CLOSE WINDOW

Gpb021.002: འཇམ་དཔལ་གཤིན་རྗེ་འཁྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད
Wylie

རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཡ་མ་ཡནྟྲ་ཀཱ་ལ་བིཙྪ་ཧྲྀ་ད་ཡ་ཀཱིརྞ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་འཁྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་འཇིགས་བྱེད་ཆེན་པོ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང། མཐའ་དབུས་མེད་པའི་ཕོ་བྲང་ན། རྒྱ་ཡོངས་སུ་མ་ཆད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས། སངས་རྒྱས་ཀུན་གྱི་རང་བཞིན་ཆོས་ཉིད་ཅི་ཡང་མ་ཡིན་པ་ཞེས་བྱ་བ་མཉམ་པ་ཆེན་པོའི་ངང་ལ་སྙོམས་པར་ཞུགས་སོ། ། དེ་ཉིད་མ་བསྒྲིབས་ཀྱི་དབྱིངས་ལ་གནས་པའི་ཡེ་ཤེས་དང། ས་དང་ལམ་ལ་གནས་པ་རྣམས་དང། ལྷ་དང་མཁའ་འགྲོ་རིག་པ་འཛིན་པ་རྣམས་དང། འཇིག་རྟེན་ལས་འདས་པའི་ཡེ་ཤེས་པ་དང། འཇིག་རྟེན་དྲེགས་པའི་གཙོ་བོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་དེའི་དུས་ན་འཁོར་དེ་དག་གི་ནང་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཧོ།། སངས་རྒྱས་ཀུན་གྱི་རང་བཞིན་རྡོ་རྗེ་འཆང།། ཆོས་སྐུ་ཐུགས་རྗེ་ཆེན་པོས་ཀུན་ཁྱབ་ཀྱང།། མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར།། མི་རྟོག་དབྱིངས་ལས་རྫོགས་པའི་སྐུར་བཞེངས་ལ། ། མཉམ་པའི་ངང་ལས་འགྲོ་བའི་དོན་མཛོད་ཅིག། ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཉིད་མི་རྟོག་པའི་དབྱིངས་ལས་རོལ་པ་ཆེན་པོའི་ཐུགས་རྗེའི་ཆགས་པས་སྐུར་བཞེངས་ཏེ། དྲེགས་པ་ཅན་དབང་དུ་བསྡུ་ཞིང་འདུལ་བའི་ཕྱིར། ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྐུར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་སྔགས་འདི་དག་ཆེད་དུ་གསུངས་སོ།། ཨྱེ་ཨྱེ་ཨྱེ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ། ཀཱ་ལ་རཱུ་པ། ཀ་པ་ཡེ། ཧྲི་སྟི། ཨ་པ་ཡེ། ཨ་ཨ་ནེ། ཨ་ནེ། ཨུ་ཨུ་ནེ། ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨཱི། ཨུ་ཨེ། ཨོ་ཨཾ། ར་རཱི། ལ་ལཱི། དུ་དུ་ཡེ། བྱ་ཙ་ཡེ། སིདྷ་ཡེ། ཧྲི་ད་ཡེ། བྷི་ད་ཡེ། ཙིཏྟ་ལེ། ཧ་ལ་ཡེ། མུ་ཁ་ཡེ། ཨཱུ་ཨཱུ་ནེ། ཨཱུ་ཨཱུ་ནེ། བྱི་ཀྲི་ཏ། ཨཱ་ཨཱ། ནཱ་ནཱ། ཡ་མ་ར་ཙ། ཡ་མ་ར་ག་ཨ།། ཡ་མ་རཀྵ། བེ་ཏཱ་ལི་ཀྲོ་དྷཱི་རཱི། མ་མ་ཨེ་ཀ་ཛ་ཏི། དེ་མ་ཁ་ལ་བམ་རིལ། རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་ཏ། ཡ་མ་ཀརྨ་རོ་ཥ་ན་ཀྲོ་དྷ་ཙནྡྷ། རག་ཤ་མོན་ཏ། ཨ་མུ་ཀ་མྱགས་ཐུཾ་རིལ་ཏྲིག་ནན། སྦུར་ཡ་ནན། ཨེ་ཧུར་ཐུཾ་ཛ། ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་གསུངས་པས་ནམ་མཁའ་ཉིད་གྲུ་གསུམ་མཐིང་ནག་ཏུ་གྱུར་ཏོ།། རླུང་རྡོ་རྗེ་རྒྱ་གྲམ་ཕྱོགས་བཅུར་འཐོར་རོ། ། རཀྟའི་རྒྱ་མཚོ་འཁྲུག་གོ། འཇིག་རྟེན་གྱི་ཁམས་ཐམས་ཅད་འུར་འུར་དང་ཆེམ་ཆེམ་དང་རབ་ཏུ་འགུལ་ལྡེག་གོ། དེའི་ཚེའི་དེའི་དུས་ན་འཁོར་ཐམས་ཅད་བརྒྱལ་ཏེ། ལུས་ས་ལ་རྡེབས་ཤིང་དྲན་པའི་དབང་པོ་ཉམས་སོ། ། དེ་ནས་ཡང་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