགས་ཤོག། དེ་སྐད་ཅེས་ནི་གསུངས་པ་ནི།། སྟོང་གསུམ་འཇིག་རྟེན་ཁམས་ཐམས་ཅད། ། དེ་ལྟར་མ་གྱུར་གཅིག་ཀྱང་མེད།། བཀའ་བསྒོས་ཤིང་བྱིན་གྱིས་བརླབས་པས། གསང་བའི་བདག་པོ་ལག་ན་རྡོ་རྗེས་གསོལ་པ། སྣང་བ་ཀུན་རྫོབ་ཚུལ་གནས་པས།། རྔ་ཡི་དོན་གཞུང་གང་ལགས་པ། ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། ཞུས་པའི་ལན་ནི་གསུངས་པ་ལ།། དང་པོ་རྒྱུ་དང་རང་བཞིན་དང།། དོན་དང་བསྒོམ་པ་གྲངས་དང་ནི།། བསྙེན་པར་བྱ་དང་ཐབས་ལ་སོགས།། རྒྱུ་ནི་ཕྱི་ནང་གསང་བ་གསུམ། ། བྷ་ག་ཡངས་པའི་སྡོང་པོ་དང།། བྷན་དྷ་ལྟག་སྤྲོད་རྔ་ཤིང་དང།། ཙནྡན་དཀར་པོའི་ཤིང་སོགས་ལའོ།། ལྕག་དང་སྐད་དང་རྔའི་རང་བཞིན།། དབྱིངས་དང་ཡེ་ཤེས་རིག་པའི་སྒྲ།། རང་བཞིན་དོན་དུ་ཤེས་པར་བྱོས། ། དོན་ལ་རྣམ་པ་གཉིས་ཡོད་དེ།། མཐའ་གཉིས་སྤངས་པའི་གཟི་ལྡན་མའི།། བྷ་ག་མི་གནས་ཡེ་ཤེས་ཡིན།། ལྟ་བར་བསྒོམ་དང་ལྷ་ཡི་སྐུ།། སྤྲུལ་པར་བསྒོམ་པ་བསྒོམ་པའི་དོན། ། སྒྲུབ་པ་ལས་ཀྱི་རྔ་དང་གསང་བ་ཡུམ་གྱི་རྔ།། རོལ་མོ་དབྱངས་ཀྱི་རྔ་སྟེ་གྲངས་ཡིན་ནོ།། བསྙེན་པ་དང་ནི་ཉེ་བསྙེན་དང།། བསྒྲུབ་པའི་འབྲས་བུ་བསྙེན་པའི་ཐབས།། འདི་ནི་བརྡུང་བའི་ཐབས་ཡིན་ནོ། ། དཔལ་ཆེན་རྔམ་པའི་རྡུང་ཐབས་ནི།། རྡོ་རྗེ་ནམ་གྱི་ཆ་ཕྱེད་ན།། དཀྱིལ་འཁོར་སྟེང་དུ་བདག་འདུག་སྟེ།། སྟེང་གིའི་ཕྱག་རྒྱ་བཅས་ནས་ཀྱང།། མཚན་མ་ཆེན་པོས་དེ་ལ་གདབ།། མདུན་དུ་བྷན་དྷ་སྲུབ་མེད་བཞག། སྟེང་དུ་རྔ་བཞག་ལྕག་གིས་བརྡུང།། འོན་ཀྱང་དངོས་གྲུབ་མོད་ལ་ཐོབ།། དེ་ནས་བརྡུང་བའི་ཐབས་མཆོག་ནི།། རྔ་ནི་གར་གྱི་དབང་ཕྱུག་སྟེ།། རྔ་ལྕག་གཟི་ལྡན་པདྨོ་ཅན།། རྔ་སྐད་རྡོ་རྗེ་གཤོག་པ་མོ།། གཟི་ལྡན་པདྨར་གྱུར་ནས་ཀྱང། ། མི་བརྡུང་མི་བསྐྱོད་དབྱིངས་སུ་གཞག། དུར་ཁྲོད་མ་མོའི་རྡུང་ཐབས་ནི།། རྔ་ནི་ཐབས་ཀྱི་རང་བཞིན་ལ།། ལྕག་ནི་ཤེས་རབ་ཡུམ་གྱི་ངང།། ཡབ་ཡུམ་འབྲེལ་བའི་གར་ཐབས་ཀྱིས།། རྔ་སྐད་ཟབ་མོའི་དབྱངས་བླངས་པས། ། ཐུགས་དམ་མ་ལུས་ཡོངས་སུ་བསྐང།། ནམ་ཚོད་སྐྱ་རེངས་དང་པོ་ལ།། དཀྱིལ་འཁོར་སྟེང་དུ་བདག་འདུག་ལ།། གཡས་ཀྱི་མཐེ་བོང་མཐེའུ་ཆུང་སྦྱར།། ཁ་ཊྭཱཾ་ཕྱག་རྒྱ་བཅས་ནས་ཀྱང། ། སྲིན་ལག་ཁ་ལ་རྔ་བསར་ཏེ།། ཉི་མ་ཤར་གྱི་བར་དུ་ནི།། རྔ་སྐད་མི་གྲག་དལ་བུར་བརྡུང།། མ་མོ་རྣམས་ནི་བྲན་བཞིན་འཁོལ།། རྦོད་གཏོང་ཕོ་ཉའི་རྡུང་ཐབས་ནི།། མཆོག་ཆེན་བརྐོས་པའི་རྩིབ་རུས་ལ། ། མཆོག་ཆེན་ཉིད་ཀྱི་ལྤགས་ཀྱིས་གཡོགས།། མཆོག་ཆེན་ཕུར་པས་ལན་དགུ་དྲག་ཏུ་བརྡུང།། ཉི་ཚོད་གྲིབ་སོ་སི་ལི་ལི།། དུས་ཀྱི་ཉུ་ལེ་ཤ་ར་ར།། ཕོ་ཉ་ལས་བྱེད་ཁྲིགས་སེ་ཁྲིག། གཡས་ཀྱིས་རྔ་ལྕག་བཟུང་ནས་སུ། ། གྲུལ་བུམ་སྐད་ལྟར་ཀུ་ཅོ་འདོན།། ཐེངས་དགུ་དྲག་ཏུ་བརྡུངས་ནས་ནི།། ལས་བདག་མ་ལུས་འདུར་གམ་ཆད།། ཕྲ་མེན་ཀོའུ་རི་འཚོགས་པའི་རྡུང་ཐབས་ནི།། ལས་ཀྱི་གཞུག་གུ་ཟུང་ནི་ལྟག་སྤྲོད་ལ།། ཙ་ར་ཤེལ་སྒོང་ཤུན་གྱིས་གཡོགས་ནས་ཀྱང། ། བཅུ་དྲུག་ཕྱག་རྒྱ་རོལ་པ་ཡིས།། ཁམས་གསུམ་སྲིད་གསུམ་དབང་དུ་སྡུད།། ཚངས་པའི་ཐེའུ་བྲང་དམྱལ་ཐག་གཅོད།། རྔ་ནི་ཐབས་ཀྱི་རང་བཞིན་ལ།། ལྕག་ནི་ཤེས་རབ་ཡུམ་གྱི་ཚུལ། ། རྔ་སྐད་བྱང་ཆུབ་སེམས་ཀྱི་ངང།། དཔལ་གྱི་རྔ་སྐད་ཐེངས་གཅིག་གིས།། དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐུལ།། དཔལ་གྱི་རྔ་སྐད་ཐེངས་གཉིས་ཀྱིས།། མ་མོ་མཁའ་འགྲོའི་རེ་བ་བསྐོང། ། དབང་ཕྱུག་ཆེན་པོ་དབང་དུ་སྡུད།། ཚངས་པའི་རི་ལ་རྔ་བརྡུངས་པས།། གཟུགས་ཁམས་ལྷ་ཚོགས་དབང་དུ་བསྡུས།། ལྔ་ཡིས་རི་རབ་རྩེ་མོ་ལ།། ལྷ་ཡི་དབང་པོ་བརྒྱ་བྱིན་ཡང།། ལོངས་སྤྱོད་ལྔ་དང་ལྡན་པར་འགྱུར། ། དྲུག་གིས་འཇིག་རྟེན་ཁམས་སུ་སྒྲ་བསྒྲགས་པས།། མི་ཡི་གནས་སུ་ཐིམ་པར་འགྱུར།། ཐུགས་རྗེ་ཐབས་ཀྱི་རོལ་པ་མཛད།། ཕྱོགས་སྐྱོང་ཟིལ་གྱིས་མནན་པའི་རྡུང་ཐབས་དང།། དངོས་གྲུབ་ཉེ་བར་ལེན་པའི་རྡུང་ཐབས་ནི། ། གྲི་ན་མགྲིན་སྔོན་ཅན་དུ་བྲེགས་ནས་ནི།། མགྲིན་སྔོན་ཉིད་ཀྱི་ལྤགས་ཀྱིས་གཡོགས་ནས་ཀྱང།། ཞིང་གི་གཟར་བུས་ལན་གསུམ་བརྡུངས་ནས་ནི།། ཉི་མ་ཤར་གྱི་ཟེར་ཀ་ལ། ། དཀྱིལ་འཁོར་སྟེང་དུ་བདག་འདུག་ལ།། གཡོན་གྱི་མཐེ་བོང་གནམ་དུ་བསྒྲེང།། རྔ་སྐད་གྲངས་སུ་བཅད་པ་ནི།། དྲུག་ཅུ་རྩ་གཉིས་དྲག་ཏུ་བརྡུང།། མ་མོ་བཅུ་དྲུག་དངོས་གྲུབ་ཐོབ།། ཅེས་གསུངས་སོ། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། འོག་མིན་གྱི་གནས་དང། ལྕང་ལོ་ཅན་གྱི་གནས་དང། རི་རབ་རྩེ་མོའི་གནས་དང། འཇིག་རྟེན་ཕལ་པའི་ས་རྣམས་སུ་ཚར་གསུམ་པའི་རྔ་བརྡུང་བའི་ལེའུ་སྟེ་ཉི་ཤུ་དྲུག་པའོ། །།། དེ་ནས་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། སྤྲུལ་པའི་ཕྲེང་བ་རྒྱུན་དུ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་རྩེ་གཅིག་པདྨར་གནས་པའི་སྙིང་པོ་འདི་ཐུགས་ལས་ཕྱུང་ངོ། ། བུདྡྷ་བཛྲ་ཨོཾ། སཏྭ་བཛྲ་ཧཱུཾ། རནྟ་བཛྲ་ཏྭཱཾ། དྷརྨ་བཛྲ་ཧྲཱིཿ། ཀརྨ་བཛྲ་ཧཱ། གུ་ཧྱ་བཛྲ་ཕཊ།། འདི་ནི་བརྗོད་མ་ཐག་ཏུ་ཡང།། ཁམ་རྒྱ་ཆེན་པོ་དྲུག་ཏུ་གྱུར། ། རྫོགས་པ་ཨ་ནུ་ཡོ་གའི་གཞུང།། གསང་བའི་མཁའ་ལ་རྣམ་པར་འཁྲིལ།། ཤྲཱི་ཁཱ་ཧི། ཤྲཱི་ཁཱ་ཧི། ཨོཾ་ཤྲཱི་ཁཱ་ཧི་ཧཱུཾ། ཤྲཱི་ཁཱ་ཧེ་ཏྲཱཾ། ཤྲཱི་ཁཱ་ཧི་ཧྲཱིཿ། ཤྲཱི་ཁཱ་ཧི་ཧཱ།། དེ་སྐད་ལན་གྲངས་བརྒྱད་གསུངས་པས།། ལོང་བ་རྒྱབ་སྦྲེལ་བརྒྱད་རྣམས་རྫོགས། ། ཤྲཱི་ཁཱ་ཧི་ཧཱུཾ། ཤྲཱི་ཁཱ་ཧི་ཧཱུཾ།། དྲུག་ཅུ་རྩ་གཉིས་ཕྱུང་བས་ཀྱང།། དམུས་ལོང་འཁོར་བ་རབ་ཏུ་རྫོགས།། ཐོད་རུས་བར་ཁྱམས་རྣམས་སུ་འཁོད།། རྫོགས་པ་ཨ་ནུ་ཡོ་གའི་ལུང།། ཏིཔྟ་ཙཀྲ་ཤྭ་ན་མུ་ཁ་ཁ་ལོང་ཁ། ། འདི་ནི་ཕྱུང་མ་ཐག་ཏུ་ཡང།། ལྕགས་ཀྱི་ཁྱི་སྤྱང་བརྒྱད་དུ་བསྟན།། ཀུ་ཀུ་ར་ཙ་རཀྴ་ཁ་ལོང་ཁ། ཧཱུཾ་ཕཊ། འདི་ནི་ཕྱུང་མ་ཐག་ཏུ་ཡང།། ཡེ་ཤེས་སྤྲུལ་པའི་ཁྱི་བཅུར་བསྟན།། མེ་རི་སྤྲིན་ལྟར་འཁྲིགས་པའི་བར་ཁྱམས་ཐ་མ་ལ། ། ཁྱི་སྤྱང་རོལ་པ་རྔམས་པར་འཁོད།། ཧཱུཾ་ཧཱུཾ་ཕཊ། ཏྲཱཾ་ཧཱུཾ་ཕཊ། ཧྲཱིཿཧཱུཾ་ཕཊ། ཧཱ་ཧཱུཾ་ཕཊ། འདི་ནི་ཕྱུང་མ་ཐག་ཏུ་ཡང།། མགོ་དགུ་བརྩེགས་པའི་རྐང་གཅིག་དང།། མགོ་བརྒྱད་ཕྱག་བརྒྱད་རོལ་པ་དང། ། མགོ་དྲུག་ལག་དྲུག་རྐང་དྲུག་དང།། མགོ་གསུམ་ལག་གསུམ་རྐང་གསུམ་པོ།། ཤར་ལྷོ་ནུབ་བྱང་སྒོ་བཞི་རུ།། སྙིང་རྗེ་ཆེན་པོ་བཞི་ཡིས་རོལ།། སྤྲུལ་པར་རོལ་པ་དེ་རྣམས་ནི།། རྫོགས་པ་ཨ་ནུ་ཡོ་གའི་གཞུང། ། བ་སྤུ་ཕོ་ཉའི་ལུང་དུ་བསྟན།། དེ་དག་རོལ་པའི་བྱིན་རླབས་ལས།། སྟེང་འོག་ཕྱོགས་མཚམས་མ་ལུས་པའི།། ཐབས་དང་ཤེས་རབ་བྱང་ཆུབ་སེམས།། རང་བཞིན་མེ་དང་རླུང་ཡིན་ཏེ།། དཔེར་ན་སྲིད་པའི་རྒྱལ་པོ་མེ་ཆུ་ཤག་བཟང་དང། ། ན་ཟའི་རྒྱལ་མོ་ཀུ་མཱ་ར།། དེ་གཉིས་ཡོངས་སུ་འཐབས་པའི་སྒྲ།། འབྲུག་ཏུ་གྲགས་པ་དང་འདྲ་བར། འཁོར་བ་དོང་སྤྲུག་བག་ཆགས་བསྲེག། མེ་འབྲུག་རླུང་འབྲུག་ཕྱག་རྒྱར་གསལ། ། རབ་ཏུ་རྫོགས་པའི་ཚུལ་དུ་བྱུང།། ཛི་ན་ལང་ཏོ་ཙེ་རཾ། ཡཀྴ་ཀུ་བན་ཛ་ཧཱུཾ། ཞེས་གསུངས་པས། བ་སྤུ་ཐམས་ཅད་པདྨའི་འོད་ཟེར་དུ་གྱུར་ཏོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། སྤྲུལ་པ་བཏོན་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། རབ་ཏུ་ཆེ་ལ་རྔམ་པའི་ཏིང་ངེ་འཛིན་ལ་རབ་ཏུ་ཞུགས་ནས། འཇོམས་པར་བྱེད་པ་འདི་གསུངས་སོ།། ཨོཾ་ཧུ་ལུ་ཧུ་ལུ་རཾ་ཛྭ་ལ། བཛྲ་ཨེ་ཨཱ་ར་ལི་ཛ། ཞེས་གསུངས་ཏེ། འཁོར་ཐམས་ཅད་རྔམ་ཞིང་ཀུན་རོལ་པར་གསུངས་སོ།། དཔལ་ཆེན་པོ་ཉིད་ཀྱིས་ཞེ་སྡང་ཅན་དང་འདོད་ཆགས་ཅན་དང། གཏི་མུག་ཅན་ལ་སོགས་པ་འདུལ་བར་ཞལ་གྱིས་བཞེས་པས། སྡིགས་མཛུབ་ནམ་མཁར་འཕྱར་བ་ཡང།། བསྐལ་པའི་མེ་དབལ་མེ་ལྕེ་འབར།། སྟོང་གསུམ་འཇིག་རྟེན་ཁམས་ཐམས་ཅད།། མེ་ཡི་དཀྱིལ་འཁོར་འབར་མཛད་ནས། ། གསུང་ནི་དྲག་པོར་བཀའ་སྩལ་པས།། ཁྲོ་མཛུབ་ཕྱག་རྒྱ་འདི་བསྟན་པས།། ཨ་ལ་ལ་ཡི་ཐོག་ཐོག་འཁྲུགས།། བདུད་དང་སྲིན་པོ་མ་ལུས་ཀུན།། བགེགས་དང་ལོག་འདྲེན་གཞན་མ་རྣམས། ། ཀླུ་དང་ལང་ཀའི་སྙིང་ནས་འདྲེན།། ཐམས་ཅད་མ་ལུས་དབང་དུ་སྡུས།། ཀྵེ་ཏྲ་པཱ་ལ་ཏེ་ཛོ་པྲ་བེ་ཤ་མི་བྲུ་ཆུ་ཐུབ།། ཤཱཾ་ཏི་བ་ཤཾ་ཀུ་རུ་ཧཱུཾ།། སྒྲོལ་སྔགས་དྲག་པོས་དྲག་ཏུ་བསྒྲལ།། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ། མ་ཧཱ་ཙཎྜ་སརྦ་དུཥྟཱ་ན་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ།། བསྐལ་པའི་ཐོག་ཐོག་དབབ་པའི་ཕྱིར།། ཧཱུཾ་དབང་ཆེན་རྒྱལ་པོ་ཐོག་ཐོག་འབེབས། ཧཱུཾ་དང་ཕཊ་ཀྱི་སྲིད་གསུམ་འཁོར་བ་འཇིགས།། ཧཱུཾ་མཛད་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ། ། རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམ།། རྡོ་རྗེའི་མཚོ་མདེའུ་གནམ་ལྕགས་ཐུ་ལུམ་འདྲིལ།། གསང་སྔགས་ལོག་པར་ལྟ་བའི་བདུད་རྣམས་འཇོམས།། རྡོ་རྗེའི་སོར་ཕྲན་ཐོག་ཐོག་འཁྲུག། འདྲེན་པའི་སྙིང་པོའི་ཙིཏྟ་དབྱུང། ། ཡེ་ཤེས་རྔམ་པའི་ཐུགས་རྗེ་ཨ་ལ་ལ། བནྡྷ་བནྡྷ་ཆོམས། གརྫ་གརྫ་ཧཱུཾ་ཙིཏྟ་ཕཊ། ཙིཏྟ་དྲོངས། ཧ་ལ་ཕཊ། ཀྲོ་དྷ་རཾ། ནཱ་ག་བིན་དུ། ནཱ་ག་ཨིཏྱ། མ་ཧཱ་རཀྴ། ཞེས་གསུངས་སོ།། ཕྲ་མེན་གྱི་མེ་སྦྲུལ་མང་པོ་ཡང་བྱུང་སྟེ། ཁ་ནས་མ་ཧཱ་རཀྴ་ཞེས་བཟླས་སོ།། ལང་ཀའི་རྗེས་ཤུལ་ཐམས་ཅད་ཀུན། ཚོགས་བརྒྱད་དུར་ཁྲོད་བརྒྱད་དུ་བསྒྲལ་ཏེ་བཀའ་དང་མཐུན་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་སོ། ། འཁོར་བ་རྩད་བཅད་ནས་མི་འཁོར་བའི་དབྱིངས་སུ་བཀོད། ནང་ཁྲོལ་ཐམས་ཅད་གསང་བའི་རྫས་ཀྱི་མཆོད་པར་གྱུར། ཀླུ་དང་ལང་ཀ་བཅད་ཅིང་གཏུབས་ཏེ། དཀྱིལ་འཁོར་ལྔ་རུ་བྱིན་གྱིས་བརླབས། ཞི་བ་དང་རྒྱས་པ་དང། དབང་དང། དྲག་པོ་དང། ཅིར་ཡང་འགྱུར་བའི་དཀྱིལ་འཁོར་རོ།། ང་རྒྱལ་ཅན་གྱི་སྤྱི་བོ་མནན།། ཞེ་སྡང་ཅན་གྱི་སྙིང་ག་མནན།། ཕྲག་དོག་ཅན་གྱི་ལག་པ་མནན།། གཏི་མུག་ཅན་ཁ་བུབ་ཏུ་མནན། ། འདོད་ཆགས་ཅན་གན་རྐྱལ་དུ་མནན་ནོ།། དེའི་ཚེ་འཁོར་གྱི་ལྷ་མོ་མང་པོས་བཅོམ་ལྡན་འདས་ལ་བསྟོད་པ།། རྫོགས་སངས་རྒྱས་ཀྱི་ལྷ་ལ་ཕྱག་འཚལ་ལོ།། ཁྲོ་རྒྱལ་ཁྱོད་ཀྱི་དབུ་ནི་ཅི་འདྲ་ན། ། གྲུབ་པའི་སངས་རྒྱས་མཁྱེན་ལྔ་ཡེ་ཤེས་ལྔ།། ཁྲོ་རྒྱལ་ཁྱེད་ཀྱི་རྟ་མགོ་ཅི་འདྲ་སྟེ།། དབང་མཆོག་ལྷུན་གྱིས་གྲུབ་པའི་རྟ་སྐད་ཅན།། ཁྲོ་རྒྱལ་ཁྱོད་ཀྱི་ཟར་བུ་ཅི་འདྲ་སྟེ།། ལང་ཀ་ཟ་བྱེད་ཁྲོ་རྒྱལ་འབུམ་དུ་སྤྲུལ། ། ཁྲོ་རྒྱལ་ཁྱོད་ཀྱི་སྨིན་མ་ཅི་འདྲ་སྟེ།། སྨིན་མ་མ་ཆགས་པདྨ་ཡུམ་གྱི་ཚུལ།། ཁྲོ་རྒྱལ་ཁྱོད་ཀྱི་སྤྱན་ནི་ཅི་འདྲ་སྟེ།། ཆགས་མེད་ཐུགས་རྗེས་པདྨ་ཅན་དུ་སྟོན།། ཁྲོ་རྒྱལ་ཁྱོད་ཀྱི་སྙིང་ནི་ཅི་འདྲ་སྟེ།། ཐུགས་རྗེ་བྱང་ཆུབ་སྤྲུལ་པ་ཕྱོགས་བཅུར་འགྱེད། ། ཤངས་ཀྱི་རླུང་སྒྲོམ་དུག་གསུམ་རྩད་ནས་བཅད།། ཞལ་གྱི་ཧོམ་ལྔ་འབྲེལ་བས་རྒྱུད་ལྔ་སྒྲོལ་བར་བྱེད།། རྣོ་དབལ་མཆེ་བས་སྐྱེ་བཞི་རྩད་ནས་གཅོད།། པདྨ་ལེ་བརྒན་ལྗགས་ཀྱིས་གསུང་རབ་རྒྱ་མཚོ་འཆད། ། རོལ་པའི་ཕྱག་གིས་འགྲོ་བ་འདུལ་ལ་མཁས།། གཤོག་བཞི་བརྐྱངས་པས་ཕྲིན་ལས་རྣམ་བཞི་མཛད།། ཞབས་བརྒྱད་རོལ་པས་གཟིར་གནོན་མཛད་པའི་ཚུལ།། སྐུ་ལུས་དཔལ་གྱི་རི་བོ་ལ། ། ཡེ་ཤེས་དཔལ་གྱི་ཉི་སྟོང་བརྡལ།། ཡེ་ཤེས་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་དོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལང་ཀ་བཏུལ་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ། །།། དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་དེས། ཞེ་སྡང་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་བདག་པོ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསུངས་སོ། ། གསང་བའི་བདག་པོ་རྡོ་རྗེ་འཆང།། ཐོག་མ་མེད་པའི་དུས་མཐའ་ནས།། བདུད་དང་དབང་ཕྱུག་དྲེགས་པ་དེས།། འཇིག་རྟེན་ཁམས་ཀུན་ཟ་བྱེད་པར།། འཇིགས་བྱེད་ཆེན་པོ་ཁྲག་འཐུང་གིས།། ཤོར་བ་གཞོན་ནུ་ལ་སོགས་པའི། ། བདུད་དང་གཤིན་རྗེ་དྲེགས་པ་དེ།། ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས།། ཕུང་པོའི་ཉལ་ཐབས་གན་རྐྱལ་ཏེ།། སྲིན་མོ་ཟ་ར་ཡག་མོར་བཅས།། དྲག་པོའི་སྔགས་ཀྱི་བསྒྲལ་བར་བྱས། ཀ་ད་རི་རི་ཤ། པྲ་བེ་ཤ་ནི་ཧཱུཾ་ཧཱུཾ་པྲ་བེ་ཤ་ཡ་ཕཊ། རཏྣ་བི་ལག་ཤ་ན་མ་ར་ཏ་པ་ག་ལིང་ག་ཏ། ཏི་ལིང་གི་ལིང། སརྦ་པུ་རི་མུག་རཏྣ་བན་དྷ་ཀྟི་ཀ། ཀ་ལ་བི་ལ། མུ་ཁ་ཤ་ཤ་ད་ར་ག་ཏི་ཤ། པྲ་དུན་དུན། སུ་ཤ་ར་ག་ཤ། རོ་བིན་དུང། བི་མར་ན་ཏ་ཀ། སྒྲོལ་སྔགས་དྲག་པོས་བསྒྲལ་ནས་ནི།། འཛམ་གླིང་ལྷོ་ཡི་གླིང་ཁམས་སུ།། རོ་ལས་ས་གཞིར་གྱུར་པས་ན།། རོ་ཡི་སྲུང་མ་ཆེན་མོ་ནི།། མ་མོ་ཆེན་མོ་བརྒྱད་བཞག་གོ། དེ་ཡི་གནས་རྟེན་ཆེན་པོ་ཡང། ། རང་བྱུང་རེ་རེ་བཞག་ནས་ནི།། དུར་ཁྲོད་ཆེན་པོ་ཡིན་པའི་ཕྱིར།། ཚངས་པའི་གཞལ་ཡས་ཁང་ཞེས་བྱ།། ཞེས་གསུངས་པས། གསང་བའི་བདག་པོས་གསོལ་པ། འོ་ན་ཅི། ཆེ་བཙན་འགྲན་གྱི་ཟླ་མེད་གར་གྱི་དབང་ཕྱུག་ཆེ། གསང་སྔགས་ཀྱི་ཆོས་འདི་ལྟར་བྱིན་རླབས་ཆེ་བ་འདི་ལྟར་བདུད་འདུལ་བ་ལ་མཁས་པ་ཡིན་ན། མ་མོའི་མིང་ནི་གང། དུར་ཁྲོད་ཀྱི་མིང་ནི་གང། མཆོད་རྟེན་གྱི་མིང་ནི་གང། ཚངས་པའི་གཞལ་ཡས་ཇི་ལྟ་བུ། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ནི་ཇི་ལྟར་རྟོགས་པར་བགྱི། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསང་བདག་རྡོ་རྗེ་གསང་ཆེན་པོ།། རཱུ་ཏྲའི་མགོ་ནི་ལྷོ་ནུབ་མཚམས། ། རྐང་པ་བྱང་ཤར་མཚམས་སུ་བསྟན།། ལག་པ་གཉིས་ནི་གཡས་གཡོན་གདེངས།། ཀུན་ཀྱང་ཐུག་པ་མེད་པར་བརྐྱང།། དེ་བས་འཛམ་གླིང་ས་འདི་ཀུན།། བཀྲ་ཤིས་ཡ་མཚན་ཐུགས་རྗེར་ལྡན། ། ཆོས་དང་རྫུ་འཕྲུལ་འབྱུང་བའི་གནས།། ཆོ་འཕྲུལ་འབྱུང་བར་ངས་གསུང་གིས།། རཱུ་ཏྲའི་ལུས་ནི་འཛམ་བུའི་གླིང།། སྙིང་ནི་མ་ག་དྷཱ་ཡི་ལྗོངས།། དུར་ཁྲོད་མིང་ནི་བསིལ་བའི་ཚལ།། གཟི་ལྡན་མ་དང་གོའུ་རིས་སྲུང། ། རང་བྱུང་མཆོད་རྟེན་བདེ་བྱེད་རྟེན།། མཁས་དང་སྙིང་སྟོབས་གཉིས་ཀར་ལྡན།། རཱུ་ཏྲའི་མགོ་ནི་ལྷོ་ཡི་ཕྱོགས།། དུར་ཁྲོད་སིང་ག་གླིང་ཕྲན་ཏེ།། གཤོག་པ་མོ་དང་ཙོའུ་རིས་སྲུང།། མཐོང་ཐོས་འཕྲུལ་དང་ལྡན་པ་མངའ། ། མཆོད་རྟེན་རི་བོ་ཏ་ལའོ།། རཱུ་ཏྲའི་ལག་པ་གཡས་ཤར་ལྷོའི།། མཚམས་ཏེ་དུར་ཁྲཽད་བལ་ཡུལ་ཡིན།། གློག་འགྱུ་མ་དང་པུ་ཀས་སྲུང།། ལོངས་སྤྱོད་དག་དང་ལྡན་པ་ཡིན།། མཆོད་རྟེན་ཁ་ཤོར་བྱ་རི་ཁ། ། ལག་གཡོན་ལྷོ་ནུབ་མཚམས་ཏེ་དུར་ཁྲོད་སཱ་ལའི་ཡུལ།། སྡེར་མོ་ཅན་དང་བེ་ཏཱས་སྲུང།། མཐུ་དབང་ཆེ་བ་དེ་ན་གནས།། རང་བྱུང་མཆོད་རྟེན་གོ་མ་ས་ལ་ཡིན།། རྐང་གཡས་བྱང་ཤར་མཚམས་སུ་ཏེ། ། དུར་ཁྲོད་མིང་ནི་ལི་ཡི་ཡུལ།། དྲ་བ་མོ་དང་ཙན་དྷས་སྲུང།། མེ་ཆུ་འགྲུབ་པ་དེ་ན་གནས།། མཆོད་རྟེན་མིང་ནི་གེའུ་ཏི་ཤན།། རྐང་གཡོན་ནུབ་བྱང་མཚམས་ཏེ་དུར་ཁྲོད་ཁ་ཆེའི་ཡུལ།། ཐེའུ་གཤོག་མ་དང་པྲ་མོས་སྲུང། ། དེ་ན་བདེ་སྐྱིད་ཕུན་སུམ་ཚོགས།། མཆོད་རྟེན་མིང་ནི་ཀ་ནི་ཀ། ཕོ་མཚན་སྟེང་ཕྱོགས་དུར་ཁྲོད་ཨུ་རྒྱན་ཡུལ།། མགྱོགས་བྱེད་མ་དང་གྷསྨས་སྲུང།། གཟི་ཡི་མཆོད་རྟེན་ཆེན་པོ་སྟེ།། དངོས་གྲུབ་ཐོབ་པ་དེ་ན་མང། ། རཱུ་ཏྲའི་ནང་ཁྲོལ་དུར་ཁྲོད་ཟ་ཧོར་ཡུལ།། ལང་ཀ་པུ་རངས་སྲིན་པོའི་གནས།། ཨ་མོ་དེ་དང་སྨ་ཤས་སྲུང།། སྲིན་པོ་སྲིན་མོ་ཤ་ཟ་དང།། འབྱོར་པ་ལོངས་སྤྱོད་ཀུན་དང་ལྡན།། མཆོད་རྟེན་བདེ་བྱེད་གཞོན་ནུའོ། ། ཚངས་པའི་གཞལ་ཡས་ཁང་བསྟན་པ།། ཉན་ཐོས་མདོ་སྡེ་ཀྲི་ཡཱ་དང།། ཐེག་པ་ཆེན་པོ་ཡོ་ག་དང།། གསང་བ་ཡི་ནི་ཐེག་པ་གསུམ།། གཞུང་དང་མཐུན་པའི་གཞལ་ཡས་ཁང།། སྲིན་མོ་རཀྨོ་ཡགྨོ་བསྒྲལ། ། དེ་ཡི་ཁོག་སྦུབས་སྐྱེ་མཆེད་ལས།། གཞལ་ཡས་ཁང་གི་རྒྱུ་ཡིན་ཏེ།། སྒོ་བཞི་རྟ་བབས་མུ་ཁྱུད་བཅས།། དྲག་པོ་ཁྲོ་བོ་ཁྱམས་ལ་སོགས།། ཚངས་པའི་གདུང་ཆེན་ཞིག་གཤག་གཏམས།། ཡང་ན་ཚངས་པའི་གཞལ་ཡས་ནི། ། ཐེག་མཆོག་ཨ་ནུ་ཡོ་གའི་གཞུང།། ཡང་ན་ཚངས་པའི་གཞལ་ཡས་ནི།། ཐེག་རྒྱལ་ཨ་ཏི་ཡོ་གའི་ཚུལ།། ཁྱབ་དང་གནས་དང་འབྱུང་ལ་སོགས།། རྣམ་པ་གསུམ་པོའི་གཞལ་ཡས་ཁང། ། སྣོད་བཅུད་འབྱུང་བའི་ཡུལ་དུ་གསལ།། བྷ་ག་དགྱེས་པའི་ནང་དུ་བསྒོམ།། དེ་ལ་རང་བཞིན་མེད་པ་སྟེ།། ནམ་མཁའ་ལྟ་བུར་རབ་རྟོགས་ན།། གཞལ་ཡས་ཁང་ཞེས་བྱ་བ་ཡིན།། དེ་བས་ཕྱི་རབས་རྣལ་འབྱོར་པས། ། དཔལ་གྱི་ཐུགས་རྗེའི་བྱིན་གྱིས་བརླབས།། ཏ་ནས་བཏུལ་ནས་བསྒྲལ་བའི་ཕྱིར།། ས་གཞིའི་དཀྱིལ་འཁོར་དམ་པ་འདིར།། འདས་པའི་དུས་ན་སྔོན་བྱུང་བའི།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། ། ཕྱི་རབས་སྔགས་འཆང་སྒྲུབ་པ་པོས།། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ནི།། བཀའ་བཞིན་བསྐྱེད་ནས་བྱིན་བརླབས་པས།། སྔགས་མཆོག་བདུད་རྩི་བསྒྲུབ་པའི་ཕྱིར།། བསྒྲུབ་པའི་རྒྱུ་དང་དམ་རྫས་ཀུན། ། སངས་རྒྱས་བསྒྲུབ་པའི་རྒྱུ་དང་གཞི།། དམ་ཚིག་དམ་པ་བསྒྲུབ་པའི་རྫས།། འབྲས་བུ་ཆེན་པོ་ལྔ་ཡིན་པས།། བདུད་དང་གཤིན་རྗེ་ལ་སོགས་དང།། མཆོག་གི་དབང་པོའི་འབྱོར་ཚོགས་ལ།། ལེ་ལོ་སྤང་བའི་བརྩོན་འགྲུས་ཀྱིས། ། བར་ཆོད་མེད་པར་འབད་ལ་བསྒྲལ།། རྣམ་ཤེས་ཧཱུཾ་དུ་གྱུར་བྱས་ཏེ།། བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས།། ཡང་དག་ས་གསུམ་འདས་པར་བྱས།། དེ་ལྟར་ཏ་ནའི་དཀྱིལ་འཁོར་འདིར།། དུར་ཁྲོད་བདག་པོ་བཏུལ་ནས་ནི། ། འཁོར་བཅས་མ་ལུས་དབང་དུ་བསྡུས།། སྲིད་པ་ཡོངས་སྒྲོལ་ཆེན་པོར་མཛད།། ས་ནས་ས་ཡི་རིམ་པ་བཞིན།། མི་ལྡོག་དབྱིངས་སུ་ཐིམ་པར་བྱ།། བདུད་དང་སྲིན་པོ་མ་ལུས་ཀུན། ། སྔོན་གྱི་རྒྱལ་བས་གསུངས་པ་བཞིན།། བཏུལ་ནས་ཡང་དག་སྒྲོལ་མཛད་པ།། འདི་ནི་སྒྲོལ་བའི་ཕྲིན་ལས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས་ཤོར་བ་གཞོན་ནུ་ལ་སོགས་པ་བཏུལ་ཞིང། གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ། གཉིས་སུ་མེད་པར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱི་རབས་རྣལ་འབྱོར་སྐལ་ལྡན་རྣམས་ལ་འདི་གསུངས་སོ།། ལུས་ངག་ཡིད་གསུམ་ཕྱག་རྒྱ་ཆེན་པོ་སྟེ།། དབྱིངས་ནས་གསང་བའི་ཡུམ་བསྐྱེད་སྙིང་པོས་བསྐུལ། ཨ་ཀ་ཏེ་བི་ཀ་ཏེ་མ་ཏང་ཀ་ཏེ་སྭཱ་ཧཱ། མཉམ་པས་མཉམ་པའི་ཕྱག་རྒྱ་གསལ།། གཉིས་སུ་མེད་པར་སྦྱོར་བའི་ཕྱིར། རྡོརྗེ་པདྨ་ལྡན་བྱས་པ།། ཐབས་ཀྱི་ཕྱག་རྒྱའི་ཆོ་འཕྲུལ་ལ།། གཟི་ལྡན་གསང་བར་ཨེ་གྲུ་གསུམ།། ཉི་མ་པདྨ་ཤེས་རབ་ལྡན། ། སོ་སོར་གསང་བའི་བརྡས་མཚོན་ཏེ།། ཨོཾ་དང་མཱུཾ་གྱི་འཕྲོ་འདུ་ལས།། བྱིན་རླབ་རྣམ་པར་འཕྲོ་བ་ཡིས།། འདབ་བརྒྱད་པདྨ་ཉི་མར་བཅས།། དེ་དབུས་གསང་བའི་རྡོ་རྗེ་སྟེ།། ཧཱུཾ་གིས་གསོར་ཞིང་ཧ་ཡིས་བསྐྱོད། ། ཡང་ནས་ཡང་དུ་བསྐྱོད་པ་ནི།། སྐུ་གསུང་དབྱིངས་སུ་བསྐུལ་བའོ།། ཧཱུཾ་ནི་ཐུགས་སེམས་ལུས་ངག་རྒྱུ།། གོ་རོ་ཙ་ན་དབྱིངས་ནས་སྟོན།། སྲོག་དག་གསང་བའི་དབྱིངས་སུ་དྲངས། ། ལྗགས་ཀྱི་དབང་པོར་བསྐྱིལ་བ་དང།། ནཱ་སའི་དབྱིངས་ནས་ཀླད་པར་བསྐུལ།། ཚོར་བ་མྱོང་ནས་སྒལ་རྩར་བརྒྱུད།། གསང་བའི་རྡོ་རྗེའི་ལམ་དུ་སྦྱངས།། བྷ་ག་ཡངས་པའི་དཀྱིལ་འཁོར་དུ།། ཉི་མ་ཟླ་བ་པདྨ་དང། ། རྡོ་རྗེ་ལ་སོགས་འདྲེས་པ་དང།། སྦྱོར་བའི་བྱང་ཆུབ་རབ་སྤྲོས་པས།། ཕྱོགས་བཅུའི་རྒྱལ་བས་ཐུགས་དམ་བསྐུལ།། མཐའ་ཡས་སེམས་ཅན་ལས་དོན་བྱས།། སླར་འདུས་ཕྱག་རྒྱའི་སྐུར་གྱུར་པས།། ཡེ་ཤེས་སེམས་དཔའ་ཚོན་གང་བའོ། ། དེ་ཡང་ཐབས་དང་ཤེས་རབ་ལས།། བྱང་ཆུབ་སེམས་ནི་ལྕེ་ལ་བཞག། རྫས་ལ་ཚེ་ཡི་དངོས་གྲུབ་བླང།། འདི་ནི་སྦྱོར་བའི་ལུང་དུ་གྲགས།། ཀུན་རྫོབ་ཕྱག་རྒྱའི་སྐུར་གསལ་བ། ། གཉིས་མེད་བྱང་སེམས་འོད་ཟེར་ལས།། དོང་ཙེ་ཙམ་གྱི་ཟླ་དཀྱིལ་ན།། ཡེ་ཤེས་སེམས་དཔའ་ཚོན་གང་དམར།། ཉུང་འབྲུ་ཙམ་གྱི་གོ་མནབས་པ།། གཡས་པས་ཡིད་བཞིན་ནོར་བུ་བསྣམས།། གཡོན་ན་ཚེ་ཡི་ཟ་མ་ཏོག། དེ་ལྟར་དཀྱིལ་འཁོར་ལྷུན་གྲུབ་པས།། སྤྲུལ་པས་བདག་གཞན་དོན་བྱས་པས།། ཐམས་ཅད་མ་ལུས་ཕྱག་རྒྱའི་སྐུ།། སྦྱོར་བ་ཆེན་པོས་བསྐྱེད་པའོ།། བསྙེན་པ་བཞི་འབུམ་བཏོན་ནས་ཀྱང།། ཚེ་ཡི་རིག་འཛིན་ཐོབ་འདོད་ན། ། ཞག་ནི་སུམ་ཅུ་ཕྲག་བཞིའམ།། ཕྲག་དྲུག་ཕྲག་བརྒྱད་དག་གིས་བསྒྲུབ།། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། སྦྱོར་བ་ཆོས་ཉིད་ཀྱི་ལེའུ་སྟེ་སུམ་ཅུ་པའོ། །།། དེ་ནས་བཅོམ་ལྡན་འདས་ཆེ་བཙན་འགྲན་གྱི་ཟླ་མེད་གར་གྱི་དབང་ཕྱུག་དེ་ལ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་དང། ལྷ་དང་ཀླུ་དང་གནོད་སྦྱིན་སྲིན་པོ་དང།། ལྷ་མ་ཡིན་དང། དྲི་ཟ་དང། ལྟོ་འཕྱེ་དང། ནམ་མཁའ་ལྡིང་དང། མིའམ་ཅི་ལ་སོགས་པའི་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་དབང་མཆོག་དམ་པ་དེ་ལ། གླུ་དྲུག་བླངས་ཏེ། བཅོམ་ལྡན་འདས་ཀྱི་འཁོར་རྣམས་ཀྱིས་ཀྱང། ཚིག་དང་དོན་དང་ལྡན་པའི་གླུ་དྲུག་བླངས་ཏེ། དེ་དག་གི་བྲིང་ངེ་བ་དང་དུང་ངེ་བ་དང། ཤ་ཏ་པ་དང་གར་དྷ་བ། ཅང་ཀ་དེའུ་པང་ཀ་དེའུ་སྟེ། དེ་ཚེ་གླུ་དྲུག་བླངས་པས་དོན་དྲུག་འགྲུབ། ། བྲེང་ངེ་བ་ཡི་གླུ་བླངས་པས།། འཇིག་རྟེན་སྒྲོན་མ་ཐམས་ཅད་ལ།། དམ་ཆོས་འཁོར་ལོ་བསྐོར་ཚུལ་གྱིས།། ཚངས་པ་ལྷ་ཡི་དཀྱིལ་འཁོར་ནས།། སྐུ་ཡི་དངོས་གྲུབ་ཆེན་པོ་ཐོབ།། དུང་ངེ་བ་ཡི་གླུ་བླངས་པས། ། འཇིག་རྟེན་སྒྲོན་མ་ཐམས་ཅད་ལ།། མཐོ་རིས་ཆོས་བཟང་ལྷ་ཡི་མདུན་ས་ནས།། ཉེ་དབང་སུམ་ཅུ་རྩ་གཉིས་དང།། སྡེ་དཔོན་ཉི་ཤུ་རྩ་བརྒྱད་སོགས།། བརྒྱ་བྱིན་ལྷ་ཡི་དབང་པོ་ཡི། གསུང་གི་དངོས་གྲུབ་ཆེན་པོ་ཐོབ། ། ཤ་ཏ་པ་ཡི་གླུ་བླངས་པས།། དཔལ་དང་ལྡན་པའི་རྒྱལ་ཆེན་བཞི།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། སྒྲ་སྐད་རྟོགས་པ་མ་ལུས་ཀུན།། ལྷ་ཡི་གསུང་དུ་རྟོགས་པར་གྱུར།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། ། དྲན་བྱེད་རྣམ་ཤེས་མ་ལུས་ཀུན།། ལྷ་ཡི་ཐུགས་སུ་རྟོགས་པར་གྱུར།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། གཟུགས་མཛེས་སྣ་ཚོགས་མ་ལུས་ཀུན།། མཚན་དང་དཔེ་བྱད་ཐོབ་པར་གྱུར།། བྱ་བ་ནན་ཏན་ཡེ་ཤེས་ཀྱིས། ། གཟུགས་མི་སྡུག་དང་ལས་ངན་རྣམས།། ཡི་གེ་བཅུ་སྤངས་དགེ་བའི་དོན།། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི།། ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ།། གར་དྷ་བ་ཡི་གླུ་བླངས་པས།། དབང་པོ་རྡོ་རྗེ་འཆང་རྒྱལ་ཏེ། ། ལྷ་ཡི་རྒྱལ་པོ་གདོན་གྱི་བདག། དེ་ལ་སོགས་པའི་ཕྱོགས་སྐྱོང་བ།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། ཐམས་ཅད་དབྱིངས་སུ་རྟོགས་གྱུར་ནས།། དབྱིངས་ཀྱི་དོན་ལ་རབ་རྟོགས་ཏེ།། མ་སྲིང་རྒྱ་མཚོ་དམ་ལ་བཏགས། ། སྲིད་པ་གསུམ་གྱི་བྲོ་སྒྲ་དིར།། རང་བཞིན་མེད་པའི་བྲོ་བརྡུངས་པས།། ཕྱོགས་སྐྱོང་ཆེན་པོ་བཅུ་རྣམས་ཀྱི།། ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ།། ཅང་ཀ་དེའུའི་གླུ་བླངས་པས།། མ་མོ་བདུན་དང་སྲིན་མོ་བཞི། ། ནག་མོ་ཆེན་མོ་རལ་གཅིག་སོགས།། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས།། ཁམས་གསུམ་དབྱིངས་སུ་སྒྲོལ་བས་ན།། དོན་ནི་ལྷུན་གྱིས་གྲུབ་པའི་ཕྱིར།། སྲིད་གསུམ་དབང་སྡུད་མཐུ་མོ་ཆེ།། དྲེགས་པའི་ཡུལ་བདག་དབང་དུ་སྡུད། ། པང་ཀ་དེའུའི་གླུ་བླངས་པས།། གཞོན་ནུའི་སྐུ་མཆོག་རྫུ་འཕྲུལ་དབང་གི་འཕགས།། གླང་ཆེན་བརྗིད་པས་ལྷ་དབང་གཡུལ་དུ་བསྟོད།། དམག་གྲགས་ཆེན་མོ་དགེ་བསྙེན་ཆེན་མོ་དང། ། ལྷ་སྲས་གཞོན་ནུ་ཀླུ་སྲས་གཞོན་ནུ་དང།། དྲང་སྲོང་གཞོན་ནུ་རིག་འཛིན་གཞོན་ནུ་དང།། བྱིན་ཤུགས་བརྟན་པའི་གཞོན་ནུ་ལྔ་བརྒྱ་སྤུན།། གནོད་སྦྱིན་གཞོན་ནུ་ཏིརྟི་ཀ་ལ་སོགས།། གནོད་སྦྱིན་གྲུལ་བུམ་སྲིན་པོ་མིའམ་ཅི། ། འབྱུང་པོ་ཤ་ཟ་ཡུལ་བདག་འདྲེ་ལ་སོགས།། དངོས་གྲུབ་རླབས་ཆེན་འཁྲིགས་པ་ཐོབ།། དེ་ནས་དེའི་ཚེ་པདྨ་གར་གྱི་བྲོ་དྲུག་ནི།། བདུད་བཞི་ཐལ་བར་བརླག་པའི་ཕྱིར།། འཁོར་བ་སྤྱི་ནས་འདྲེན་པའི་བྲོ། ། འདི་ནི་སྡུག་བསྔལ་ནད་སེལ་བྲོ།། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི།། འགྲོ་བ་འདྲེན་པའི་དཔལ་དུ་ཤར།། ཁྲག་འཐུང་ཐུགས་དམ་རྒྱུད་ཀྱང་བསྐུལ།། གྲི་བཱ་མགྲིན་སྔོན་སྙིང་ལ་བརྡུང།། ཀླུ་ཚོགས་མང་པོ་དབང་དུ་སྡུད། ། དབང་ཕྱུག་ཆེན་པོའི་མཁའ་ལ་བརྡུང།། གསང་བའི་ཐུགས་དམ་དབྱིངས་ནས་བསྐུལ།། གླུ་ཡི་རྫུ་འཕྲུལ་ཨ་ལ་ལ།། དངོས་གྲུབ་རླབས་ཆེན་ཨ་ལ་ལ།། ཞེས་དཔལ་ཆེན་པོ་གར་གྱི་དབང་ཕྱུག་གི་བརྗིད་གླུའོ། ། པི་ཝང་གི་སྒྲ་ལྟ་བུར་བླངས་སོ།། སྡུག་བསྔལ་ནད་སེལ་ཐུགས་རྗེའི་བྲོ།། དུག་ལྔ་རྣག་ཁྲག་འབྱིན་པའི་བྲོ།། མ་རིག་མུན་པ་གཏིབས་པར་བརྡུང།། པདྨ་དབང་ཆེན་ཁྲག་འཐུང་གིས། ། འཁོར་བ་སྐྱམས་ལིངས་ཆེན་པོ་མཛད།། སྡུག་བསྔལ་གཅོད་འབྱིན་ནད་ལ་བརྡུང།། མ་སྲིན་རྒྱ་མཚོ་དམ་ལ་བཏགས།། ཐ་ཚིག་གཉན་པོ་འདའ་མི་བྱེད།། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང།། རུལ་མྱགས་ནས་ནི་ཚིགས་འགྱུར་པས། ། སྲོག་གི་སྙིང་པོ་ད་གསུངས་ཤིག། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཛ།། འདི་ལས་བདག་ཅག་མི་འདའ་འོ།། བདེ་བ་ཆེན་པོ་ཨ་ལ་ལ།། ཞེས་གསོལ་ཏོ།། གླིང་བུའི་སྒྲ་ལྟར་གླུ་བླངས་སོ།། ཐུགས་དམ་དབྱིངས་ནས་བསྐུལ་བའི་བྲོ། ། རྣམ་དག་པདྨ་རྡོ་རྗེའི་བདག། མ་གོས་པདྨའི་ཚུལ་སྟོན་པ།། དྲེགས་པ་ལ་སོགས་འཇོམས་མཛད་པའི།། ཆོས་དབྱིངས་རྣམ་དག་སྐྱོན་བྲལ་བས།། བཅུ་གཅིག་འོད་ལ་ཐུགས་རྗེ་ཤར། ། པདྨའི་སྤྱན་ལ་གཟིགས་ནས་ཀྱང།། ཐབས་དང་ཤེས་རབ་འབྲེལ་པ་ཡིས།། ཐུགས་རྗེ་ཕྲིན་ལས་ཆེན་པོ་ཡིས།། ཁྲོ་བོ་བརྒྱད་ལ་གཟིར་མནན་མཛད།། འབོད་སྒྲོགས་མང་པོ་དི་རི་རི།། གདུང་བའི་མཆི་མ་ཤ་ར་ར། ། རཱུ་ཏྲ་ཐལ་བར་རློག་པའི་བྲོ།། བདུད་ནི་ཕྱེ་མར་འཐག་པའི་བྲོ།། སྐྱེ་མེད་དངོས་གྲུབ་ཨ་ལ་ལ།། ཞེས་གསུངས་སོ།། ཧྭ་ཤང་གི་སྒྲ་ལྟར་བླངས་སོ།། ཡེ་ཤེས་རྒྱན་གྱི་བྲོ་བོ་ཆེ།། ཨོཾ་གཙུག་ཕུད་འཁོར་ལོ་རྩིབས་བརྒྱད་འབར། ། ཆོ་ག་གསུམ་ལྡན་སྣང་མཛད་ཆེ།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། འཁོར་ལོ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིགས།། ཧཱུཾ་དཔྲལ་བར་རྡོ་རྗེ་རྩེ་ལྔ་འབར།། ཆོ་ག་གསུམ་ལྡན་སེམས་དཔའ་ཆེ། ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། རྡོ་རྗེ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིགས།། སྦཱ་ལས་རིན་འབྱུང་ཟུར་བརྒྱད་འབར།། ཆོ་ག་གསུམ་ལྡན་རིན་ཆེན་འབར། ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། རིན་ཆེན་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པའོ།། ཨཱཾ་ལས་པདྨ་འདབ་བརྒྱད་འབར།། ཆོ་ག་གསུམ་ལྡན་སྣང་མཐའ་ཡས།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། ། པདྨ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པའོ།། ཧཱ་ལས་རྡོ་རྗེ་རྒྱ་གྲམ་འབར།། ཆོ་ག་གསུམ་ལྡན་དོན་ཡོད་གྲུབ།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། རྒྱ་གྲམ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པའོ། ། སྐུ་གསུང་ཡོན་ཏན་ཕྲིན་ལས་ལྔ།། རིགས་ལྔ་དཔལ་གྱི་གླུ་བླངས་པས།། གསང་བ་ཡུམ་གྱི་བྲོ་བརྡུང་ཞིང།། དཔའ་བོ་འབྲུ་ལྔས་དབང་བསྐུར་བས།། ཐམས་ཅད་མ་ལུས་ཕྱག་རྒྱའི་སྐུ། ། ལུས་པ་མེད་པ་ཆོས་ཀྱི་དབྱིངས།། ཧྲཱིཿ། རྟ་མགྲིན་གཙུག་ན་ནོར་བུ་འབར།། ཆོ་ག་གསུམ་ལྡན་ཧ་ཡ་གྲཱི།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། ནོར་བུ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པའོ། ། ཧཱུཾ། གཡས་པ་བརྒྱད་ན་ལྕགས་ཀྱུ་འབར།། ཆོ་ག་གསུམ་ལྡན་ཕྲ་མེན་མ།། གཙོ་དང་གཉིས་མེད་འཁྲིལ་བ་ལས།། ལྕགས་ཀྱུ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པའོ།། གཡོན་པ་བརྒྱད་ན་མཚོན་ཆ་འབར། ། ཆོ་ག་གསུམ་ལྡན་བཛྲ་སྟེ།། གཙོ་དང་གཉིས་མེད་འཁྲིལ་བ་ལས།། མཚོན་ཆ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པའོ།། ཀྲུཾ། ཞབས་བརྒྱད་ཟ་བྱེད་ཆས་བརྒྱད་འབར།། ཆོ་ག་གསུམ་ལྡན་ཡུམ་གྱི་མཁའ། ། གཙོ་དང་གཉིས་མེད་འཁྲིལ་བ་ལས།། ཆས་བརྒྱད་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པའོ།། ཕཊ། སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི།། སྒོ་སྐྱོང་ཁྲོ་བོ་མགོ་དགུ་བརྩེགས། ། ཁམ་རྒྱ་མ་དང་ལོང་བའི་ཚོགས།། དམུས་ལོང་ཚོགས་དང་ཁྱི་སྤྱང་ཚོགས།། དཔལ་ཆེན་སྐུ་ལ་རབ་ཏུ་འབར།། ཆོ་ག་གསུམ་ལྡན་སྤྲུལ་པའི་ཚོགས།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། འཁོར་རྣམས་སྙིང་གི་དབུས་སུ་བསྒོམ། ། དེ་ལ་རང་བཞིན་མེད་པ་སྟེ།། འདི་ནི་ཡེ་ཤེས་རྒྱན་གྱི་གླུ།། རྒྱན་ཉིད་ཡེ་ཤེས་གླུ་བླངས་པས།། བདག་ཉིད་ཕྱག་རྒྱ་རྟགས་མཆོག་འབར།། ཨོཾ། འཁོར་ལོ་ཡེ་ཤེས་ཅན་རྣམས་ནི།། འཁོར་ལོ་རྡོ་རྗེར་བསྒོམ་བྱས་ནས། ། དེ་ཉིད་ཆོས་སྐུ་ནམ་མཁར་ཆེ་ཧོ།། ཧཱུཾ། ཡེ་ཤེས་རྡོ་རྗེ་ཅན་རྣམས་ནི།། རྡོ་རྗེ་རྡོ་རྗེར་བསྒོམས་བྱས་ནས།། དེ་ཉིད་ཆོས་ཉིད་ངང་ལ་རྫོགས།། ཧོ། རིན་ཆེན་ཡེ་ཤེས་ཅན་རྣམས་ནི།། རིན་ཆེན་རྡོ་རྗེར་བསྒོམ་བྱས་ནས། ། དེ་ཉིད་ལོངས་སྤྱོད་ལྷུན་གྱིས་གྲུབ་ཧོ།། པདྨ་ཡེ་ཤེས་སྤྱན་རྣམས་ནི།། པདྨ་རྡོ་རྗེར་བསྒོམ་བྱས་ཏེ།། དེ་ཉིད་བརྟན་པར་འགྱུར་བ་མེད་ཧོ།། རྒྱ་གྲམ་རིན་ཆེན་ཅན་རྣམས་ནི།། རྒྱ་གྲམ་རྡོ་རྗེར་བསྒོམ་བྱས་ནས། ། དེ་ཉིད་སྤྲུལ་སྐུ་ངོ་མཚར་ཆེ་ཧོ།། རྒྱན་ཉིད་ཡེ་ཤེས་གླུ་བླངས་པས།། བསྐུལ་དང་དོན་བྱས་འདུས་པ་དང།། ཐམས་ཅད་སྐུ་སྟེ་གཉིས་མེད་སྐུ།། སྟོང་པ་ཆེན་པོའི་ངང་ལ་བཞག་ཧོ།། ཞེས་གར་དྷ་བའི་སྒྲ་ལྟར་བླངས་སོ། ། འདི་ནི་མ་མོ་འཁྲུགས་པའི་བྲོ་བོ་ཆེ།། བདུད་བཞི་ཐལ་བར་རློག་པའི་བྲོ།། ལང་ཀ་སྲིན་པོའི་སྙིང་ལ་བརྡུང།། འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ།། ཁམས་གསུམ་ཀུན་གྱི་དབང་ཕྱུག་མ། ། ཚངས་པ་དབྱངས་ཀྱི་བླུ་བླངས་པས།། སྲིད་པ་གསུམ་གྱི་ལས་ཐམས་ཅད།། གར་དང་དབྱངས་ཀྱིས་མཆོད་ནས་ཀྱང།། དཔལ་ཆེན་འབར་བའི་དཀྱིལ་འཁོར་དུ།། ཕྲ་མེན་འདུས་པའི་གླུ་བླངས་ཤིང།། སྲིན་པོ་བསྒྲལ་བའི་བྲོ་བརྡུངས་པས། ། དཔལ་དང་མ་མོའི་ཐུགས་དམ་སྐོང།། ཡེ་ཤེས་འཁྲུགས་པའི་དཀྱིལ་འཁོར་ནས།། ཁྲོ་བོ་ཆེན་པོའི་བྲོ་བརྡུངས་ཏེ།། མ་མོ་བསྟེན་པའི་གླུ་བླངས་པས།། དཔལ་གྱི་གཙུག་འབྱམ་ཨ་ལ་ལ། ། ཞེས་ཅང་ཏེའུའི་སྒྲ་ལྟར་བླངས་སོ།། ལང་ཀ་བསྒྲལ་བའི་བྲོ་བོ་ཆེ།། བདུད་བཞི་ཐལ་བར་རློག་པའི་བྲོ།། ལང་ཀ་སྲིན་པོའི་སྙིང་ལ་བརྡུང།། བདུད་ཀྱི་མིག་འབྲས་ཐང་ལ་རློག། སྙིང་ཁྲག་དྲོན་མོ་ཁ་རུ་སྐྱུགས། ། དུག་ལྔ་བརྩེགས་པའི་རི་བོ་ལ།། འདི་ནི་ལང་ཀ་བསྒྲལ་བའི་བྲོ།། རུས་པ་ཐལ་ཆེན་ཁྲ་ལ་ལ།། རོལ་པའི་རྟ་བྲོ་ཆེམས་སེ་ཆེམ།། ཧཱུཾ་དང་ཕཊ་ཀྱི་སྒྲ་སྐད་འཁྲུགས།། ཁམས་གསུམ་དངོས་གྲུབ་ཨ་ལ་ལ། ། དེ་སྐད་པང་ཀ་དེའུའི་གླུ་ལྟར་བླངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཚངས་པ་དབྱངས་ཀྱི་གླུ་དྲུག་གི་ལེའུ་སྟེ་སུམ་ཅུ་གཅིག་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དངོས་པོ་ཐམས་ཅད་སྲེག་པ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་བྱུང་བ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་བོས་ཏེ། སེམས་དཔའ་ཆེན་པོ། ངས་སྔོན་ལང་ཀ་སྲིན་པོ་ལ་སོགས་པའི། རོའམ་བེམ་པོར་གྱུར་པ་རྣམས།། བསྲེགས་ནས་དངོས་མེད་སྟོང་པའི་ངང།། དེ་བས་ཁྱོད་ལ་སོགས་པ་ཡི།། ཕྱི་རབས་རྣལ་འབྱོར་རྫས་བསྒྲུབ་པས།། རོ་བསྲེག་ཐལ་བ་བསྒྲུབ་པའི་ཕྱིར། ། ཕུན་སུམ་ཚོགས་པ་ལྔ་ལྡན་ཞིང།། རྟགས་པའི་གནས་སུ་མཎྜལ་བྱ།། དང་པོ་ས་བླངས་བྱིན་གྱིས་བརླབ།། འདོམ་གང་གྲུ་བཞི་ཁྱུད་སྐོར་བཅས།། ཟླ་གམ་དམར་པོ་དབང་གི་གཞལ་ཡས་སུ། ། རཀྟ་ཆགས་པ་རྫས་ཀྱི་མྱུལ་བྱུགས་དང།། སྲིད་གསུམ་དབང་སྡུད་དམར་གྱི་གོ་མ་ཡེ།། དབང་ཕྱུག་ཆེན་པོ་འཁོར་བཅས་བཞུགས་པའི་གནས།། ཤེས་རབ་ཕ་རོལ་ཆེན་པོ་བཞུགས་པའི་ཐུགས་ཀ་ནས།། རཀྟ་བསྒྲལ་བ་ཆུ་བོའི་རྒྱུན་ལྟར་འབབ། ། རཀྟ་མཎྜལ། དེ་ནས་མཚན་དང་ལྡན་པའི་ཡུམ།། དུར་ཁྲོད་བཀའ་དང་མཐུན་པ་ཡིས།། གསང་བའི་ཐིག་སྐུད་བཀལ་བ་ཡང།། ཁྲུས་བྱས་དར་ལྡན་རྒྱན་གྱིས་བཀླུབ།། སྤྱི་བོར་བཞག་ལ་དབང་བསྐུར་བྱ། ། ཆགས་པ་ཆེན་པོར་མཆོད་པ་ཡང།། ཐུགས་ལས་སྤྲུལ་པ་པདྨ་རཱ་ག་ཡིས།། འཆི་བདག་གདུག་པ་ལང་ཀའི་ཚོགས་བཅོམ་སྟེ།། རྒྱུ་ཕྲེང་ཁྲག་དང་བཅས་པའི་ཐིག་ལེ་ཡིས།། ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་གཙུག། ཆགས་པས་དབང་བསྐུར་འཁོར་བ་ཟིལ་གྱིས་གནོན།། ཀུན་བཟང་ཡངས་པའི་མཁའ་ལ་ཐིག་འདེབས་སོ།། རཀྟ་པུཙྪ་མེ། ལན་གསུམ་བཟླས་ཏེ་གཟི་ལྡན་དུ།། གྱུར་པར་དམིགས་ཏེ་དབྱེ་བར་བྱ། ། ཟླ་གམ་ཁ་སྤྲོད་ཟླུམ་པོ་ལྔའི།། དཀྱིལ་འཁོར་ཨེ་ཞལ་གྲུ་གསུམ་ལ།། གྲུ་གང་མཐའ་བསྐོར་འཕང་དུ་བརྩིག། ས་ཚོན་མགར་བའི་སོ་དོག་གམ།། ཡང་ན་སྣུམ་ཆེན་བསྲེགས་པའི་ས། ། ནག་པོའི་ས་ལ་ཨེ་ཞལ་བྲི།། མཱུ་ལ་རཀྟ་ཟླ་གམ་སྐུ།། འོད་ཕྱུང་མཐའ་བསྐོར་བུ་ཡུག་རྣམས།། དམར་པོ་ཡོན་ཏན་དབང་དུ་སྡུད།། དེ་ཡི་དབུས་སུ་སྔགས་ཀྱི་རྫས།། དམར་པོ་དཔལ་དང་ལྡན་པའི་རྫས། ། བཤུལ་ལ་སོགས་པའི་སྣུམ་པར་སྔོ།། དེ་ཡི་དབུས་སུ་ཡངས་པར་བཤམ།། འགྲམ་མམ་སྟེང་དུ་སྔགས་ཀྱི་རྫས།། ཐོད་པ་རྣམ་གཉིས་བཅུད་དང་ལྡན།། འཕྲོ་འདུ་དམིགས་པའི་རྟེན་དུ་བཞག། མཐའ་སྐོར་མེ་རི་དམར་པོ་ལ། ། ཕུར་པ་དང་ནི་རྫས་རྣམས་དགྲམ།། མེ་སྔགས་བཏབ་སྟེ་གཞག་པར་བྱ།། གསང་བའི་གཟུགས་ཐག་དམར་པོས་བཅིངས།། དེ་ནས་ཐལ་བ་བསྒྲུབ་པའི་ཕྱིར།། ཟླ་གམ་སྟེང་དུ་ལོངས་སྤྱོད་དགྲམ། ། བམ་གྱི་རི་བོའི་ས་ཕྱོགས་སུ།། མ་མོའི་གོམ་པ་དྲུག་ཅུ་ཡིས།། རྡོ་རྗེའི་འགྲོས་སུ་སོང་ནས་ཀྱང།། རྡོ་རྗེའི་དཔུང་གིས་ས་ཕྱོགས་སུ།། བཅུ་དྲུག་རོལ་པའི་ཕོ་ཉ་དགྱེ།། ཧྲཱིཿ། དབང་ཆེན་དཔལ་གྱི་ཐུགས་ཀ་ནས། ། བཅུ་དྲུག་རོལ་པའི་ཕོ་ཉ་མོ།། ཟངས་ཀྱི་འཕར་བ་རྐང་གཅིག་དེ།། ཁ་བརྒྱད་ཟླ་གམ་ཚོགས་ལ་རོལ།། མིག་བརྒྱད་སྡང་མིག་ཞེ་ལ་གནོན།། སྤུ་ཏོག་ལྕགས་ཀྱུ་དམར་པོ་ལ།། དུང་གི་ཚ་ཚ་དཀར་པོ་འཕྲོ། ། མཆེ་བ་ཟང་ཡག་འབར་བ་ལ།། མ་མོ་བཅུ་དྲུག་རོལ་པ་ཉིད།། ང་རོ་འབྲུག་སྟོང་ལྡིར་བ་ལས།། ཏ་ཀྲྀཏ་རྒྱལ་མོ་རོལ་པ་ཉིད།། དམ་རྫས་བདུད་རྩིའི་ཆར་འབེབས་མ།། གང་ལ་བྱ་བའི་གནས་དག་ཏུ།། ཐེ་ཚོམ་མེད་པར་དམྱལ་ཐག་གཅོད། ། ཛཿཛཿ། ཞེས་བསྐུལ་ལོ།། དེ་ནས་སྤྱན་རས་གཟིགས་དབང་གིས།། བདུད་རྩིའི་ཆར་འབེབས་མཐོང་ནས་ཀྱང།། དབང་ཆེན་གར་གྱི་དབང་ཕྱུག་ཆེ།། བཀྲ་ཤིས་རྟ་བྲོ་ཇི་ལྟར་བསྐོར། ། ཕྱུང་ནས་ཤུལ་དུ་ཇི་ལྟར་དམིགས།། བྱང་ཤར་མཚམས་སུ་ཇི་ལྟར་བཤིག། རོལ་པ་མཛད་ན་ཅི་ལྟར་མཛད།། སྙིང་དང་བྷན་དྷ་གང་གི་རྟེན།། དབང་པོ་ལྔ་ནི་གང་ལ་གཞག། རྐང་ལག་རྒྱུ་ཕྲེང་གང་ལ་གཞག། ཤུན་དང་ཐོད་པ་གང་ལ་གཞག། བདུད་རྩིའི་ཆར་ནི་ཇི་ལྟར་དབབ།། དེ་སྐད་ཅེས་ནི་ཞུས་པས་ན།། གར་དབང་གསུང་གིས་བཀའ་སྩལ་པ།། སེམས་དཔའ་ཆེན་པོ་སྤྱན་རས་གཟིགས།། ཡི་གེ་ཧཱུཾ་གི་རྟ་བྲོས་འཆམ། ། ཁྲོ་བོ་རྫས་ལ་དམིགས་ནས་གདབ།། དུར་ཁྲོད་ལས་དག་སྤྱན་དྲངས་ཏེ།། ཧེ་ཡི་སྟེང་དུ་གཞག་པར་བྱ།། བྷན་དྷ་དབང་པོ་ལྔ་ཡི་རྟེན་ཕྲལ་ནས།། ཟླ་གམ་དབུས་སུ་གཞག་པར་བྱ།། གཟི་བརྗིད་ལྡན་པའི་ལྷ་མོ་ལྔའི། ། རྟེན་དུ་དབང་པོ་ལྔ་ཡང་གཞག། རེའུ་ཆ་ལ་ནི་ནང་ཁྲོལ་ཏེ།། སྒོ་བཞི་ལ་ནི་རྐང་ལག་སྟཻ།། བར་ཁྱམས་ལ་ནི་སྒལ་ཚིགས་གཞག། མེ་རི་ལ་ནི་རྒྱུ་ཕྲེང་ངོ།། ཤུན་གྱི་གཡབ་དང་རླུང་གི་ཕྱོགས།། སྣ་ཚོགས་ཡམ་ཤིང་རྫས་ལ་གཞག། དེ་སྐད་གསུངས་མ་ཐག་ཏུ་ནི།། སྤྱན་རས་གཟིགས་དབང་ལ་སོགས་པའི།། རོལ་པའི་འཁོར་ཚོགས་མང་པོ་ཡིས།། ལུ་གུ་རྒྱུད་ཀྱི་བྲོས་བསྐོར་ཏེ།། གར་གྱི་དབང་ཕྱུག་ཆེན་པོ་ཡི།། བྱིན་རླབས་ཡོངས་སུ་རྫོགས་པ་ཡི། ། ཐུགས་དམ་བསྐུལ་ཕྱིར་འདི་གསུངས་སོ།། གར་དབང་ཉིད་དུ་བདག་ཅག་རྣམས།། བདག་ཉིད་ཆེན་པོའི་དབང་ཐོབ་ཕྱིར།། རྒྱུ་དྲུག་གནས་པའི་སེམས་ཅན་རྣམས།། དཔའ་བོ་འབྲུ་ལྔས་དབང་བསྐུར་གྱིས། ། ངན་སོང་གསུམ་གྱི་ཕུང་པོ་ལ།། འཁོར་བའི་ལམ་ལྔ་དགག་པའི་ཕྱིར།། དཔའ་བོ་འབྲུ་ལྔའི་ཕྲ་བཀོད་པས།། རྒྱུ་དྲུག་འབྲོས་ཁུང་གཅོད་པའི་རྒྱ།། ལུས་ངག་སེམས་ཀྱི་ས་གཞི་ལ།། ཡིག་འབྲུ་འཁྲིགས་པའི་བྲོ་བརྡུངས་པས། ། དུག་གསུམ་རྡུལ་ཕྲན་བཞིན་དུ་བཤིག། ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། སྐུ་གསུང་ཐུགས་སུ་དག་སྦྱོར་བས།། ཕྱག་རྒྱ་ཆེན་པོར་བདག་གྱུར་ཅིག། ཚོན་ལྔ་རྒྱས་པའི་དཀྱིལ་འཁོར་དུ།། ཁམས་གསུམ་འཁོར་བའི་བྲོ་བརྡུངས་པས།། འཁོར་ལོས་བསྒྱུར་བའི་རྒྱལ་པོར་བཤད།། ཐིག་ལེ་གསང་བའི་དཀྱིལ་འཁོར་དུ།། རྡོ་རྗེ་ལས་ཀྱི་བྲོ་བརྡུངས་པས། ། དབང་ཕྱུག་གར་གྱི་རྒྱལ་པོར་གྱུར།། རྫོགས་སངས་རྒྱས་པའི་དཀྱིལ་འཁོར་དུ།། དཔའ་བོ་རྡོ་རྗེའི་བྲོ་བརྡུངས་པས།། དགྲ་བོ་ཀུན་གྱི་ཀླད་པ་བརྔུབ།། མ་ཚོགས་འདུས་པའི་དཀྱིལ་འཁོར་སུ།། རྐང་པ་ཕུར་པའི་བྲོ་བརྡུངས་པས། ། བགེགས་དང་འབྱུང་པོའི་སྙིང་ལ་བརྡུང།། གིང་ཆེན་འདུས་པའི་དཀྱིལ་འཁོར་དུ།། འཁོར་ལོ་ཐབས་ཀྱི་བྲོ་བརྡུངས་པས།། མ་སྲིང་རྣམས་ཀྱི་སྙིང་ལ་བརྡུང།། ཕོ་ཉ་འདུས་པའི་དཀྱིལ་འཁོར་དུ། ། རྐང་པ་རྒྱན་གྱི་བྲོ་བརྡུངས་པས།། རྒྱབ་ཉན་རྐུན་བུའི་སྙིང་ལ་བརྡུང།། ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ།། ཙིཏྟ་འབར་བའི་བྲོ་བརྡུངས་པས།། མཉམ་པ་ཉིད་ཀྱི་དབྱིངས་ལ་བརྡུང།། གསང་བ་ཡུམ་གྱི་བྷ་ག་ལ། ། ལས་ཀྱི་ལིངྒའི་བྲོ་བརྡུངས་པས།། བག་ཆགས་གདུག་པའི་ཚོགས་ལ་བརྡུང།། འཁོར་ཆེན་འདུས་པའི་དཀྱིལ་འཁོར་དུ།། ཉུང་དཀར་གསེར་གྱི་བྲོ་བརྡུངས་པས།། བཀའ་ལས་འདས་པའི་སྙིང་ལ་བརྡུང། ། ཟ་བྱེད་ཆེན་པོའི་དཀྱིལ་འཁོར་དུ།། རྡོ་རྗེ་མཆེ་བའི་ཚེམས་བརྡར་བས།། བཀའ་ལས་འདས་པའི་སྙིང་ལ་བརྡུང།། ཧ་ཧ་རུ་ལུ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ངན་སོང་གནས་ཀྱི་བྲོའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།།།། དེ་ནས་ཡང་བརྩོན་འགྲུས་ཆུང་བ་རྣམས་དབུགས་དབྱུང་བའི་ཕྱིར། ཤར་ཕྱོགས་སུ་མིའམ་ཅིའི་འཁོར་རྟ་མགོ་ཅན་འདུལ་བའི་ཕྱིར་འདི་གསུངས་སོ། ། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ།། གཏུམ་ཆེན་རྔམ་པའི་སྒྲ་སྒྲོགས་ཤིང།། དབང་ཆེན་རྟ་སྐད་ཙེ་རེ་རེ།། དཔའ་བོའི་འབྲུག་སྒྲ་འུ་རུ་རུ།། དཔལ་གྱི་རྔ་སྒྲ་དི་རི་རི།། རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། ། གསང་བའི་བཤུག་པ་ཀྱུ་རུ་རུ།། རྔམ་པའི་གློག་འབར་ལྗིབས་སེ་ལྗིབ།། རྡོ་རྗེའི་ཐོག་འབེབ་ལམས་སེ་ལམ།། ཧཱུཾ་གི་དབང་བསྐུར་ཁམས་གསུམ་གཡོ།། ཕཊ་ཀྱི་སྐུ་སྤྲུལ་འཇིག་རྟེན་ཁྱབ།། རཾ་གྱི་མེ་འབར་ཐམས་ཅད་བསྲེགས། ། གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབས།། ཀང་ཀ་འདབ་ཆགས་སྐར་ལྟར་འཁྲུགས།། སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར།། ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ།། ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཕྱིར། ། ཟ་བྱེད་ཆེན་པོའི་དཀྱིལ་འཁོར་འདིར།། རུས་པའི་ཕུང་པོ་སྤུངས་པ་ལས།། གཅན་གཟན་ཆེན་པོའི་བྲོ་བརྡུངས་པས།། བདག་ཏུ་བལྟ་བའི་ང་རྒྱལ་བཅོམ།། ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ། ། རཀྟའི་རྒྱ་མཚོ་འཁྱིལ་བ་ལ།། མ་ཚོགས་མཁའ་འགྲོའི་བྲོ་བརྡུངས་པས།། འདོད་ཆགས་ངོ་བོ་རྩད་ནས་བཅོམ།། རྔམ་ཆེན་འཁྲུགས་པའི་དཀྱིལ་འཁོར་དུ།། ཤ་ཆེན་ཕུང་པོ་སྤུངས་པ་ལ། ། སྡེར་ཆགས་འདུས་པའི་བྲོ་བརྡུངས་པས།། བདག་ཏུ་རྟོག་པའི་ཞེ་སྡང་བཅོམ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། དུག་གསུམ་གཞོམ་པའི་ལས་བྱས་པས།། སྔོན་གྱི་དམ་ཚིག་ཆེན་པོར་སྐོང།། མ་བདུན་མཁའ་འགྲོའི་དཀྱིལ་འཁོར་དུ། ། ཏན་གཎ་སྤྲུལ་པའི་ལས་བྱས་པས།། རྣལ་འབྱོར་བསྐང་བའི་ཕྲིན་ལས་རྫོགས།། དབང་ཆེན་གར་གྱི་དཀྱིལ་འཁོར་དུ།། བདུད་བཞི་འདུལ་བའི་ལས་བྱས་པས།། ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས། ། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ།། བཀའ་འདས་བསྒྲལ་བའི་ལས་བྱས་པས།། རཱུ་ཏྲ་མནན་པའི་ཆོ་ག་རྫོགས།། ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་བྲོའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།།།། འདུ་ཤེས་ཆུང་བ་རྣམས་དབུགས་དབྱུང་བའི་ཕྱིར།། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོའི་བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་གསུངས་སོ།། ཁྲག་འཐུང་ཆེན་པོའི་བརྟུལ་ཞུགས་ནི།། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ།། བདག་ཉིད་ཆེན་པོར་བསྒོམ་བྱས་ཏེ།། དབུ་ནི་རྟ་མཆོག་ཚོགས་ལ་རོལ། ། ཐུགས་ནི་སྐྱེ་མེད་དབྱིངས་ལ་རོལ།། ཕྱག་ནི་ཕྲ་མེན་ཚོགས་ལ་རོལ།། གཤོག་པ་གཏི་མུག་ཀླུ་ལ་རོལ།། ཞབས་ནི་ཁྲོ་ཆེན་བརྒྱད་ལ་རོལ།། སྐུ་ནི་རྔམ་བརྗིད་ཆས་ལ་རོལ།། རྡོ་རྗེ་གསང་བའི་ཡུམ་ལ་རོལ། ། གསུང་ནི་ཕོ་ཉའི་ཚོགས་ལ་རོལ།། འཁོར་བའི་སྐྱམས་ལིངས་ཆེན་པོ་ལ།། ཕྱོགས་བཅུའི་སངས་རྒྱས་རམ་དར་གཉེར།། ཁོང་སྙིང་ཡུམ་གྱི་བྷ་ག་ལ།། ཁམས་གསུམ་ཡོངས་སྒྲོལ་མཛད་པ་ལས།། ཡེ་ཤེས་ལྔ་ཡི་རུ་དཔོན་མཛད། ། ཁྲོ་བོ་རྡོ་རྗེའི་གོ་ཚགས་སྡོམས།། སྤྲུལ་པའི་ཕོ་ཉས་དང་དུ་ཚུགས།། དུག་གསུམ་དཔལ་གྱི་མདའ་མཁའ་འགྲིམ། རྡོ་རྗེ་མཚོན་གྱི་ཆར་པ་ཕོབ།། ལུས་ནི་རྡུལ་ཕྲན་བཞིན་དུ་རློགས།། སེམས་ནི་ཡུམ་གྱི་མཁའ་ལ་སྟོབ། ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲག་འཐུང་རོལ་པའི་བྲོའི་ལེའུ་སྟེ་སུམ་ཅུ་བཞི་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེ་སྡང་ཅན་རྣམས་དབུགས་དབྱུང་བའི་ཕྱིར། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་གྱི་སྒོ་སྲུང་སྲིན་པོའི་འཁོར་ཁྱིའི་མགོ་ཅན་རྣམས་འདུལ་བའི་ཕྱིར་འདི་གསུངས་སོ། ། ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ནི།། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ།། ཁམས་གསུམ་མ་ལུས་བསྒྲལ་བའི་ཕྱིར།། དཔལ་གྱི་ཁྱི་བརྒྱད་ལས་ལ་དགྱེ།། ཚེམས་ནི་སྲ་སྙི་མེད་པར་རྣོ།། སྐད་ནི་ཕྱི་ནང་མེད་པར་ཟུག། དེ་ཕྱིར་བདུད་ཀྱི་མེལ་ཚེ་བ།། བང་ནི་ངལ་དུབ་མེད་པར་མགྱོགས།། དེ་ཕྱིར་ཡེ་ཤེས་སྤྲུལ་པའི་ཁྱི།། ཟས་སུ་གཙང་སྨེ་མེད་པར་འཐུང།། དེ་ཕྱིར་ཁྲག་དང་དྲི་ཆུ་འཐུང།། ཤར་གྱི་ཕྱོགས་ནས་རྒྱུག་པ་ནི། ། འབྲུག་སྒྲ་ལྡིར་བས་ལྷ་ཆེན་འདུལ།། ལྷོ་ཡི་ཕྱོགས་ནས་རྒྱུག་པ་ནི།། གློག་དམར་ལྗགས་ཀྱིས་གཤིན་རྗེ་སྒྲོལ།། ནུབ་ཀྱི་ཕྱོགས་ནས་རྒྱུག་པ་ནི།། རྡོ་རྗེ་ཁྱུང་གཤོག་ཀླུ་འབྲུག་འདུལ།། བྱང་གི་ཕྱོགས་ནས་རྒྱུག་པ་ནི། ། གནོད་སྦྱིན་ཕོ་མོའི་སྒལ་རྩིབ་འཇོམས།། ཤར་ལྷོ་མཚམས་ནས་རྒྱུག་པ་ནི།། དྲང་སྲོང་བདུད་འདུལ་བཅར་ལ་འདེབས།། ལྷོ་ནུབ་མཚམས་ནས་རྒྱུག་པ་ནི།། ཟ་བྱེད་སྲིན་པོའི་དོན་སྙིང་འདྲེན། ། ནུབ་བྱང་མཚམས་ནས་རྒྱུག་པ་ནི།། རླུང་ལྷ་སྔོན་མོའི་བ་དན་བསྐྱོད།། བྱང་ཤར་མཚམས་ནས་རྒྱུག་པ་ནི།། བགེགས་ཆེན་ཕོ་མོའི་ཤ་ལ་རོལ།། སྟེང་གི་ཕྱོགས་ནས་རྒྱུག་པ་ནི།། ཉི་ཟླ་གཟའ་སྐར་ཁ་ལོང་ཁ། ། འོག་གི་ཕྱོགས་ནས་རྒྱུག་པ་ནི།། ས་བདག་ཕོ་མོ་ཐིབས་ཀྱིས་གནོན།། ཀུན་ཀྱང་མི་བཟད་ཅི་འདྲ་ན།། མཆེ་བ་རྒྱ་ཟོར་འགུགས་པ་འདྲ།། སྤྱན་ནི་ཉི་ཟླ་ཞུན་མ་འདྲ།། རལ་པ་ཉི་ཟེར་འཛིངས་པ་འདྲ།། སྡེར་མོ་གནམ་ལྕགས་ཞུན་མ་འདྲ། ། ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ།། ཀུ་ཀུ་ར་ཙ་ཁ་ལོང་ལ་ཧཱུཾ་ཕཊ། ཅེས་བསྐུལ་ལོ།། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས།། ཁྱིའི་བརྟུལ་ཞུགས་ཀྱི་བྲོའི་ལེའུ་སྟེ་སུམ་ཅུ་ལྔ་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཏི་མུག་ཅན་འདུལ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྲིན་པོའི་འཁོར་ལྷོ་ཕྱོགས་གྲུལ་བུམ་གྱི་སྒོ་བ་ཕག་གདོང་ཅན་རྣམས་འདུལ་བའི་ཕྱིར་འདི་གསུངས་སོ། ། ཕག་གི་བརྟུལ་ཞུགས་ཆེན་པོས་ནི།། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ།། བླང་དོར་མེད་པར་མཉམ་པ་ལ།། ཕྱོགས་བཅུ་ཟས་སུ་ཟ་བའི་ཕྱིར། ། འབར་བའི་ཁྲོན་བརྐོ་ང་རེ་མཁས།། ཁྲོན་དུ་མ་གྱུར་གང་ཡང་མེད།། སྐུ་ནི་འབར་བའི་ཆ་ལུགས་ལ།། གནམ་ལྕགས་ངུར་མོའི་གཟེར་གྱིས་བརྒྱན།། ཞལ་ནི་ཕག་གདོང་མཆེ་བར་སྤྲུལ།། གསུང་ནི་གྲུལ་བུམ་ཕྱོགས་སུ་སྒྲོགས། ། ཚེམས་ནི་སྲ་སྙི་མེད་པར་རྣོ།། ཤངས་ནི་ཉོན་མོངས་ཐལ་བར་རློག། རྦད་ནས་ཁྲོས་པས་བྲོ་བརྡུང་ཚེ།། སྲིད་གསུམ་མ་ལུས་དབང་དུ་སྡུད།། དམྱལ་ཚོགས་མེ་དཔུང་རྩད་ནས་གཅོད།། དུ་རུ་དུ་རུ་ཚལ་པ་ཚལ་པ་ཧཱུཾ་ཕཊ། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཕག་གི་བརྟུལ་ཞུགས་ཀྱི་ལེའུ་སྟེ་སུམ་ཅུ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས། འདོད་ཆགས་བྱའི་བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ནུབ་ཕྱོགས་སྲིན་པོའི་འཁོར། ཀླུ་འབབ་བཟང་གི་གྲོང་ཁྱེར་གྱི་སྒོ་སྲུང། བྱ་མགོ་ཅན་དང་འདོད་ཆགས་ཅན་གདུལ་བའི་ཕྱིར་འདི་གསུངས་སོ། ། རྡོ་རྗེ་གཤོག་པའི་བྱིན་རླབས་ལས།། བྱ་ཡི་བརྟུལ་ཞུགས་ཆེན་པོ་ནི།། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ།། རྡོ་རྗེའི་གཤོག་ཆེན་གདེངས་པའི་ཚེ།། ཁམས་གསུམ་ཁྱབ་པར་གཟན་ལ་ཚོལ། ། རྡོ་རྗེའི་སྡེར་ཆེན་བཅུམ་པའི་ཚེ།། རྒྱུད་དྲུག་སེམས་ཅན་སྦར་མོར་འཛུད།། རྡོ་རྗེའི་མཆེ་སྡེར་ཆེན་པོ་གདེངས་པའི་ཚེ།། རྒྱུད་དྲུག་ཅིག་ཆར་རིལ་མིད་མཛད།། བྱ་ཡི་བརྟུལ་ཞུགས་ཆེན་པོ་ནི།། ཞིང་བཅུ་བསྒྲལ་བའི་ལྷག་རོལ་ལ། ། དཀར་པོའི་ཚོགས་དང་དམར་པོའི་ཚོགས།། དབྱར་གྱི་ཆར་སྤྲིན་འཁྲིགས་པ་བཞིན།། ལྡིང་ཞིང་འབབ་ལ་འབབས་ཤིང་འཇོམ།། གཏན་ནས་ལེན་པའི་ལས་མཛོད་ཅིག། མ་མ་ཀོ་ཏཀྴ་ཡ། མ་མ་ཀོ་ཏཀྴ་ཡ། ཧ་ཧ་རུ་ལུ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། བྱའི་བརྟུལ་ཞུགས་ཀྱི་བྲོའི་ལེའུ་སྟེ་སུམ་ཅུ་བདུན་པའོ།།།། དེ་ནས་གསང་བའི་བདག་པོས་འཇིག་རྟེན་དྲུག་གི་བྱང་ཤར་མཚམས་སུ། དུར་ཁྲོད་གསང་བ་བཀྲོལ་ཏེ་རོལ་པའི་ཕྱིར།། གར་དབང་ལྷ་མཆོག་པདྨ་ཧེ་རུ་ཀ། འོག་མིན་གནས་མཆོག་དམ་པའི་དུར་ཁྲོད་ནས།། འོག་མིན་ལྕང་ལོ་ཅན་གྱི་ཕོ་བྲང་དུ། ། ཐུགས་རྗེ་ཆེན་པོ་མངའ་བས་དགོངས་སུ་གསོལ།། དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར།། གྲུ་གསུམ་མཐིང་ནག་འབར་བའི་ཀློང།། རྒྱ་གྲམ་ཁྲག་གི་རྦ་རླབས་འཁྱིལ།། ཀེང་ཐོད་གསར་རྙིང་གཤག་ཏུ་གཏམས། ། ཀེང་རུས་གཞིབས་པའི་དྲག་ཤུལ་གྱི།། དབང་ཆེན་ཐོག་ཐོག་སེར་ཆེན་འབེབས།། ཧཱུཾ་གི་སྒྲ་སྐད་འབྲུག་སྟོང་ལྡིར།། ཏ་ཀྲྀཏ་རྒྱལ་པོ་དུག་གསུམ་འཇོམས།། རོལ་ཅིག་དཀྲུགས་ཤིག་ཕོ་ཉའི་ཚོགས། ། བམ་གྱི་རི་བོ་སྤུངས་པ་ལ།། ལས་བདག་འཁོར་བཅས་གཤེགས་སུ་གསོལ།། ཨེ་ཧྱེ་ཧི་བྷ་ག་ཝཱན་སརྦ་ཌཱཀྐི་ནི་སྟྭཾ། ཞེས་གསུངས་པས།། ཆེ་བཙན་འགྲན་གྱི་ཟླ་མེད་གར་གྱི་དབང་ཕྱུག་ཆེན་པོས་རྣམ་པར་རོལ་པར་མཛད་དེ། ཕྱི་མའི་ཚེ་ཕྱི་མའི་དུས་ན། སྙིགས་མ་ལྔ་ལ་བབས་པའི་སེམས་ཅན་རྣམས། དུག་གསུམ་དབང་གི་རཱུ་ཏྲའི་རྗེས་བསྲུང་བ། ད་ལྟའི་གདུག་པ་ཅན་རྣམས་བསྒྲལ་བའི་བག་ཆགས་མནན་པ་དང། ཕྱི་མའི་ཚེ་ཕྱི་མའི་དུས་ཀྱི་ཞིང་བཅུ་བསྒྲལ་བའི་ཕྱིར། བསྒྲལ་བའི་ཕུང་པོའི་ལྷག་མ་ལ། སྒྲོལ་བའི་དུས་དང་དུས་སུ། གནས་ཀྱི་བྲོ་བརྒྱད་བརྡུང་བར་བྱ། ཞེས་གསུངས་ཏེ། དུག་གསུམ་གྱི་གནས་མགོ་ལ་ལང་ཀ་མནན་པའི་བྲོ་བརྡུངས་ཏེ། ཧཱུཾ་རཱུ་ཏྲ་བསྒྲལ་བའི་ཕུང་པོ་ལ།། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། ཁྲག་འཐུང་འབར་བའི་དབུ་གཙུག་ཏུ།། མཐིང་ནག་གྲུབ་པའི་དཀྱིལ་འཁོར་དུ།། ཧྲཱིཿལས་གྲུབ་པའི་རྟ་མགོ་ལྔ།། ཧཱུཾ་གི་འབྲུག་སྟོང་ལྡི་རི་རི། ། དེ་ཡི་བྱིན་རླབས་ཆེན་པོ་ལས།། ལང་ཀ་མནན་པའི་བྲོ་བརྡུང་འཚལ།། རྟ་སྡེར་ཆེན་པོས་སྟོང་གསུམ་གཡོས།། རྟ་སྐད་རྔམ་པས་ཐུགས་དམ་བསྐུལ།། བཀའ་བཞིན་ལས་ལ་གཤེགས་སུ་གསོལ།། ཨེ་ཧྱེ་ཧི་བྷ་ག་ཝཱན་ཧྲིཾ་ཧྲིཾ། ཞེས་དྲག་ཏུ་བསྐོར་ཞིང་བཞུགས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལང་ཀ་མནན་པའི་བྲོའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས། ཙིཏྟ་ནི་འཁོར་བའི་འཁོར་ལོ་ཡིན་པས། ཙིཏྟ་དཀྱིལ་འཁོར་ལ་བྲོ་བརྡུང་ཞེས་གསུངས་ཏེ། ཧཱུཾ་ལང་ཀ་བསྒྲལ་བའི་ཕུང་པོ་ལ།། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ཤིང།། ཁྲག་འཐུང་འབར་བའི་དཀྱིལ་འཁོར་ནས། ། ཧཱུཾ་ལས་གྲུབ་པའི་དཔལ་བེའུ་ལྔས།། ཡེ་ཤེས་ལྔ་ཡི་ཕྱག་རྒྱ་འཁྲུགས།། དེ་ཡི་བྱིན་རླབས་ཆེན་པོ་ལས།། རིགས་ལྔའི་ཁྲག་འཐུང་སྤྲིན་ལྟར་འཁྲིགས།། ཙིཏྟ་འཁོར་བའི་རི་དྭགས་ལ།། ཡེ་ཤེས་ལྔ་ཡི་ཁྱི་བཀྱེ་སྟེ། ། དུས་གསུམ་སངས་རྒྱས་ར་མདར་གཉེར།། གློ་སྙིང་ཡུམ་གྱི་བྷ་ག་ལ།། རྒྱུད་དྲུག་འཁོར་བའི་ལིངས་འདེབས་སོ།། ཡེ་ཤེས་བརྒྱད་ཀྱི་དཀྱིལ་འཁོར་དུ།། དུར་ཁྲོད་བརྒྱད་ཀྱི་ཡུལ་ཕྱུང་སྟེ། ། འཁོར་བ་རྒྱུན་གཅོད་ཐུགས་རྗེའི་བྲོ།། སྲིན་པོ་བསྒྲལ་བའི་སྙིང་ལ་བརྡུང།། ཛྙཱ་ན་སིདྡྷི་སྥ་ར་ཎ་ཡཾ། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཙིཏྟ་འཁོར་བ་བྲོའི་ལེའུ་སྟེ་སུམ་ཅུ་དགུ་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པར་བྱ་བའི་ཕྱིར། དུར་ཁྲོད་བརྒྱད་དུ་རོལ་ཏེ། ཧཱུཾ་རཱུ་ཏྲ་བསྒྲལ་བའི་རྣམ་ཤེས་ལ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ཏེ། ། མཚུངས་མེད་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར།། ང་རྒྱལ་མཐུ་བསྙེམས་བདུད་ཀྱི་དཔུང་བཅོམ་ནས།། འཇིག་རྟེན་འདས་པའི་དེ་བ་ཆེན་པོ་བརྒྱད།། ཆེ་བའི་དྲག་དང་ལྡན་པས་དབང་ཕྱུག་ཡང་ཆེ་གནོན། ། དྲག་ཤུལ་ཆེན་པོས་འདུལ་བར་བཀའ་སྩལ་པ།། ཧཱུཾ་དང་ཀཱ་ཡི་འཕྲོ་འདུ་ལས། ཁྲོ་བོ་མཐིང་ནག་སྤྲིན་ལྟར་གཏིབས།། ཁྲོ་ཆུང་ཚོན་གང་སྐལ་ལྟར་འཁྲུགས།། ཧཱུཾ་ཀཱ་ར་ཡི་ཕྱག་རྒྱར་གསལ།། ཉི་ཟླ་བསྒྲལ་བའི་རྣམ་ཤེས་ལ། ། ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས།། རཱུ་ཏྲ་ཐལ་བར་རློག་པའི་བྲོ།། བདུད་ནི་ཕྱེ་མར་འཐག་པའི་བྲོ།། རུས་པ་ཐལ་ཆེན་བརྡལ་བ་ལ།། རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས།། འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། ། ཧཱུཾ་དང་ཨཱརྱའི་འཕྲོ་འདུ་ལས།། ཁྲོ་བོ་ལྗང་སྔོན་སྤྲིན་ལྟར་གཏིབས།། ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས།། མི་གཡོ་མགོན་པོའི་ཕྱག་རྒྱར་གསལ།། སྲིན་པོ་བསྒྲལ་བའི་རྣམ་ཤེས་ལ།། ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། ། རཱུ་ཏྲ་ཐལ་བར་རློག་པའི་བྲོ།། བདུད་ནི་ཕྱེ་མར་འཐག་པའི་བྲོ།། རུས་པ་ཐལ་ཆེན་བརྡལ་བ་ལ།། རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས།། འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། ། ཡ་དང་མ་ཡི་འཕྲོ་འདུ་ལས།། ཁྲོ་བོ་མཐིང་ག་སྤྲིན་ལྟར་གཏིབས།། ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས།། གཤིན་རྗེ་གཤེད་པོའི་ཕྱག་རྒྱར་གསལ།། གཤིན་རྗེ་བསྒྲལ་བའི་རྣམ་ཤེས་ལ། ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། ། རཱུ་ཏྲ་ཐལ་བར་རློག་པའི་བྲོ།། བདུད་ནི་ཕྱེ་མར་འཐག་པའི་བྲོ།། རུས་པ་ཐལ་ཆེན་བརྡལ་བ་ལ།། རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས།། འོད་ཕུང་རྡོ་རྗེའི་བུ་ཡུག་འཚུབས། ། ནཱི་དང་ལ་ཡི་འཕྲོ་འདུ་ལས།། ཁྲོ་བོ་ལྗང་སྔོན་སྤྲིན་ལྟར་གཏིབས།། ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས།། དབྱུག་པ་སྔོན་པོའི་ཕྱག་རྒྱར་གསལ།། དྲང་སྲོང་བསྒྲལ་བའི་རྣམ་ཤེས་ལ།། ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། ། རཱུ་ཏྲ་ཐལ་བར་རློག་པའི་བྲོ།། བདུད་ནི་ཕྱེ་མར་འཐག་པའི་བྲོ།། རུས་པ་ཐལ་ཆེན་གདལ་བ་ལ།། རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས།། འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས།། བད་དང་མ་ཡི་འཕྲོ་འདུ་ལས། ། ཁྲོ་བོ་དུད་ཁ་སྤྲིན་ལྟར་གཏིབས།། ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས།། པདྨ་འཁྱིལ་པའི་ཕྱག་རྒྱར་གསལ།། ཆུ་བདག་བསྒྲལ་བའི་རྣམ་ཤེས་ལ། ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས།། རཱུ་ཏྲ་ཐལ་བར་རློག་པའི་བྲོ། ། བདུད་ནི་ཕྱེ་མར་འཐག་པའི་བྲོ།། རུས་པ་ཐལ་ཆེན་བརྡལ་བ་ལས།། རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས།། འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས།། ཊཱ་དང་ཀི་ཡི་འཕྲོ་འདུ་ལས།། ཁྲོ་བོ་དམར་སྐྱ་སྤྲིན་ལྟར་གཏིབས། ། ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས།། ཊཱ་ཀི་རཱ་ཛའི་ཕྱག་རྒྱར་གསལ།། རླུང་ལྷ་བསྒྲལ་བའི་རྣམ་ཤེས་ལ།། ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས།། རཱུ་ཏྲ་ཐལ་བར་རློག་པའི་བྲོ།། བདུད་ནི་ཕྱེ་མར་འཐག་པའི་བྲོ། ། རུས་པ་ཐལ་ཆེན་བརྡལ་བ་ལ།། རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས།། འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས།། ཨ་དང་མྲྀ་ཡི་འཕྲོ་འདུ་ལས།། ཁྲོ་བོ་ལྗང་ནག་སྤྲིན་ལྟར་གཏིབས།། ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། ། བདུད་རྩི་འཁྱིལ་པའི་ཕྱག་རྒྱར་གསལ།། གནོད་སྦྱིན་བསྒྲལ་བའི་རྣམ་ཤེས་ལ།། ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས།། རཱུ་ཏྲ་ཐལ་བར་རློག་པའི་བྲོ།། བདུད་ནི་ཕྱེ་མར་འཐག་པའི་བྲོ།། རུས་པ་ཐལ་ཆེན་བརྡལ་བ་ལ། ། རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས།། འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས།། མ་དང་ཧཱ་ཡི་འཕྲོ་འདུ་ལས།། ཁྲོ་བོ་སེར་ནག་སྤྲིན་ལྟར་གཏིབས།། ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། ། མ་ཧཱ་བ་ལའི་ཕྱག་རྒྱར་གསལ།། བགེགས་ཆེན་བསྒྲལ་བའི་རྣམ་ཤེས་ལ།། ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས།། རཱུ་ཏྲ་ཐལ་བར་རློག་པའི་བྲོ།། རུས་པ་ཐལ་ཆེན་བརྡལ་བ་ལས།། རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། ། འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས།། ཧ་ན་ཧ་ན་རྒྱོབ། གརྫ་གརྫ་སྒྲོགས། ད་ཧ་ད་ཧ་སྲེགས། པ་ཙ་པ་ཙ་ཆོས། བྷནྡྷ་བྷནྡྷ་ཆིངས། ཧུ་ལུ་ཧུ་ལུ་ཞུགས། བྷིན་དྷ་བྷིན་དྷ་ཕུག། ཚིནྡྷ་ཚིནྡྷ་ཆོད། ཏིཥྛ་ཏིཥྛ་གནས། སྥོ་ཊ་སྥོ་ཊ་སྤོར། ཞེས་གསུངས་ཤིང་དྲག་པོར་རོལ་ལོ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཏ་ཀྲྀཏ་བརྒྱད་ཀྱི་བྲོའི་ལེའུ་སྟེ་བཞི་བཅུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས། བསྒྲལ་བའི་ཞིང་བཅུའི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ཀྱི་དོན་ལ་རོལ་ཅིང་སྦྱང་བའི་ཕྱིར། ཞབས་ཀྱི་ཆས་བརྒྱད་བྲོ་བརྡུངས་ཏེ། ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ལ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ཏེ།། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ།། ལྷ་ཆེན་མགོ་བཅད་དུར་ཁྲོད་བརྒྱད་དུ་སྤྲུལ།། ཞེ་སྡང་གདུག་པའི་ཚོགས་བརྒྱད་གནས་སུ་བསྒྲལ།། ཕྱོགས་བཞི་མཚམས་བརྒྱད་དྲེགས་པ་འདུལ་བའི་ཕྱིར། ། ཞབས་ཀྱི་ཆས་བརྒྱད་རྣམ་ཤེས་བརྒྱད་དུ་སྤྲུལ།། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཕྲོ་འདུ་དང།། ཕྲ་མེན་མུ་ཁ་བརྒྱད་ཀྱི་འཇོ་ཚུལ་དང།། ཏ་ཀྲྀཏ་བརྒྱད་ཀྱི་ཐུགས་དམ་བསྐང་བའི་ཕྱིར། ། གར་དང་བརྡ་ཡིས་མཚོན་ནས་སྤྱན་འདྲེན་ན།། དམ་ཚིག་གསང་བའི་བྲོ་ལ་གཤེགས་སུ་གསོལ།། དཔའ་བོ་ཏིང་འཛིན་སྟག་གི་ཆས་མཆོག་གིས།། དྲེགས་པའི་མགོ་བཅད་བྷནྡ་གསང་བའི་བྲོ། ། གནོད་གདུག་ཟློག་བྱེད་རྒྱ་བྱེའུའི་ཆས་མཆོག་གིས།། རྟོག་འཇོམས་སྤྱོད་པ་བརྟུལ་ཞུགས་ཆེན་པོའི་བྲོ།། ཤེས་རབ་ཏིང་འཛིན་རྡོ་རྗེའི་ཆས་མཆོག་གིས།། མི་འགྱུར་གཡུང་དྲུང་སྐྱིད་རྟགས་དཔལ་གྱི་བྲོ།། དབང་གི་བསེ་ཁྲབ་གཟི་འབར་ཆས་མཆོག་གིས། ། ཁམས་གསུམ་དབང་སྡུད་རཀ་ཏ་ཆགས་པའི་བྲོ།། དཔའ་བརྗིད་མཉེན་ལྕུག་སྤྲུལ་ནག་ཆས་མཆོག་གིས།། མཁའ་དབྱིངས་རྣམ་དག་གསང་བ་ཡུམ་གྱི་བྲོ།། དབང་ཕྱུག་དམར་གསལ་མཆེ་བའི་ཆས་མཆོག་གིས། ། སྡུག་བསྔལ་ནད་སེལ་ཟུག་རྔུ་གཅོད་པའི་བྲོ།། ཤུ་ཀེན་སྨད་གཡོགས་དར་གྱི་ཆས་མཆོག་གིས།། དུར་ཁྲོད་གནས་སུ་མ་མོ་མཉེས་པའི་བྲོ།། གཅན་གཟན་རྒྱལ་པོ་གཟིག་གི་ཆས་མཆོག་གིས། ། འདུལ་སྦྱོར་དྲག་པོ་ལས་ཀྱི་ཚར་གཅོད་བྲོ།། འདུལ་བྱེད་ཞབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན།། ཛཿཧཱུཾ་བཾ་ཧོཿསྤྱན་འདྲེན་གཤེགས་སུ་གསོལ།། ངག་གི་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར། ། དབང་ཆེན་སུམ་ལྔར་བསྐྱེད་པའི་ས་གཞི་ལ།། ང་རྒྱལ་དབང་དུ་སྡུད་པའི་བྲོ་གྲཝ་བཙུགས།། དྲེགས་པ་གཞོམ་ཕྱིར་གཟིར་གནོན་སྟོབས་ཀྱི་ཚུལ།། སྲིད་གསུམ་མ་ལུས་དབྱིངས་སུ་བསྒྲལ་བ་དང།། ལྷ་ཆེན་ཁྱབ་འཇུག་ཟིལ་གྱིས་མནན་པ་དང། ། གསང་བའི་རཱུ་ཏྲ་ཐལ་བར་རླཽག་པའི་ཕྱིར།། ཕུང་པོ་ཁམས་དང་སྐྱེ་མཆེད་དོན་ལ་གཤེགས་སུ་གསོལ།། རཀྴ་རཱུ་ཏྲ་མ་ཧཱ་ཙིཏྟ་ཛ་ཛ། ཅེས་དྲག་ཏུ་བསྐོར་རོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་ཞབས་ཀྱི་ཆས་བརྒྱད་ཀྱི་བྲོའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།།།། དེ་མ་ཐག་ཏུ་ལྷ་མོ་ཟ་བྱེད་བཞིས།། ཡན་ལག་བཞི་ལ་བྲོ་བརྡུངས་པ། ། ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཡན་ལག་ལ།། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། ཐོགས་མེད་ལས་ཀྱིས་དབང་སྡུད་ཨ་མོ་དེ།། ཡན་ལག་ཆེན་པོ་གསེར་གྱི་ས་གཞི་ལ།། ལྕགས་ཀྱུ་དམར་པོས་འཁོར་བའི་ནད་ཁྲག་འབྱིན། ། ཨ་མོ་དེ་བ་འདིར་གཤེགས་ཨཾ་ཀུ་ཤ། ཡོན་ཏན་ལྷུན་གྲུབ་ཅིར་ཡང་སྤྲུལ་པའི་སྐུ།། དུར་ཁྲོད་གསང་བའི་མ་མོ་གློག་འགྱུ་མ།། རྡོ་རྗེ་ཞགས་པས་ཁམས་གསུམ་ཅིག་ཅར་བཅིངས།། ལྷ་མོ་གློག་འགྱུ་འདིར་གཤེགས་པཱ་ཤ་ཧཱུཾ། ། གསུང་གིས་ཐམས་ཅད་ཟིལ་གྱིས་གནོན་པའི་ཡུམ།། རྡོ་རྗེའི་དྲ་བ་བཀའ་ཡི་རྗེས་གཅོད་མ།། ལྕགས་སྒྲོག་དམར་པོས་རྒྱུད་དྲུག་ཅིག་ཅར་བསྡམ།། རྡོ་རྗེ་དྲ་བ་འདིར་གཤེགས་སྥོ་ཊ་བཾ། ། སྐུ་མཆོག་མི་བཟད་འབར་བའི་སྐུ་གཅིག་མ།། རྡོ་རྗེ་སྡེར་མོ་རལ་པའི་ཅོད་པན་ཅན།། རྡོ་རྗེ་དྲིལ་བུས་མ་ལུས་དགྱེས་པ་བསྐྱེད།། དུར་ཁྲོད་སྒྲ་ཡི་ཚོགས་འགྱུར་གྷཎྜེ་ཧོཿ།། ཞེས་གསུངས་ཏེ་དྲག་པོར་རོལ་ལོ། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡན་ལག་བཞི་ལ་ལྷ་མོ་ཟ་བྱེད་བཞིའི་བྲོ་བརྡུངས་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།།།། དེ་མ་ཐག་ཏུ་ནང་ཁྲོལ་ལ། ངན་སོང་གནས་སུ་སྦྱོང་བའི་ཕྱིར་བྲོ་གྲ་བཙུགས་པ་ལ། ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ནང་ཁྲོལ་ལ།། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། སྡུག་བསྔལ་ཡོངས་སྒྲོལ་མཛད་པའི་ཕྲིན་ལས་ཀྱིས།། ངན་སོང་གཏིང་ནས་སྦྱོང་བའི་བྲོ་བརྡུང་འཚལ། ། མཁའ་ལྡིང་ཤུགས་ཀྱིས་བསྒྲལ་བའི་བརྩོན་འགྲུས་དང། ཕྲ་མེན་མགོ་བརྙན་ཚོགས་ཀྱི་རྐན་སྒྲ་ཡིས།། ཁམས་གསུམ་འཁོར་བ་སྡངས་པའི་གླུ་བླངས་ཏེ།། ལྷག་ཕུད་མེད་པའི་ནང་ཁྲོལ་སྤུངས་པ་ལ། ། བྱ་རོག་འུག་པ་བཞད་དང་ཁྭ་ལ་སོགས།། སྟག་དང་སེང་ཀི་སྤྱང་གི་འཇིགས་པའི་གདོང་རྣམས་ནི།། ལ་ལ་ལྡིང་ཞིང་ལ་ལ་འབབ།། ལ་ལ་འཇོམས་ཤིང་ལ་ལ་འཐོག། ཧ་ཧ་རུ་ལུའི་སྒྲ་སྒྲོགས་པ།། ཞིང་བཅུ་གནས་ནས་སྦྱང་ཕྱིར་གཤེགས་སུ་གསོལ། ། ཛཿཛཿཞེས་གསུངས་པས། ཕྲ་མེན་མ་རྣམས་ཀྱིས་ནང་ཁྲོལ་ཁ་ཕྱེ་ནས། སྡང་མིག་ཏུ་བལྟ་ཞིང་གཏུམ་བག་གིས་དྲག་ཏུ་བསྐོར་རོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ནང་ཁྲོལ་ངན་སོང་གནས་ཀྱི་བྲོའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།།།། དེ་མ་ཐག་ཏུ་གཡང་གཞི་ལ།། མ་མོ་འཁྲུགས་པའི་བྲོ་བརྡུངས་པས།། ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཕུང་པོ་ལ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། ཤ་ཁྲག་དམར་ལ་དགྱེས་པའི་མ་མོ་མཁའ་འགྲོའི་ཚོགས།། གསད་པའི་གོ་བསྲུང་གསང་བའི་དཀྱིལ་འཁོར་སྐྱོང།། མ་བདུན་ལས་ལ་འཁྲུགས་པའི་དཀྱིལ་འཁོར་དུ། ། འཁོར་བའི་གཏིང་སྐེམས་ཞིང་བཅུའི་ནང་ཁྲོལ་ལ།། དུག་གསུམ་གདུག་པའི་ཤུགས་ཀྱིས་འདིར་གཤེགས་ཤིག། གསང་བའི་ཤུན་ཆེན་བརྡལ་བའི་ས་གཞི་ལ།། ཕྱོགས་སྐྱོང་རྒྱལ་མོ་ལས་ལ་འཁྲུགས་པའི་བྲོ། ། སྲིན་མོ་སྨུག་ནག་ཐུགས་རྗེ་ཆགས་པའི་བྲོ།། གླིང་བཞི་ཀུན་འབྱམས་རབ་ཏུ་རྔམས་པའི་བྲོ།། བརྟན་མ་བཅུ་གཉིས་མ་ཆེན་འཁྲུགས་པའི་བྲོ།། གསང་བ་ཤུན་གྱི་བྲོ་གྲཝ་འདིར་གཤེགས་ལ།། ཁྱི་ཕག་བྱ་དང་རྡོ་རྗེ་རྟའི་བརྟུལ་ཞུགས་ཀྱིས། ། ང་དང་བདག་ཏུ་བལྟ་བའི་མུན་ཁང་ཤིག། རཱུ་ཏྲའི་གནས་བཅོམ་ཤ་ཟའི་མཎྜལ་ལ།། ཤ་ཟན་སྟོང་གི་ཆུན་ལག་དེངས་སེ་དེང།། རཀྟ་དམར་གྱི་རྦ་ཀློང་འཁྱིལ་བ་ལ། ། ཁྲག་འཐུང་སྟོང་གི་རྐན་སྒྲ་ཆིལ་ལི་ལི།། རུས་པ་ཚོགས་ཀྱི་མཁར་དུ་གཏམས་པ་ལ།། མཆེ་བ་དུང་གི་སོ་སྒྲ་ཐིབས་སེ་ཐིབ།། གཡང་གཞི་སྤྲིན་གྱི་བ་དན་ལྷུབས་སེ་ལྷུབ།། འདི་འདྲའི་དུར་ཁྲོད་གསང་བའི་ས་གཞི་ལ། ། དབང་ཆེན་འཁྲུགས་པའི་བྲོ་སྒྲ་དིར་རི་རི།། སྐྱེས་བུ་གིང་ཆེན་འདུས་པའི་ས་གཞི་ལ།། མ་མོ་ལས་ལ་འཁྲུགས་པའི་བྲོ་བརྡུངས་པས།། བདུད་དང་སྲིན་པོའི་མིག་འབྲས་ཐང་ལ་ལྷུང།། གཏི་མུག་ཀླུ་དབང་སྙིང་ཁྲག་ཁོང་ནས་སྐྱུག། ལང་ཀ་གདོན་གྱི་ཁ་སོ་སིལ་བུར་རློགས།། རཀྴ་རཱུ་ཏྲ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཅེས་གསུངས་ཏེ་དྲག་ཏུ་བསྐོར་རོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གཡང་གཞི་ལ་མ་མོ་འཁྲུགས་པའི་བྲོ་བརྡུངས་པའི་ལེའུ་སྟེ་བཞི་བཅུ་བཞི་པའོ།།།། དེ་མ་ཐག་ཏུ་རྐང་བཞི་ལ།། ཁྲོ་བོ་གཟིར་གནོན་བྲོ་བརྡུངས་ཏེ།། ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཕུང་པོ་ལ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། རྐང་ལག་རྡོ་རྗེ་ཕུར་པའི་བྲོ།། ཡ་ག་ཅན་གྱི་སྙིང་ལ་བརྡུང།། ཁྲོ་བོ་རྡོ་རྗེའི་ཐུགས་ཀ་ནས།། ཁྲོ་མོ་འབར་བའི་ཐུགས་ཀ་རུ།། སུམ་བྷ་ནི་ཡི་སྒྲ་བསྒྲགས་པས།། སྔགས་དང་ཕྱག་རྒྱ་རོལ་པའི་བྲོ། ། ཞེ་སྡང་ཅན་གྱི་སྙིང་ལ་བརྡུང།། བསྐལ་པའི་མཐར་ནི་མི་ལྡང་ཕྱིར།། བརྗིད་པའི་སྟབས་དང་སྔགས་ཀྱིས་འཆམ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཕཊ། གྷྲྀ་ཧྞ་གྷྲྀ་ཧྞ་ཧཱུཾ། གྷྲྀ་ཧྞ་པ་ཡ་གྷྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན། བིདྱཱ་རཱ་ཛ་ནན། ཞེས་གསུངས་ཏེ་མནན་ནོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲོ་བོ་གཟིར་གནོན་གྱི་བྲོའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།།།། དེ་ནས་ཡང་ངོ་མཚར་སྐྱེས་ནས་ཀྱང།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས།། གར་དབང་ཆེ་ལ་ཞུ་བ་ཞུས།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། བདུད་རྩིའི་ཆར་དབབ་ཅི་ལྟར་འབེབས།། དེ་ནས་ཐལ་བའི་ས་བོན་མཆོག། དེ་ཡི་འཕྲོད་དུ་གང་དང་གང།། དེ་སྐད་ཅེས་ནི་ཞུས་པ་དང།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་རུ།། ཐམས་ཅད་རོལ་པར་བྱིན་གྱིས་བརླབ།། དུག་ལྔ་འཇོམས་པའི་བདུད་རྩི་མཆོག། ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབ།། ཐལ་བའི་ས་བོན་འཕྲོད་དུ་ནི།། འབྲུག་རུས་བྱི་ལ་བན་གླང་དང།། རྔ་མོ་མཁའ་ལྡིང་ལ་སོགས་པའི།། འབྲས་བུ་ལྔ་པོ་གསར་རྙིང་དང།། མར་ལ་སོགས་པ་བྱུག་ལ་སྩལ། ། དེ་ནས་བསྒྲུབ་པ་བྱ་བ་ནི།། དངོས་མེད་བསྲེག་དང་བདུད་རྩིར་བསྒྲུབ། འདི་མཚམས་དཔེ་འཁྲུགས་ཤིག་ཡོད་འདྲ་ཡང་བསྡུར་གཞི་མ་རྙེད། ཅེས་གསུངས་པས། གཟི་ལྡན་པད་མ་ཅན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ། ། བཀའ་གསང་རྨད་བྱུང་ཐུགས་ཀྱི་དཀྱིལ་འཁོར་དུ།། གར་དབང་ལྷ་མཆོག་པདྨ་ཧེ་རུ་ཀ། སྲིད་གསུམ་འཇོམས་མཛད་བསྐལ་པའི་མེ་དཔུང་ནི།། སྡིགས་མཛུབ་རྩེ་ལ་བསྐལ་པའི་མེ་སྟག་འཕྲོ། ། ཁམས་གསུམ་དབང་སྡུད་ཁྲག་གི་རྒྱ་མཚོ་ནི།། ཧེ་བརྡལ་གྲུ་གསུམ་ཞལ་ནས་འབབ་ཅིང་འཁྱིལ།། ཆེ་བ་རྨད་བྱུང་སྐུ་གསུམ་ལྷུན་གྱིས་གྲུབ།། གདུག་པའི་ཚོགས་འཇོམས་མེ་དཔུང་སྤུ་གྲིའི་སོ།། ཤ་ཆེན་ཚོགས་ལ་རོལ་ཅིང་བཞུགས་སུ་གསོལ། ། པཱུ་ཙ་མེ་གྷ་ས་མ་ཡ་ཧཱུཾ། ཞེས་གསུངས་ནས་གར་གྱི་དབང་ཕྱུག་གིས། ཁམས་གསུམ་དབང་སྡུད་ཁྲག་གི་རྒྱ་མཚོ་ནས་རྣམ་པར་རྟོག་པ་མཁྱེན་པས་ཡུམ་གཟི་ལྡན་པདྨ་ཅན་དང། གསུང་གི་སྒྲས་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ཆེ་བཙན་འགྲན་གྱི་ཟླ་མེད་གར་གྱི་དབང་ཕྱུག་ཅེས་བྱ་བ་ལ་མཆོད་པ་ཕུལ་བ་ན། དུས་གསུམ་གྱི་སངས་རྒྱས་མཉེས་པར་འགྱུར་རོ།། མེའི་ལྷའི་རྒྱལ་པོ་ཡང་མཉེས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཚིམ་པར་འགྱུར་རོ།། ཞེས་གསུངས་པ་ལ། སྤྱན་རས་གཟིགས་དབང་ཕྱུག་གིས། ཐེ་ཚོམ་སྐྱེས་ནས། མཁྱེན་བཞིན་དུ་ཕྱི་རབས་རྣལ་འབྱོར་པའི་རྟོག་པ་བསལ་བའི་ཕྱིར། གར་གྱི་དབང་ཕྱུག་ཅིའི་ཕྱིར་ཞེས་ཞུས་པས། ཉོན་ཅིག་སྤྱན་རས་གཟིགས་དབང་ཕྱུག། སྡིགས་མཛུབ་རྩེ་ལ་བསྐལ་པའི་མེ་སྟག་འཕྲོ་བ་མ་མཐོང་ངམ། ལྷུན་གྲུབ་སངས་རྒྱས་ཕྲིན་ལས་མ་མཐོང་ངམ།། དེ་སྐད་གསུངས་པའི་བྱིན་རླབས་ཀྱིས། ། མཐོང་བར་གྱུར་ནས་འདི་སྐད་སྨྲས།། ཨེ་མའོ།། ལྷུན་གྲུབ་སངས་རྒྱས་རྣམས།། སངས་རྒྱས་ཕྲིན་ལས་ཡ་མཚན་ཆེ།། ཁྲོ་བོ་སྡིགས་མཛུབ་ཡ་མཚན་ཆེ།། བསྐལ་པའི་མེ་ཆེན་ཡ་མཚན་ཆེ། ། ཞེས་གསོལ་པས། གར་གྱི་དབང་ཕྱུག་ཆེན་པོ་ཡིས།། དེ་བས་སྤྱན་རས་གཟིགས་ཀྱི་དབང།། ཕྱི་མའི་རྣལ་འབྱོར་རྣམས་ཀྱིས་ཀྱང།། ལྷུན་གྲུབ་སངས་རྒྱས་གྲུབ་འདོད་པས།། མཚན་དང་ལྡན་པའི་ཤེས་རབ་བསྟན། ། འགྲོ་ན་སྟབས་སྡུག་འདུག་ཚུལ་ཤིས།། བསྟེན་ན་ལྟ་ཉེར་གྱུར་པ་ཡི།། གཟུངས་མའི་མཚན་ཡང་བརྟག་པར་བྱ།། པདྨ་ནཱི་དང་ཧསྟི་ནཱི།། ཤངྒ་ནཱི་དང་ཙི་ཏྲ་ནི།། དེ་ཡང་པདྨ་ཅན་དང་དུང་ཅན་དང།། བན་གླང་ཅན་དང་རི་མོ་ཅན། ། དེ་ལྟའི་བུ་མོ་བསྟེན་པར་བྱ།། བསྙེན་པ་བཞི་ཁྲི་བཏོན་ནས་ཀྱང།། མཚན་དང་ལྡན་པའི་ཤེས་རབ་ཅན།། མཆོད་ཅིང་བསྟན་པའི་ལས་བྱའི་ཕྱིར།། ཏིང་འཛིན་མཆོད་པས་ཚིམས་བྱས་ནས། ། དེ་ནས་རྫས་ཀྱི་མཆོད་པས་མཆོད།། ཅེས་གསུངས་པས། རོལ་པའི་འཁོར་ཚོགས་རྣམས་རང་རང་ངོ་མཚར་དུ་གྱུར་ནས་ཀུན་ཏུ་བཟང་མོ་གཟི་ལྡན་པདྨ་ཅན་གྱིས་མཆོད་པར་ཡོངས་སུ་རོལ་པར་བྱ་བའི་ཕྱིར། ལང་ཀ་སྲིན་པོ་ལ་སོགས་པའི་འཁོར་བསྒྲལ་བའི་ཞིང་བཅུའི་ཙིཏྟ་བླངས་ཏེ། ཙིཏྟ་དཔལ་བེའུ་ཐུགས་ཀྱི་རང་བཞིན་འདི། ཆོས་ཉིད་ལྟ་བུའི་རང་བཞིན་ལ།། ཡེ་ཤེས་སྒྱུ་མ་ལྟ་བུར་རོལ་པའི་ཕྱིར།། གར་གྱི་དབང་ཕྱུག་ཡུམ་དང་བཅས་པ་ལ། ། བླ་ན་མེད་པའི་དམ་རྫས་མཆོད་པར་འབུལ།། ཞེས་བསྐུལ་ལོ།། མཚནདང་རུས་པ་བླངས་ཏེ་ཕུལ་བ་ནི།། ཡིད་བཞིན་རིན་ཆེན་ལྟ་བུ་ཆར་གྱི་རྒྱུན།། ཕོ་བྲང་ཡིད་འོང་འབར་བའི་དུར་ཁྲོད་ན། ། ཕྱིན་ཅི་ལོག་བཞི་འཇོམས་པའི་དབང་ཕྱུག་ལ།། སྐུ་གསུམ་ཆེ་བར་བརྗིད་པའི་རྫས་མཆོག་འདི།། དཔལ་ཆེན་འབར་བའི་སྐུ་ལ་མཆོད་པ་འབུལ།། རྣ་བ་མཆོད་པར་འབུལ་བ་ནི།། གསུང་གི་རང་བཞིན་མ་འགགས་སོ་སོར་གསན། ། སྣ་ཚོགས་སྒྲ་ལྟར་སྣང་བ་བརྗོད་དུ་མེད།། སྟོང་ཉིད་སྟོང་ལ་རོལ་པས་སྟོང་པའི་དབྱིངས།། མཁའ་དང་མཉམ་པའི་དངོས་དང་དངོས་མེད་པའི།། ཅིར་ཡང་ཐབས་ཀྱིས་འདུལ་ལ་མཆོད་པ་འབུལ། ། དེ་ལ་བསྐུལ་མ་བཏབ་པ་ནི།། གློག་འགྱུའི་སྤྲུལ་པས་དགྱེས་པའི་ཕྱིར།། ཉོན་མོངས་སྡུག་བསྔལ་ཆུ་བོའི་རྒྱུན་གཅོད་དང།། རྡུལ་ཕྲན་རྡུལ་གྱི་མི་གོས་ཆགས་པའི་མཆོག། བདག་རྟོག་ལས་ལ་དབང་བསྒྱུར་སྤྲུལ་པའི་སྐུ། ། སྲིན་པོའི་ཚོགས་ལ་རོལ་མཛད་སྡིག་པའི་ཚུལ།། ཟ་བྱེད་གསོད་ལ་དགྱེས་པའི་ཕོ་ཉ་སྟེ།། མི་གནས་དོན་གྱི་ལྷ་མོ་གློག་འགྱུ་མ།། མིག་གི་དབང་པོ་མཆོད་པ་འབུལ་བ་ནི།། ཐམས་ཅད་སྐྱེ་མེད་ཡུམ་གྱི་རང་བཞིན་ལ། ། མེ་ལོང་ལྟ་བུར་གསལ་ཅིང་དབྱེར་མེད་པའི།། ཡོན་ཏན་ལྷུན་གྲུབ་འབྱུང་གནས་ཆེན་པོའི་སྐུ།། གཉིས་མེད་རྟོག་བྲལ་ཡིད་ཀྱི་མཆོད་པ་འབུལ།། སྨྲ་བྱེད་ལྕེ་ཡི་མཆོད་པ་འབུལ་བ་ནི། ། སྣ་ཚོགས་རོ་ལྟར་གཟུང་བའི་དཀྱིལ་འཁོར་དུ།། འཇིག་རྟེན་བསྲེག་ཕྱིར་ཐུགས་རྗེའི་མེ་སྦར་ཏེ།། རྒྱུད་དྲུག་འཁོར་བའི་སྡུག་བསྔལ་གཏིང་སྦྱོང་བ།། གར་དབང་ལྷ་མཆོག་རྟ་ཡི་རྒྱལ་པོའི་སྐུ།། དབང་པོ་རོ་ལ་སྦྱོར་བའི་མཆོད་པ་འབུལ། ། སྣོམ་བྱེད་སྣ་ཡི་མཆོད་པ་འབུལ་བ་ནི། འདི་ནས་ཚིག་ཆད་དང་གོ་རིམ་འཁྲུགས་པ་ཞིག་ཡོད་འདྲ།། གབ་པ་སྦས་པ་ཡུམ་མཆོག་གཟི་དང་ལྡན།། ཁྲོ་རྒྱལ་ཀུན་གྱི་རང་བཞིན་ཐུགས་ལ་གནས།། མཚན་དང་དཔེ་བྱད་རྒྱན་གྱིས་རབ་ཏུ་བསྒྱིངས། ། མཁའ་དབྱིངས་པདྨ་དམར་ལ་མཚར་བའི་ཀློང།། རྡོ་རྗེ་དམར་པོའི་འཕྲོ་འདུ་ཆར་བཞིན་འབེབས།། ཡང་གསང་རྨད་འབྱུང་སྐུ་ལ་མཆོད་པ་འབུལ།། རཀྟ་ཁྲག་གི་མཆོད་པ་འབུལ་བ་ནི། ། གནས་དང་ཡུལ་གྱི་ཕྱག་རྒྱ་དགྱེས་ཏེ་རྨད།། རྡོ་རྗེ་སྒེག་མོ་ཕྲིན་ལས་རྫོགས་པའི་སྐུ།། ཡེ་ཤེས་སྐུ་འཆང་སྡེར་མོས་ལོག་རྟོག་འཇོམས།། ཆགས་མེད་ཡིད་ཀྱིས་སྦྱོར་ལ་རབ་བརྩོན་ཞིང།། མ་བཀག་ཅིར་ཡང་ས་ལེར་མཁྱེན་པའི་སྤྱན། ། ལོག་རྟོག་ཕྱིན་ཅི་ལོག་གི་རྒྱུ་སྦྱོང་བ།། བདེ་ཆེན་ངང་ལ་གནས་པའི་དྲ་བ་ཅན།། ཁྲོ་གཏུམ་གདུག་པ་གཞན་ལྟ་མ་ཡིན་ཏེ།། མ་ཆགས་མི་གནས་དུར་ཁྲོད་འབར་བའི་སྐུ།། གུ་ཧྱ་གསང་བའི་ལྷ་མོ་ཨུཏྤལ་མདོག། དུག་གསུམ་མ་སྤངས་སྐུ་གསུམ་ལྷུན་གྲུབ་པའི།། ཁྲོ་གཏུམ་ང་རྒྱལ་སྐུ་ལ་མཆོད་པ་འབུལ།། རྐང་དང་སྐྲ་དང་ཚིལ་དང་ཤ།། བ་སུ་ཏ་ཡི་རྫས་མཆོག་ནི།། གཅིག་ཏུ་བཅས་ནས་དབུལ་བར་བྱ། ། ཁྲོ་རྒྱལ་བ་སྤུ་ཕོ་ཉའི་ལུང།། ཁམས་གསུམ་དབང་སྡུད་ཁྲག་གི་ལན་ཕྲན་ཅན།། དུག་གསུམ་ཟིལ་གནོན་མགྱོགས་པའི་བཀའ་སྡོད་མ།། ཏ་ཀྲྀཏ་ཁྲོ་བོ་བརྒྱད་ལ་སྦྱོར་བར་བརྩོན། ། ཐུན་མོང་གཉེན་པོའི་རྐྱེན་དང་བྲལ།། སྲིད་གསུམ་འཇོམས་པ་ཨ་མོ་དེ་ཝ་དང།། དུག་གསུམ་ཡེ་ཤེས་ཆེན་པོའི་རང་བཞིན་ལ།། གཉིས་མེད་སྦྱོར་བའི་མཆོད་པ་བཞེས་སུ་གསོལ།། ཕོ་ཉ་མཆོད་པའི་སྦྱིན་བསྲེག་ནི། ། གཏོར་མའི་མཆོད་པ་ཀུན་ཏུ་ཐིམ།། ཁྲོ་བོ་མགོ་དགུ་བརྩེགས་པ་རྐང་གཅིག་པོ།། ཞལ་ནས་བསྐལ་པའི་མེ་འབར་སྟོང་གསུམ་བསྲེག། ཤངས་ནས་རྡོ་རྗེ་རྩེ་ལྔའི་འཐོར་རླུང་བསྐྱིལ།། སྤྱན་མིག་གྲུ་གསུམ་དམྱལ་ཚོགས་གཏིང་ནས་སྦྱོང། ། སྐྱེ་བ་རྣམ་བཞི་འགྲོ་བ་རིགས་དྲུག་ཀུན།། ཁྲོ་རྒྱལ་ཁྱོད་ཀྱི་དབང་དུ་མི་འདུ་མེད།། རཱུ་ཏྲ་བཤས་བཅོམ་དམར་ཆེན་ཁྲག་དང་བཅས།། ཏ་ཀྲྀཏ་རྒྱལ་པོ་འདོད་པའི་ལོངས་སྤྱོད་ལྡན། ། ཁྲོ་རྒྱལ་ཁྱེད་ཀྱི་དབང་དུ་མི་འདུ་མེད།། ནན་ཏན་མཆོད་པ་བཞེས་ཤིང་རོལ་དུ་གསོལ།། གཏུན་ཁུང་ཆེན་པོ་རྔམ་པ་ལ།། དེ་ནས་བགེགས་ཆེན་འདུལ་བའི་ཕྱིར།། རྩེ་འཇོའི་བྲོ་གླུ་འདི་སྐད་ལེན།། རྩེ་འཇོ་ཐབས་ཀྱི་བྲོ་བརྡུངས་པས། ། ཁྲག་འཐུང་འབར་བ་གཤེགས་སུ་གསོལ།། ཕྲིན་ལས་གསང་བའི་བྲོ་གར་འདི།། གད་རྒྱངས་དུར་ཁྲོད་སྒྲ་ཡི་བྲོ།། དགྱེས་པ་ཆེན་པོའི་ཚོགས་ལ་བརྡུང།། བྲོ་དང་གླུ་ཡི་བརྡས་མཚོན་ཏེ། ། འབྲས་བུ་བྱང་ཆུབ་སེམས་ཀྱི་གླུ།། ཕྲ་མེན་ལོངས་སྤྱོད་ཆེན་པོ་ལ།། རྩེ་འཇོའི་ཐབས་ཀྱིས་རོལ་ཅིང་གཤེགས་སུ་གསོལ།། གར་དབང་ལོངས་སྤྱོད་རྫོགས་པའི་སྐུ།། སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། ། མི་སྐྱེ་མི་འགག་མཁའ་དབྱིངས་རྣམ་དག་ན།། པདྨ་ཁྲག་འཐུང་རོལ་པའི་རྟ་བྲོ་བརྡུང།། ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། དེ་སྐད་ཅེས་བསྐོར་ནས། དབང་དུ་བསྡུ་བའི་ཕྱིར་འདི་གསུངས་སོ།། དགོད་དང་གཤེད་དང་འཇིགས་པའི་ཞལ་གདངས་ཤིང། ། ཙིཏྟ་ཡེ་ཤེས་དབུས་སུ་ཧཱུཾ་གི་གནས།། ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་ལ་བསྡུ།། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ།། འཇིག་ཚོགས་ཡོངས་སྒྲོལ་ཙིཏྟ་རྫ་ལྟར་ལྷགས། ། སྲིད་གསུམ་དབང་སྡུད་ཁྲག་གི་རྒྱ་མཚོ་ལ།། དུག་གསུམ་ནད་ཀྱི་རྦ་རླབས་དྲག་པོ་འཁྲུགས།། ཉོན་མོངས་སྦྱང་ཕྱིར་ཐུགས་རྗེའི་དབྱིངས་ནས་འཕྲོ།། ཞེ་སྡང་ཆེན་པོ་འདིར་གཤེགས་ཨཾ་ཀུ་ཤ། ཡོན་ཏན་ལྷུན་གྲུབ་དགའ་བའི་དཀྱིལ་འཁོར་འདིར། ། རེ་བ་ཀུན་སྐོང་ཡིད་བཞིན་འབར་བའི་སྐུ།། གསེར་མདོག་སྡུག་ལ་མཛེས་པའི་ཆ་ལུགས་ཅན།། དྲག་ཤུལ་སྤྱོད་པས་དགྱེས་པར་རོལ་པའི་ཚོགས།། ཞིང་བཅུ་གཏན་ནས་བསྒྲལ་ཕྱིར་སྙེམས་པའི་མཆོག། ང་རྒྱལ་ལོག་རྟོག་འཇོམས་པ་འདིར་གཤེགས་པཱ་ཤ་ཧཱུཾ།། དབང་ཆེན་ཟླ་གམ་དཀར་དམར་འཕྲོ་བའི་གནས།། མེ་རི་ཏུག་ཆོམ་སྒྲ་སྐད་བསམ་མི་ཁྱབ།། ཉིད་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས་མངའ་བ། ། གཞན་གྱི་སྡུག་བསྔལ་སེལ་མཛད་པདྨའི་སྐུ།། སྨྲ་བསམ་བརྗོད་མེད་གསེར་གྱི་ས་གཞི་ལ།། ཞི་བས་དབང་སྡུད་པདྨ་ཧེ་རུ་ཀ། འགྲོ་དྲུག་སྒྲོལ་བར་མཛད་ལ་ཕྱག་འཚལ་ལོ། ། ཐུགས་རྗེ་ཆེན་པོས་ངན་འགྲོ་སྒྲོལ་ལ་མཁས།། འདོད་ཆགས་ཆེན་པོ་འདིར་གཤེགས་སྥོ་ཊ་བཾ།། དྲག་པོ་འདུལ་བར་འདུལ་བའི་ཆ་ལུགས་འཆང།། སྐུ་མདོག་ཨིནྡྲ་ནཱི་ལ་བརྗིད་པའི་དབུ།། འཇིགས་པའི་མཚོན་ཐོགས་རྒྱུ་འཕྲེང་ཁྲག་རྔམས་དང། ། ཞིང་ལྤགས་གཡང་གཞི་འཇིགས་པའི་ཤམ་ཐབས་ཅན།། ཕྲག་དོག་རྒྱལ་པོ་འདིར་གཤེགས་གྷཎྜེ་ཧོཿ།། སྤྲུལ་པའི་ཚོགས་གྱུར་འདི་དག་ནི།། དབང་དྲག་འཇོམས་པའི་ཕྲིན་ལས་ཅིར་ཡང་མཛད། ། ཁྲོ་གཏུམ་རྔམས་པ་གཞན་ལྟར་མ་ཡིན་ཏེ།། སྲིད་པ་ཡང་བསྒྲལ་ཐལ་བའི་ཚོམ་བུ་འདི།། གཏི་མུག་ཆེན་པོའི་སྐུ་ལ་རྒྱན་དུ་སྣང།། ཞིང་བཅུ་འདུལ་ཕྱིར་མ་ལུས་རོལ་ཅིང་བཞེས།། རཀྟ་པཱུ་ཙ་སྥ་ར་ཎ་ཧཱུཾ་ཛཿཛཿཞེས་གསུངས་ཤིང་བསྐུལ་ལོ། ། དེ་ནས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས།། གར་དབང་ཆེ་ལ་ཞུ་བ་ཞུས།། བདུད་རྩི་བབ་པའི་སྣོད་ནི་གང།། ཐལ་བ་བླུགས་པའི་ཐབས་ནི་གང།། ཐུགས་དམ་བསྐུལ་བའི་ཐབས་ནི་གང། ། ཕྲིན་ལས་མཛད་པའི་ཐབས་ནི་གང།། ཐབས་དང་ཤེས་རབ་རོལ་པ་གང།། དངོས་གྲུབ་བླང་བའི་ཐབས་ནི་གང།། དངོས་གྲུབ་དབྱེ་བའི་ཐབས་ནི་གང།། ཉུང་ན་སྤོགས་པའི་ཐབས་ནི་གང། ། གང་བར་གྱུར་ན་ཡོན་ཏན་གང།། ཞེས་ཞུས་པས། དབང་ཆེན་ཉིད་ཀྱིས་བཀའ་སྩལ་པ།། པ་ཏྲ་ཅན་གྱི་སྣོད་གང་དུ།། རུས་པ་བཏགས་པའི་ཕྱེ་བླུགས་ནས།། ཐུགས་དམ་བསྐུལ་ཕྱིར་འདི་སྐད་དོ།། སྐྱེ་མེད་དུར་ཁྲོད་འབར་བའི་གཞལ་ཡས་སུ། ། འབྲས་བུ་མ་ནོར་བྱང་ཆུབ་སེམས་ཀྱི་དབྱིངས།། ཀེང་ཐོད་སྣ་ཚོགས་བསགས་པའི་རི་རབ་ལ།། འཁོར་བ་རྒྱུད་སྦྱངས་ཡེ་ཤེས་མེ་སྦར་ཏེ།། རུས་པ་ཐལ་ཆེན་ཚོམ་བུ་སྐར་ལྟར་འཁྲུགས། ། རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་བའི་ཕྱིར།། གུ་ཧྱ་གསང་བའི་ཕྱག་རྒྱས་བླངས་ནས་ཀྱང།། སྐྱེ་ཤི་ཡེ་ནས་མེད་པའི་རྟགས་སུ་གྲུབ།། དེ་ནི་སྣོད་དང་སྒྲུབ་པའི་ཐབས།། ཐུགས་དམ་གཞུང་བཞིན་བསྐུལ་བ་ནི། ། བདེ་གཤེགས་བསྐུལ་བའི་ས་གནས་པས།། བཀུར་སྟི་བསྐྱེད་ཕྱིར་འདི་སྐད་བསྐུལ།། རྣམ་དག་པདྨའི་ལྟེ་བ་ཟླུམ་པོ་ལ།། དུག་ལྔ་ཡེ་ཤེས་ལྔ་ཉིད་སྦྱོར་བ་ཡིས།། ང་རྒྱལ་བཙན་ཐབས་དབང་ཆེན་བརྗིད་པའི་སྐུ། ། དྲག་ཤུལ་རྔམས་པས་བསྐལ་པའི་འབྲུག་ཆེན་ཅན།། ཆེ་བས་ཆེ་ལ་གནས་ཤིང་ཆེར་བསྙེམས་པའི།། ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཞབས་ཀྱིས་གནོན།། ཐུགས་རྗེ་ཐབས་ཀྱིས་གདུག་པ་ཚར་གཅོད་ཕྱིར། ། དབུ་མང་ཕྱག་ཆ་འཇིགས་པའི་ཁ་ཊྭཱཾ་གིས།། ལོག་འདྲེན་ཕྱིན་ཅི་ལོག་གི་དངོས་པོ་འཇོམས།། རུས་པ་ཐལ་ཆེན་འཕྲོ་འདུའི་དཀྱིལ་འཁོར་དུ།། ཁྲག་དང་ཞག་གི་རྦ་རླབས་ཅི་ལི་ལི།། ཏིང་འཛིན་མཆེ་བ་རྣོ་དབལ་ཟང་ཡག་གིས། ། ང་དང་བདག་ཏུ་ལྟ་བའི་དངོས་པོ་གཅོད།། དབང་གི་ཟླ་གམ་མཚོ་ལྟར་འཁྱིལ་བ་ལ།། འགྱུར་མེད་ཀེང་རུས་དཀར་པོ་རྫ་ལྟར་ལྷགས།། གནམ་ལྕགས་ཐོག་ཐོག་འབར་བའི་འབྲུག་འཁྲུགས་པས། ། དུས་གསུམ་རྒྱལ་བའི་ཐུགས་དམ་བསྐང་བ་དང།། རྣལ་འབྱོར་དངོས་གྲུབ་དམ་པ་བླང་བའི་ཕྱིར།། ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བ་ལས།། མཁའ་ལ་བྱང་ཆུབ་སེམས་སྤྲིན་བསྣོལ་བ་དང། ། ཟླ་གམ་ལྗགས་ཀྱི་གཟི་བྱིན་བསྐྱེད་པ་དང།། རུས་པ་རྟགས་ཀྱི་ཐལ་བ་བསྒྲུབ་པའི་ཕྱིར།། གཉིས་མེད་སྦྱོར་བའི་ཕྲིན་ལས་མཛད་དུ་གསོལ།། ཐལ་བ་བླུགས་ནས་སྣོད་བཞག་པ།། རབ་དགྱེས་མཁའ་ལ་སྦྱོར་བའི་དུར་ཁྲོད་ན། ། དབང་བདག་རྒྱལ་པོ་སྐུ་མདོག་ལེ་བརྒན་ཞལ།། དབུ་མང་ཕྱག་ཆ་འཇིགས་པའི་མཚོན་ཐོགས་ཤིང།། ང་རྒྱལ་དྲེགས་པ་འདུད་ཀྱི་དཔུང་འཇོམས་པ།། དབང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་ལོ། ། གཉིས་མེད་ཐུགས་ཀྱི་གའུ་ཁ་འབྱེད་ཅིང།། གསུང་རབ་རྒྱ་མཚོ་ལྟ་བུའི་སྒྲ་སྒྲོགས་པས།། རྡོ་རྗེ་གཟི་ལྡན་བཀའ་ཡི་དབྱིངས་ཕྱུག་དང།། གཉིས་མེད་སྦྱོར་བའི་མཁའ་དབྱིངས་དག་པ་འདིར།། འདུ་འབྲལ་མེད་ཅིང་བརྟན་པར་བཞུགས་སུ་གསོལ། ། བདེ་གཤེགས་ཕྲིན་ལས་བསྐུལ་བ་ནི།། རྣམ་དག་པདྨ་འཁྱིལ་བའི་གཞལ་ཡས་སུ།། འབྲས་བུ་སྐུ་གསུང་ཐུགས་སུ་སྦྱོར་བའི་ཕྱིར།། མ་ཆགས་ཡུམ་གྱི་མཁའ་དབྱིངས་ཡངས་པ་ན། ། རུས་པ་ཚོགས་ཀྱི་ཐལ་ཆེན་རི་ལྟར་སྤུངས།། བྱིན་གྱིས་བརླབ་ཅིང་བརྟན་པར་བཞུགས་ནས་ཀྱང།། ཐལ་བ་བདུད་རྩིར་སྦྱོར་བའི་ཕྲིན་ལས་མཛོད།། ཐབས་དང་ཤེས་རབ་རོལ་པ་ནི།། ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། ། མི་གཡོ་རྟ་མཆོག་རོལ་པའི་དབུ་རྒྱན་ཅན།། སྲིད་གསུམ་སྒྲོལ་མཛད་མ་རིག་མཚོ་སྐེམས་པ།། དབང་ཕྱུག་ཡང་ཆེར་དཔལ་གྱི་མཆོད་པ་འབུལ།། ཨིནྡྲ་ནི་ལའི་མདོག་འདྲ་འབར་བའི་སྤྱན། ། སྡུག་བསྔལ་གཅོད་སྙིང་ཟུག་རྔུའི་ཤིང་བསྲེག་པ། རྫུ་འཕྲུལ་མྱུར་མགྱོགས་དུར་ཁྲོད་གློག་འགྱུ་མ། ཤེས་རབ་ཕ་རོལ་ཕྱིན་མའི་བྷ་ག་ལ།། གསང་བའི་ལིངྒ་ཐོགས་མེད་བསྐྱོད་པ་ཡིས།། ཚིམ་གྱུར་མཆོད་སྤྲིན་ཆར་གྱི་རྒྱུན་བཞིན་འབེབས། ། དེ་ཉིད་བྱང་ཆུབ་སེམས་དཔའ་དབང་ཆེན་གཙོ།། ཤེས་དང་ཤེས་བྱའི་བག་ཆགས་སྦྱང་བ་དང།། རྣལ་འབྱོར་དམ་ཅན་ཐ་ཚིག་བསྒོ་བའི་ཕྱིར།། གཉིས་མེད་རཀྟ་ཆགས་པ་མཁའ་ལ་གདབ། ། ཆགས་པས་སྒྲོལ་བྱེད་པདྨ་རྒྱལ་པོ་དང།། མྱུར་བྱེད་རྫུ་འཕྲུལ་མངའ་བདག་གཤོག་པ་མོ།། འདུ་འབྲལ་མེད་པའི་མཁའ་དབྱིངས་གཞལ་ཡས་འདིར།། བྱང་ཆུབ་དཀར་དམར་འདུ་འཕྲོ་སྣ་ཚོགས་ཀྱིས། ། སྟུག་པོ་བཀོད་པའི་སངས་རྒྱས་མན་ཆད་དང།། ན་རག་འཁོར་བའི་དམྱལ་ཁམས་ཡན་ཆོད་དུ།། དུག་གསུམ་བསྒྲལ་ནས་སྐུ་གསུམ་ལྷུན་སྦྱོར་བའི།། བྱང་ཆུབ་སེམས་ནི་དབྱིངས་ལྟར་མཛེས་པའི་སྐུ།། སྤྲོས་པས་རྒྱུད་བསྐུལ་གཟི་མདངས་བསྐྱེད། ། གཤོག་པ་མོ་དང་རོལ་པ་ཡིན།། དྲ་བ་མོ་དང་རོལ་པ་ནི།། དབྱིངས་སུ་འགྲོ་བ་མ་ལུས་བསྒྲལ་བ་ནི།། གར་དབང་ལྷ་མཆོག་པདྨ་དབང་གི་སྐུ།། ཁྲོས་པའི་ཞལ་དང་འཇིགས་པའི་སྡང་མིག་ཅན། ། བཅུ་དྲུག་ཕྱག་གི་ཕྲ་མེན་ཚོགས་དང་སྦྱོར།། དྲ་བ་མོ་དང་གཉིས་མེད་སྦྱོར་བ་ཡིས།། རྒྱལ་བ་འཁོར་བཅས་ཐུགས་དམ་བསྐང་བ་དང།། སྲིད་པ་རྒྱ་མཚོ་དབྱིངས་ནས་སྤྱོད་པ་དང། ། མ་སྲིན་རྒྱ་མཚོ་དམ་ལ་གདགས་པའི་ཕྱིར།། བྱང་ཆུབ་སེམས་སྤྲིན་མཁའ་ལ་དབབ་ཏུ་གསོལ།། སྡེར་མོ་ཅན་དང་རོལ་པ་ནི།། བཀྲ་ཤིས་གསང་བའི་དཀྱིལ་འཁོར་འདིར།། ཟླ་གམ་དབང་གི་འཕྲོ་འདུ་དང། ། རཀྟ་འབར་བའི་ཀློང་ཡངས་ནས།། རྫུ་འཕྲུལ་མངའ་མཛད་པདྨ་ཧེ་རུ་ཀ། སྦས་པའི་ལྷ་མོ་གསང་བའི་སྡེར་མོ་ཅན།། དབང་མོ་གཅིག་ལ་སྦྱོར་བའི་བྷ་ག་ལ།། བྱང་ཆུབ་སེམས་ནི་བཻཌཱུརྱ་ཡི་མདོག། ཀེང་རུས་གསར་རྙིང་རི་ལྟར་སྤུངས་པ་ལ། ། ཁྲོ་བོ་མེ་རི་འབར་འཕྲོ་ཀློང་དུ་འཁྱིལ།། གདུག་པའི་ཚོགས་བཅོམ་ང་རྒྱལ་རི་རབ་ལ།། རཀྟ་དམར་གྱི་ཆུ་བོ་གཞུང་བཞིན་འཕྱོ།། གཙུག་ཏོར་ཆེན་པོའི་འཐོར་རླུང་འཚུབ་མར་འཁྲུགས། ། ང་རྒྱལ་གདུག་པའི་ཚོགས་བཅོམ་ང་རྒྱལ་རི་རབ་ལ།། མ་རིག་མདོངས་པའི་མུན་ནག་རབ་ཏུ་གཏིབས།། ཕྲག་དོག་བསྒྲལ་བའི་འཐོར་རླུང་ཤུགས་ཀྱིས་འགྲོ།། རུས་པ་ཐལ་ཆེན་བྱིན་གྱིས་བརླབ་པ་དང། ། བསྒྲུབ་པ་ཆེན་པོའི་དངོས་གྲུབ་འདིར་སྩོལ་ཅིག། སྙིང་པོ་རྒྱུན་མི་གཅད་པར་བཟླས།། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧྲིཾ་ཛ། དེ་ནས་དངོས་གྲུབ་བླང་བ་ནི། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། ། རུས་པ་ཐལ་ཆེན་མཚན་མ་བསྒྲུབ་པ་དང།། ལྷག་པ་རྟགས་ཀྱི་དབང་བསྐུར་དང།། གསང་བའི་མཆོད་པ་དབྱིངས་སུ་བསྟིམ་པ་དང།། ཙིཏྟ་ཐུགས་ཀྱི་དངོས་གྲུབ་བླང་བ་དང།། དེ་ཕྱིར་མཚན་ལྡན་གསང་བའི་རྒྱུད་ལྡན་གྱིས། ། འཁོར་ཚོགས་ཆེན་པོར་ཟིལ་གྱིས་མནན་པའི་ཕྱིར།། ལོག་འདུལ་ཐབས་ཀྱིས་ཉོན་མོངས་སྦྱང་བ་དང།། དོན་དམ་ཀློང་དུ་འགྲོ་དྲུག་བསྒྲལ་བའི་ཕྱིར།། དུང་ཁང་དཀར་པོ་རྒྱལ་བའི་ཕོ་བྲང་ན། ། དུང་དང་རུས་པའི་འཕྲོ་འདུ་སྤྲིན་ལྟར་གཏིབས།། ཡེ་ཤེས་ལྔ་དང་བདུད་རྩི་རབ་སྦྱོར་བས།། དཔལ་གྱི་ཕོ་བྲང་རྒྱ་མདུད་ཕྱག་རྒྱ་དགྲོལ།། དངོས་གྲུབ་དབྱེ་བའི་ཐབས་ཀྱང་ཡིན།། སྣུམ་ལ་འཕེལ་འགྱུར་སྒྲུབ་པའི་རྫས། ། ཉུང་ལ་སྤོགས་ཤིང་ཏིང་འཛིན་བསྐྱར།། གྲུབ་ནས་རོ་ལ་མཚན་མས་གདབ།། མཚན་ལྡན་ལག་མཐིལ་ཨ་བསམས་ཏེ།། བྲོས་བསྐོར་དབང་བསྐུར་བྱིན་བརླབས་པ།། གསང་ཆེན་ཐུགས་ལ་རོལ་པའི་དཀྱིལ་འཁོར་དུ། ། སྙོམས་པའི་ཐུགས་རྗེ་བསྒྲལ་བའི་མེ་ལྟ་བུས།། འཁྲུལ་དང་རྟོག་པ་དབྱིངས་སུ་བསྲེགས་ནས་ཀྱང།། རུས་པ་ཐལ་ཆེན་བརྡལ་བའི་དཀྱིལ་འཁོར་དུ།། སྡུག་བསྔལ་གཏན་ནས་སེལ་བའི་བྲོ་སྟོང་ལྡིར། ། པདྨ་ཁྲག་འཐུང་དགྱེས་ཤིང་རོལ་དུ་གསོལ།། དུར་ཁྲོད་རབ་ཏུ་འབར་བའི་ཀློང་ཡངས་སུ།། ལྷག་པའི་ཐལ་ཆེན་མཚན་མ་འདི་བཏབ་པས།། རབ་དགྱེས་ཧེ་རུ་ཀ་ཡི་གནས་བཅུ་དང།། ཟབ་སྦྱོར་དུར་ཁྲོད་ཆེན་པོའི་གནས་བརྒྱད་དང། ། དབང་མཆོག་པདྨ་ཐབས་ཀྱིས་བསྡུས་པ་དང།། བདག་ཉིད་ཆེན་པོ་རབ་ཏུ་སྦྱོར་བ་ཡིན།། འདི་ནི་སྔོན་གྱི་ཐུགས་དམ་ཟབ་མོ་ཡིན།། འདི་ཡང་རྟགས་ཀྱི་ཕྱག་རྒྱ་དམ་པ་ཡིན། ། ས་མ་ཡ། པདྨ་དྷ་ར་པཱུ་ཙ་མི། དེ་སྐད་ཅེས་ནི་གསུངས་ནས་ཀྱང།། དངོས་གྲུབ་བགོ་ཕྱིར་བདུད་རྩིའི་དོན།། སོ་སོར་ཐོབ་པར་མ་གྱུར་པར།། ཆད་ན་བར་ཆད་ཆེན་པོར་འགྱུར།། སྔ་རབས་འདས་དང་ད་ལྟ་རུ། ། བཞུགས་པའི་རྡོ་རྗེ་སློབ་དཔོན་དང།། ཡི་དམ་ལྷ་སྟེ་བཀའ་དྲིན་ཅན།། མི་གཡོ་རི་རབ་ལྷུན་པོའི་ཚུལ།། རྒྱུན་དང་རྒྱུན་མེད་རྟག་པར་ནི།། སྨན་ནི་ལུས་ལ་བསྲེལ་བར་བྱ།། གཉིས་སུ་མེད་པའི་ཐུགས་རྗེ་མཐུ་སྟོབས་ཀྱིས། ། བསྐལ་པ་དུ་མར་མི་ཟད་གཏེར་གྱི་མཆོག། ལྷག་པའི་ཐལ་ཆེན་མཚན་མ་འདི་དབུལ་ན།། ཐུགས་རྗེས་བཞེས་ལ་འཁོར་ལ་བྱིན་གྱིས་རློབས།། བདེ་གཤེགས་རིགས་གཉིས་ལུང་གི་རྒྱུད།། ཡབ་ཡུམ་སྦྱོར་བའི་བྱིན་རླབས་རྨད་པོ་ཆེ། ། རྡོ་རྗེ་སློབ་དཔོན་གཟུངས་མར་བཅས་པ་ཡི།། ཕྲིན་ལས་རྣམ་པར་དག་པའི་བཀའ་དྲིན་དང།། མཆེད་དང་ལྕམ་དྲལ་ལྷག་པའི་བརྟུལ་ཞུགས་ཀྱིས།། འབར་བའི་སྐུ་བསྐྱེད་མཚན་མའི་རྟགས་བཏབ་པས། ། དུས་གསུམ་རྒྱལ་སྲས་ཆུ་བོའི་རྒྱུན་བཞིན་སྐྱོང།། ལྷག་པའི་རྟགས་ཀྱི་མཆོད་པ་འདི་བྱས་པས།། རྒྱལ་བའི་གདུང་འཚོབ་བཀའ་དྲིན་རྗེས་བཟུང་ཕྱིར།། གཡེལ་བ་མེད་པར་རྟག་ཏུ་ལུས་ལ་བཅངས། ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ།། ལུས་ཀྱང་དར་ལ་བབ་ཅིང་སྲ།། ལོངས་སྤྱོད་ལྡན་ཞིང་བདེ་སྐྱིད་འགྱུར།། དེ་ནི་གྲུབ་པའི་ཡོན་ཏན་ཡིན།། ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་ཀྱང།། སྨན་རྣམས་ཡོངས་སུ་བསྒྲུབ་པར་བྱ། ། ཡལ་བར་མི་གཏང་མ་མོ་བརྟེན།། སྨན་རྣམས་གྲུབ་ན་དངོས་གྲུབ་ཐོབ།། དེ་ནས་ལྷག་མའི་གཏོར་མ་གཏང།། བསྒྲུབ་པ་ཆེན་པོ་བྱེད་པའི་ཚེ།། སྲོག་ལ་བབ་པའི་ཉེན་ཡོད་ཀྱང།། དམ་བཅས་དེ་ལས་མ་བྱུང་ཚེ། ། མི་དང་འཕྲད་པར་མི་བྱ་སྟེ།། གཏམ་དང་ཁ་རླངས་འདྲེས་ན་བསྐྱར།། དེ་ལས་བྱུང་ནས་ཞག་གསུམ་དུ།། བདག་གི་ཕྱག་ཀྱང་ཕར་མི་བཙལ།། མཁའ་འགྲོ་མ་རྣམས་རྔམ་པ་ཡི།། ཁྲག་ནད་དག་གིས་འཆི་བར་འགྱུར། ། ལས་སུ་སྒྲུབ་རྫས་བསག་པར་བྱ།། གྲངས་ཀྱི་ཚད་ཀྱང་འདི་ལྟར་རོ།། ཞིང་སར་ཕོ་རྫ་བརླག་པ་འདྲ།། བྷནྡ་བཅུ་གསུམ་ལྕང་ལོ་ཅན།། བརྒྱད་ལས་ཉུང་ན་འགལ་བར་འགྱུར།། གཡང་གཞི་གར་གོས་མེད་པ་ལ། ། ཁ་དོག་ཚོན་གྱིས་མདོག་བསྒྱུར་ལ།། ཡང་ན་ལྔའམ་དྲུག་གཙོ་ལ།། བཅུ་གཅིག་ཕྱོགས་སྐྱོང་གྲངས་དང་མཐུན།། མཆོག་ཕུར་གྲངས་ཀྱང་དེ་བཞིན་ནོ།། གཟུགས་བརྙན་དཀྱིལ་འཁོར་བྲི་བ་ནི། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དབུས་ནི་ཟླ་གམ་ཨེ་ཡི་དཀྱིལ།། བཅུ་དྲུག་འཁོར་ལོས་མཐའ་བསྐོར་ཏེ།། ཧྲཱི:ལས་པདྨ་ཉི་ཤུ་བཞི།། མཚམས་བཞིར་རིན་ཆེན་ཁྲི་རྐང་ལ།། སྤྲིན་མེད་ཉི་མ་བདུན་གྱིས་བརྒྱན། ། བར་ཁྱམས་གཉིས་དང་སྒོ་བཞིར་ལྡན།། དེ་ལྟ་བུ་ཡི་གནས་ཁང་དུ།། རྩེ་འཇོ་མང་པོ་ལུང་བཞིན་བྱ།། ཞེས་གསུངས་པས། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་སོགས་པའི་དཀྱིལ་འཁོར་རོལ་པའི་འཁོར་ཚོགས་རྣམས་ཀྱིས། ཨ་ལ་ལ་ཞེས་ཟེར་ཞིང། སྤྱི་གཙུག་གི་གར་གྱི་དབང་ཕྱུག་ལ་ཕྱག་བྱས་ཏེ། འོག་མིན་གྱི་གནས་རི་རབ་ཀྱི་རྩེ་མོ་ལ་བདུད་རྩི་ཆེན་པོའི་དོན་ལ་སྙོམས་པར་ཞུགས་སོ། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཐལ་ཆེན་བསྒྲུབ་ཅིང་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་གར་དབང་ལྷ་མཆོག་པདྨ་ཧེ་རུ་ཀས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད། འོག་མིན་གྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ཏེ། ཕྱི་རབས་རྣལ་འབྱོར་མཐའ་དག་གིས།། ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང། ། མི་ཟད་རྒྱན་གྱི་འཁོར་ལོ་ཡི།། སྐུ་ཡི་སྲས་གྱུར་འཇམ་དཔལ་ཁྱོད།། ལྷུན་གྱིས་གྲུབ་པ་ང་ལ་ཉོན།། བལྟ་བ་འདི་ལ་གང་གནས་པའི།། རྣལ་འབྱོར་འདི་ནི་སྐལ་བ་བཟང།། ཡང་དག་མ་བགྲོད་ཕྱིན་པའི་གནས། ། ཀུན་ཏུ་འོད་ཀྱི་ས་ལས་འདས་ནས་ནི།། པདྨ་ཅན་དུ་གྱུར་པ་ཡིན།། ཡང་དག་མ་བགྲོད་ཕྱིན་པའི་ས།། རང་ལ་གནས་པ་དངོས་གྲུབ་ཡིན།། ཀློང་དུ་གྱུར་པས་སྒྲུབ་ཐབས་སོ།། ཡང་དག་མ་བསྒྲུབས་དངོས་གྲུབ་ཡིན། ། བླ་མེད་ཐེག་པར་རབ་གནས་ངེས།། ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང།། པདྨ་ལ་ནི་འདམ་བཞིན་ནོ།། འདི་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས།། ཀློང་དུ་གྱུར་པའི་སྒྲུབ་ཐབས་སོ།། ཡང་དག་གཉིས་མེད་སྤྱོད་པ་ཡིན། ། གཏི་མུག་ཞེ་སྡང་ང་རྒྱལ་དང།། འདོད་ཆགས་ཕྲག་དོག་ཆེན་པོ་ནི།། བདེ་གཤེགས་ལྔ་ཡི་རང་བཞིན་ལས།། བསྲུང་དུ་མེད་པ་དམ་པ་ཅན།། ཡང་དག་དམ་ཚིག་བསྲུང་དུ་མེད།། མི་ལེན་བྱང་ཆུབ་སྤྱོད་པ་ལ། ། བྱེད་པ་མེད་པ་ལས་ཡིན་ཏེ།། དེ་ནི་མི་རྩོལ་བརྩོན་འགྲུས་སོ།། ཡང་དག་འབད་མེད་བརྩོན་འགྲུས་ཡིན།། འབྱུང་བ་ཡུམ་གྱི་གཞལ་ཡས་ན།། སྣང་སྲིད་ཕྱག་རྒྱའི་དཀྱིལ་འཁོར་གསལ།། བྲི་བར་བྱ་བའི་མིང་ཡང་མེད། ། བདག་ཉིད་ཆེན་པོའི་དོན་རྟོགས་ནི།། སངས་རྒྱས་ཀུན་གྱི་བདག་ཉིད་ཅན།། བསྒོམས་པས་གཞན་ནས་མི་རྙེད་དོ།། སངས་རྒྱས་གཞན་ནས་མ་ཚོལ་ཅིག། ཡང་དག་བསྒོམ་དུ་མེད་པའི་ལྷའོ། ། དབྱིངས་དང་ཡེ་ཤེས་དོན་རྟོགས་ན།། ཐབས་དང་ཤེས་རབ་དབང་ཆེན་ཡིན།། རྡོ་རྗེ་དྲིལ་བུའི་རིག་པ་བཟུང།། ཡང་དག་བསྐུར་དུ་མེད་པའི་དབང།། ཁམས་གསུམ་ཡུམ་གྱི་བྷ་ག་ལ།། གང་ལྟར་སོང་ཡང་གནས་ཀྱི་མཆོག། ཡང་དག་མ་སོང་ཕྱིན་པའི་གནས།། མཚན་མ་མིང་དུ་བཏགས་པ་ཡང།། མཚན་མ་མེད་པའི་ཆོས་ཡིན་པས།། ཚིག་ཏུ་བརྗོད་པའི་ཐ་སྙད་བྲལ།། ཡང་དག་བརྗོད་མེད་ཚིག་ཡིན་ནོ། ། དེ་བས་འཇམ་དཔལ་ཡེ་ཤེས་སྐུ།། ཕྱི་མའི་རྣལ་འབྱོར་དབང་ཕྱུག་གིས།། དེ་ལྟར་རྟོགས་ནས་ཡིད་ཆེས་ན།། བུད་དྷ་ཙིཏྟ་ཛྭ་ལ་ཡིན།། ཛྙཱ་ན་ཙིཏྟ་ཛྭ་ལ་ཡིན།། བྷོ་དྷི་ཙིཏྟ་ཛྭ་ལ་ཡིན།། དེ་ལྟར་ཡིད་ཆེས་མ་གྱུར་ན། ། དོན་དེ་གཏན་ལ་མི་ཕེབ་ཟེར།། སྒྲོ་འདོགས་སྐུར་པ་འདེབས་པ་དང།། རྟོགས་པ་ཀློང་དུ་མ་གྱུར་ན།། ཀརྨ་ཙིཏྟ་ཛྭ་ལ་ཡིན།། རཀྴ་ཙིཏྟ་ཛྭ་ལ་ཡིན།། ནཱ་ག་ཙིཏྟ་ཛྭ་ལ་ཡིན།། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡང་དག་དོན་གྱི་ལེའུ་སྟེ་ཞེ་དྲུག་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀས། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བཀའ་སྩལ་མ་ཐག་ཏུ། ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཧཱུཾ་ཡེ་ཤེས་ཁྲག་འཐུང་རྣམ་རྟོག་མི་མངའ་ཡང།། ས་ལེར་མཁྱེན་པའི་སྐུ་གསུང་ཐུགས།། ཐུགས་རྗེ་ཆེ་བས་རྨད་དུ་བྱུང། ། འདི་ནི་གསལ་བ་ཐུགས་རྗེའི་འོད།། འབར་བས་ཡེ་ཤེས་མུན་པ་སེལ།། འོད་ཀྱིས་དམྱལ་བའི་ཉེས་སྐྱོན་སྦྱང།། རྨད་བྱུང་རིན་ཆེན་ཁྲི་ཡི་ལུང།། བག་ཆགས་སྦྱངས་པས་རྣམ་རྟོག་ཕྱིར་སངས་པའི། ། ཡེ་ཤེས་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་བསྟོད།། གསེར་མདོག་བདེ་ཆེན་ཡེ་ཤེས་ཕྲ་མེན་མ།། ཉི་ཟླ་འབུམ་དུ་འཆར་བའི་འོད།། ཡེ་ཤེས་ཆེན་པོ་བརྩེགས་ལ་ཕྱག་འཚལ་བསྟོད།། ཡི་དྭགས་རྣམས་ཀྱི་བཀྲེས་སྐོམས་འཇོམས། ། བདེ་བ་ཆེན་པོ་ཐུགས་རྗེའི་ལུང།། ཕྲ་མེན་རྔམ་ཐབས་ཞེས་ཀྱང་བྱ།། མ་ཆེན་དབང་ཕྱུག་སིང་ཧ་ཛཾ་བྷ་ལ།། དོན་དམ་གསང་སྦས་ཆེ་བའི་དཔལ་ལྡན་མ།། གཅིག་ཏུ་བདེ་བ་ཆེན་པོ་ཐུགས་རྗེའི་འོད་ཟེར་ཅན། ། འཇིག་རྟེན་འདས་པའི་འོད་ཀྱིས་དེ་བསྲེགས་ནས།། ཐུགས་རྗེའི་དཀྱིལ་ན་ཉི་མའི་འོད་ལྟར་འབྱུང།། སྲིད་གསུམ་བསྲེག་པར་མཛད་ལ་ཕྱག་འཚལ་ལོ།། དེ་ལ་ཉི་མ་བདུན་གྱིས་རབ་བསྐོར་བ། ། སྲིད་གསུམ་མ་ལུས་བསྲེག་པའི་དབང་དང་ལྡན།། སྤྲིན་མེད་གསལ་བའི་འོད་ཟེར་འབར་བ་འཕྲོ།། དེ་སྟེང་པདྨ་ཁ་སྟོང་ལྡན་པ་ལས།། རྡོ་རྗེ་རྩེ་གཅིག་པདྨའི་སྙིང་པོར་གནས།། རྣམ་དག་པདྨའི་ལྟེ་བ་ཟླུམ་པོ་ལ། ། ཡེ་ཤེས་རྒྱ་མཚོའི་ཀློང་དུ་འཁྱིལ་བ་ནི།། ཐིག་ལེ་ཆེན་པོ་གསང་བ་ཡུམ་གྱི་མཁའ།། རྡོ་རྗེ་རྩེ་གཅིག་ཆེ་བས་དེ་ལ་བསྟོད།། མ་ཆགས་པདྨའི་རང་བཞིན་མཉེས་པའི་ཡུམ།། དགའ་ལྡན་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། ། འདི་ནི་དྲི་མེད་པདྨའི་ལུང།། དེ་དབུས་ཧཱུཾ་ལས་བྱོལ་སོང་སྐྱེ་གནས་འཇོམས།། བདེན་གཉིས་ཐུགས་ལས་རོལ་པའི་ཉི་མ་ལ།། འོད་ཟེར་འབུམ་གྱིས་བསྐོར་བ་ཡུམ་ཆེན་མོ།། ཤེས་རབ་ཉི་མའི་འོད་ལ་ཕྱག་འཚལ་བསྟོད། ། འདི་ནི་གསལ་བྱེད་ཉི་ཟླ་འོད་ཀྱི་ལུང།། ཆགས་མེད་སྐྱོན་བྲལ་ཉི་ཟླའི་འོད་དུ་སྣང།། ཐུགས་རྗེ་ཁྱབ་པས་འགྲོ་བའི་དོན་བྱེད་པ།། ཉི་ཟླ་ཐབས་དང་ཤེས་རབ་ཚུལ་དུ་གནས། ། འོད་ཟེར་ཐུགས་རྗེ་བྱང་ཆུབ་སེམས་སུ་སྣང།། ཡུམ་ཆེན་མཱ་མ་ཀཱི་ལ་ཕྱག་འཚལ་བསྟོད།། པདྨའི་ལྟེ་བར་གནས་པ་རྡོ་རྗེའི་དཀྱིལ།། ཧཱུཾ་ལས་འོད་འཕྲོས་མི་རྣམས་བག་ཆགས་སྦྱང།། ཧཱུཾ་ལས་འཁོར་ལོ་རྩིབས་སྟོང་ལྡན་པར་གྲགས། ། དེ་སྟེང་ཧཱུཾ་ལས་ཡིད་བཞིན་གཞལ་ཡས་ཁང།། རྒྱལ་ཆེན་ཕྱོགས་སྐྱོང་མ་ལུས་ཀ་དང་གདུང།། མི་རོ་ཐོད་རློན་སྦྲུལ་ནག་ལ་སོགས་བརྒྱན།། ཏ་ཀྲྀཏ་རྒྱལ་པོ་ཁྲོ་བོ་དེ་ན་བཞུགས། ། གདན་ཁྲི་དྲུག་ལྡན་ཡེ་ཤེས་བཞི་ཡི་ངང།། ཁྲོ་ཆེན་ཁྲོས་པའི་མཚན་ཉིད་གདན་དུ་བཏིང།། ཏ་ཀྲྀཏ་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད།། དེ་དབུས་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་གསལ།། འདི་ནི་རྡོ་རྗེ་སེམས་དཔའི་ལུང་དུ་གྲགས། ། རྡོ་རྗེ་ལྟ་བུར་མི་གཡོ་འཛིན་པ་མེད།། ཆོས་སྐུ་དག་པ་ལྟ་བུའི་ཚུལ་དུ་སྣང།། མི་མཉམ་མཉམ་པའི་ལྷ་མཆོག་དམ་པ་ལ།། སེམས་དཔའ་ལ་སོགས་འཁོར་གྱིས་བསྐོར་བ་དང། ། ཐུགས་རྗེའི་དབྱིངས་སུ་སྣང་བས་མངོན་པ་མེད།། རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད།། ཞེ་སྡང་རྡོ་རྗེ་སེམས་དཔའི་སྐུ་མངོན་ནས།། ཤངས་ནས་ཁྲོ་བོ་ཧཱུཾ་དྲུག་སྒྲ་བཏོན་ནས།། རྒྱུད་དྲུག་གནས་པའི་འཁོར་བ་རྩད་བཅད་དེ། ། དེ་ནས་རིམ་བཞིན་གནས་ནས་ཐིམ།། ཁྲོ་བོར་གྱུར་པ་ཧཱུཾ་གི་ལུང་ཞེས་བྱ།། ཞལ་ནི་ཀུན་ཏུ་གཟིགས་པའི་དབུ།། བྷྲཱུཾ་ལས་གཞལ་ཡས་ཁང་པ་ལྔ།། ལྷུན་གྲུབ་སངས་རྒྱས་རབ་ཏུ་རྫོགས། ། ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས།། ངག་གི་དབང་ཕྱུག་ལྷུན་གྲུབ་པས།། དབང་གི་མདོག་དམར་བསྐལ་པའི་མེ་ལྟར་འབར།། རྔམ་ཆེན་ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་གཟིགས།། དབུ་ལྔ་ལྗང་གུ་རྟ་གདོང་འོད་ཀྱིས་བརྒྱན། ། རིགས་ལྔའི་སངས་རྒྱས་འབར་བའི་དབུ་ལ་གདངས།། སྦྲུལ་ནག་སྟོང་གིས་རྒྱན་དུ་མཛེས།། ཐོད་པ་ཚར་གསུམ་བརྗིད་པར་ལྡན།། ཞིང་ལྤགས་སྟོད་ལ་གཡང་གཞིའི་ཤམ་ཐབས་ཅན།། ཕྱི་ནང་གཤོག་པ་ནམ་མཁའི་མཐའ་དང་མཉམ། ། གསང་བའི་ལྷ་མོ་རྡོ་རྗེ་དྲ་བ་མོ།། འགྲོ་བ་མ་ལུས་དབང་དུ་སྡུད་པའི་ཡུམ།། བཅུ་དྲུག་ཕྱག་ན་ཡེ་ཤེས་མཚོན་ཆར་བསྣམས།། ཤར་དུ་གཟིགས་པའི་ཕྱག་བཞིའི་ཕྱག་མཚན་ནི། ། རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་དང།། རྡོ་རྗེ་ཁ་ཊྭཱཾ་ག་དང་ཐོད་རློན་ཁྲག་གིས་བཀང།། ལྷོ་རུ་གཟིགས་པའི་ཕྱག་བཞིའི་ཕྱག་མཚན་ནི།། རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ལུ་གུ་རྒྱུད།། ཐོད་པ་ཞལ་དུ་སྟོབ་དང་ཁྲོ་བརྒྱད་སྙིང་འཛིན་ཅིང། ། ནུབ་ཏུ་གཟིགས་པའི་ཕྱག་བཞིའི་ཕྱག་མཚན་ནི།། མེ་ཡི་ཞགས་པ་དང་ནི་ཁྱུང་གི་ཁྲ།། སྡིགས་མཛུབ་རྩེ་ལ་བསྐལ་པའི་མེ་ཆེན་འབར།། རྡོ་རྗེ་ཁ་ཊྭཱཾ་དག་ནི་རབ་ཏུ་འཁྲོལ།། བྱང་དུ་གཟིགས་པའི་ཕྱག་བཞིའི་ཕྱག་མཚན་ནི། ། རྡོ་རྗེ་རྩེ་དགུ་དང་ནི་རྩེ་ལྔ་དང།། རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེག། ཞེ་སྡང་གདུག་པའི་དགྲ་བགེགས་མང་པོ་འདུལ།། ཞབས་ཀྱི་ཆས་བརྒྱད་ཁྲོ་བོ་བརྒྱད་དུ་སྦྱོར། ། དཔའ་བོ་ལ་སོགས་ཏིང་འཛིན་བརྒྱད་དང་ལྡན།། འཁོར་བའི་མེ་དཔུང་དམར་པོ་ལ་སོགས་ནི།། རང་གི་སྙིང་པོས་ཕྱོགས་བཞི་མཚམས་བརྒྱད་ཐིམ།། ཡེ་ཤེས་འབར་བའི་ཀློང་ཆེན་ན། ། ཐུགས་རྗེ་ཆགས་པས་དུག་གསུམ་རྩད་ནས་གཅོད།། ཡེ་ཤེས་དཔལ་གྱི་སྐུ་སྟེ་བདག་ཉིད་མ།། ཕྱག་གཉིས་ཕྱག་རྒྱ་མེ་དང་སྦྲུལ་བསྣམས་ཏེ།། སྤྱན་མིག་གནམ་ལྕགས་ཐོག་ཐོག་ཨ་ལ་ལ།། དཔལ་ཆེན་ཞལ་དུ་སྟོབ་ཅིང་མཆོད་པའི་བདག། མེ་འབྲུག་དམར་པོ་ཆེ་ལ་ཕྱག་འཚལ་བསྟོད།། རླུང་འབྲུག་སྔོན་མོ་རྩ་བའི་སྔགས་ཀྱིས་བསྐྱེད།། བདེན་གཉིས་ལྷུན་གྱིས་གྲུབ་པའི་ཡུམ་ཆེན་མོ།། འཁོར་བ་མི་སྤོང་མྱ་ངན་མི་འདའ་ཞིང། ། ཐོད་རློན་དྲག་པོའི་ཤུགས་ཀྱིས་འགྲོ་བ་སྟེ།། མི་མཉམ་པ་ཡི་ཀླུ་ཚོགས་དབང་དུ་སྡུད།། ནམ་མཁར་མཉམ་པའི་སྐུ་ལུས་ཚད་མངའ་བ།། རླུང་འབྲུག་སྔོན་མོ་ཉིད་ལ་ཕྱག་འཚལ་ལོ།། ལོང་བ་རྒྱབ་སྦྲེལ་མང་པོ་གནས་པ་ཡང། ། ཡང་སྤྲུལ་བྱེ་བ་འབུམ་དང་བཅས་པ་སྟེ།། ཕྱོགས་བཞི་ནས་ནི་རྣམ་པར་འཁྲུགས་པའོ།། ཤར་ཕྱོགས་ལོང་བ་རྒྱབ་སྦྲེལ་ཏེ།། འབྲུག་ཆེན་སྔོན་མོ་ཆིབས་སུ་བཅིབས།། འཁོར་བ་མ་སྤངས་མྱ་ངན་འདས། ། མིག་ཀྱང་མེད་དེ་ཅང་མི་སྨྲ།། མདུན་དང་རྒྱབ་མེད་གཅིག་གི་ངང།། སྐྱེ་བ་མེད་པའི་དབྱིངས་སུ་བསྟན།། ལོང་བ་རྒྱབ་སྦྲེལ་ཆེ་ལ་ཕྱག་འཚལ་ལོ།། ལྷོ་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི།། མེ་རི་སྔོན་དམར་ཆིབས་སུ་ཆིབས། ། སྐྱེ་མེད་དབྱིངས་ནས་ཆོ་འཕྲུལ་བསྟན།། འོད་ཟེར་མཐིང་ག་འཕྲོ་བ་ཡིས།། འོ་དོད་དྲག་པོ་ཕྱོགས་བཅུར་འབོད།། ནུབ་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི།། འབྲུག་ཆེན་གཤིབས་པའི་གདན་ལ་བཞུགས། ། ཟག་མེད་ཤེས་རབ་ཕ་རོལ་ཕྱིན།། སྐྱེ་བ་མེད་པའི་ཆོ་འཕྲུལ་སྟོན།། བྱང་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི།། རླུང་ནག་འཚུབས་མ་ཆིབས་སུ་ཆིབས།། སྐྱེ་བ་མེད་པའི་ཆོ་འཕྲུལ་སྟོན།། འོད་ཟེར་དམར་ནག་འབར་བ་འཕྲོ། ། དེ་དག་རྣམས་ཀྱི་སྐུ་མདོག་ཀྱང།། གནག་དང་དམར་ལ་རབ་ཏུ་འཚེར།། ཕྱི་རིམ་དམུས་ལོང་འཁོར་བ་ཅན།། ཤྭ་རི་ཁ་ཡིས་སྐུ་བསྒྲུབས་པས།། མཐའ་དབུས་མེད་པར་ཁྱབ་པར་གནས།། ཤར་ཕྱོགས་དམུས་ལོང་འཁོར་བ་ཅན། ། ལུས་ནི་མི་མངོན་དབྱིངས་ན་བཞུགས།། ཡན་ལག་མེད་ཅིང་ཉུང་དཀར་འདྲ།། འོད་ཟེར་ཆེན་པོ་ཕྱོགས་བཅུར་འགྱེད།། གཡོ་བ་མེད་པར་དབང་དུ་བསྡུ།། ལྷོ་ཕྱོགས་དམུས་ལོང་འཁོར་བ་ཅན། ། མིག་ནི་ཡེ་ནས་མེད་པ་ལ།། སྤྱན་ནི་མེ་རི་སྔོན་དམར་ཅན།། ཞབས་ཀྱང་མེད་ལ་ཉུང་དཀར་འདྲ།། ཁྱོད་ནི་གདུང་རྒྱུད་དང་པོ་སྟེ།། ལན་འགའ་དྲག་ཏུ་མངགས་པའི་ཚེ།། འོད་ཟེར་ཆེན་པོ་ཕྱོགས་བཅུར་འགྱེད། ། ནུབ་ཕྱོགས་དམུས་ལོང་འཁོར་བ་ཅན།། བདུད་ཀྱི་ཤ་ཁྲག་རློན་པ་ཟ།། ཡན་ལག་མེད་ཅིང་དབང་པོ་མེད།། ལུས་ཀྱང་ཅི་རུ་མི་མངོན་པའི།། ཆོས་ཀྱི་དབྱིངས་སུ་རོལ་པ་མཛད།། ཅི་བགྱི་ཞེས་དང་ཆས་ཏེ་གནས། ། བྱང་ཕྱོགས་དམུས་ལོང་འཁོར་བ་ཅན།། མགོ་ཡང་མེད་ཅིང་ལག་ཀྱང་མེད།། རྐན་གྱི་སྒྲ་ཡིས་སྟོང་གསུམ་བཀང།། དུང་གི་ཚུལ་དུ་གནས་པ་ལ།། ཁྲག་གི་མི་ལ་ཁྲག་ཤ་ཟ།། མིག་དང་རྣ་བ་སྣ་ཡང་མེད། ། འོད་ཟེར་དྲག་པོ་ཕྱོགས་བཅུར་འགྱེད།། ཁམ་རྒྱ་ཆེན་མོ་དྲུག་རྣམས་ནི།། དཀྱིལ་འཁོར་གྲཝ་ཡི་ཕྱོགས་སུ་གནས།། ཕྱག་རྒྱ་ཆེན་པོ་ལས་ལ་གཡོས།། གནས་པ་བྱང་ཆུབ་སེམས་ལ་རྟག་གནས་པ། ། འཇུག་དང་སྨོན་ལམ་དང་ལྡན་པས།། འགྲོ་དོན་མ་ལུས་མཛད་སླད་དུ།། ཁམ་རྒྱ་ཆེན་མོ་དྲུག་གི་སྐུ།། ཡེ་ཤེས་དཔལ་གྱི་ཁྱི་བརྒྱད་ནི།། ཕྱོགས་བཞི་དང་ནི་དབུས་ནས་དགྱེ།། མ་ལུས་དགྲ་བགེགས་མཆེ་བས་གཅོད། ། ཕྱི་རིམ་ལྕགས་ཀྱི་སྤྱང་མོ་བརྒྱད།། དགྲ་བོ་རྣམས་ལ་རྦད་པར་བྱ།། དེ་ལྟར་ཕྱག་རྒྱ་རྫོགས་ནས་ཀྱང།། སྐུ་ཉིད་འཁོར་ལ་སྦས་ཏེ་བཞུགས།། ཕྱོགས་བཞི་དབུས་དང་ལྔ་རུ་སྦས།། དེ་ཡང་ཆོས་དབྱིངས་ཆེ་བའི་རྟགས། ། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཐོད་རྒལ་འཇིགས་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་གར་གྱི་དབང་མཆོག་གིས། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་སྤྱན་རས་གཟིགས་དབང་པོས།། གར་དབང་ཆེ་ལ་ཞུ་བ་ཞུས།། ཕྱོགས་བཅུ་འཇིག་རྟེན་དྲུག་གྱུར་པའི།། ཆུ་ཀླུང་རྒྱ་མཚོ་ཇི་སྙེད་དང། ། མེ་ཏོག་འབྲས་བུ་ཡལ་གའི་ཚོགས།། སྣང་དང་མི་སྣང་ལ་སོགས་དང།། འདོད་པའི་ཡོན་ཏན་ལྔ་པོ་འདི།། ཀླུ་རྒྱལ་རྫུ་འཕྲུལ་ཡིན་པའི་ཕྱིར།། ཀླུ་རྒྱལ་ཟིལ་གྱིས་གནོན་པར་མཛོད། ། དབང་ཕྱུག་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ།། དུག་གསུམ་དབང་སྡུད་སྐུ་གསུམ་ཐུགས་སུ་སྦྱོར།། ང་རྒྱལ་ཁྲོ་གཏུམ་དབང་གི་རྟ་མགོ་ཅན།། ཆེ་ལ་བརྗིད་པས་ཆེ་བའི་ཡེ་ཤེས་དང།། རྣོ་ལ་འབིགས་པས་ཐུགས་རྗེའི་ལྕགས་ཀྱུ་ཡིས། ། མཐའ་ཡས་དུང་སྐྱོང་ལ་སོགས་ཀླུ་ཡི་འཁོར།། དབང་དུ་བསྡུས་ནས་མངོན་དུ་བསྒྲལ་བ་དང།། ཕྱག་མཚན་རྟགས་སུ་བསྣམས་ལ་ཕྱག་འཚལ་ལོ།། དེ་སྐད་ཅེས་ནི་བསྐུལ་ནས་ཀྱང། ། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས།། ཁམས་གསུམ་ཁྲག་ཏུ་དམིགས་པའི་ས་གཞི་ལ།། འདོད་ཆགས་རྩད་གཅོད་ཁྲག་གི་རྒྱ་མཚོ་འཁྲུགས།། རྒྱལ་རིགས་ཡོངས་བསྒྲལ་དུར་ཁྲོད་རྒྱན་དུ་སྤྲུལ།། གཏི་མུག་མཐའ་ཡས་ནཱ་ག་པྲ་བེ་ཤ། དུག་ལྔ་ཕུང་པོ་བཤིག་པའི་ས་གཞི་ལ།། ཞེ་སྡང་རྩད་གཅོད་ཀེང་རུས་རི་རབ་འཁྲུགས།། དམངས་རིགས་ཡོངས་བསྒྲལ་དུར་ཁྲོད་བརྒྱད་དུ་སྤྲུལ།། གཏི་མུག་དུང་སྐྱོང་ནཱ་ག་པྲ་བེ་ཤ། རྒྱུད་དྲུག་གཅིག་ཆར་བསྒྲལ་བའི་ས་གཞི་ལ།། ང་རྒྱལ་རྩད་གཅོད་ཁྲག་གི་མེ་འཚུབས་འཁྲུགས།། རྗེ་རིགས་ཡོངས་བསྒྲལ་དུར་ཁྲོད་བརྒྱད་དུ་སྤྲུལ།། གཏི་མུག་འཇོག་པོ་ནཱ་ག་པྲ་བེ་ཤ། ས་གསུམ་ལྷུན་གྱིས་གྲུབ་པའི་ས་གཞི་ལ། ། ཕྲག་དོག་རྩད་གཅོད་རླུང་གི་དཀྱིལ་འཁོར་འཁྲུགས།། རིགས་ངན་ཀླུ་ཚོགས་དབང་དུ་བསྡུས་ནས་ཀྱང།། དབང་གི་མཐུ་བསྐྱེད་དུར་ཁྲོད་བརྒྱད་དུ་སྤྲུལ།། གཏི་མུག་ནོར་རྒྱས་ནཱ་ག་པྲ་བེ་ཤ། དུར་ཁྲོད་མེ་རི་འབར་བའི་ས་གཞི་ལ།། ལས་བདག་ཕྲ་མེན་འབུམ་གྱི་ང་རོ་འཁྲུགས།། དབང་ཆེན་ལྷུན་གྱིས་གྲུབ་པའི་སྐུ་ལ་བརྒྱན།། དུར་ཁྲོད་བདག་པོ་གསང་བའི་རྒྱན་དུ་སྤྲུལ།། གཏི་མུག་མ་དྲོས་ནཱ་ག་པྲ་བེ་ཤ། ཚོགས་ཆེན་འདུས་པར་བསྡུས་པའི་ས་གཞི་ལ།། འཁོར་བ་རྒྱུན་གཅོད་ཞེ་སྡང་མཚོན་ཆ་འཁྲུགས།། ང་རྒྱལ་དྲེགས་པ་ཀླུ་དབང་ཡོངས་བསྒྲལ་ནས།། གཡང་གཞི་འབར་བས་ས་གསུམ་ཟིལ་གྱིས་གནོན། ། གཏི་མུག་སོག་མ་མེད་ཀྱང་ནཱ་ག་པྲ་བེ་ཤ། གཏུམ་ཆེན་རོལ་པས་དགྱེས་པའི་ས་གཞི་ལ།། མ་ཆེན་དབང་ཕྱུག་གད་རྒྱངས་སྒྲ་ཆེན་འཁྲུགས།། ཕྱག་རྒྱ་རྟགས་ཀྱིས་ཀླུ་དབང་ཡོངས་བསྒྲལ་ཏེ།། དུར་ཁྲོད་བདག་པོ་གསང་བའི་རྒྱན་དུ་སྤྲུལ། ། གཏི་མུག་གཟི་ཆེན་ནཱ་ག་པྲ་བེ་ཤ། ཁྲོ་བོའི་གཤག་ཏུ་གཏམས་པའི་ས་གཞི་ལ།། ཛཿཧཱུཾ་བཾ་ཧོཿས་བསྒྲལ་བའི་ཕྱག་རྒྱ་འཁྲུགས།། ཆོ་འཕྲུལ་ཆེན་པོས་བདུད་ཀྱི་དཔུང་བཤིག་སྟེ། ། དབང་ཆེན་ཡུམ་དང་བཅས་པའི་རྒྱན་དུ་སྤྲུལ།། གཏི་མུག་རིགས་ལྡན་ནཱ་ག་པྲ་བེ་ཤ། ཕྲ་མེན་སྐར་ལྟར་འཁྲུགས་པའི་ས་གཞི་ལ།། གློག་སྟོང་འབར་བའི་ཕྲིན་ལས་ཆེན་པོ་འཁྲུགས།། ཞེ་སྡང་མེ་ལྟར་འབར་བའི་འབྲུག་སྒྲ་ཡིས། ། བྲམ་ཟེ་ཀླུ་ཡི་རྒྱལ་པོ་འཁོར་ལོས་གཏུབས།། དུར་ཁྲོད་དཔལ་གྱི་ཕྱག་རྒྱ་ཆེན་པོར་སྤྲུལ།། གཏི་མུག་བ་རུ་ཎ་ཡང་ནཱ་ག་པྲ་བེ་ཤ། ཕྲིན་ལས་རྣམ་བཞི་རྫོགས་པའི་ས་གཞི་ལ།། བཀའ་ཉན་མགྱོགས་མ་སྟོང་གི་ཕོ་ཉ་འཁྲུགས། ། དུར་ཁྲོད་བརྒྱད་ཀྱི་རྒྱན་དུ་སྤྲུལ།། གཏི་མུག་ཀར་ཀོ་ཊ་སྟེ་པྲ་བེ་ཤ། དབང་དུ་བསྡུས་པའི་ས་གཞི་ལ།། གིང་ཆེན་བཅོ་བརྒྱད་རོལ་པའི་ཕྱག་རྒྱ་འཁྲུགས།། ཚངས་པ་སྟོབས་ཀྱི་ཀླུ་དབང་ཡོངས་བསྒྲལ་ནས། ། ཕྱག་རྒྱ་འཇིགས་ཤིང་རྔམ་པའི་སེ་རལ་ཁ།། གཏི་མུག་ནོར་བུ་འཛིན་པ་པྲ་བེ་ཤ། ཞིང་ཆེན་གཅལ་དུ་བཀྲམ་པའི་ས་གཞི་ལ།། ཕྲ་མེན་གོའུ་རི་འདུས་པའི་སྒྲ་སྐད་འཁྲུགས།། ཁ་དོག་སྣ་ཚོགས་ཅིར་ཡང་སྣང་བའི་སྐུ། ། དྲག་ཤུལ་ཀླུ་རྒྱལ་རྔམ་པའི་ཤུགས་ཀྱིས་བསྒྲལ།། གསང་བའི་ཡུམ་ཆེན་སྤྲུལ་པའི་རྒྱན་དུ་སྤྲུལ།། གཏི་མུག་བལྟ་ན་སྡུག་ཀྱང་པྲ་བེ་ཤ། ཏ་ཀྲྀཏ་རྒྱལ་པོ་བསྣོལ་བའི་ས་གཞི་ལ།། ར་རོ་ཁྲག་འཐུང་མ་ཆེན་ལས་ལ་འཁྲུགས། ། མྱུར་ལ་མགྱོགས་པའི་ཐབས་ཀྱིས་ཀླུ་དབང་བསྒྲལ།། དུར་ཁྲོད་རྒྱལ་པོ་དབང་གི་ཐུགས་དམ་བསྐུལ།། གཏི་མུག་སྟོབས་བཟང་ནཱ་ག་པྲ་བེ་ཤ། ཟླ་གམ་སྐར་ལྟར་འཁྲུགས་པའི་དཀྱིལ་འཁོར་ལ། ། ཅི་བགྱིས་བཀའ་སྡོད་མང་པོའི་ཚོགས་ནི་འཁྲུགས།། ཁ་དོག་སྣ་ཚོགས་ཅིར་ཡང་སྤྲུལ་པའི་སྐུ།། ཀླུ་ཆེན་ཡོངས་བསྒྲལ་གསང་བའི་རྒྱན་དུ་བཀླུབས།། གཏི་མུག་ཟླ་བ་ཅན་ཡང་པྲ་བེ་ཤ། ཁྲོ་བོ་ཡ་མཱན་ཏ་ཀའི་ཐུགས་ཀ་ནས།། འདུལ་སྦྱོང་ལས་ཀྱི་ཕོ་ཉ་མངག་གཞུག་གཞན་ཡང་འཁྲུགས།། ཧ་ཧ་རྔམ་པའི་ཕྱག་རྒྱས་ཀླུ་བརྒྱད་འདུལ།། བསྟིམ་པའི་སྟོབས་ཀྱི་གད་མོར་གཡབ་མོས་འདེབས།། གཏི་མུག་དུང་སྐྱོང་ནཱ་ག་པྲ་བེ་ཤ། ཧཱུཾ་དང་ཕཊ་ཀྱིས་གསང་བའི་ཐུགས་དམ་བསྐུལ།། ཕྱག་མཚན་ཕྱག་ན་ཀླུ་ཆེན་འབུམ་བསྣམས་པ།། གསང་བའི་གཡུང་དྲུང་རྒྱལ་ས་རྟག་ཏུ་འཛིན།། ནཱ་ག་ཨོཾ་ནཱ་ག་ཧཱུཾ། དེ་གནས་གསང་བའི་མཆོད་འབུལ་བ། ། བསྙེན་པའི་སྔགས་ནི་འདིས་འབུལ་ལོ།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ། ཨེ་ཀ་ཏ། མ་ཧཱ་སུ་ཁ་ཧཱུཾ། ས་མ་ཡ་ཧོ། ནཱ་ག་པྲ་བེ་ཤ་ཛ། རྫུ་འཕྲུལ་དབྲོག་དང་ཕྱག་རྒྱ་དང།། དྲག་པོའི་ཕྲིན་ལས་ཉི་ཚེ་བའོ། ། དེ་སྐད་ཅེས་བཀའ་སྩལ་པས། ལ་ལ་འདོད་ཆགས་ཀྱིས་འགྲོ་བ་སྒྲོལ།། ལ་ལ་ཞེ་སྡང་གི་གདུག་སེམས་ལས་འཕྲོ་བྱེད། ལ་ལ་ང་རྒྱལ་གྱི་དབང་གིས་ཆེ་བར་བསྙེམས་ཤིང་འགྲོ་བའི་རྒྱུད་སྦྱོང། ལ་ལ་གཏི་མུག་དབང་གིས་ངོ་བོ་ཉིད་ཀྱི་རྒྱུད་བསྲེག། ལ་ལ་ཕྲག་དོག་དབང་གིས་ང་དང་བདག་ཏུ་བཟུང་ནས་ལུས་སེམས་ལ་ཉོན་མོངས་ལྔ་སྨིན་པར་བྱེད་ཅིང། གདུག་པའི་ཤས་དང་མ་བྲལ་བ་ལས། ཀླུའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་གནས་པ་ལ། དབང་ཆེན་གྱིས་གདུག་པ་ཅན་དུ་མ་གཅིག་ཏུ་དབང་དུ་བསྡུས་ནས། ཉོན་མོངས་པ་ལྔའི་བག་ཆགས་གདར་ཤ་བཅད་ནས། མགྲིན་སྔོན་ལ་སོགས་པའི་རྣམ་པར་ཤེས་པའི་རང་བཞིན་ཡང་གསེར་བཞུས་པའི་ཁ་དོག་ལྟ་བུར་གྱུར་ཏེ། ཡུམ་གཟི་ལྡན་པདྨ་ཅན་གྱི་ཐུགས་གསང་བའི་བྷ་ག་ལ་བསླབ་པའི་དཀྱིལ་འཁོར་ལ། གློག་སྟོང་འབར་བའི་ཕྲིན་ལས་ཆེན་པོར་འཁྲུགས།། ཞེ་སྡང་མེ་ལྟར་འབར་བའི་འབྲུག་སྒྲ་ཡིས། ། བྲམ་ཟེ་ཀླུ་ཡི་རྒྱལ་པོ་འཁོར་ལོས་གཏུབས།། དུར་ཁྲོད་དཔལ་གྱི་ཕྱག་རྒྱ་ཆེན་པོར་འཁྲུགས།། དེ་རིང་ས་རུ་ཀླུ་ཡི་རྫུ་འཕྲུལ་མིང་ཡང་མེད།། རིགས་རྣམས་སོ་སོའི་གནས་རྣམས་བསྲུངས་ཤིང་བཞུགས་པ་ལས། ། བཅོམ་ལྡན་འདས་ཀྱི་སྐུ་ལ་རིན་པོ་ཆེའི་གཤོག་པ་ནམ་མཁའི་མཐའ་དང་མཉམ་པའི་བར་བར་ནས། གསེར་གྱི་མེ་སྟག་ནི་མེ་ཆེན་འབུམ་དུ་འཕྲོ་ཞིང། ལྷ་མོ་གློག་འགྱུ་མས་སྤྲུལ་པ་བཏང་བ་ལས། ཀླུ་མགྲིན་སྔོན་གྱི་ལུས་ལ་ཕོགས་པས་ལུས་ཚིག་གོ། སེམས་ལ་ཕོགས་པས་དྲན་པ་བརླག་གོ། ངག་ལ་ཕོགས་པས་སྨྲ་བའི་དབང་པོ་དང་བྲལ། ཡན་ལག་ཉིང་ལག་ལ་ཕོགས་པས་ཞ་བོ་གྲུམ་པོར་གྱུར་ཏེ། བྱེ་ཚན་དང་ཁྱུང་གི་འཇིགས་ཞེས་དེ་ལ་བྱའོ། ། དེ་བས་ན་ཕྱི་མའི་དུས་ཀྱི་རྣལ་འབྱོར་པས། དངོས་གྲུབ་ཐོབ་པར་འདོད་ན། ཀླུའི་རྫུ་འཕྲུལ་དབྲོག་པར་བྱའོ།། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་གནས་པར་བྱའོ།། དེ་ཅིས་མངོན་ཞེ་ན་ཀླུའི་གཞལ་ཡས་ཁང། སྦྲུལ་ནག་ཀུན་གྱི་ཁ་ནས་ཀྱང་དངོས་གྲུབ་ཀྱི་ཆར་འབབ་སྟེ། ལ་ལའི་ཁ་ནས་མེ་ཏོག་ཨུཏྤལ་ལ། ལ་ལའི་ཁ་ནས་པདྨ་དམར་པོ། ལ་ལའི་ཁ་ནས་ཨུ་དུམ་བཱ་རའི་ཆར་དུ་འབབ་སྟེ། ཡིད་བཞིན་ནོར་བུའི་གཏུན་ཁུང་དུ་འཁྱིལ་པས། ཀླད་པའི་རྒྱས་སུ་ཕྱུང་སྟེ། མངོན་པར་ཤེས་པ་དྲུག་གི་དབང་ཐོབ་པར་གྱུར་ཏོ།། ཟ་མ་ཏོག་ཆར་དུ་བབས་པས་སྐུའི་དབྱིངས་སུ་འཁྱིལ་ཏེ། ཐུགས་ཀྱི་གནས་སུ་ཐིམ་པས། མཁྱེན་རབ་འཇམ་དཔལ་གྱི་དངོས་གྲུབ་ཐོབ་པར་གྱུར་ཏོ།། ཨུཏྤལ་སྔོན་པོ་ཆར་དུ་ཕབ་པས། ཕྱག་གི་གནས་སུ་ཐིམ་སྟེ། ཕྱག་ན་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར་ཏོ།། པདྨ་དམར་པོའི་ཆར་དུ་ཕབ་པས། ཞབས་ཀྱི་གཡས་སུ་འཁྱིལ་ཏེ། རྐང་གི་སྦུབས་སུ་ཐིམ་པས། སྒྲིབ་པ་རྣམ་པར་སེལ་བའི་སྒོ་ནས་དངོས་གྲུབ་ཐོབ་སྟེ། ལུས་མི་སྣང་བར་སྦེད་ཅིང།། ཐོགས་པ་མེད་པར་རྒྱུག་ནུས་པར་གྱུར། ཨུ་དུམ་བཱ་ར་ཆར་བཞིན་དུ་བབས་པས། ཡུམ་གྱི་མཁའ་གསང་ལ་འཁྱིལ་ཏེ། བྷ་གའི་དབྱིངས་སུ་ཐིམ་སྟེ། སྤྱན་རས་གཟིགས་ཀྱི་དངོས་གྲུབ་དང་དབང་ཐོབ་སྟེ། སྤྲུལ་པ་མང་པོ་འགྱེད་ནུས་པར་གྱུར་ཏོ། ། ཞེས་གསུངས་པས། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་ཐམས་ཅད་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡང་ཆེད་དུ་བརྗོད་དོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཀླུ་རྒྱལ་རྫུ་འཕྲུལ་གྱི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་གར་གྱི་དབང་ཕྱུག་དེས། ཐམས་ཅད་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རོལ་པའི་འཁོར་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ།། ཁམས་གསུམ་དབང་དུ་སྡུད་པའི་གཞལ་ཡས་ཁང།། ནམ་མཁའི་མཐའ་མཉམ་ཆོ་འཕྲུལ་ཅིར་སྟོན་པ།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། ། འགྱུར་མེད་འཇིགས་སྤངས་སེང་གེའི་ཁྲི་གཅལ་ནི།། དབང་ཕྱུག་མངར་བསྡུས་ཆོ་འཕྲུལ་ཅིར་སྟོན་ཀྱང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། རིན་ཆེན་འབར་བའི་ཁྲི་རྐང་བཞིར་སྣང་བས། ། རིགས་བཞིའི་ཁྲག་འཐུང་ཆོ་འཕྲུལ་ཅིར་སྟོན་ཀྱང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། པདྨ་ལེ་བརྒན་ཁ་དོག་འབར་བ་ལ།། ཀུན་ཏུ་བཟང་མོའི་ཆོ་འཕྲུལ་ཅིར་སྟོན་ཀྱང། ། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། སྤྲུལ་སྐུ་ཉི་ཟླའི་དཀྱིལ་འཁོར་འཆར་བ་ཡང།། ཐབས་དང་ཤེས་རབ་ཆོ་འཕྲུལ་ཅིར་སྣང་ཡང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། ། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། རང་སེམས་ཡི་གེ་ཧཱུཾ་གི་བྱིན་རླབས་ལས།། ཡེ་ཤེས་སེམས་དཔའི་ཆོ་འཕྲུལ་ཅིར་སྣང་ཡང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། ཡི་གེ་ཧཱུཾ་དྲུག་ཆོ་འཕྲུལ་ཆེན་པོ་ལས།། གར་དབང་ལྷ་ཡི་ཆོ་འཕྲུལ་ཅིར་སྣང་ཡང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། ། བརྗིད་པའི་དབུ་རྒྱན་རིགས་ལྔའི་དཀྱིལ་འཁོར་ནས།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཅིར་སྟོན་ཀྱང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། ། སྲིན་པོ་འདུལ་བྱེད་རྟ་མགོ་ལྗང་གུ་ནི།། རྫུ་འཕྲུལ་མྱུར་མགྱོགས་ཆོ་འཕྲུལ་ཅིར་སྟོན་ཀྱང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། གསང་བ་ཐུགས་ཀྱི་དཔལ་བེའུ་སྒྲོམ་བུ་ནས། ། ཡེ་ཤེས་སེམས་དཔའི་ཆོ་འཕྲུལ་ཅིར་སྟོན་ཀྱང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། རྫུ་འཕྲུལ་ཆེན་པོ་གཤོག་པའི་གཞལ་ཡས་ནས། ། ཁམས་གསུམ་རྣམ་རྒྱལ་ཆོ་འཕྲུལ་ཅིར་སྟོན་ཀྱང།། སྐྱེ་མཆེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། གནོད་མཛེས་ཞབས་ཀྱི་དཀྱིལ་འཁོར་ཆེན་པོ་ལས།། འཇིགས་བྱེད་ཁྲོ་བོའི་ཆོ་འཕྲུལ་ཅིར་སྣང་ཡང། ། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། སྐུ་ཡི་རྒྱན་ཆ་དཔལ་གྱི་ཆ་ལུགས་དང།། ཐུགས་ཀྱི་གསང་ཡུམ་སྐུ་ལ་འཁྲིལ་བ་ཡི། ། བཀའ་སྡོད་ཕོ་ཉའི་ཚོགས་སུ་བསྟན་པ་བསྲུང།། གདུལ་བྱའི་ཆོ་འཕྲུལ་ཁྲོ་བོ་སོ་སོར་ཅིར་སྣང་ཡང།། སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར།། གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས།། དེ་སྐད་ཅེས་གསུངས་ནས། མི་གནས་པ་ལྷུན་གྱིས་གྲུབ་པར་བཞུགས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བ་མྱ་ངན་ལས་འདས་པའི་ལེའུ་སྟེ་བཞི་བཅུ་དགུ་པའོ།།།། དེའི་ཚེ་འཇམ་དཔལ་ཡེ་ཤེས་སེམས་དཔས་གར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། མྱ་ངན་ལས་འདས་པ་ཅིའི་ཕྱིར། གསང་བར་གྱུར་པ་ཅིའི་ཕྱིར།། ཟབ་མོའི་དོན་དུ་གྱུར་པ་རྣམས།། བདག་ཅག་རྣམས་ལ་བཤད་དུ་གསོལ། ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉོན།། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས།། ཉེ་ལམ་བྱང་ཆུབ་བསྟན་པའི་ཕྱིར།། ཕུན་སུམ་ཚོགས་པ་ལྔ་ལྡན་པ། ། དེ་ཡང་གསང་བར་ཤེས་པར་བྱ།། ཉེ་ལམ་ཞེས་ཀྱང་དེ་ལ་བརྗོད།། དེ་ལྟར་གྱུར་པའི་དཀྱིལ་འཁོར་དུ།། དབང་ཆེན་རྒྱལ་པོའི་སྐུ་རྫོགས་པ།། གདན་ལྔ་རིམ་གྱིས་རྫོགས་པ་དང། ། རྫོགས་པ་ཆེན་པོ་ཡིན་པའི་ཕྱིར།། གཞལ་ཡས་གདལ་བ་ཆོས་ཀྱི་དབྱིངས།། ནམ་མཁའ་ལྟ་བུས་ཁྱབ་པ་དང།། ཟབ་མོའི་དོན་དུ་ཤེས་པར་བྱོས།། དེ་དབུས་གར་གྱི་དབང་ཕྱུག་དང།། གཉིས་སུ་མེད་པ་གཟི་ལྡན་མ། ། ཟབ་མོ་ཞེས་ཀྱང་དེ་ལ་བརྗོད།། དྲ་བ་ཅན་ལ་སོགས་པ་བཞི།། གསང་བའི་ཡུམ་བཞི་ཡིན་པས་ན།། ཟབ་མོ་ཞེས་ནི་རྒྱལ་བས་གསུངས།། དཀྱིལ་འཁོར་ཆེན་པོ་ཡིན་པའི་ཕྱིར།། སྒོ་སྲུང་ཁྲོ་བོ་མགོ་དགུ་བརྩེགས། ། ཐེག་ཆེན་དགུ་ཡི་རིམ་པ་བཞིན།། དེ་ཉིད་གསང་བར་ཤེས་པར་བྱ།། དེ་ལྟར་དཀྱིལ་འཁོར་རྫོགས་པ་ཡང།། རྒྱལ་པོ་འཁོར་དང་ལྡན་པ་བཞིན།། ཕྱི་རོལ་ལོང་བ་རྒྱབ་སྦྲེལ་ཡང།། ཆོས་སྐུ་གཅིག་པས་ཐ་དད་མིན། ། དེ་ཕྱིར་དམུས་ལོང་འཁོར་བ་རྣམས།། མི་འགྱུར་དབྱིངས་ལས་མྱ་ངན་འདས།། འཁོར་བ་མ་སྤངས་མྱ་ངན་འདས།། དེ་ཕྱིར་དམུས་ལོང་འཁོར་བ་ཅན།། དེ་ཕྱིར་ཁམ་རྒྱ་ཆེན་མོ་བཅུ་དྲུག་གི། གཟི་ལྡན་སྤྲུལ་པར་གྲགས་པས་ན།། ཉུང་དཀར་ཚུལ་བཞིན་ཟླུམ་པོར་བཞུགས།། འཁོར་བ་དབྱིངས་སུ་བཟླུམ་པའི་ཕྱིར།། དེ་ཕྱིར་སྤྱང་མོ་བརྒྱད་པོ་ཡང།། ཞབས་ཀྱི་སྤྲུལ་པ་ཡིན་པས་ན།། ཕོ་ཉ་བཟང་ཞིང་མངགས་པར་མགྱོགས། ། དེ་ཡང་ཆོས་ཉིད་ཡིན་པའི་ཕྱིར།། ཟབ་མོའི་དོན་དུ་ཤེས་པར་བྱ།། ཁྱི་བརྒྱད་དགྱེ་ཞིང་མངག་པ་ཡང།། གསང་བའི་སྤྲུལ་པ་ཡིན་པའི་ཕྱིར།། ཕྲ་མེན་སྤྲུལ་པར་ཤེས་པར་བྱ།། སྤྲུལ་པ་མེ་འབྲུག་དམར་པོ་རྣམས། ། ཡབ་ཡུམ་འདུ་འབྲལ་མེད་པ་ཡི།། སྤྲུལ་པ་ཡིན་པར་བསྟན་པ་ཡང།། ཡང་ན་སྲིད་པའི་རྒྱལ་མོར་དམིགས།། རྩ་བ་དཀྱིལ་འཁོར་བསྒྲུབ་པ་ཡིན།། ཕུང་པོ་ལྔ་ཉིད་གཞལ་ཡས་ཁང།། ཙིཏྟ་དཔལ་བེའུ་སེམས་ཀྱི་རྟེན། ། དབང་ཆེན་ཡབ་ཡུམ་ཕྱག་རྒྱར་གསལ།། མ་བཞི་བུ་བརྒྱད་དབྱིངས་ཕྱུག་མ།། དེ་ཡང་མཚན་མ་སྤྲོས་དང་བྲལ།། རྣམ་ཤེས་བརྒྱད་པོ་གནས་སུ་དག། ལོང་བ་རྒྱབ་སྦྲེལ་ཡེ་ནས་དག། ཤེས་པ་ཡུལ་བརྒྱད་གནས་སུ་དག། དམུས་ལོང་འཁོར་བར་ཡེ་ནས་གནས།། ཞབས་ཀྱི་ཆས་བརྒྱད་གནས་སུ་དག། ལྕགས་ཀྱི་སྤྱང་མོར་ཡེ་ནས་གནས།། ཁྱི་བརྒྱད་སྤྱང་མོ་བརྒྱད་དང་བཅས།། ཞབས་ཀྱི་སྤྲུལ་པར་རབ་ཏུ་གྲགས། ། དེ་རྣམས་རྩ་བར་བསྡུས་པའི་ཕྱིར།། ཟབ་མོའི་བསྒྲུབ་པ་ཤེས་པར་བྱ།། དབྱིངས་སུ་ཡེ་ནས་བསྒྲུབ་པའི་ཕྱིར།། ཡེ་ཤེས་དབྱིངས་ལ་ཞུགས་པ་ལ།། རྟག་ཏུ་གཟི་ལྡན་ཐུགས་ཀར་སྦས།། ཟབ་མོ་ཞེས་ཀྱང་དེ་ལ་བསྔགས། ། ལོང་བ་རྒྱབ་སྦྲེལ་ཡེ་ཤེས་འཁོར།། མགོ་དགུ་བརྩེགས་པ་ཡན་ཆད་ཀུན།། འཁོར་ནི་ཆོས་ཀྱི་དབྱིངས་སུ་དམིགས།། གཙོ་བོ་ཡབ་ཡུམ་ཡེ་ཤེས་ཏེ།། ཡེ་ཤེས་དབྱིངས་ལས་སྦྱོར་བའི་ཕྱིར། ། རྟོགས་པ་ཆེན་པོར་རབ་རྟོགས་ན།། ཟབ་མོ་ཞེས་ཀྱང་དེ་ལ་བརྗོད།། དེ་ལྟར་དབྱིངས་ལས་མ་གཡོས་ཀྱང།། མཚན་མའི་དངོས་པོ་བཤིག་པ་དང།། ལོག་པར་བལྟ་བ་གཞོམ་པའི་ཕྱིར།། ཕོ་ཉ་རྣམས་སུ་བཤད་པར་བྱ། ། བདག་ཉིད་ཆེན་པོ་རབ་རྟོགས་ཏེ།། རྩ་བ་མེད་པའི་དབྱིངས་གཅིག་ན།། ཕོ་ཉ་ཞེས་ཀྱང་དེ་ལ་བྱ།། བྱ་དང་བྱེད་པ་མི་དམིགས་ཤིང།། འཕྲོ་འདུ་ལ་སོགས་མི་རྩོལ་ན།། འགྱེད་པ་ཞེས་ཀྱང་དེ་ལ་བྱ། ། ཕོ་ཉའི་དོན་དྲུག་བཤད་པ་ནི།། རྒྱུ་དང་རྔམ་དང་ཡེ་ཤེས་དང།། སྒྲུབ་དང་སྤྲུལ་པའི་ཡིག་འབྲུའོ།། ཡང་ན་ཕོ་ཉ་གསུམ་དུ་བཤད།། དོན་དང་ལས་དང་རིག་ལ་སོགས།། ཕོ་ཉ་རྣམས་ནི་དགྱེ་བར་བྱ། ། ཞེས་བཤད་དོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཉེ་ལམ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་ལྔ་བཅུ་པའོ།།།། དེ་ནས་བཅོམ་ལྡན་འདས་པདྨ་གར་དབང་གིས། ཕྱོགས་བཅུ་དུས་དྲུག་གི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པ་དང། ཕྱི་རབས་ཀྱི་རྣལ་འབྱོར་པའི་བར་ཆོད་དུ་གྱུར་པ་བསྒྲལ་བའི་ཞིང་བཅུ་ཞེ་གཅད་པའི་ཕྱིར། གསང་བའི་བདག་པོ་ལ་སོགས་པ་རོལ་པའི་འཁོར་ཚོགས་རྣམས་ཉོན། ། དབེན་ནམ་རང་གི་གནས་ཁང་དུ།། རང་གི་དྲི་ཆེན་མཎྜལ་བྱ།། རང་གི་གུར་གུམ་ཆག་ཆག་གདབ།། སྤོས་དང་དུ་རུ་ཨ་ཀ་རུ།། ལི་ཤི་དང་ནི་ག་བུར་དང།། ཛཱ་ཏི་ཕ་ལ་མཆོག་ཏུ་བསྔགས། ། མེ་ཏོག་ཕྲེང་བས་ཀུན་ཏུ་བརྒྱན།། དེ་ལྟ་བུ་ཡི་གནས་མཆོག་ཏུ།། གཞན་ཞིག་ངེས་པར་བསྒྲལ་ན་ནི།། རྡོ་རྗེ་སྲིན་པོའི་ཏིང་འཛིན་བསྒོམ།། རཀྴའི་མིག་གིས་བལྟ་བར་བྱ།། ཁ་ནས་སྔགས་ཀྱི་ཚིག་ཟློས་ཤིང། ། ཕ་རོལ་རྣམ་ཤེས་ཧཱུཾ་གིས་དྲངས།། སྙིང་གར་མངོན་སུམ་དམིགས་བྱས་ན།། ཕ་རོལ་མངོན་སུམ་འཆི་བར་འགྱུར།། མགོ་དང་སྙིང་དང་རྐང་ལག་རྣམས།། ཡ་མཱན་ཏ་ཀའི་འཁོར་ལ་དབུལ།། གཞན་ཡང་ལྷག་མ་ཅི་ཡོད་པ། ། ཧེ་རུ་ཀ་ལ་ཡོན་དུ་འབུལ།། གནས་ལུང་འཕྲུལ་གྱི་དགོངས་པའོ།། དེ་ལྟ་བུ་ཡི་དུས་དག་ཏུ།། ལག་ཆ་ཕུར་པ་མཆོག་ཡིན་ཏེ།། ཞི་བའི་སོར་བདུན་ཟླུམ་པོར་བྱ།། རྒྱས་པའི་སོར་བརྒྱད་ཟུར་ཡང་བརྒྱད། ། དབང་ལ་ཟླ་གམ་ངེས་པར་བཟང།། དྲག་པོའི་སོར་དྲུག་ཟུར་གསུམ་པོ།། ཀུན་གྱི་རྩེ་མོར་ཧཱུཾ་བཞག་སྟེ།། ངོས་སུ་ཧ་ཧ་རུ་ལུ་བསྒོམ། དེ་ལྟ་བུ་ཡི་དུས་དག་ཏུ།། སེམས་ཀྱི་ཕུར་པ་རང་བྱུང་བ།། འདུ་བྱེད་ལག་གིས་བྲལ་བས་ཐེབས། ། དེ་བས་ཕོ་ཉ་མངག་པར་བྱ།། ཕོ་ཉ་འོད་ཟེར་དུད་ཁ་འཕྲོ།། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང།། བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན།། ཀུན་ཀྱང་མགྱོགས་པའི་རླུང་དང་མཚུངས།། ཤར་གྱི་ཕྱོགས་ནས་མངག་པ་ནི། ། མགོ་དགུ་པོ་ལ་རྐང་གཅིག་པོ།། ལུས་ནག་པོ་ལ་འོད་ཕུང་གནག། རལ་པ་གནག་ཅིང་མཆེ་བ་གནག། མིག་ཀྱང་ནག་ཅིང་ལག་ནག་པོ།། མགྱོགས་ཀྱང་རླུང་གིས་བསྐྱོད་དུ་མེད།། འདི་དག་དཔལ་གྱི་ཕོ་ཉ་སྟེ། ། ཞུམས་པ་མེད་ཅིང་སྟོབས་ཆེན་འཇོམས།། གཡས་པ་གསུམ་ནི་སྟྭ་རེ་འཕྱར།། གཡོན་པ་གསུམ་ནི་ལྕགས་ཀྱུ་འཛིན།། ཡན་ལག་སྦྲུལ་ནག་མཆོག་གིས་བརྒྱན།། གཡོན་གྱི་ལྕགས་ཀྱུས་སྙིང་ནས་འདྲེན། ། གཡས་ཀྱི་སྟྭ་རེས་ངེས་པར་འཇོམས།། འདི་ནི་སྒོ་སྲུང་མཆོག་ཡིན་ཏེ།། ཕོ་ཉའི་རྒྱུད་དུ་མངག་པར་བྱ།། བགེགས་རྣམས་ངེས་པར་ཕུང་བར་བྱེད།། རྐང་གཅིག་དེ་ཡི་ཕོ་ཉ་ནི།། ཁ་དོག་འབར་བ་ཅི་འདྲ་ན། ། གཅིག་ལ་གཅིག་ནི་རབ་ཏུ་འཁྲིལ།། ཡང་ན་ལག་པ་སྦྲེལ་ཏེ་འགྲོ།། མིག་ཀྱང་མེད་དེ་ཅང་མི་སྨྲ།། ལོང་བ་ཀུན་གྱི་མཆོག་ཡིན་ཏེ།། རྟ་བབས་ཀུན་གྱི་སྒོར་བསྒོམས་ཏེ།། ལན་འགའ་དྲག་ཏུ་མངག་པའི་ཚེ། ། གཉིས་ཀ་སོང་ནས་དེར་ཕྱིན་ནས།། གང་ལ་དམིགས་པ་ལེན་པར་བྱེད།། སུས་ཀྱང་བཟློག་པར་མི་བྱེད་དོ།། ལྷོ་ཡི་ཕྱོགས་ནས་དགྱེ་བ་ནི།། མགོ་བརྒྱད་པོ་ལ་ལག་བརྒྱད་པ།། རྐང་པ་བརྒྱད་ལ་མིག་ཀྱང་བརྒྱད། ། གཡས་པ་བཞི་ནི་རྡོ་རྗེ་འཛིན།། གཡོན་པ་བཞི་ནི་ཕུར་བུ་འཛིན།། ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང།། གང་ལ་དམིགས་པ་ལེན་པར་བྱེད།། གཤིན་རྗེའི་གནས་རྣམས་ངེས་པར་འཇོམས།། རྐང་བརྒྱད་དེ་ཡི་ཕོ་ཉ་ནི། ། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང།། བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན།། ཀུན་ཀྱང་མགྱོགས་པ་རླུང་དང་མཚུངས།། ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང།། གང་ལ་དམིགས་པ་ལེན་པར་བྱེད།། ནུབ་ཀྱི་ཕྱོགས་ནས་དགྱེ་བ་ནི། ། མགོ་དྲུག་ལག་དྲུག་རྐང་དྲུག་པོ།། གཡས་པ་གསུམ་ནི་ཕུར་པ་འདྲིལ།། གཡོན་པ་གསུམ་ནི་གཏོར་མ་གཏོང།། མགྱོགས་པ་རླུང་གིས་བསྐྱོད་དུ་མེད།། འདི་ནི་དཔལ་གྱི་ཕོ་ཉ་ཡིན།། ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང། ། རང་གི་རླུང་ཕྱོགས་སོང་བའི་ཚེ།། ཁྲོ་བོ་ཀུན་ཀྱང་ངེས་ངས་པར་འཆི།། རྐང་དྲུག་དེ་ཡི་ཕོ་ཉ་ནི།། ལྕགས་ཀྱི་སྤྱང་མོ་རྐང་གསུམ་མ།། གང་ནས་གང་དུ་འགྲོ་བའི་ཚེ།། གཟུགས་ལ་རྡོག་པས་བརྡེག་ཅིང་འགྲོ། ། རང་གི་རྐང་པ་ཕུར་པ་ཡིན།། ལྕགས་ཀྱི་ཕུར་པ་རབ་ཏུ་དྲག། འོད་ཟེར་དུད་ཁས་རེག་པས་ནི།། ཚངས་པའི་གནས་ཀྱང་འཇིགས་བྱེད་ན།། གཟུགས་ཅན་དགྲ་བོར་སྨོས་ཅི་དགོས།། བྱང་གི་ཕྱོགས་ནས་དགྱེ་པ་ནི། ། མགོ་གསུམ་ལག་དྲུག་རྐང་གསུམ་པོ།། ལག་པ་དྲུག་ནི་རྒྱུད་དྲུག་གཅོད།། མཱཾ་ས་ཟ་ཞིང་བདུད་རྣམས་སྒྲོལ།། གནོད་སྦྱིན་གནས་རྣམས་ངེས་པར་འཇོམས།། རྐང་གསུམ་དེ་ཡི་ཕོ་ཉ་ནི།། བྱང་གི་ཕྱོགས་ནས་རྒྱུག་པ་མོ། ། ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་ལ།། ལྕགས་ཀྱི་ལུས་ལ་ཉི་མའི་མིག། སྤུ་ནི་ལྕགས་ཀྱུ་སྒྲིལ་བ་བཞིན།། བང་ནི་གློག་གིས་བསྐྱད་དུ་མེད།། སྐད་ནི་གནམ་གྱི་འབྲུག་པས་ཆེ།། རབ་ཏུ་མི་སྲུན་འདི་དག་ནི། ། ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག། རྐང་གཅིག་གྱེན་དུ་བསྒྲེང་བ་ནི།། ཡ་བདུད་ཆེན་པོའི་སྙིང་ནས་འདྲེན།། སེང་གེ་དྲིལ་ཆེན་དམྱལ་ཐག་གཅོད།། རྐང་གཅིག་ཐུར་དུ་ཕྱུང་བས་ནི།། མ་བདུད་ཆེན་པོའི་སྙིང་ནས་འདྲེན། ། དམྱལ་ཚོགས་མེ་དཔུང་རྩད་ནས་འབྱིན།། རྐང་གཅིག་ཐད་ཀར་ཕྱུང་བ་ཡིས།། དགྲ་བོ་མ་ལུས་སྙིང་ནས་འདྲེན།། འབྱུང་པོ་མ་ལུས་དམྱལ་ཐག་གཅོད།། སྐུ་ནི་ལྕགས་ཐག་སྒྲིལ་མ་འདྲ།། ཚེམས་ནི་སྤུ་གྲི་གཤིབས་པ་འདྲ། ། མཱཾ་ས་ཟ་ཞིང་རི་ཀླུང་རྒྱུག། གནོད་སྦྱིན་རྣམས་ཀྱི་སྐལ་བ་གཅོད།། འདི་ནི་དཔལ་གྱི་ཕོ་ཉ་སྟེ།། འཇིག་རྟེན་ཁམས་ཀུན་ཟ་བ་མོ།། གནོད་སྦྱིན་ཀུན་གྱི་སྟེང་ན་རྒྱུག། གློ་སྙིང་ནང་ཁྲོལ་འབྱིན་ཅིང་ཟ། ། བར་སྣང་ཁམས་སུ་ཁྲོས་པའི་ཚེ།། ཉི་ཟླ་ཀུན་ཀྱང་ཐང་ལ་རློག། གཟའ་སྐར་ཀུན་ཀྱང་དུམ་བུར་གཅོད།། ཤིན་ཏུ་འཁྲུགས་ནས་བསྐུལ་བའི་ཚེ།། བདུད་ཀྱི་སྙིང་ཁྲག་དྲོན་མོ་འཐུང།། བར་སྣང་ཁམས་ནས་གནོད་བྱེད་ཀུན། ། རྡུལ་ཆ་ཙམ་ཡང་མེད་པར་མཛོད།། ན་མོ་བི་ཙ་ར་བྷྱོ། ཧ་ཧ་རུ་ལུ་བྷོ། ཀུ་ཀུ་ར་ཙ་ཁ་ལོང་ཁཱ་ཧི་ཞེས་རྦད་ཅིང་བརྗོད་དོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གནས་བསྟན་པ་དང་ཕུར་བུས་གདབ་བ་བསྟན་པ་དང། སྒོ་བཞིའི་ཕོ་ཉ་མངག་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དམར་པོ་ཙིཏྟ་དབྱུང་བའི་ཕྱིར།། འདི་སྐད་གསུངས་སོ། ། གང་ལ་བྱ་བའི་སེམས་ཅན་དེ།། སྤྱི་བོ་ཛཿལས་ལྕགས་ཀྱུ་ཡིས།། དབྱིངས་ལས་ཡེ་ཤེས་འཇུག་ཚུལ་དུ།། དུ་མར་བརྗོད་ཅིང་དྲང་བར་བྱ།། ཧོམ་ལྔ་སྦྲེལ་བའི་གཞལ་ཡས་ཀྱང།། རི་ལས་འོད་ཀྱི་འཕྲོ་འདུ་འབྱུང། ། ཛཿཡི་ལྕགས་ཀྱུས་དྲངས་པ་ཡང།། རྡོ་ལ་ལྕགས་ནི་འཇུ་ཚུལ་དུ།། དུ་མར་བརྗོད་ཅིང་དྲང་བར་བྱ།། སྙིང་གར་ཡི་གེ་འོད་འཕྲོས་འདུས།། རླུང་གི་དཀྱིལ་འཁོར་ཟུར་དྲུག་པ།། འཁོར་ལོས་རབ་ཏུ་གཅོད་ཚུལ་དང། ། ཕ་རོལ་སྙིང་རྩ་གཅོད་པའི་ཕྱིར།། དུ་མར་བརྗོད་ཅིང་དྲང་བར་བྱ།། བདག་ཉིད་གར་དབང་ཆེན་པོ་ཡིས།། འདྲེན་ཅིང་སྒྲོལ་བའི་ཕོ་ཉ་ནི།། གང་ཡང་རུང་བའི་ཞིང་བཅུ་དེའི།། ལུས་ངག་ཡིད་ལ་རྦད་པར་བྱ། ། རྟ་མཆོག་རོལ་པའི་ཤངས་ལས་ཀྱང།། རླུང་གི་མི་ལ་སྤྱང་ཀིའི་གདོང།། མཆེ་བས་བདུད་ཀྱི་སྙིང་རྩ་གཅོད།། རྣ་བ་སྦྲུལ་གྱི་འཛུལ་ཁུང་ནས།། སྦྲུལ་གྱི་མི་ལ་སྤྱང་ཀིའི་གདོང།། ཁ་རླངས་སྤྲིན་གྱི་དཀྱིལ་འཁོར་ནས། ། འོད་ཀྱི་མི་ལ་འཇའ་འཚོན་གདོང།། རལ་པ་ཁྲག་གི་ཟར་བུ་ལས།། ཁྲག་གི་མི་ལ་སྤྱང་ཀིའི་གདོང།། སྤྱན་མིག་གྲུ་གསུམ་འབར་བ་ལས།། ཟངས་ཀྱི་མི་ལ་སྤྱང་ཀིའི་གདོང།། ཁ་ལ་རོ་ཤལ་རྦད། གུམ་ཏྲི་དུན་དུན་རྦད། དེ་ལས་བང་ཆེན་བཏང་བ་ནི།། འདྲེན་ཅིང་སྒྲོལ་བའི་ཕོ་ཉ་ནི།། གཤོག་པ་རྡོ་རྗེ་གདེངས་པ་ལ།། ཕོ་ཉ་ཡིད་མགྱོགས་རླུང་བས་མྱུར།། ལྕགས་ཀྱི་མི་ལ་ཁ་གཤོག་ཅན།། ཕྱག་རྒྱ་བཅུ་དྲུག་འབར་བ་ལས། ། ལྕགས་ཀྱི་སྤྱང་མོ་བརྒྱད་སྤྲུལ་པ།། ལྕགས་གཤོག་ཁྱུང་གི་འདབ་མ་ཅན།། སྐུ་གསུང་ཐུགས་ལས་སྤྲུལ་པ་ནི།། ལ་ལ་བྱན་ལག་མགོ་བོ་ལ།། ལུས་ནི་ལྕགས་ཀྱི་སྤྱང་མོར་སྤྲུལ།། ལ་ལ་ཁྱུང་གི་མགོ་བོ་ལ། ། ལུས་ནི་ཟངས་ཀྱི་ཝ་མོར་སྤྲུལ།། ལ་ལ་ཁྲ་ཡི་མགོ་བོ་ལ།། ལུས་ནི་དྲེལ་ནག་རྐང་གསུམ་པོ།། ལ་ལ་ཁྲ་ཡི་མགོ་བོ་ལ།། ལུས་ནི་སྡིག་པ་རྐང་གཅིག་པའོ།། ལ་ལ་ཆུན་ཡག་མགོ་བོ་ལ།། ལུས་ནི་དུང་གི་སྤྱང་མོར་སྤྲུལ། ། ལ་ལ་ཆུ་བྱའི་མགོ་བོ་ལ།། ལུས་ནི་བཅུ་དྲུག་ཚང་མར་སྤྲུལ།། ལ་ལ་བཞད་ཀྱི་མགོ་བོ་ལ།། ལུས་ནི་བྱུ་རུའི་སེང་གེར་སྤྲུལ།། ལ་ལ་ཀང་ཀའི་མགོ་བོ་ལ།། ལུས་ནི་ལྕགས་དྲིལ་རྐང་གསུམ་པའོ།། ལ་ལ་འུག་པའི་མགོ་བོ་ལ། ། ལུས་ནི་དུང་ཕག་དཀར་མོར་སྤྲུལ།། ལ་ལ་པུ་ཤུད་མགོ་བོ་ལ།། ལུས་ནི་ལྕགས་ཀྱི་སྡིག་པར་སྤྲུལ།། ལ་ལ་མཐིང་རིལ་མགོ་བོ་ལ།། ལུས་ནི་དྲེལ་ནག་རྐང་གསུམ་པོ།། ལ་ལ་སྐྱིན་གྱི་མགོ་བོ་ལ། ། ལུས་ནི་ཕྱི་ལ་རྩལ་པོ་ཆེ།། ལ་ལ་བྱ་རྒོད་མགོ་བོ་ལ།། ལུས་ནི་གསེར་སྟག་སེར་པོར་སྤྲུལ།། གང་ལ་བྱ་བའི་སེམས་ཅན་དང།། རྒྱུད་དྲུག་འཁོར་བའི་སེམས་ཅན་རྣམས།། དམྱལ་ཁམས་བཅུ་དྲུག་ཁ་བྲིམས་ཏེ། ། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། འདི་ལ་བྱིན་གྱིས་བརླབས་ནས་ཀྱང།། དམར་པོ་འབྱིན་པའི་ཕོ་ཉ་འགྱེད།། དུས་ལས་མ་གཡེལ་ཕྲིན་ལས་མཛོད།། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲཱ་ནན། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྟཱན་ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་བས་ཕྱི་མའི་རྣལ་འབྱོར་གྱིས།། གཅོད་དང་སྦྱིན་སྔགས་འབུམ་དུ་བཟླས།། ལས་གྲུབ་པ་ལ་ཐེ་ཚོམ་མེད། ། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཙིཏྟ་དམར་འབྱིན་གྱི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།།།། དེ་ནས་བང་ཆེན་བཏང་བ་ནི། ། ཡང་གཅིག་ཆོ་འཕྲུལ་མཛད་པ་ལས།། འབྱུང་པོ་དགྲ་བགེགས་འདུལ་བའི་ཕྱིར།། བསྐུལ་པའི་ལས་དག་རྦད་པར་བྱ།། གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི།། དཔལ་མཆོག་དྲག་ཤུལ་སྟག་གི་ཆས།། ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། ། ཞབས་ལས་བྱུང་བའི་ཕོ་ཉ་ནི།། སྟག་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར།། སྟག་ལག་ཁྲོ་མོ་ཞེ་སྡང་གློག་སྟོང་འགྱུ།། རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ།། ཤར་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། ། དྲི་ཟ་དབང་སྡུས་གདོན་བགེགས་ཐལ་བར་རློག། གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི།། གནོད་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས།། ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། ། ཞབས་ལས་སྤྲུལ་པའི་ཕོ་ཉ་ནི།། ལྕགས་མགོ་སྔོན་པོ་དབུ་ལྔ་མེ་ལྟར་འབར།། ལྕགས་ལག་ཁྲ་བོ་ཞེ་སྡང་གློག་སྟོང་འཁྱུག། རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ།། ཤར་ལྷོ་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། ། དྲང་སྲོང་དབང་སྡུས་གདོན་བགེགས་ཐལ་བར་རློགས།། གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི།། ཤེས་རབ་ཏིང་འཛིན་མཆོད་ཁྲབ་དབང་གི་ཆས།། ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། ། ཞབས་ལས་སྤྲུལ་པའི་ཕོ་ཉ་ནི།། རྡོ་རྗེ་དམར་མོ་དབུ་ལྔ་མེ་ལྟར་འབར།། རྡོ་རྗེ་ཞེ་སྡང་ལག་པ་གློག་སྟོང་འཁྱུག། རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ།། ལྷོ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། ། གཤིན་རྗེ་དབང་སྡུས་གདོན་བགེགས་ཐལ་བར་རློགས།། གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པས་ནི།། དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས།། ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། ། ཞབས་ལས་སྤྲུལ་པའི་ཕོ་ཉ་ནི།། སྦྲུལ་མགོ་ནག་པོ་དབུ་ལྔ་མེ་ལྟར་འབར།། སྦྲུལ་ལག་ཕྲ་མོ་ཞེ་སྡང་གློག་སྟོང་འཁྱུག། རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། ། ལྷོ་ནུབ་ཁྱབ་པར་རྒྱུག་ཅིག་དཔལ་གྱི་བཀའ་ཉན་མ།། སྲིན་པོ་དབང་སྡུས་གདོན་བགེགས་ཐལ་བར་རློགས།། གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི།། དབང་གི་བསེ་ཁྲབ་གཟི་འབར་བགྲད་པའི་ཆས། ། ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས།། ཞབས་ལས་སྤྲུལ་པའི་ཕོ་ཉ་ནི།། ཟ་བྱེད་མཆེ་བའི་དབུ་ལྔ་མེ་ལྟར་འབར།། མཆེ་བའི་ལག་པ་ཞེ་སྡང་གློག་སྟོང་འགྱུ།། རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། ། ནུབ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མོ།། རླུང་ལྷ་དབང་སྡུས་གདོན་བགེགས་ཐལ་བར་རློགས།། གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པས་ནི།། ཤུ་ཀེན་སྨད་གཡོགས་ཆུ་རིས་དར་གྱི་ཆས། ། ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས།། ཞབས་ལས་སྤྲུལ་པའི་ཕོ་ཉ་ནི།། དར་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར།། དར་ལག་ཁྲ་བོ་ཞེ་སྡང་གློག་སྟོང་འགྱུ།། རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། ། བྱང་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ།། གནོད་སྦྱིན་དབང་སྡུས་གདོན་བགེགས་ཐལ་བར་རློགས།། གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པས་ནི།། གཅན་གཟན་རྒྱལ་པོ་གདུག་བྱེད་གཟིག་གི་ཆས། ། ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས།། ཞབས་ལས་སྤྲུལ་པའི་ཕོ་ཉ་ནི།། གཟིག་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར།། གཟིག་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ།། རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། ། བྱང་ཤར་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ།། དབང་ལྡན་དབང་སྡུས་གདོན་བགེགས་ཐལ་བར་རློགས།། ཕྱོགས་བཞི་མཚམས་བརྒྱད་དྲེགས་པའི་དཔུང་འཇོམས་མ།། ཟ་བྱེད་མཆེ་བས་བདུད་ཀྱི་དཔུང་ཡང་འཇོམས། ། ང་རྒྱལ་བསྙེམས་པས་ཕ་རོལ་ཟིལ་གྱིས་གནོན།། དུག་བཅོམ་འབྲུག་སྒྲས་སྲིད་པའི་ཐོད་རུས་འཇོམས།། ཛཿཧཱུཾ་བཾ་ཧོཿས་སྲིན་པོ་དབང་དུ་བསྡུས།། ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག། ཕྲིན་ལས་བཅོལ་ཐབས་ཡིན་པའི་ཕྱིར།། མ་མ་བགྱིས་པས་མ་མོ་བསྐུལ།། ཛཿཛཿབགྱིས་པས་མཁའ་འགྲོ་རྦད།། ཧེ་ཧེ་བགྱིས་པས་ཕྲ་མེན་དགྱེ།། ཧྲཱིཿཧྲཱིཿབགྱིས་པས་རྟ་མགྲིན་མངགས།། བྷྱོ་བྷྱོ་བགྱིས་པས་དབང་ཕྱུག་བོད། ། དབྱངས་སུ་ཚངས་པའི་གླུ་དྲུག་བླང།། ལས་སུ་དགྲ་བགེགས་མ་ལུས་སྒྲོལ།། རྟགས་སུ་གསང་བའི་རྔེའུ་ཆུང་བརྡུང།། དཔལ་གྱི་ཕྲིན་ལས་དུས་ལ་བབ།། དེ་སྐད་ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གློ་རྡེག་ཆས་ཀྱི་ཕོ་ཉ་མངགས་པའི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།།།། གར་དབང་ཆེན་པོའི་ཆོ་འཕྲུལ་ནི།། དེ་ནས་བང་ཆེན་བཏང་བ་ནི།། ཡང་གཅིག་སྤྲུལ་པའི་ཕོ་ཉ་ནི། ། དབུས་ནས་སྤྲུལ་པའི་ལས་བདག་མོ།། རྟ་མཆོག་རོལ་པའི་ཁྲི་ལ་བཞུགས།། གཡུ་ཡི་སྤྱང་མོ་དགུ་འབུམ་གྱིས།། ཁ་རླངས་བར་སྣང་ཆར་དུ་འབེབས།། ཁྲག་འཐུང་རྟ་ཡི་དབུ་ལྔ་ལས། ། དུང་གི་སེར་ཕྲེང་ལྔ་ལྔ་འདྲིལ།། རྒྱུད་ལྔར་གནས་པའི་འགྲོ་བ་རྣམས།། འབར་བའི་ཞལ་དུ་བསྡུས་ནས་ཀྱང།། བསྐལ་པ་བྱེ་བ་གྲངས་པ་ཡི།། སྡུག་བསྔལ་ཟུག་རྔུ་སྦྱང་དུ་གསོལ།། དབང་པོ་རྡུལ་དུ་རློག་ཏུ་གསོལ། ། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། སྤྱན་གྱི་སྡང་མིག་འབར་བ་ནས།། སྤྲུལ་པའི་ཕྲ་མེན་རབ་འབར་སྣང།། ཐབས་ལ་མཁས་པས་སྲིད་གསུམ་དབང་དུ་སྡུད།། ཚངས་པའི་གནས་ཀྱང་འཇིགས་བྱེད་ན། ། བར་གཅོད་དགྲ་བགེགས་སྨོས་ཅི་དགོས།། དུར་ཁྲོད་སྤྱང་མོས་ལས་མཛོད་ལ།། དབང་ལྡན་ཕྱོགས་ཀྱང་རྫོགས་པར་གཡེངས།། གདུག་པའི་དུར་ཁྲོད་བརྒྱད་ལ་རོལ།། བགེགས་ཀུན་ཐལ་བར་བརླག་པར་མཛོད། ། ཤངས་ཀྱི་རླུང་སྒྲོམ་འཚུབས་མ་ལས།། སྤྲུལ་པའི་ཕོ་ཉ་རབ་འབར་མ།། རླུང་ནག་རྡོ་རྗེའི་མ་མོ་ལ།། རླུང་གི་འཚུབས་མ་འབུམ་ཡང་འཁྱིལ།། རླུང་འབྲུག་སྔོན་མོའི་ཁྲི་ལ་བཞུགས།། རླུང་གི་གཡང་གཞི་ལུས་ལ་གྱོན། ། ཁ་ནས་རླུང་གི་བསྐལ་པ་གཏོང།། ཡང་སྤྲུལ་ལྕགས་ཀྱི་སྤྱང་མོ་འབུམ།། ཁ་ནས་རོ་ཡི་ཁོག་སྟོད་བཤལ།། དྲི་ལ་གནས་པའི་དགྲ་བགེགས་ཀུན།། ཐལ་བ་བཞིན་དུ་བརླག་པར་མཛོད།། བསྐལ་པ་མེ་ཡི་མི་མོ་ལ། ། ཡེ་ཤེས་དབུ་ལྔའི་འོད་ཟེར་འཕྲོ།། ཞལ་གྱི་ཧོམ་ལས་རྒྱུད་ལྔ་སྒྲོལ།། མེ་ཡི་བསྐལ་པས་ཁམས་གསུམ་སྲེག། མེ་འབྲུག་དམར་མོ་ཆིབས་སུ་བཅིབས།། མེ་སྦྲུལ་དམར་མོའི་སྐེད་ཆིངས་ཅན།། མུ་མེན་ཕྲ་ཆས་སི་ལི་ལི། ། ན་བཟའ་སྦྲུལ་གྱི་གཡང་གཞི་གསོལ།། འོ་དོད་འབོད་ཅིང་གཡབ་ནག་འདོར།། མེ་ཡི་རལ་པ་དམར་པོ་ལ།། གཟའ་ཆེན་མིག་དམར་ཚོམ་བུར་གསལ།། ཞལ་ནས་ཧཱུཾ་གི་སྒྲ་བསྒྲགས་པས། དུག་དང་མེ་ཡི་སྐྱུགས་པ་འབྱིན། ། མཆེ་བ་རྒྱ་ཟོར་བཀུག་པ་འདྲ།། རྒྱུ་སྐར་འབུམ་གྱི་ཚོམ་བུར་བཅས།། སྔགས་པས་གདུང་ནས་བོས་པའི་ཚེ།། མཆི་མ་ཁྲག་གི་གྲུ་ཆར་འབེབས།། རོ་ལ་གནས་པའི་དགྲ་བགེགས་རྣམས།། ཐལ་བ་བཞིན་དུ་བརླག་པར་མཛོད། ། རྡོ་རྗེ་ཕྲ་མེན་གཏུམ་མོ་ཡུམ།། སྦྲུལ་ནག་སྟོང་གིས་ལུས་བརྒྱན་ཅིང།། དཀར་ཁྲས་སེ་རལ་མཛད་པས་རྒྱལ་རིགས་དབང་དུ་སྡུས།། དམར་ཁྲས་དཔུང་རྒྱན་མཛད་པས་བྲམ་ཟེ་དབང་དུ་སྡུད། ། སེར་ཁྲས་ཕྱག་གདུབ་མཛད་པས་རྗེའུ་རིགས་དབང་དུ་སྡུད།། སྦྲུལ་ནག་ཞབས་གདུབ་མཛད་པས་གདུག་པ་འདུལ་བའི་མཆོག། ལུས་ལ་གནས་པའི་དགྲ་བགེགས་རྣམས།། ཐལ་བ་བཞིན་དུ་བརླག་པར་མཛོད། ། སྤྲུལ་པའི་ཕོ་ཉ་ཕྲ་མོ་ནི།། ཞེ་སྡང་ཁྲག་གི་ལེན་ཕྲན་ཅན།། སྐད་ནི་དུང་སྐད་སྒྲོག་པ་ལ།། ཁ་རླངས་སྤྲིན་དམར་གློག་སྟོང་འགྱུ།། ཤངས་ནས་དུད་ཐུལ་གཡབ་མོ་འདོར།། རྐང་ལག་སྡེར་མོ་ཕུར་པ་ལས། ། སྟྭ་རེ་ལྕགས་ཀྱི་ཚ་ཚ་འཁྲུགས།། དགྲ་ལ་བརྡེག་ཅིང་དགྲ་སྙིང་འབྱིན།། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། རྔམས་བྱེད་འབར་བའི་གཤོག་པ་ལས།། གཡས་པ་རྡོ་རྗེའི་གཤོག་པ་ལ།། ནག་མོ་སྦྲུལ་འདབ་ཆེན་མོ་སྤྲུལ། ། མེ་ཡི་རལ་པས་སྟོང་གསུམ་ཁེབས།། མེ་ཁྲག་སྤྱང་མོ་རོ་ཁྱེར་བས།། རཱུ་ཏྲའི་མིག་འབྲས་ཐང་ལ་ལྷུང།། དགྲ་བགེགས་མ་ལུས་རྡུལ་དུ་རློགས།། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། གཡོན་པ་རིན་ཆེན་གཤོག་པ་ལ།། རྡོ་རྗེ་རླུང་འདེགས་ཆེན་མོར་སྤྲུལ།། རླུང་གི་བ་དན་རྩེ་དགུ་འཕྱར།། བསྐལ་པའི་འཚུབས་མས་སྲིད་པ་གཡོ།། བ་དན་ལྕེ་ལ་མེ་འབར་བས།། འབྱུང་པོའི་ཁ་སོ་སིལ་བུར་རློགས། ། དེ་ཡི་ཐུགས་ལས་སྤྲུལ་པ་ནི།། ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ།། ཁ་ནས་རོ་བཤལ་དགྲ་བགེགས་འདུལ།། ལྕགས་ཀྱི་མཆེ་བ་ཟང་ཡག་ལ།། རྡོ་རྗེ་ངར་སྒོང་གསེར་ཕྲན་འདྲིལ།། བདུད་ཀྱི་དཔུང་ལ་ས་མ་ཡ། ། དྲག་ཤུལ་སྟག་ལས་སྤྲུལ་པ་སྟེ།། ཕྲ་མེན་སྟག་གི་མགོ་བོ་ལ།། ཞིང་གི་གཡང་གཞི་ལུས་ལ་གྱོན།། མཆེ་བ་རྡོ་རྗེ་རྩེ་གསུམ་ལ།། གནམ་ལྕགས་ཐོག་གི་སྐར་མདའ་འཕེན།། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ།། ས་ལེ་དུང་གི་མཆེ་བ་ཅན།། ཧསྟ་གཡས་པ་ལག་ན་ཐོགས།། ཁ་མིག་སྣ་ཡི་བུ་ག་ནས།། འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྲུགས།། དུས་ལ་བབ་པོ་ས་མ་ཡ།། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། ཤེལ་གྱི་སྤྱང་མོ་གདོང་བརྒྱ་ལ།། རྡོ་རྗེ་རྩེ་ལྔའི་མགོ་བོ་ཅན།། ལན་འགའ་དྲག་ཏུ་རྦད་པ་དང།། དབང་གི་སྔགས་པས་བསྐུལ་བའི་ཚེ།། མེ་ལྷའི་གནས་སུ་གནས་བཅས་ཏེ།། གཤིན་རྗེའི་ཁམས་ཀུན་རྡུལ་དུ་རློགས། ། རྡོ་རྗེ་རྩེ་ལྔའི་འཕྲོ་འདུ་ལས།། ལྕགས་ཀྱི་མི་ལ་སྤྱང་ཀིའི་གདོང།། ཁ་ནས་རོ་བཤལ་སྟོང་གསུམ་ཁྱབ།། མགྱོགས་པ་རླུང་གིས་བསྐྱོད་དུ་མེད།། མཆེ་བ་ཟངས་ཀྱི་ཁ་ཊྭཱཾ་ག། རྡོ་རྗེའི་ཟིལ་གྱིས་གནན་པར་མཛོད། ། དུས་ལ་བབ་པོ་ས་མ་ཡ།། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། བསེ་ཡི་སྤྱང་མོ་གདོང་བརྒྱད་མ།། ཆུ་སྲིན་འབུམ་གྱི་གདེངས་ཀ་ཅན།། གཡུ་འབྲུག་ཁྲོས་པའི་གདན་ལ་བཞུགས།། ནུབ་ཀྱི་ཕྱོགས་སུ་གཅིག་མི་གཏོང། ། ཀླུ་ཡི་རིགས་ལ་དབང་བསྒྱུར་ཞིང།། ལུས་ལ་མཛེས་པའི་ལེའུ་གསོལ།། ལག་ན་ལྕགས་ཀྱི་ཚ་ཚ་འཁྲུགས།། ཁ་ནས་ཁྲོ་ཆུ་ཁོལ་མ་འཛག། ཁྲོ་ཆུའི་རྦ་རླབས་འཁྲུགས་པ་ལས།། ལྕགས་ཀྱི་མི་མོ་དགུ་ཁྲི་འབྱུང། ། ཁ་ནས་རོ་བཤལ་རི་ལུང་གཡེངས།། དུར་ཁྲོད་བདག་པོ་མ་ཏྲཾ་འཇོམས།། སྲིན་པོ་འཁོར་བཅས་དབང་དུ་སྡུད།། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། སྦྲུལ་གྱི་མི་མོ་བརྒྱད་ཁྲི་ལ།། གཏུམ་ཆེན་དོམ་གྱི་མགོ་ཅན་ཞོན། ། ལག་ན་སྦྲུལ་གྱི་ཞགས་པ་ཐོགས།། འགལ་བྱེད་མ་ལུས་འཆིང་ཞིང་སྡོམ།། རབ་ཏུ་ཁྲོས་པའི་ཐུགས་ཀ་ནས།། ཟངས་ཀྱི་སྤྱང་མོ་ཝ་མགོ་ཅན།། ཁ་ནས་རོ་བཤལ་རི་ལུང་འཕྱག། མགྱོགས་པའི་ཚད་ནི་རླུང་དང་འདྲ།། ངལ་བ་མེད་པར་ལས་ལ་བརྩོན།། གཙང་མའི་རིགས་དྲུག་ལྷ་རྣམས་དབང་དུ་སྡུད།། དུར་ཁྲོད་སྤྱང་མོས་ལས་མཛོད་ས་མ་ཡ།། ལུས་ནི་ཅིར་ཡང་མི་མངོན་ཏེ། ། ཆོས་ཀྱི་དབྱིངས་ལ་རོལ་པ་མཛད།། སྤྲུལ་པ་སྤྱང་མོ་བརྒྱད་ཁྲི་འགྱེད།། ཁ་ནས་རོ་བཤལ་ང་རོ་སྒྲོགས།། འབར་བའི་ཁ་ཊྭཱཾ་ཁུས་འདེབས་མ།། སྟོང་གསུམ་གང་མའི་རྔེའུ་ཆུང་བརྡུང།། དབུ་སྟོད་རལ་པ་སི་ལི་ལི། ། རྡོ་རྗེ་འབྲུག་གི་སྤྱང་མོ་གྲོལ།། དེ་ལ་ཟས་ཀྱི་སྐལ་ཕོབ་ལ།། སྲིད་པའི་ལྷ་བྲན་ཟས་སུ་ཟ།། ནམ་མཁའི་ཆུ་བོ་སྐོམ་དུ་འཐུང།། ཕྲིན་ལས་ཆེན་པོའི་དུས་ལ་བབ།། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། ཤེལ་གྱི་སྤྱང་མོ་གདོང་བརྒྱ་མ།། ལག་ན་ཆུ་སྲིན་འཁོར་ལོ་ཐོགས།། སྤྱན་མིག་གཡས་ཀྱི་དཀྱིལ་འཁོར་ནས།། གདུང་བའི་མཆི་མ་ཁྲག་ཏུ་འཛག། དམ་ལས་འདས་པའི་སྙིང་ཟན་མ།། དམ་ལ་གནས་པའི་ཚེ་འཛིན་མ། ། ཡང་སྤྲུལ་གཡུ་ཡི་སྤྱང་མོ་ལ།། མཆེ་བ་ཟང་ཡག་གཏམས་པ་ལ།། བྱུ་རུའི་སྤྱང་མོ་དགུ་འབུམ་འཕྲོ།། ཁ་ནས་རོ་བཤལ་ཟ་ཞིང་སྟོད།། མ་ཐོབ་བར་དུ་དུད་མོས་འདེབས།། སྔགས་པས་ལན་འགའ་རྦད་པ་དང། ། འཁོར་བའི་ས་ནས་ཞུ་བཟློག་མེད་པར་འགྲོ།། གསོ་བླག་མེད་པར་དམྱལ་ཐག་གཅོད།། དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག། མེ་ཟ་ཁྲག་འཐུང་སྤྱང་མོ་ལ།། རྦ་རླབས་མཛེས་པར་སྤ་བས་བསྐོར།། རལ་པ་ཁམ་ནག་འཇིགས་པ་ལ། ། གདུག་པའི་འོད་ཟེར་འབུམ་འབུམ་འཕྲོ།། རཀྴ་སྲིན་པོ་སྒྲོལ་ལ་བརྩོན།། ཁྲོས་པས་བསྐུལ་ནས་མངག་པའི་ཚེ།། ཤངས་ཀྱི་རླུང་སྒྲོམ་གཡས་གཡོན་ནས།། ཕ་ཝང་ལུས་ལ་སྤྱང་མོའི་གདོང། ། ཁ་ནས་རོ་བཤལ་ཆོ་ངེས་འདེབས།། ཁམས་གསུམ་ཁྲག་ཏུ་དམིགས་ཏེ་རོལ།། སྤྱང་མོ་རོ་བཤལ་དུས་ལ་བབ།། དྲག་པོ་ལས་ཀྱི་ཕོ་ཉ་མོ།། སེང་གེ་གཏམས་པའི་རྔམས་ཁྲི་ལ།། མི་མོ་སེང་གེའི་གཟུགས་ཅན་ཞོན། ། སྐྲ་ཡང་སེང་གེའི་ལན་ཕྲན་ཅན།། རལ་པ་ཉག་མ་རེ་རེ་ལ།། གཟའ་ཆེན་སྒྲ་གཅན་ཆར་དུ་འབེབས།། སེང་གེའི་ཁ་ནས་རོ་བཤལ་བས།། སྲིད་པ་ལས་ཀྱི་དགྲ་བགེགས་འདུལ།། མ་ལུས་དབང་དུ་སྡུད་ལ་བརྩོན། ། ཕྲིན་ལས་དུས་ལ་བབ་པའི་ཚེ།། ཟས་སུ་སྙིང་གི་ཕྱེར་ཚལ་ལ།། སྐོམ་དུ་གློ་བའི་ཁྲག་མཚོ་འཐུང།། མི་ཤ་ཟ་ཞིང་བདུད་ཁྱིམ་འཇོམས།། དུས་ལ་བབ་པོ་ས་མ་ཡ།། རིན་ཆེན་འབར་བའི་མི་མོ་ལ།། ཆུ་དྲི་གཏམས་པའི་མགོ་བོ་ཅན། ། ཁྲོས་ནས་གཉེན་པོས་རྦད་པ་ན།། འཇའ་ཚོན་སྣ་ལྔའི་སྤྱང་མོ་ལ།། ཟ་བའི་ཕྱིར་ཡང་སྤྱང་མོ་ལ།། ཁ་ནས་རོ་བཤལ་འདུར་ཁམ་ཅན།། དུས་ལ་བབ་པོ་ས་མ་ཡ།། དུས་གཉིས་ལས་ཀྱི་ཕོ་ཉ་མོ། ། སྔགས་པས་ལན་གཅིག་རྦད་པའི་ཚེ།། ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ།། མཆེ་བ་རོ་བཤལ་སྟོབས་ཆེན་འཇོམས།། ལག་པ་གཟའ་སྐར་ཚོག་པོར་འཕེན།། དུས་ལ་བབ་པོ་ས་མ་ཡ།། ལྕགས་ཀྱི་སྤྱང་མོ་ཆེན་མོ་ལ། ། གདན་ཁྲི་པདྨའི་ཆོ་འཕྲུལ་ནི།། ཆུ་སྲིན་དམར་པོའི་མཆེ་བ་ཅན།། མཆེ་བ་གཙིགས་པའི་བར་བར་ནས།། དུང་གི་སྤྱང་མོ་མགོ་གསུམ་སྦྲུལ།། སྤྱན་གསུམ་དུར་ཁྲོད་བརྒྱད་ལ་གཟིགས།། སྡང་མིག་ཞེ་ལ་གནོན་པའི་ཚེ། ། བདུད་ཀྱི་བཤན་པ་གདུག་པའི་ཚོགས།། ཁ་ནས་རོ་ཁྱེར་དུར་ཁྲོད་འཇོམས།། ཀེང་རུས་དཀར་པོ་ཟས་སུ་ཟ།། རཀྟ་དམར་པོ་སྐོམ་དུ་འཐུང།། ཐལ་བའི་མཚན་མས་ལུས་ལ་བརྒྱན།། ངོ་ལ་ཁྲག་གིས་བྱུགས་ནས་ཀྱང། ། སྤྱང་མོའི་ངུར་སྐད་ཐེངས་གསུམ་གྱིས།། དགྲ་བོ་མ་ལུས་རྡུལ་ཕྲན་བཞིན།། དབང་ཆེན་གར་གྱི་ཞབས་དྲུང་དུ།། ལས་ལ་བབ་པོ་སྤྱང་མོའི་ཚོགས།། ཤྭ་ན་མུ་ཁ་ཁ་ལོང་ཁ། ཁ་ལོང་ཁ། ཧ་ན་ཧ་ན། ཕྱེ་མ་ཕྱེ་མ། རྡུལ་ཕྲན་རྡུལ་ཕྲན། ཐལ་པ་ཐལ་པ། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། སྤྱང་མོ་རོ་བཤལ་གྱི་ལེའུ་སྟེ་ལྔ་བཅུ་བཞི་པའོ།།།། ཡང་གཅིག་ཆོ་འཕྲུལ་བསྟན་པ་ནི། ། འབྱུང་པོའི་དགྲ་བགེགས་ཚར་གཅད་ཕྱིར།། ཁྲག་འཐུང་འབར་བའི་ཐུགས་ཀ་ནས།། ལས་དང་ཤུགས་ལས་སྤྲུལ་པ་ཡི།། ཡེ་ཤེས་གསང་བར་བསྡུས་པ་ལས།། རྡོ་རྗེ་ཐུགས་ཀྱི་གོ་མ་ལ། ། རྡོ་རྗེ་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད་ཀྱིས།། གང་ལ་བྱ་བའི་གནས་དག་ཏུ།། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་འབར་བའི་དབུ་གཙུག་ནས།། རྡོ་རྗེ་འདི་རྩམས་ལ་གོལ་ས་ཡང་འདུག། སྐུ་ཡི་གོ་མ་ལ།། དེ་བཞིན་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད་ཀྱིས།། གང་ལ་བྱ་བའི་གནས་དག་ཏུ།། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་འབར་བའི་ལྗགས་དག་ལས། ། རྡོ་རྗེ་གསུང་གི་གོ་མ་ལ།། པདྨ་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད་ཀྱིས།། གང་ལ་བྱ་བའི་གནས་དག་ཏུ།། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་འབར་བའི་ལྟེ་བ་ལས། ། ཡོན་ཏན་རྡོ་རྗེ་གོ་མ་ལ།། རིན་ཆེན་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད་ཀྱིས།། གང་ལ་བྱ་བའི་གནས་དག་ཏུ།། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་འབར་བའི་ཞབས་དག་ལས། ། རྡོ་རྗེ་ལས་ཀྱི་གོ་མ་ལ།། ལས་རབ་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད་ཀྱིས།། གང་ལ་བྱ་བའི་གནས་དག་ཏུ།། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་འབར་བའི་འོད་ཟེར་ལས།། རྡོ་རྗེ་ལས་ཀྱི་གོ་མ་ལ།། དཔལ་གྱི་ཁམ་རྒྱའི་ཚོགས་སུ་སྦྱོར།། གཉིས་སུ་མེད་པའི་འོད་ཟེར་ནི།། མི་ཡི་ལུས་ལ་དྲེད་མོའི་མགོ།། ཕྲ་མེན་ཉིད་པས་ལས་ལ་བརྩོན། ། མངག་པའི་ལས་ལ་མ་གཡེལ་ཅིག། ཁྲག་འཐུང་སྐུ་ཡི་མེ་ལྕེ་ལས།། ཕྲ་མེན་ལས་ཀྱི་གོ་མ་ལ།། དཔལ་དང་ཁྱི་མོའི་ཚོགས་སུ་སྦྱོར།། གཉིས་སུ་མེད་པའི་འོད་ཟེར་ནི།། མི་ཡི་ལུས་ལ་ཁྱི་ཡི་གདོང།། ཕྲ་མེན་ཉིད་པས་ལས་ལ་བརྩོན། ། མངག་པའི་ལས་ལ་མ་གཡེལ་ཅིག། ཁྲག་འཐུང་འབར་བའི་བ་སྤུ་ལས།། ཕྲ་མེན་ལས་ཀྱི་གོ་མ་ལ།། དཔལ་དང་ལོང་བའི་ཚོགས་སུ་སྦྱོར།། གཉིས་སུ་མེད་པའི་འོད་ཟེར་ནི། ། མི་ཡི་ལུས་ལ་ལོང་བའི་མགོ། ཕྲ་མེན་ཉིད་པས་ལས་ལ་བརྩོན།། མངག་པའི་ལས་ལ་མ་གཡེལ་ཅིག། དབང་ཆེན་པདྨ་ཧེ་རུ་ཀའི།། དབུ་ཡི་དཀྱིལ་འཁོར་མན་ཆད་ནས།། ཞབས་ཀྱི་གདན་ཁྲི་ཡན་ཆད་དུ། ། ཐུགས་དང་ལས་ལས་སྤྲུལ་པ་ཡི།། རྡོ་རྗེ་ལས་ཀྱི་གོ་མ་ལ།། མངགས་པ་ཙམ་གྱིས་ལས་མཛོད་ཅིག། མ་མ་ཛ་ཛ་བྷྱོ་བྷྱོ་ལས་ལ་བྷྱོ། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གོ་མ་ལ་མངག་པའི་ལེའུ་སྟེ་ལྔ་བཅུ་ལྔ་པའོ།།།། དེ་ནས་གར་དབང་ལྷ་མཆོག་གིས།། ཆོ་འཕྲུལ་ལྷུན་གྲུབ་བསྡུ་བའི་ཕྱིར།། རོལ་པའི་འཁོར་ཚོགས་རྣམས་ལ་ནི།། བརྗིད་པའི་གར་གྱིས་བཀའ་སྩལ་པ། ། ཞིང་བཅུའི་ཚོགས་རྣམས་རོལ་ནས་ཀྱང།། དབང་ཆེན་ཚེ་ཡི་དངོས་གྲུབ་ཐོབ།། ཚེ་དབང་ལྷུན་གྱིས་གྲུབ་པར་བྱ།། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲི་ཛ། ཡིག་འབྲུ་བཅུ་བཞིའི་འཕྲོ་འདུ་ཡིས། ། གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་དུ།། ནརྀ་ལས་ཧཱུཾ་དུ་གྱུར་ནས་ཀྱང།། ཧཱུཾ་ལས་ཡེ་ཤེས་སེམས་དཔའི་སྐུ།། སྲན་འབྲུ་ཙམ་གྱི་ཟླ་དཀྱིལ་དུ།། ཉུང་འབྲུ་ཙམ་གྱི་ཕྱག་རྒྱར་གསལ།། ཡིད་བཞིན་རིན་ཆེན་ཟ་མ་ཏོག། མི་འཛིན་འཛིན་པའི་ཚུལ་དུ་གནས།། མི་གནས་གནས་པའི་སྦ་ཐབས་ནི།། སྐྱེ་མེད་དབྱིངས་ནས་གསང་བའི་མཁའ།། རང་རིག་ཡེ་ཤེས་དབྱིངས་ལ་སྦ།། དེ་གསུམ་གདེང་དུ་ལོན་ནས་ནི།། འདུ་འབྲལ་མེད་དེ་ལྷུན་གྱིས་གྲུབ། ། དེ་བས་འདི་རྣམས་བསྟན་པའི་ཕྱིར།། སྒྲུབ་པའི་ཆོ་ག་རྫོགས་པའི་ཚེ།། བར་སྣང་རྡོ་རྗེ་སེམས་དཔའ་ཡིས།། ལུས་ནི་ཅི་འདྲ་འཁོར་དང་བཅས།། སེམས་ཀྱིས་མཉམ་གཞག་དགོད་པར་བྱ།། བདག་ཉིད་ཕྲ་མེན་འཁོར་མང་དང། ། གནོད་སྦྱིན་འཁོར་མང་རོལ་པར་འདོད།། དེས་ནི་དབང་ཆེན་ཏིང་འཛིན་ཞུགས།། གླུ་དང་བྲོས་ཀྱང་བརྟན་པར་བྱ།། བདག་ཉིད་འཁོར་མཉམ་འདུག་དུས་ན།། དེ་ཚེ་སྐུ་མདོག་དམར་པོར་བསྒྱུར། ། ལམ་དུ་ཞུགས་ནས་འགྲོ་དུས་ནི།། ལྗང་གུར་བསྒྱུར་ཏེ་ཧེ་ཧེ་ཞེས།། དགོད་ཅིང་འགྲོ་བར་བྱ་བ་ཡིན།། གང་དུ་ཕྱིན་པའི་གནས་ཁང་དུ།། ཧཱུཾ་ཞེས་བྱས་ལ་དེར་འདུག་གོ། འོན་ཏང་མ་མོ་ཐམས་ཅད་དབང་དུ་བསྡུ། ། ཉལ་བའི་ཚེ་ཡང་ཨ་ཞེས་བྱ།། ཙོག་ཙོག་ཡུད་ཙམ་གནས་པར་བྱ།། བདག་ཉིད་གསེར་བཙོ་བཞིན་བསྒྱུར་ཏེ།། ཀུན་ཏུ་བཟང་མོ་ནམ་མཁའ་དག་ལ་འོང།། མངོན་སུམ་འཛུམ་མཛད་སྙན་སྨྲ་དང། ། འདོད་སྦྱོར་རྩེད་མོ་བྱེད་པར་བསམ།། དེ་ལྟར་བསམ་པའི་ཡོན་ཏན་ནི།། ས་ཡི་འོག་ཏུ་མདའ་འཕངས་པས།། གནམ་གྱི་སྟེང་གི་ལྷ་བྲན་འཆི།། སྤྱོད་ལམ་གྲུབ་པ་འདི་ལྟ་བུ།། མཚོན་ཐོགས་ཀུན་གྱི་རྒྱལ་པོ་སྟེ། ། རལ་གྲི་འཛིན་པ་ཆེན་པོར་འགྱུར།། འཇམ་དཔལ་འཁོར་གྱི་ཕྱག་བྱའོ།། དེ་ལྟ་བུ་ཡི་དུས་དག་ཏུ།། གནོད་སྦྱིན་ཕྲ་མེན་འཁོར་རྣམས་ཀྱིས།། བདག་ལ་རབ་ཏུ་གཙེས་གྱུར་ན།། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། ། ས་ཡི་འོག་ཏུ་མངོན་སུམ་བྱ།། ངག་གིས་ཧཱུཾ་ཞེས་ཅུང་ཟད་བཟླས།། མཱཾ་ས་དག་ཀྱང་མང་དུ་བཟའ།། ནམ་མཁའ་ལ་ནི་སེམས་དཔའ་བསམ།། བགྲང་ཕྲེང་ཀླད་ལ་ལན་གསུམ་བསྐོར།། དེ་ལྟར་བྱས་ནས་བདག་རྒྱལ་ཞིང། ། ནང་གཏོང་མ་ནི་འཆི་བར་འགྱུར།། ཉིན་དང་མཚན་དུ་ཐུག་ཕྲད་དུ།། རིགས་མ་འཆོལ་བར་སྦྱོར་བར་བྱ།། སྐྱེ་བོས་མཐོང་ན་དམ་ཚིག་ཉམས།། སུས་མ་མཐོང་ན་དངོས་གྲུབ་ཡིན། ། སྦྱོར་བའི་བྱང་སེམས་ལྕེ་ལ་གཞག། རང་གི་དབེན་རིས་གང་ཡིན་པར།། སྐྱེ་བོ་འདུ་འཛི་ཐག་བསྲིངས་ཏེ།། དགུག་པའི་བརྟུལ་ཞུགས་ཆེན་པོ་ཡིས།། དབྱངས་ཀྱང་དྲག་ཏུ་བླང་བར་བྱ།། ཛྭ་ལ་ཛྭ་ལ་ཁ་ཁཱ་ཏི། རུ་ལུ་རུ་ལུ་ཁ་ལོང་ཁ། ཀུ་ཀུ་ར་ཙ་ཁ་ལོང་ཁ། རཀྴ་གྷྲྀ་ཧྞ་གྷྲྀ་ཧྞ་ལ། བྱ་ཡི་བརྟུལ་ཞུགས་ཆེན་པོ་ཡིས།། ཁམས་གསུམ་སྒུམ་བུར་བཏུ་བར་བྱ།། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས།། སྲིད་གསུམ་ཁྲོན་དུ་བརྐོ་བར་བྱ། ། ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས།། དམྱལ་ཁམས་ཟས་སུ་ཟ་བར་བྱ།། དཀའ་ཐུབ་སྨྱོན་པའི་བྲོ་བརྡུངས་ནས།། རུ་ལུའི་བརྙེན་པ་འབུམ་བཟླས་ན།། བདག་གི་དབང་དུ་འདུ་བར་འགྱུར།། གླུ་དབྱངས་ཁྱི་སྐད་བྱང་དུ་ཟུག། ཁྱི་ཡི་དཀའ་ཐུབ་སྨྱོན་པ་ཡིས།། རྟ་སྐད་ནུབ་ཀྱི་ཕྱོགས་སུ་འཚེར།། རྟ་ཡི་དཀའ་ཐུབ་སྨྱོན་པ་ཡིས།། བྱ་སྐད་ནུབ་ཀྱི་ཕྱོགས་སུ་ཅོང།། ཁྱི་ཡི་དཀའ་ཐུབ་སྨྱོན་པ་ཡིས།། ཕག་སྐད་བྱང་གི་ཕྱོགས་སུ་ངུར། ། ཕག་གི་དཀའ་ཐུབ་ཆེན་པོ་ཡིས།། དེ་ལྟར་བྱས་ན་བརྟུལ་ཞུགས་ཀུན།། ཧཱུཾ་ཞེས་བྱ་བའི་དབྱངས་བླངས་ནས།། བདག་གི་ལུས་ལ་གཞུག་པར་བྱ།། དུས་ལ་བབ་པར་བྲོ་མཆོད་ལ།། རྔེའུ་ཆུང་ལན་གསུམ་བརྡུང་བར་བྱ། ། དེ་ནས་དགྲ་བགེགས་འདུལ་བའི་ཕྱིར།། བརྟུལ་ཞུགས་ཏིང་འཛིན་ཞུགས་ནས་ཀྱང།། གླུ་བྲོ་དམ་ཚིག་བཞིན་དུ་བླང།། བསྒྲུབ་པ་ཆེན་པོའི་བར་གཅོད་པ།། བརྟུལ་ཞུགས་ཆེན་པོས་བསྒྲལ་ནས་ཀྱང། ། དུས་གསུམ་རྒྱལ་བའི་སྲས་སུ་བསྐྱེད།། དཀའ་ཐུབ་ཆེན་པོ་ཡིན་པའི་ཕྱིར།། སུ་དང་གཏམ་ཡང་བསྲེ་མི་བྱ།། སྨྱོན་པའི་ཚུལ་དུ་མཆོངས་པ་ཡིས།། གནོད་སྦྱིན་ཕྲ་མེན་རྣམས་ཀྱང་བརྒྱལ།། རྣམས་ཀྱང་བདག་གི་དབང་དུ་འགྱུར། ། ཉན་ཐོས་དབང་དུ་བསྡུ་བའི་ཕྱིར།། སྔགས་ཀྱི་དཀའ་ཐུབ་ཆེན་པོ་ཡིས།། བདུད་རྩི་ལྔ་ཡི་ལོངས་སྤྱོད་བྱ།། མ་སྤངས་པ་ནི་དབང་དུ་བསྡུ།། ནན་དབང་དྲག་ཤུལ་སྨྱོན་ཐབས་སུ།། སུ་དང་འཕྲད་པ་བསྒྲལ་ཞིང་སྦྱར། ། འདི་ནི་དཔལ་གྱི་ཐུགས་དམ་སྟེ།། རྒྱུན་མི་འཆད་པར་སྤྱད་ན་ནི།། བདག་གིས་ཇི་ལྟར་འདོད་པ་བཞིན། དཀའ་ཐུབ་བསྲུངས་པས་དངོས་གྲུབ་ཐོབ།། རོལ་པའི་འཁོར་ཚོགས་མང་པོ་ཀུན། ། འདི་ལ་སོམ་ཉི་ཅི་སྟེ་ཟ།། དེ་སྐད་ཅེས་ནི་གསུངས་ནས་ཀྱང།། ལུང་དུ་བསྟན་པ་ཆེན་པོ་ཡིན།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་ལྷུན་གྱིས་གྲུབ་པར་བྱ་བ་དང། བར་གཅོད་མེད་པའི་གཟུངས་བསྟན་པ་དང། བརྟུལ་ཞུགས་ཆེན་པོ་མཛད་པའི་ལེའུ་སྟེ་ལྔ་བཅུ་རྩ་དྲུག་པའོ།།།། དེ་མ་ཐག་ཏུ་ལྷུན་གྲུབ་པའི།། པདྨ་གར་གྱི་དབང་ཕྱུག་གིས།། རོལ་པའི་གསུང་ནི་འདི་སྐད་དུ། ། དེ་ལྟ་བུ་ཡི་དུས་དག་ཏུ།། གནོད་སྦྱིན་རྣམས་ནི་འཁོལ་འདོད་ན།། དུར་ཁྲོད་ཆེན་པོར་སོང་ནས་ནི།། དེ་ཡི་གཟུགས་ནི་ཁྲག་གིས་བྲི།། སྙིང་གར་ཕུར་བུས་མནན་ནས་ནི།། དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། ། མ་འོངས་བར་དུ་བསྡད་ནས་ནི།། ཞག་བདུན་གྱིས་ནི་ཁུགས་པར་འགྱུར།། གནོད་སྦྱིན་རྣམས་ལ་ཅི་དགར་སྤྱོད།། རྣལ་འབྱོར་པ་ཡི་བྲན་དུ་གྱུར།། ཕྲ་མེན་རྣམས་ནི་འཁོལ་འདོད་ན།། རས་སམ་གྲོ་ག་ཤིང་ཤུན་ལ། ། ཕྲ་མེན་གཟུགས་ནི་ཁྲག་གིས་བྲིས།། ཡན་ལག་ཕུར་བུས་མནན་ནས་ནི།། སྙིང་གར་རྡོག་པས་མནན་བྱས་ཏེ།། དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས།། ཞག་བདུན་གྱིས་ནི་ངེས་པར་འོང།། ཕྲ་མེན་རྣམས་ནི་ཅི་དགར་རོལ། ། ཁོང་གིས་ལན་ན་ཁོང་དག་འཆི།། བདག་གིས་ལན་ན་བདག་ཉིད་ཉམས།། རྐང་གཉིས་ལས་ལ་འཁོལ་འདོད་ན།། དེ་ཡི་གཟུགས་ནི་ཁྲག་གིས་བྲིས།། ཕུར་བུ་སྙིང་དང་ཁ་རུ་གདབ། ། ཁྲོས་ཏེ་རབ་ཏུ་མནན་ནས་སུ།། དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས།། ཞག་བདུན་གྱིས་ནི་དབང་དུ་འདུ།། ཕྱག་ན་རྡོ་རྗེ་དགའ་བར་འགྱུར།། མ་མོ་ལས་ལ་འཁོལ་འདོད་ན།། བུད་མེད་བོངས་ཚད་ཁྲག་གིས་བྲིས། ། སྙིང་ཀར་རྡོག་པས་མནན་ནས་ནི།། ཕུར་བུས་འདྲིལ་ཅིང་བསྒོམ་པར་བྱ།། ཞག་བདུན་གྱིས་ནི་ངེས་པ་རུ།། ཅི་བགྱི་གསུང་ཞེས་ཟེར་ཏེ་འོང།། དེ་ནས་བདག་གིས་སྤྱད་པར་བྱ།། བུད་མེད་རྣམས་ནི་ཅི་དགར་འཁོད། ། བགེགས་རྣམས་ཀུན་ནི་འཁོལ་འདོད་ན།། སོ་སོའི་གཟུགས་དགྲ་ཁྲག་གིས་བྲིས།། ཕུར་བུའི་རྩེ་མོར་མིང་བྲི་ཞིང།། གོང་དུ་ཧཱུཾ་གཅིག་བཞག་ནས་ནི།། ཚོན་སྐུད་སྣ་ལྔའི་སྐུད་པས་གདགས།། ལན་གསུམ་བསྐོར་ཏེ་གདབ་བྱས་ན། ། བདག་གི་དབང་དུ་འདུས་ནས་ནི།། ཇི་ལྟར་བསྒོ་བ་ཉན་པར་བྱེད།། འགྲོ་ཉལ་འདུག་སྡོད་ཅི་བྱེད་ཀྱང།། འཁོར་དང་བཅས་པའི་བསྙེན་པ་བཟླས།། ནང་པར་མལ་ནས་ལངས་ནས་ཀྱང། ། ཡི་དམ་གནས་པའི་ས་ཕྱོགས་སུ།། གོམ་གསུམ་སྤགས་ནས་དྲན་པར་བྱ།། གཤང་གཅི་བྱེད་པའི་ས་ཕྱོགས་སུ།། དྲི་ཆེན་ལག་ཏུ་བླངས་ནས་སུ།། ཕྱོགས་བཅུ་ཀུན་ལ་ཁ་བལྟས་ཏེ།། སུས་མ་མཐོང་བར་ཁམ་གསུམ་བཟའ། ། དྲི་ཆུ་ཁྱོར་གང་བླུགས་ནས་ནི།། སུས་མ་མཐོང་བར་ཁྱེར་གསུམ་བཏུང།། ཤིན་ཏུ་དབེན་པའི་ས་ཕྱོགས་སུ།། དྲི་ཆེན་བདུན་དུ་བཞག་ནས་ནི།། ཡན་ལག་བཞི་ནི་ས་ལ་གཟུག། རྟ་སྐད་ཐེངས་གསུམ་འཚེར་བར་བྱ། ། རུ་ལུ་རུ་ལུ་ཚལ་པ་བཟླས།། བྱང་གི་ཕྱོགས་སུ་ཁ་བལྟས་ཏེ།། གནོད་སྦྱིན་དབང་དུ་བསྡུ་བའི་ཕྱིར།། དྲི་ཆུ་མདུན་དུ་བཞག་ནས་ནི།། ཁྱི་སྐད་ཐེངས་གསུམ་དུས་ནས་ཀྱང།། རུ་ལུ་རུ་ལུ་ཁ་ལོང་ཁ། ། ཀུ་ཀུ་ར་ཙ་ཁ་ལོང་ཁ།། ཉིན་དང་མཚན་དུ་ཐུག་ཕྲད་དུ།། རིགས་མ་འཆོལ་བར་སྦྱོར་བ་བྱ།། སྐྱེ་བོས་མཐོང་ན་དམ་ཚིག་ཉམས།། སུས་ཀྱང་མ་མཐོང་དངོས་གྲུབ་ཡིན།། བྱང་ཆུབ་སེམས་ནི་ལྕེ་ལ་གཞག། དུས་དང་རྣམ་པ་མེད་པ་ཡིན།། སྦྱོར་བ་ཁོ་ན་ལས་སུ་བཟང།། སྐབས་ལ་བབ་པའི་དུས་དུས་སུ།། དུར་ཁྲོད་གནས་སུ་བྱུག་པར་བྱ།། ཞིང་དང་བྷནྡྷ་མང་དུ་བསགས།། རང་གི་དབེན་པ་གང་ཡིན་པར།། སྐྱེ་བོ་རྣམས་ལས་ཐག་བསྲིངས་ལ། ། སྐུ་དྲུག་ཡེ་ཤེས་དྲུག་ཏུ་ཤེས་ཤིང་རྟེགས་པར་བྱ།། སྲོད་དང་ཐོ་རངས་ནམ་གྱི་གུང།། དྲོ་དང་ཉིན་ཕྱེད་དགོང་ཁའི་དུས།། དབྱངས་སུ་སྐད་དྲུག་ཤེས་པར་བྱ།། དུས་དྲུག་ཀུན་ཏུ་རྔེའུ་ཆུང་བརྡུང། ། སྲོད་ལ་འཁོར་གསུམ་བྲོ་བརྡུངས་ཏེ།། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ནས།། རྟ་སྐད་འཚེར་བའི་གླུ་སྐད་བླང།། རུ་ལུའི་བསྙེན་པ་འབུམ་བཟླས་ཤིང།། སྣུམ་ཆེན་གསུར་གྱི་སྤོས་མེ་གཏང།། ནམ་གྱི་གུང་ལ་མི་ཉལ་བར། ། ཕྲིན་ལས་གོང་མ་བཞིན་དུ་བྱ།། དུས་ལ་བབ་པའི་བྲོ་མཆོད་ལ།། ཕྱི་ནང་དྲག་ཏུ་མཚམས་ཀྱང་གཅད།། རྔེའུ་ཆུང་དིར་དིར་ལན་གསུམ་བརྡུང།། ཤ་ཁྲག་གཏོར་མ་རྒྱུན་མི་གཅོད།། གླུ་བྲོ་ཤར་གྱི་ཕྱོགས་སུ་དབུལ། ། མི་ཡི་བུ་མོ་འཁོར་དང་བཅས།། གྲུལ་བུམ་བུ་མོ་འཁོར་དང་བཅས།། གནོད་སྦྱིན་སྲིན་པོའི་བུ་མོ་འཁོར་བཅས་ཀྱིས།། ཐབས་དང་ཤེས་རབ་སོ་སོར་འཁྱུད།། ཕར་ཡང་ཟུར་འགྲོས་བྱེད་པ་ལ།། ཟུར་འགྲོས་བྱེད་ཅིང་འོང་བ་ལ། ། ཐ་ཚིག་གླུ་དང་དམ་ཚིག་བྲོ།། ཀླུ་ཡི་བུ་མོ་བསྟེན་པའི་བྲོ།། ཐབས་དང་ཤེས་རབ་སོ་སོར་འཁྱུད།། ལག་པ་གཡོན་པ་བསྟན་བྱས་ཏེ།། བྱང་གི་ཕྱོགས་སུ་ཁ་བལྟས་ཏེ།། ཐ་ཚིག་གླུ་དང་དམ་ཚིག་བྲོ། ། གནོད་སྦྱིན་བུ་མོ་བསྟེན་པའི་བྲོ།། ཐབས་ཀྱི་རྐང་པ་བརྐྱང་ནས་སུ།། ཡུམ་གྱི་རྐང་པའི་བར་དུ་བཅུག། དེ་ནས་བསྐོར་བ་བྱེད་པ་ནི།། ཐ་ཚིག་གླུ་ལ་དམ་ཚིག་བྲོ།། ཐབས་དང་ཤེས་རབ་སོ་སོར་འཁྱུད། ། འབྲུ་ཚུགས་བལྟ་ཞིང་ཁྲོས་པར་བསྒོམ།། ཤ་ཁྲག་གཏོར་མ་བདུད་རྩིར་བཅས།། དེ་ལ་བསྐོར་བ་བྱེད་པ་ནི།། ལྷོ་ནུབ་མཚམས་སུ་ཁ་བལྟས་པས།། སྲིན་པོའི་བུ་མོ་བསྟེན་པའི་བྲོ།། ཐབས་དང་ཤེས་རབ་སོ་སོར་འཁྱུད། ། ལག་པ་གཡོན་པ་བཟུང་ནས་ནི།། འཛུམ་པའི་མདངས་ཀྱིས་བལྟ་བ་དང།། རྟགས་སུ་བྱང་ཆུབ་སེམས་བཅས་པ།། མི་ཡི་བུ་མོ་བསྟེན་པའི་བྲོ།། མནའ་དང་དམ་ཚིག་བསྒྲག་པར་བྱ།། ཉི་མ་ཕྱེད་ཀྱི་དུས་སུ་ནི། ། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། གྲུལ་བུམ་སྐད་དུ་ཀུ་ཅོ་བྱ།། ཕྲིན་ལས་དགོངས་པ་གོང་མ་བཞིན།། དགོང་མཆོད་དུས་ལ་བབ་པའི་ཚེ།། གྲིབ་སོ་བཟློག་པའི་ཆོ་ག་བྱ།། ཧ་ཅང་སྐད་ནི་མི་ཆེ་བར།། དེ་ཡང་རྔེའུ་ཆུང་དིར་དིར་བརྡུང། ། དབྱངས་ནི་ཡིད་ཙམ་གདུང་བར་བླང།། དེ་ཡང་དུས་དྲུག་ཀུན་ཏུ་ཡང།། གསང་བའི་མཆོད་པ་རྒྱུན་མི་གཅད།། མི་ཡི་བུ་མོ་བསྟེན་པར་བྱ།། ལན་འགའ་དེ་དང་མ་ལྡན་ན། ། ཀུ་ཀུ་ར་དང་ར་ལ་སོགས།། བ་དང་བུད་མེད་གང་ཡང་རུང།། ཤིན་ཏུ་དཀོན་ནས་མེད་པའི་ཚེ།། བྱེས་དང་མགྲོན་པོ་བྱེད་པ་ན།། ལུས་ལས་སྤྲུལ་པའི་ལྷ་མོ་ཡིས།། སྦྱོར་བའི་དམ་ཚིག་མི་བཅག་གོ། དེ་ལྟར་བྱས་ན་དངོས་གྲུབ་ཐོབ། ། རྒྱུན་དང་རྒྱུན་མིན་རྟག་པར་ནི།། སྨན་ནི་ལུས་ལ་བསྲེལ་བར་བྱེད།། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྲིན་ལས་མཐར་ཕྱིན་ཅིང་ཐམས་ཅད་དབང་དུ་བསྡུ་བའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ། །།། དེ་མ་ཐག་ཏུ་བཅོམ་ལྡན་འདས།། གར་དབང་ལྷ་མཆོག་ཆེན་པོ་ཡིས།། རོལ་པའི་ཚོགས་ལ་བཀའ་སྩལ་པ།། སྤྱན་རས་གཟིགས་དབང་ལྷུན་གྲུབ་པ། ། མཎྜལ་ཚད་དང་ལྡན་པར་བྱ།། ཐིག་བཞི་གདབ་པའི་ལིང་ཚེ་དགུ།། དབུས་སུ་གྲུ་གསུམ་བསྐོར་བར་བྱ།། གཏིང་ཁུང་གྲུ་གང་ཁ་ཁྱེར་ལ།། མཁྱུད་གང་ཁ་དོག་མཛེས་པར་བྲི།། ལེའུ་ཚེ་བརྒྱད་ལ་ཚོན་རྩི་ལྔ། ། དབུས་སུ་མཐིང་ག་ལེའུ་ཚེར་བཅས།། རྒྱན་དང་གདུགས་ལ་སོགས་པ་དང།། མཚན་དང་ལྡན་པའི་ཡམ་ཤིང་ལ།། དཔལ་དང་ལྡན་པའི་བྷན་དྷ་རྣམས།། ཨེ་ཡི་དབུས་སུ་རྫས་དགྲམ་པ།། འདི་རྣམས་བསྒྲུབ་པའི་རྒྱུ་རུ་གསུངས། ། དེ་མ་ཐག་ཏུ་སྤྱན་རས་གཟིགས།། ཐེ་ཚོམ་སྐྱེས་ནས་ཞུས་པའི་ཚིག། གར་དབང་ལྷ་མཆོག་རོལ་པའི་ཚོགས།། མཆོད་སྦྱིན་བསྲེག་པའི་ལས་ཚུལ་གང།། རྫས་རྣམས་དགོད་པའི་རིམ་པ་གང། ། བསྙེན་བསྒྲུབ་མཐར་ཕྱིན་ཕྲིན་ལས་གང།། གར་དབང་ལྷ་ཡིས་བཀའ་སྩལ་པ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཆགས་པར་གྱུར་པའི་སེམས་ཅན་ལ།། དབང་དུ་བྱ་བ་སྦྱར་བར་གསུངས།། ཟླ་མཚན་ཅན་ནམ་ཆུ་གླིང་དུ། ། སྡོང་གཅིག་མ་ཡི་གཟུངས་མ་གཟུང།། པདྨ་དབང་ཆེན་སྐུར་བསྒོམས་ཏེ།། ཟླ་གམ་དམར་པོའི་དཀྱིལ་འཁོར་ལ།། འོད་ཟེར་འཕྲོས་པའི་མདའ་གཞུས་བརྒྱན།། དམར་སྨུག་ཁྲོས་པའི་ལྷ་མཆོག་རྣམས། ། རྡོ་རྗེ་དབྱུག་པས་རབ་དྲངས་ཏེ།། དགའ་ཆགས་ཡིད་ཀྱིས་མཆོད་སྦྱིན་བྱ།། གར་གྱི་དབང་ཕྱུག་ཆེན་པོ་ལ།། བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས།། མཆོད་ཅིང་བསྲེག་པའི་ལས་བྱའོ།། ཧཱུཾ། སྐྱེ་མེད་བློ་ལྡན་བྱང་ཆུབ་སེམས་ཀྱི་རྫས། ། མེ་ལོང་ཡེ་ཤེས་དག་པར་རབ་སྦྱངས་ཏེ།། དུས་གསུམ་རྒྱལ་བའི་སྐུ་ལ་མཆོད་པ་འབུལ།། ཧཱུཾ། སྐྱེ་མེད་བློ་ལྡན་དྲི་མེད་གསང་བའི་ཆུ།། མཉམ་ཉིད་ཡེ་ཤེས་གསལ་བར་རབ་སྦྱངས་ཏེ། ། དུས་གསུམ་རྒྱལ་བའི་སྐུ་ལ་མཆོད་པ་འབུལ།། ཧཱུཾ། སྐྱེ་མེད་བློ་ལྡན་རཀྟ་གསང་བའི་རྫས།། རྟོགས་པའི་ཡེ་ཤེས་ཆེན་པོར་རབ་སྦྱངས་ཏེ།། དུས་གསུམ་རྒྱལ་བའི་གསུང་ལ་མཆོད་པ་འབུལ།། ཧཱུཾ། སྐྱེ་མེད་བློ་ལྡན་མཱཾ་ས་རིན་པོ་ཆེ། ། འགྲོ་བ་ཀུན་གྱི་རེ་འདོད་སྐོང་བ་སྟེ།། ཆོས་དབྱིངས་ཡེ་ཤེས་དག་པས་རབ་སྦྱངས་ཏེ།། དུས་གསུམ་རྒྱལ་བའི་སྐུ་ལ་མཆོད་པ་འབུལ།། ཧཱུཾ། སྐྱེ་མེད་བློ་ལྡན་སྐྱེ་མེད་ཟག་པའི་ཆུ། ། སྐྱེ་ཤི་འདུ་འབྲལ་མེད་པར་གྲོགས་ཀྱིས་བཟུང།། ནན་ཏན་ཡེ་ཤེས་དག་པར་རབ་སྦྱངས་ཏེ།། ཕྲིན་ལས་རླབས་ཀྱི་འགྲོ་དྲུག་སྒྲོལ་བར་མཛད།། གདུག་པའི་ཚོགས་ཀུན་འཇོམས་ལ་མཆོད་པ་འབུལ།། དེ་ནས་རྫས་མཆོག་བསྟེན་པའི་ཕྱིར། ། རྡོ་རྗེ་ཆུ་ནི་གཟི་ལྡན་ནོ།། ཟིལ་མངར་ལྷོ་ཡི་ཕྱོགས་སུ་སྟེ།། ཤ་ཆེན་ནུབ་ཀྱི་ཕྱོགས་སུ་དབུལ།། དྲི་ལ་སོགས་པ་བྱང་དུ་དགོད།། ཤ་ཁྲག་གཏོར་མ་ལ་སོགས་ཀུན།། ཕོ་ཉ་རིམ་པ་བཞིན་དུ་དགོད། ། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། བསྒོམ་དང་བསྙེན་དང་བསྒྲུབ་པ་དང།། འཛབ་ལ་སོགས་པ་མ་རྫོགས་ཚེ།། བཅུ་གཅིག་ཕྲིན་ལས་གཞུང་བཞིན་མཛད།། བསྙཻན་པ་བཞི་ཁྲི་རྫོགས་པ་དང།། དཔལ་དང་མ་མོ་མཆོད་པའི་ཕྱིར། ། སྦྱིན་སྲེག་གཞུང་བཞིན་བརྩོན་པར་བྱ།། དབང་དུ་བསྡུས་ནས་དབྱིངས་སུ་རོལ།། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། སྦྱིན་སྲེག་གི་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ། །།། དེ་མ་ཐག་ཏུ་གར་དབང་ལྷུན་མཆོག་གིས།། ཐུགས་རྗེའི་སྟོབས་ཀྱི་ཕྲིན་ལས་འདི་གསུངས་སོ།། ཐུགས་རྗེའི་ཕྲིན་ལས་རྨད་པོ་ཆེ།། སྔོན་གྱི་ལས་དབང་དྲག་པོ་དང།། གཟུང་དང་འཛིན་པའི་རྣམ་རྟོག་གིས། ། ལན་ཅིག་ལྡང་བའི་བག་ཆགས་མནན།། ཨོཾ་ནཱ་ག་སྟྭམྦྷ་ནི། ནཱ་ཤ་སྟྭམྦྷ་ནི། ཡཀྵ་སུཾ་བྷ། ཡཀྵ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ། གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བིརྱཱ་རཱ་ཛ་ཧཱུཾ་ཕཊ། མཚུངས་མེད་ཆེ་བའི་ཁྱད་པར་རབ་སྟོན་ཕྱིར།། ང་རྒྱལ་མཐུ་བསྙེམས་བདུད་ཀྱི་དཔུང་བཅོམ་ནས།། འཇིག་རྟེན་འདས་པའི་དེ་བ་ཆེན་པོ་བརྒྱད།། ཆེ་བའི་རྟགས་དང་ལྡན་པ་དབང་ཕྱུག་ཡང་ཆེ་གནོན། ། ཞབས་བརྒྱད་ཏིང་འཛིན་བརྒྱད་ཀྱི་ཆས་ལྡན་པས།། བཀའ་དང་དམ་ཚིག་གནས་པར་བྱ་བའི་ཕྱིར།། སྙིང་གར་མཁྲིག་མ་ནུབ་ཅིང་སྒལ་ཚིགས་འཇོམས།། ཉོན་མོངས་ཉམ་ཐག་འབོད་སྒྲོག་དི་རི་རི།། ཧཱུཾ་ཀཱར་པྲ་བེ་ཤ་ཡ་ཕཊ་ནན། ནཱི་ལ་དཎྜ་པྲ་བེ་ཤ་ཡ་ཕཊ་ནན། ཡ་མཱནྟ་ཀ་པྲ་བེ་ཤ་ཕཊ་ནན། ཨཱརྱ་ཨ་ཙ་ལ་པྲ་བེ་ཤ་ཕཊ་ནན། ཊཱཀྐི་རཱ་ཛ་པྲ་བེ་ཤ་ཕཊ་ནན། ཨ་མྲྀཏ་ཀུཎྜ་ལི་པྲ་བེ་ཤ་ཕཊ་ནན། མ་ཧཱ་བ་ལ་པྲ་བེ་ཤ་ཕཊ་ནན། པདྨ་ཀུནྡ་ལི་པྲ་བེ་ཤ་ཕཊ་ནན། ཕྱག་རྒྱ་ཆེན་པོའི་སྐུར་བསྒོམས་ནས།། གཟིར་གནོན་དྲག་པོའི་ལས་བྱས་པས།། སྡུག་བསྔལ་ཆུ་བོའི་རྒྱུན་བསྐམས་པས།། སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀས།། ཞི་བས་ཐམས་ཅད་ཚིམ་པར་མཛད། ། རྒྱས་པས་མ་ལུས་མངོན་སངས་རྒྱས།། དབང་གིས་དབང་དུ་མ་འདུས་མེད།། མངོན་སྤྱོད་བྱིན་རླབས་རྨད་པོ་ཆེ།། གསད་ཅིང་གནན་དང་སྤར་བར་མཛོད།། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གཟིར་གནོན་དྲག་པོའི་མཛད་པའི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ།།།། སྤྱན་རས་གཟིགས་ཀྱིས་དེ་ལྟར་མནན་ཅིང་གཟིར་བས། དོན་ནི་དབྱིངས་དང་ཡེ་ཤེས་ཏེ། ། རྟགས་ནི་ཐབས་དང་ཤེས་རབ་བོ།། མི་དམིགས་ངང་དུ་ཐིམ་པས་ན།། དེ་བས་ང་སྔོན་སངས་རྒྱས།། ད་ལྟར་རྒྱུད་འདི་བཤད་དུས།། ཚིག་ཏུ་བརྗོད་པ་མེད་དོ།། ཕྱི་མའི་རྣལ་འབྱོར་རྣམས་ལའང། ། ལྷུན་གྱིས་གྲུབ་པར་སངས་རྒྱས།། དེ་དོན་སྣང་བར་གྱིས་ཤིག། འདི་ལྟའི་རྒྱུད་འདི་གཏད་ཀྱིས།། ཕྱག་རྒྱ་ཆེན་པོའི་བྱིན་རློབས།། སྤྱན་རས་གཟིགས་ཀྱི་དབང་ཕྱུག། གསུང་དུ་ཡོངས་སུ་སྒྲོགས་ཤིག། དེ་སྐད་ཅེས་བཀའ་སྩལ་པས། ། པདྨ་དབང་ཆེན་གར་གྱི་དབང་ཕྱུག་ལྷ། གསང་སྔགས་འདིའི་མཚན་གྱི་ཁྱད་པར་གང་ལགས། ཅི་ལྟར་བསྒྲག་པར་བགྱི་ཞེས་གསོལ་པ་དང། གར་དབང་ལྷ་མཆོག་གིས་བཀའ་སྩལ་པ། རྒྱུད་འདིའི་མིང་ནི། དབང་རྒྱས་རྟ་མཆོག་རོལ་པ་ཞེས་བྱ་བར་ཟུང་ཞིག། གསུང་རབ་རྒྱ་མཚོའི་བཅུད་ཀྱི་ཉིང་ཁུ་ཞེས་བྱ་བར་ཡང་ཟུང་ཞིག། དོན་དམ་གསང་སྦས་དབང་ཕྱུག་རྒྱལ་བའི་བཀའ་ཞེས་བྱ་བར་ཟུང་ཞིག། དེ་སྐད་ཅེས་གསུངས་སོ།། དེ་ནས་རོལ་པའི་འཁོར་ཚོགས་དང། མ་འོངས་པ་རྣམས་ཀྱི་ལམ་ཆེན་པོར་གྱུར་ཏོ།། བསྐྱེད་པའི་ཡུམ་དུ་གྱུར་ཏོ།། བཞུགས་པའི་གཞལ་ཡས་ཁང་དུ་གྱུར་ཏོ།། པདྨ་གར་གྱི་དབང་ཕྱུག་ཆེན་པོ་ཅི་ཡང་མི་གསུང་བར་གྱུར་ཏོ། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་ཅུ་ཐམ་པའོ།།།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ཆེན་པོ་རྫོགས་སོ། །།། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།།།
CLOSE WINDOW