་མ་ཧོ།། འཇིགས་བྱེད་ཆེན་པོ་ལགས།། མཉམ་པའི་ངང་ལས་འཇིགས་པའི་སྐུར་ཁྲོས་ཏེ།། གསང་སྔགས་གསུང་གི་ངོ་བོ་ཆེད་དུ་གསུང། ། འཇིག་རྟེན་ཁམས་རྣམས་རབ་ཏུ་ཆེར་གཡོས་ཏེ།། འཁོར་ཚོགས་འདུས་པའི་སྲོག་དང་བྲལ་དུ་ཉེ།། ཐུགས་རྗེ་ཉི་མ་ལྟ་བུར་དབུགས་དབྱུང་ཕྱུང།། དཀྱིལ་འཁོར་ཆེན་པོ་བསྐྲུན་པར་ཕྲིན་ལས་བསྒོ།། ཞེས་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་ནས། འཁོར་ཐམས་ཅད་བརྒྱལ་བ་ལས་ལངས་ཏེ།། བཅོམ་ལྡན་འདས་ལ་འདུན་པ་སྐྱེས་ཏེ། སྐད་ཅིག་མས་ལྷག་སྟེ་[[]ལྷགས་ཏེ་[]]རང་རང་གི་སྙིང་པོ་མཐུ་རྩལ་དྲན་ནས་ཕུལ་ཏེ་སྐུ་ལ་འཁྲིལ་བར་གྱུར་ཏོ། ། དཔལ་སྡིག་པ་སྙིང་འཛིངས་འཁྲུལ་འཁོར་ནག་པོ་གསང་བའི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་ཧོ།། སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། ལྔ་བརྒྱའི་ཐ་མ་སྙིགས་མའི་དུས་ཀྱི་ཚེ།། འཆི་བདག་བདུད་ཀྱི་གཤིན་རྗེ་ཁོགས་ནས་འཁྲུག། མཚམས་མེད་ལྔ་ཡི་ལས་རྣམས་འདུན་སྤྱོད་པ། ། དགའ་རབ་དབང་ཕྱུག་བདུད་ཀྱི་སྤྲུལ་པ་འགྱེད།། རང་དང་འདྲ་བའི་ཚུལ་འཛིན་བན་འདྲ་ཡིས།། ཕྱི་རོལ་ལ་སོགས་སྔགས་དང་དུག་བླངས་འཚལ།། དེ་དུས་གཟེར་ཐུན་ནག་པོ་དམོད་པའི་མཆོག། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པའི།། ལས་ཀྱི་འཁྲུལ་འཁོར་ནག་པོ་བཤད་པར་མཛོད།། ཅེས་གསོལ་པས།། དེ་ནས་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཐམས་ཅད་འབྱུང་ཞིང་ལས་ཀྱི་གཟེར་ཐུན་དྲག་པོ་རྒྱས་པར་བྱ་བའི་ཕྱིར། བཙུན་མོ་ཆོས་ཀྱི་དབྱིངས་ཀྱི་བྷ་ག་ལ་སྙོམས་པ་ཞུགས་ཏེ་ཡེ་ཤེས་བཞི་དང་སྐུ་གསུང་ཐུགས་ལས། ཡ་མ་རཱ་ཛ་དང། མྱོས་བྱེད་འབར་བ་དང། ཨཱརྱ་དམར་པོ་དང། རལ་པ་ཚར་དགུ་དང་བཞི་མངོན་དུ་ཕྱུང་སྟེ། དེ་ཉིད་དྲེགས་པ་འདུལ་ཞིང་ཟིལ་གྱིས་གནན་པའི་ཕྱིར། ཡ་མ་རཱ་ཙ་དང། ཕྱག་ན་རྡོ་རྗེ་དང། རུས་སྦལ་མི་ཟན་དང། ཡེ་ཤེས་བྱ་ཁྱུང་དང་བཞིར་གྱུར་ཏོ།། འབྱུང་བའི་ངོ་བོར་འཛིན་པ་ཉིད་དག་ནས། དྭངས་མ་ཡེ་ཤེས་ཆེན་པོ་བཞིར་གྲོལ་ཏེ། ཕྱག་རྒྱའི་སྐུ་ལ་རྫོགས་པར་གྱུར་ཏོ།། སྤྲུལ་པ་རྣམ་པ་གསུམ་སྟེ། སྐུའི་སྤྲུལ་པ་འཆི་བདག། གསུང་གི་སྤྲུལ་པ་སྲོག་བདག་ཐུགས་ཀྱི་སྤྲུལ་པ་ཚེ་བདག་སྟེ། གདུག་པ་ཅན་འདུལ་བར་གྱུར་ཏོ།། གཤེད་ཆེན་པོ་བཞི་ལས། ལས་ཀྱི་མོན་པ་བཞིར་སྤྲུལ་ཏེ། ཕོ་གཤེད་སུམ་བརྒྱ་དྲུག་ཅུས་ཕུང་པོ་ལ་དབང་བསྒྱུར་རོ།། མོ་གཤེད་བདུད་མོ་བཞིས་མོ་གཤེད་སུམ་བརྒྱ་དྲུག་ཅུས་འབྱུང་བ་ལ་དབང་བསྒྱུར་རོ། ། དེ་ལྟར་གཤིན་རྗེ་བདུན་བརྒྱ་ལ་སོགས་པ། འཇིག་རྟེན་པའི་དྲེགས་པ་ཅན་ཐམས་ཅད་ཀྱིས་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཡ་མཱནྟ་ཀ་ལ་ཡོངས་སུ་བསྐོར་ཏེ། རོལ་པ་ཆེན་པོ་ལས་ཀྱི་དཀྱིལ་འཁོར་དུ་འཁོད་པར་གྱུར་ཏེ་བཞུགས་སོ།། དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་ཀྱིས་འཁོར་རྣམས་འདི་སྐད་ཅེས་གསུངས་སོ།། སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ།། ཐིག་ལེ་ཉག་གཅིག་སྤྲོས་དང་བྲལ། ། སྐྱེ་མེད་རྣམ་དག་བདེ་ཆེན་སྐུ།། འགག་མེད་བདེ་ཆེན་ཀློང་གདལ་བའི།། བརྡ་དང་བྲལ་བའི་ཆོས་ཉིད་ལ།། ཆགས་དང་བྲལ་གྱིས་གྲུབ་པའོ།། ཞེན་ཆགས་བཟུང་འཛིན་རྟོག་དཔྱོད་འདས། ། གཉིས་མེད་དོན་དམ་ཆོས་ཀྱི་སྐུ།། རྒྱུ་དང་རྐྱེན་ལས་སྒྲུབ་པ་མེད།། ཀུན་གྱི་རང་བཞིན་དངོས་མེད་པ།། ཡོན་ཏན་མ་ལུས་ཀུན་འབྱུང་བའི།། དེ་ཉིད་རྟོག་མེད་བརྗོད་དང་བྲལ།། དུག་ལྔ་ཡེ་ཤེས་ལྔ་ཡི་སྐུ། ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཉིད།། སྟོང་པ་ཆེན་པོའི་ངང་ཉིད་ལས།། རང་སྣང་རོལ་པའི་ཕྱག་རྒྱར་གསལ།། ལས་དང་སྦྱོར་བ་དུ་མ་ཀུན།། སྒྱུ་མ་ལྷུན་གྲུབ་རོལ་པར་བཤད།། འདི་དག་བདེ་དང་སྨིན་བྱེད་པའི། ། རོལ་པ་ཆེན་པོའི་འཁོར་ལོ་ཡིན།། སྡིག་པ་སྙིང་འཛིངས་འཁྲུལ་འཁོར་ནག་པོའི་གསང་རྒྱུད་ལས། ལས་ཀྱི་འཁྲུལ་འཁོར་བཤད་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། རང་གཤེད་རང་ལ་དབབ་པའི་ཕྱིར། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པའི། འཁྲུལ་འཁོར་དཀྱིལ་འཁོར་ཆེན་པོའི་བཅའ་ཐབས་འདི་གསུངས་སོ།། སྟོབས་ཆེན་ནག་པོའི་རྫས་བཟློག་དག། ཕུང་ཤུལ་མི་བསད་ཡུལ་བཀྱེས་ས། ། དུར་ཁྲོད་རོ་ཡི་ས་དག་ལ།། རོ་བསྲེག་རྡོ་དང་སོལ་བ་དང།། གྲི་ལྕགས་དཔའ་བོ་གཡུལ་བསད་ཁྲག། ར་དུག་རེའུ་ལྕག་ཨ་ཤོ་ནག། གྲོག་མཁར་ས་སྦྱིན་ཁྲོ་ཤུག་ནག། ཤོག་འདམ་མཆེ་ཆུ་སྦྱར་ཏེ་བརྩེག། ནག་པོ་ཁྲུ་གང་བང་རིམ་བཞི།། ཡོངས་རྫོགས་སྟོབས་ཆེན་མི་འགྱུར་གནད།། གདན་ལ་རུས་སྦལ་གླང་ཆེན་འདེགས།། བར་ལ་རིགས་བཞི་སྤྲུལ་གྱིས་འདེགས།། བང་རིམ་བཞི་ལ་སྟག་དང་གཟིག། གསུམ་པ་སེང་གེ་ཆུ་སྲིན་ནོ།། འཁོར་ལོ་འབྲུག་གིས་འདེགས་པ་ལ།། ཆར་ཁེབས་མཁའ་ལྡིང་རོ་ཉེ་ཟ།། རང་རང་ཁ་དོག་ལྡན་པ་སྟེ།། མཁས་པས་བཀོད་པས་སྟོབས་ཆེན་གནད།། བང་རིམ་ཕྱོགས་ཀུན་དྲག་པོའི་སྒོ། ། ཡོངས་སུ་རྫོགས་པའི་ལྟོ་རུ་བཅའ།། གྲི་མདའ་སྨྱུག་རྒོད་ཁྲག་ཚན་ལྡན།། སྲོག་ཤིང་ཟིལ་གནོན་སྐུ་རུ་ཤར།། བང་རིམ་དང་པོ་ཟུར་བཞི་ལ།། སྲིན་པོ་ཡ་མ་རཱ་ཙ་དང།། གཤིན་རྗེ་མྱོས་བྱེད་འབར་བ་དང། ། བདུད་པོ་ཨཱརྱ་མ་རུ་ཙེ།། གནོད་སྦྱིན་རལ་པ་ཚར་དགུ་དགོད།། བང་རིམ་གཉིས་པར་སྲོག་གི་གཤེད།། དུང་ལྕགས་བསེ་དང་གསེར་གྱི་མོན།། གསུམ་པ་ཕྱི་ཡི་གཤེད་བཞིའོ།། ཐ་མར་འཆི་བདག་བཅུ་གཉིས་དགོད། ། དཀར་པོ་སྙིང་འབྱིན་མགོན་པོ་ནག། ཡབ་རྗེ་ནག་པོ་སྐུ་མདོག་དམར།། དྲག་པོ་སྒོ་བཞི་དག་ལ་དགོད།། ལྷར་གསལ་སྟོང་གསུམ་ཟིལ་གནོན་སྒྲོལ།། སངས་རྒྱས་ཐུགས་རྗེ་སྟོབས་དཔག་མེད། ། བཀའ་རྟེན་བྱིན་རླབས་ཡུན་དུ་གནས།། བང་རིམ་དག་གི་བར་བར་དུ།། ཕས་ཀྱི་ལྷ་དང་གནོད་བྱེད་མནན།། གང་བསྒྲུབ་ལས་རྣམས་འགྲུབ་པར་འགྱུར།། སྟོབས་དང་ལྡན་པའི་སྔགས་པའམ།། རྡོ་རྗེ་ནང་དམེ་དྲག་པོ་ཡིས། ། གནམ་ལྕགས་ཨུར་མོ་ནང་འགྲས་ན།། རྒྱ་མཚོའི་གཏིང་དུ་ནཱ་ག་བདུད།། མུན་པའི་དམག་སྡུད་འཁོར་ལོ་བཅའ།། རི་རབ་བརྩེ་ལ་གནམ་ལྕགས་དག། ཨུར་མོ་སོ་བརྡར་འཁོར་ལོ་བཅའ། ། རི་ཐང་མཚམས་སུ་ཞེ་སྡང་ཅན། ཁྲོས་པ་གཞུ་བཅག་འཁོར་ལོ་བཅའ།། ནམ་མཁའ་མཐིང་གི་བྱ་ར་ལ།། སྦྱོར་བ་བཤིག་པའི་མཚོན་ཆ་དབབ།། ཡ་བག་ཤ་ཡི་ལས་ཡིན་པས།། མེ་དང་མི་སྲུན་གང་ཟག་གིས། ། སྤྱད་ཀྱང་རང་ལ་གཅོད་པར་འགྱུར།། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་ནག་པོའི་གསང་བའི་རྒྱུད་ལས། སྟོབས་ཆེན་གྱད་གནོན་མཆོད་རྟེན་ཡོངས་རྫོགས་ཀྱི་ལེའུ་སྟེ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་རང་གཤེད་རང་ལ་དབབ་པའི་ལས། ལས་ཀྱིས་འཁྲུལ་འཁོར་སྙིང་ལ་བསྐོར་བ་འདི་གསུངས་སོ།། སྐུ་རྟེན་ཡོངས་སུ་རྫོགས་པའི་ལྟོ་བ་རུ།། མནྜལ་མཐིང་ནག་གྲུ་གསུམ་དག། ཕུང་ས་གསུམ་དང་དུག་ཁྲག་སྤྲུ།། བང་རིམ་གསུམ་ལ་ཁ་ཁྱེར་རྩང།། དུག་དང་སོལ་བས་ནག་པོར་བྱུག། དཔའ་བརྟུལ་ཅན་གྱི་སྔགས་པ་ཡིས།། ཞིང་ལྤགས་དག་གམ་རོ་རས་ལ།། རྣོ་མྱུར་གདུག་བྱེད་ཕག་མོའི་ལྟོར། ། སྲིད་པའི་ཁྱམས་ཁང་སྲོག་སྙིང་སྡུད། ཁྱམས་ཁང་ལྷོ་རུ་མནན་པ་གཞུག། སྙིང་གར་མཚོན་ཆའི་འཁོར་ལོ་བཅའ།། རྒྱ་གྲམ་དག་ལ་རྩ་བའི་སྔགས།། ཡང་ལོགས་བཅུ་བཞི་སྤུ་གྲིས་སོ། ། རྩ་བ་སྤུ་གྲིའི་བར་ན་ཁྱམས།། བསྟེན་པ་བདུད་དུ་འབེབས་པའི་འབྲུ།། མིང་རུས་ཁམས་བཅས་ཟ་ཁ་དབབ།། རུས་སྦལ་ལྟོ་བའི་ཕྱོགས་མཚམས་ལ།། བཅུ་གཉིས་ནང་བསྟན་ཕག་མོའི་འབྲུ།། འཁྲུལ་མིག་ཁྱམས་ཁང་མིང་རུས་བྲི། ཁ་སྦྱར་དུག་དང་ཁྲག་གིས་བྱུག། སྨེ་བའི་རྫས་བྱུག་ཛ་རིལ་གཞུག། རྒྱུ་རྐྱེན་དྲུག་ལ་ལིངྒ་བྲི།། རང་རྒྱུད་རྩ་བའི་འཁོར་ལོ་དག། དམར་ནག་ཡ་ཡི་དབུས་ན་མ།། མ་ཡི་གང་ན་སྲོག་སྙིང་ནརྀ། ། མེ་ཆུ་ལས་ཀྱི་འཁྲུག་ཅིང་སྐྱོམ།། སྙིང་གི་རྩ་བཞི་དྭངས་མ་ལ།། ཞེ་སྡང་སྡིག་པ་ནག་པོ་གནས།། ལུས་ལ་དམར་ལེན་ཡིན་འབྲུ་གནས།། རུ་འཛིངས་འབྲུ་བརྒྱད་བསྣོལ་མར་གནས།། རྩ་མདུད་རང་གཤེད་འབྲུ་ཡིས་འཇོམས། ། དྭངས་མ་བཞི་ཡི་ས་རེ་ལ།། ཆོས་ཉིད་རྩ་ལ་ཨེ་དང་མྱགས།། ས་ཡི་དྭངས་མ་མེ་ལ་སྡུད།། ཡོན་ཏན་རྩ་ལ་ཡ་དང་རྔུབས།། མེ་ཡི་དྭངས་མ་ཆུ་ལ་སྡུད།། ཡེ་ཤེས་རྩ་ལ་མུག་དང་ཤག། ཆུ་ཡི་དྭངས་མ་རླུང་ལ་སྡུད། ། རང་རྒྱུད་རྩ་ལ་ཀ་དང་དུན།། དྭངས་མ་སྡུད་ཅིང་ནད་གཞི་རྒྱས།། རླུང་གི་རྣམ་ཤེས་དྭངས་མ་འདེགས།། དེ་བསྐུལ་དེ་འོད་དེ་མཚོན་ལས།། དེ་བཅད་དེ་ཉིད་བསྲེག་ཤིང་འཇོམས།། མདུད་པ་བཞི་ལ་མཚོན་ཆའི་འབྲུ། ། བདུན་གཉིས་དྲུག་གཉིས་བསྣོལ་མར་གནས།། ལས་ཀྱི་མེ་ཆུས་འཁྲུག་ཅིང་སྐྱོམ།། རང་བདུད་རང་གི་རྒྱུད་ལ་ལྡང།། མཚོན་ཆས་རང་སྲོག་རང་གིས་གཅོད།། སྙིང་ལ་གནས་པའི་ཚེ་བདག་གིས། ། རྩ་རྣམས་གཅོད་ཅིང་སྲོག་རྟེན་འཇོམས།། དེ་ནས་བཅོམ་ལྡན་འདས་ཀྱིས་རང་གཤེད་འཁྲུལ་འཁོར་གསང་བའི་ཡང་སྙིང་འདི་གསུངས་སོ།། ཨེ་མྱགས་ཡ་རྔུབས། མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ནརྀ་ཧུར་ཐུཾ་ཛ། རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་ཙཏྟི་བྲེང་ཤག་ཛ། སྲོག་ལ་ཧུར་ཐུམ་རྦད། དུན་ཀ་ཤག་མུགས། རྔུབས་ཡ་མྱགས་ཨེ། ཤག་རཾ་རིལ་ཐུཾ། སྙིང་ཁྲག་རྩ་རྦུད། ཐུཾ་རིལ་དགྲ་བོ་ཛ། ཐུམས་ཧུར་ལ་སྲོག་རྦད་ཤག་བྲེང་ཙིཏྟ་དགྲ་བོ་ཛ། ཨེ་ཡ་ཤག་མྱགས་དུན་རྔུབས་ཀ་མུག་སྲོག་ཐུམས་རིལ་ཏྲི་ནརྀ་ཧུར་ཐུམས་ཛ། ཐུམས་ཁྲག་སྙིང་རྩ་རཾ་ཡང་ལ་ཐུན་ཤག་རྦད། དགྲ་བོའི་སྲོག་ལ་བྲེང་ཐུཾ་ཙིཏྟ་ཤག་ཧུར་ཛ་ལ་རྦད། རྣལ་མ་བཟློག་དང་ལྟོ་བ་དཀྲུག། བསྒྲུབ་དང་སྤོགས་དང་ཤི་ས་ཡི།། ཡི་ཆད་རང་དབང་མེད་པར་འཕོ།། འཁོར་ལོ་མཁས་པས་གདུག་པར་གཏད།། ནམ་མཁའ་བར་སྣང་ས་གཞི་ལ།། མནན་པའི་ལས་ཀུན་རྫོགས་པར་བྱ། ། ཞེས་གསུངས་སོ།། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་གསང་བའི་རྒྱུད་ལས།། རང་གཤེད་འཁོར་ལོ་སྙིང་ལ་བསྐོར་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། རང་གཤེད་རང་ལ་དབབ་པ་དྲག་པོ་ཐུན་གྱི་ལས་འདི་གསུངས་སོ།། གནད་ཀྱི་གསང་ཐུན་ལས་ཀྱི་མཚོན།། བསྐྱོད་པ་ཁ་གསོ་ལས་ཀྱི་གཅོད།། གྲི་རྒོད་ཐོད་པ་མོན་ནམ་མནོལ། ཁྱི་དང་སྤྱང་ཀི་ཝ་ཡི་ཁྲག། ཐལ་ཆེན་མནོལ་ཁྲག་བདུད་མདའ་གསུམ།། ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་སྦྱར།། གྲི་རྒོད་ཁྲག་དང་དུག་རྒོད་དང།། ཚ་བ་གསུམ་དང་ཡུགས་སའི་ཁྲག། གྲི་ལྕགས་ཕུར་པ་དུང་ཆེན་གཟིར། ། བཅས་པ་འཁོར་ལོ་ཐུན་དང་སྤེལ།། འཁོར་ལོ་གཏད་ནས་ཟོར་ཁ་གསོ།། ཉ་སྟོང་དུས་སུ་ཡུལ་ལ་བྲབ།། མོན་ཐོད་ནང་དུ་བརྣག་པ་གཞུག། ལྷ་གསལ་ཞལ་ནས་དུག་རླངས་འཕྲོ།། ནད་དང་མཚོན་ཆ་ཆར་དུ་དབབ། ། དུག་གི་ན་བུན་ཁོང་དུ་སྐྱེལ།། ནད་ཁྲག་རྒྱས་ནས་རྩ་མདུད་ཆད།། འགྱུར་བ་མེད་པའི་ལས་སུ་གསུངས།། དགྲ་བོའི་སྲོག་ལ་ཐུམས་རིལ་རྦད་བྷྱོ།། ཨ་མུ་ཀ་རྩ་ལ་ཐུན་རྨུགས་རྦད་བྷྱོ། སྔགས་པ་སྙིང་དུ་སོད། ཙིཏྟ་ཏུབ་རྦད་ལོང། སྲོག་ཙིཏྟ་ལོང། མྱགས་མྱགས་མཱ་ར་ཡ། ཙིཏྟ་ལ་ཐུན་བྷྱོ། དུག་རླངས་འཆོལ་བ་ལས་ཀྱི་ཐུན།། སྙིང་ལ་དུག་དབལ་འདེབས་པར་བྱེད།། སྐྱེས་པ་ཁ་གསོ་རྒྱུན་མི་བཅད།། སྡིག་པ་སྙིང་འཛིངས་འཁྲུལ་འཁོར་ནག་པོའི་རྒྱུད་ལས། རང་གཤེད་ཐུན་ནག་གསང་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། རྡོ་རྗེའི་ནང་དམེའི་ལས་ཀྱི་དམོད་པ་བསད་པ་ལས་ཀྱི་སྤུ་གྲི་འདི་གསུངས་སོ། ། དམར་ལེན་ཡང་གསང་སྙིང་པོའི་མཆོག། གདུག་རྩུབ་མཆོག་གསུམ་སྡེ་གནས་སུ།། རང་ཉམས་བརྟེན་པ་མཚམས་བཅད་ལ།། ཡེ་ཤེས་རིག་པའི་བདེ་ཀློང་ནས།། མཁའ་ལྔ་ཁྱབ་པའི་དོན་བསྡུས་ལ། ། གཟུང་འཛིན་ཆོས་ཀྱི་དབྱིངས་སུ་བསྒྲལ།། སྟོབས་ཅན་ལྷ་ཚོགས་གཟན་ལ་དབབ།། རྒྱུ་རྐྱེན་ཚོགས་པའི་འཁོར་ལོ་ལ།། མཆོག་དང་ཕག་མོ་ལྟོ་སྡེབས་ལ།། དབུས་ཀྱི་ཕོ་བྲང་རྒྱ་ཆེན་པོར། ། མཐའ་འགྱུར་གང་ཡིན་ལིངྒ་བྲི།། གུ་རུ་སེང་གེའི་ཁོག་མི་བཤིག། ལས་ཀྱི་རྒྱལ་པོ་བཙད་པོ་ལ།། འཁོར་ལོ་རུས་སྦལ་ཐོད་པར་བྲུབ།། དཀྱིལ་འཁོར་བྱིན་ཅན་འོག་ཏུ་མནན།། སློབ་མ་དམ་མེད་དགྲར་ལངས་ན། ། གཅེར་བུའི་ལིངྒའི་སྙིང་ནང་དུ།། ཞེ་སྡང་ལྕགས་ཀྱི་སྡིག་པ་གཞུག། ཐོད་པ་སྟག་གི་འཛུམ་ལ་མནན།། དམ་འདྲེས་ཡི་དམ་གཅིག་པ་ན།། གཅེར་བུ་རིད་པའི་སླད་དཀྱིལ་དུ།། ཕྲག་དོག་བསེ་ཡི་སྦལ་པ་གཞུག། དམེ་ཁྲག་ནད་ཁྲག་རྐྱེན་རླངས་བསྐུ།། ཐོད་པ་གཟིག་གི་ཐིག་ལེར་གཏད།། དམ་མི་གཅིག་པ་སྤྱི་ཡི་སྤུན།། ལིངྒ་སྤྱི་ཚང་སྙིང་ག་རུ།། བསེ་ཡི་སྦལ་པ་དམར་པོ་བྲི།། དུག་རྒོད་ཛྭ་ལའི་ཁྲག་གིས་བྲབ།། ཐོད་པ་མུན་པའི་གླིང་དུ་མནན། ། ལྷ་གསས་ཆག་པའི་བོན་པོ་ལ།། སྙིང་གར་གདུག་གི་ཕག་པ་གཞུག། ནད་ཁྲག་ཁྱི་ལུད་ཐུན་བྲབ་ལ།། སྲིན་མོའི་སྒྲོམ་དུ་ཉེ་བར་གཏད།། དྲག་སྔགས་ཨུར་མོ་ནང་འགྲས་ན།། དྲག་སྔགས་རྣལ་བཟློག་སྣོལ་མར་བརྡེག། མནན་པ་འབྲོང་གི་ར་བྲག་མནན།། དྲིལ་དང་རྐྱང་པ་ལས་ཀྱི་སྡེབས།། རྩ་བ་འབྲུ་བརྒྱད་སྤུ་གྲི་བཅས།། འཁོར་ལོ་ཐོད་པ་བཅས་པས་གྲུབ།། མ་གྲུབ་སྦྱོར་བ་སྟོབས་ཞན་ན། ། དྲིལ་བའི་མཐའ་རུ་སྤུ་གྲི་བསྒྱུར།། དྲག་སྔགས་རྣལ་བཟློག་དཀྲུགས་པས་སྡེབས།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས། སྐུ་གསུང་ཐུགས་རྡོ་རྗེ་ལས་སྔགས་འདི་གསུངས་སོ།། རཱ་ཛ་ནརྀ་ཛ་ཐུཾ་རིལ་མཱ་ར་ཡ་རྦད། སྲོག་ལ་ཧུར་ཐུཾ་རྩ་ལ་མཱ་ར་ཡ་རྦད། སྲོག་ལ་ཧུར་ཐུམས་ཡཾ་ཐུན་རྨུག་མཱ་ར་ཡ་རྦད། སྲོག་ལ་མུགས་ཛ་ཏྲི་ཤག་མཱ་ར་ཡ་རྦད། སྲོག་ལ་ནརྀ་ཛ་ཐུན་རྨུག་མཱ་ར་ཡ་རྦད། ཙིཏྟ་ཁཾ་ཤག་ཛ་སྲོག་ལ་མཱ་ར་ཡ་ཐུན་རྦད། འདོད་པའི་མིང་དང་ཨ་མུ་ཀ། ལས་ཀྱི་སྐབས་སུ་ཤེས་པར་བྱ།། སྔགས་ཀྱི་འཁོར་ལོ་ནང་གཅོད་དང། ཁ་འཐབ་མཇིང་བསྣོལ་རྩལ་འདྲེན་སྔགས།། དམ་ཚིག་དམེ་འཁྲུག་བྱུང་བ་ལ།། དཔའ་བོ་ཆེན་པོས་ལས་འདི་བཤད། ། སྤྱང་ཀི་མོན་ཀྱི་ཐོད་པ་དང།། མུ་ཟི་ནག་པོ་མཛེ་ཅན་སྣེལ། ཁྲིམས་འཆལ་མགོའམ་གོས་དག་ལ།། རབས་ཆད་ནག་པོའི་ཐོད་པར་མནན།། འདི་དག་ལས་ཀུན་ཡང་རབ་སྟེ།། རང་གཤེད་ནག་པོ་ལས་མཐར་ཕྱིན། ། ཞེས་གསུངས་སོ།། སྡིག་པ་རུ་འཛིངས་འཁྲུལ་འཁོར་ནག་པོ་གསང་བའི་རྒྱུད་ལས། གསང་བ་ཡང་སྙིང་གི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བན་སྒྲ་ནག་པོ་སྟོབས་དང་འབྲལ་བའི་འཁྲུལ་འཁོར་འདི་གསུངས་སོ། ། དབང་ཆེན་སྟོབས་དང་དབྲལ་བ་དག། དུར་ཁྲོད་གདུག་པའི་དབེན་གནས་སུ།། སྣ་ཚོགས་དྲག་པོའི་ས་དག་ལ།། མཆོད་རྟེན་ནག་པོ་བང་རིམ་གསུམ།། དུག་ཁྲག་དག་གིས་རབ་ཏུ་བྱུག། གྲི་རྒོད་རས་སམ་རྒྱ་ཤོག་ལ།། བན་དགྲ་ནག་པོའི་ལིངྒ་བྲི།། རྐང་རྗེས་སྐྲ་དང་ཆུ་ངན་ས།། བག་ཕྱེ་ཁྲག་དང་ཁམ་ས་རུ།། མཛུབ་གང་དབང་པོ་དོད་པ་ལ།། སྙྀང་གར་མིང་རུས་གཞུག་པར་བྱ།། ལྕེ་སྟེང་དུ་ནི་ལྔ་ཡི་མཚོན། ། རྒྱ་གྲམ་ཐུགས་ཉིད་ལས་གྱིས་ཐུག་པའི་ལམ་གྱྀ་འཇོམ་ལས་ཡིན་ནམ་དཔྱད། མཛེས།། སྲོག་འདུས་ལྷ་སྲིན་སྙིང་པོས་མནན།། སྟེང་དུ་རི་རབ་མཆོད་རྟེན་བཞག། གནས་ཁང་སྟེང་ངམ་ཤར་དུ་མནན། ། རྩོལ་བསྒྲུབ་ཕྲིན་ལས་ཅི་བྱས་ཀྱང།། ངག་གི་ནུས་པ་སྟོབས་ཀྱིས་འཆིང།། དམ་ཚིག་ལྡན་དང་སྔགས་གཅིག་པའི།། རྒྱུད་གསུམ་ནུས་པ་སྟོབས་དང་བྲལ།། ཧ་ལ་ནག་པོ་སྟམྦྷ་རི།། ནུས་པ་འཇོམས་པའི་འཁྲུལ་འཁོར་ཡིན། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྟོབས་ཅན་མནན་པའི་སྔགས་འདི་གསུངས་སོ།། ཨྱེ་ཨྱེ་ཨྱེ། ཧྲིཥྟྲཱི་ཨ་པ་ཡ། བི་ཀྲྀ་ཏཱ་ན་ན་ཧཱུཾ་[[]བར་འདིར་མཆན་ཡོད་ཀྱང་མི་གསལ།[]]སྟྭམྦྷ་ཡ། ལཾ་ལཾ་ལཾ་ལཾ་ནན་ཏཀྵེ་ན། ཡ་མ། མ་མ། རག་མོ། རཀྵ། ཀྵེ་མ། ཤྲཱི་བཛྲ་ཀྲོ་ཏ། དུན་ཏིང་ཀཱི་ལ་ཡ། མ་མ་རག་མོ། སྙིང་དུ་རྔུབས། ཧེ་རཀྵ་ཏྲག་ཏུ་བྲག་དུན་ཏིང་བྷི་ལ་ནི། ཨྱེ་དུན་ཏྲི། ཏྲི་ཤ་ན་ར་ཙ་ཧ་སྟི། ར་ཙ་མུ་ཏྲག་ཤ་ཏྲུཾ་ཏི་སྟ། རོ་ནི་རོ་ཏྲི་ནན། ཨ་ཏྲི་ས་དུ། ཙ་ཏྲི། རཱ་ཙ། ནཱ་ག། དེ་བ་རུ་ཏྲི། ཁ་རཀྵ་མ་ཏྲི། དུན་ཏིང་དུན་ཏིང་ཏྲི། ཏྲི་སྲོག་ལ་མཱ་ར་ཡ། ག་ན་པ་ཏི། བྷ་ན་ཀ་རོ། ཀཱ་ལ་དུ་བྲག་བྱི་རུ་ར། ནཱའ་ག་མོ་ཏི། ས་ག་བྱི་དུ། སརྦ་ཤ་ཏྲུཾ། ཨེ་ཆེ་གེ་མོ་ཨ་མུ་ཀཾ་དུ་དུ་ནན། དུ་དུ་ནན། དུ་དུ་ནན། མྱགས་ཐུཾ་རིལ་ཏྲིག་ནན། སྤུར་ཡ་ནན་མན་ཏྲ་ནན། ཁཾ་ཤག་རོ་མྱགས་མུག་ཏི་རྦད། བསྟན་པ་སྤྱི་ལ་གནོད་པ་ཡི།། བན་འདྲ་མུ་སྟེགས་དག་ལ་བྱ།། ཀུན་ལ་བྱས་ན་སྔགས་ཀུན་གྱི། ། ནུས་པ་ཉམས་པར་འགྱུར་བས་ན།། རྣལ་འབྱོར་ཅན་གྱིས་བྱ་བར་བཤད།། ལས་འདི་ཡ་བག་ཤ་ཡིན་པས།། ཕུང་བྱེད་ནག་པོའི་སྦྱོར་བར་བཤད།། སྡིག་པ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་གསང་རྒྱུད་ལས། སྟོབས་ཅན་ནུས་པ་དབྲལ་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་འགྲས་ཀྱི་ལས་འབྱུང་བའི་ཁྲམ་བཟློག་ཆེན་པོ་ཞེས་བྱ་བ་འདི་གསུངས་སོ།། དབེན་ཞིང་ཉམས་དགའི་གནས་དག་ཏུ། ། རིགས་དང་རིགས་མིན་སྦྱོར་བ་འཇོམས།། སྟོབས་གཟིར་ཕོ་ཉ་བཟློག་ཅིང་མནན།། རིགས་ཅན་སྦྱོར་བ་དབང་དུ་བསྡུ།། རིགས་མེད་ཡུལ་གྱི་ལུས་སྲོག་དབྲལ།། ཡུགས་ཟ་མོ་ཡི་ཞབས་མ་དང། ། ས་དཀར་ཅོང་ཟིས་མདོག་ཕྱུང་ལ།། འཁོར་ལོ་རིམ་པ་ལྔ་རུ་བསྐོར།། གྲུ་གསུམ་ནག་པོ་མིང་ཚར་བྲི།། ཟླ་གམ་ལྷ་དང་མིང་རུས་བྲི།། མུ་ཁྱུད་སྦྲུལ་གྱིས་རབ་ཏུ་བསྐོར།། འཁྲུལ་མིག་བཅུ་གཉིས་རྩ་བའི་སྔགས། ། ཕྱི་རིམ་རྒྱ་གྲམ་རལ་གྲིས་གཏམས།། ཡང་ལོགས་བཅུ་དྲུག་གསོད་དང་གནོན། ཁ་སྦྱར་མུ་སུའི་ཐོད་པར་བྲུ?བ།། ཞག་གསུམ་ཐང་བཅད་མལ་འོག་མནན།། སྟོབས་ཀྱི་ཕོ་ཉའི་རྦོད་གཏོང་འཆད།། ཚེ་བདག་ལས་ཀྱི་འཁྲུལ་འཁོར་ཡིན། ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མཱ་ཙ་ཡ། དགྲ་བོ་ཨ་མུ་ཀ་སྲོག་ལ་ཐུན་རྨུགས་རྦད་བྷྱོ། སྲོག་ལ་ཁཾ་ཤག་བྷྱོ། སྲོག་ལ་བྲེང་ཤག་བྷྱོ། སྲོག་ལ་ཡཾ་ཤག་བྷྱོ། དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། དགྲ་བོའི་སྲོག་སྟམྦྷ་ཡ་ནན། ལས་འདི་ཡང་སྙིང་གསང་བའི་བཅུད།། ཕོ་ཉ་ཟློག་པའི་ལས་སུ་བཤད།། ཅེས་གསུངས་སོ།། སྡིག་པ་སྙིང་འཛིངས་འཁྲུལ་འཁོར་གསང་བའི་རྒྱུད་ལས། གཞན་གྱི་རྐང་མགྱོགས་བཟློག་ཅིང་མནན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཀྱིས་སྡིག་པ་སྙིང་འཛིངས་ལྷ་སྲིན་ཙིཏྟ་དཀྲུག་པ་འདི་གསུངས་སོ།། དུར་ཁྲོད་རས་ལ་དུག་ཁྲག་གིས། ། སྙིང་གི་འཁོར་ལོ་བྲི་བར་བྱ།། རྩ་ཆེན་བཞི་ལ་དམར་ལེན་འབྲུ།། འབྲུ་བརྒྱད་རང་གནད་བསྣོལ་མར་གནས།། རྩ་བྲན་བརྒྱད་དང་སུལ་བརྒྱད་དུ།། ཙིཏྟ་དཀྲུག་པའི་སྤུ་གྲི་བྲི།། ཕྱི་རིམ་རྩིབས་ཆེན་བཅུ་དྲུག་བྲི། ། ཕྱི་རིམ་མུ་ཁྱུད་གདུག་པ་ལྔ།། འཆི་བདག་ཤན་པའི་ལྟོ་བར་བྲི།། དེ་ལྟར་འཁོར་ལོ་ཁ་སྦྱར་བར།། དམིགས་པའི་ལིངྒ་བྲིས་ཏེ་གཞུག། ཞག་བདུན་བར་དུ་མ་ཡེངས་པར།། ཙིཏྟ་དཀྲུག་པའི་འཁོར་ལོ་བསྐོར། ། ཡང་གསང་ཐུགས་ཀྱི་ལས་མཆོག་ཡིན།། ཕྱག་རྒྱ་ཟིལ་གནོན་གསལ་བར་བསྒོམ།། ལས་ཀྱི་འཁོར་ལོ་ལྟོ་དཀྲུག་པས།། སྲོག་དང་གྲོག་སྲོག་ཀྱང་གི་མིང་སྡེབ་ཅན།། གཟས་པའི་ཙིཏྟ་དཀྲུག་པར་བྱེད། ། རྩ་ཕྲན་བརྒྱད་དང་རྩ་ཆེན་བཞི།། ལས་ཀྱི་དམོད་པའི་མཚོན་ཆས་གཅོད།། རྩ་སྲོག་བཅད་ནས་རྣམ་ཤེས་ཕྲོགས།། འཆི་བདག་བདུད་ཀྱི་ལས་སུ་རིག། འཇིག་རྟེན་ལྷ་སྲིན་ཐམས་ཅད་ཀུན།། གཤེད་བདག་ནག་པོའི་ལྟོ་ན་འཆང། ། རཱུ་ཏྲ་དེ་ཡི་རྒྱུད་ལ་གནས།། དེ་ཡིས་རང་སྲོག་རང་གིས་གཅོད།། དེ་ནས་བཅོམ་ལྡན་འདས་ཀྱིས་སྡིག་པ་སྙིང་འཛིངས་ཙིཏྟ་དཀྲུག་པའི་གསང་སྔགས་འདི་གསུངས་སོ།། ཨེ་དུན་ཀ་ཡཾ་ཨེ་མྱགས་ཡ་རྔུབས། མུག་ཤག་ཀ་དུན། ཡ་མ་ར་ཙིཏྟ་དཀྲུག་དགྲ་བོའི་ནརྀ་མཱ་ར་ཡ་རྦད། མ་མ་རུ་ལུ་མ་ཙིཏྟ་དཀྲུག་དགྲ་བོ་ནརྀ་མཱ་ར་ཡ་རྦད། ཏིར་ཏི་ཀ་དུ། རུ་ཏྲ་དྷ། དེ་བ་ཨ་རཀྵ་ར། རག་མོ་ར། ཡཀྵ་ཀྵ། ཡ་མོ་ཀྵ། མུན་མུན་པ། ཤུ་ལ་ཛ། ར་ཙ་ཙ། བཛྲ་ས་དུ་ཏྲི། ཧཾ་ཤཾ་ཏྲི། ནཱ་ག་ཕུ། ཙིཏྟ་དཀྲུག་དགྲ་བོ་ནརྀ་མཱ་ར་ཡ་རྦད། དེ་ཡི་ལས་དེ་མ་གྲུབ་ན།། དྲག་སྔགས་འདི་ལ་རབ་ཏུ་འབད།། ཙིཏྟ་དཀྲུག་དགྲ་བོའི་སྲོག་ལ་བྲེང་ཤག་ནརྀ་མ་ར་ཡ་རྦད་རྦད་གསུམ་ཡང་འདུག། མཐའ་སྡུད་མནན་པའི་སྔགས་ཀྱིས་བསྡུ།། སྡིག་པའི་ལུས་ཆང་བརྟགས་ལ་གཏད།། ཐོད་པ་དུར་མའི་ལས་ཡིན་པས།། གསང་སྔགས་གྲོང་ཁྱེར་དཀྲུག་པ་སྟེ།། གནད་ལ་དབབ་ཞིང་བསད་པ་ཞེས། ། ལྷ་སྲིན་འཁྲུག་ནས་ནང་འཐབ་ཅིང།། སྟོབས་ཆེན་དྲིལ་བའི་ལས་སུ་བཤད།། སྡིག་པ་སྙིང་འཛིངས་འཁྲུལ་འཁོར་གསང་བའི་རྒྱུད་ལས། ཙིཏྟ་དཀྲུག་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བསྲུང་བའི་རིམ་པ་འདི་གསུངས་སོ། ། ཨེ་ཉིད་སྟོང་པ་ཆོས་འབྱུང་ཞེས།། མ་སྐྱེས་འགག་པ་མེད་པ་ལས།། རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར།། རོལ་པ་ཆེན་པོའི་སྐུ་རུ་གསལ།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། ། གཡས་དཀར་གཡོན་དམར་དབུས་མཐིང་རྔམ།། རྡོ་རྗེ་འཁོར་ལོ་རལ་གྲི་གཡས།། བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན།། རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན།། རང་གི་ཕྱག་རྒྱ་ཆེན་པོས་བརྗིད། ། སྦྲུལ་དང་རིན་ཆེན་འབར་བ་དང།། དྲེགས་པའི་མགོ་བཅད་ཕྲེང་བས་བརྒྱན།། ཀླུ་རིགས་དུ་མས་སྐུ་ལ་སྤྲས།། ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས།། མཐིང་ནག་ཙིཏྟ་བྷན་དམར་སྟོབ། ། ཐུགས་ཀར་སྨུག་ནག་ཡ་མ་གནས།། མེ་ལོང་ཡེ་ཤེས་ངོ་བོ་ཉིད།། འཁོར་ལོ་དོན་སྙིང་ཕྱག་ན་བསྣམས།། ཡ་མའི་ཐུགས་ཀར་དྲེགས་པ་ཆེ།། མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད།། ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན། ། དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེ།། བྱ་བ་ནན་ཏན་ཡེ་ཤེས་ཉིད།། འཇིགས་བྱེད་ཆེན་པོ་ཐུར་དུ་བལྟ།། དབུ་གཙུག་མཁའ་ལྡིང་གདུག་པ་འདུལ།། སོ་སོར་ཀུན་རྟོག་ཡེ་ཤེས་ཉིད།། དཀར་པོ་ཟིལ་གནོན་རོ་ཉེ་ཟ། ། ཕྲག་སོར་སྨུག་ནག་འཇིགས་པའི་ཁྱུང།། དཔུང་པར་སྟག་ཆེན་རོ་ལ་རྔམས།། ནུ་འཇིང་སེང་གེ་རལ་པ་སྤྲུག། སྟ་ཟུར་དུག་སྦྲུལ་ནག་པོ་འཁྱུག། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། ། རྡོ་རྗེ་འཆང་རྒྱལ་སྤྱི་གཟུགས་ཅན།། མ་སྐྱེས་ངང་ལས་རང་བཞིན་འཆར།། གདོད་ནས་རྣམ་དག་ཡེ་ཤེས་སྐུ།། བསྐྱེད་དང་སྤྱན་དྲངས་མཆོད་མི་དགོས།། རྒྱུ་དང་རྐྱེན་ལ་རག་མ་ལུས།། སྐྱེ་འགག་མེད་པའི་ཡེ་ཤེས་གསལ། ། ཕྱག་རྒྱ་ཀུན་གྱི་ཟིལ་གནོན་ཡིན།། རོལ་པ་ཆེན་པོའི་ཕྲིན་ལས་ཀྱི།། གསང་སྔགས་ཕྲེང་བ་དེཉིད་ལས།། བོད་པ་མིང་དང་བརྡའ་རུ་སྦྱར།། རྣམ་པར་ཤེས་པ་འབྲུ་རེ་ཕྲོགས།། དྲེགས་པ་འདུལ་བྱེད་གསང་སྔགས་སྲོག། ཟིལ་གནོད་གསུང་གི་ངོ་བོ་ཉིད།། འདི་ཉིད་མཆོག་གི་ལས་ཡིན་པས།། འདི་མེད་ལས་ཀུན་དབྱུག་པ་རྐྱང།། རྦོད་གཏོང་འཁྲུག་གམ་ཐུན་མོང་དུ།། རྫས་དང་སྔགས་ཀྱི་ནུས་པ་ཡིས།། དྲེགས་པའི་སྦྱོར་བ་ངན་པ་འཇོམས། ། སྡིག་པ་ནག་པོ་སྙིང་འཛིངས་འཁྲུལ་འཁོར་ནག་པོ་གསང་བའི་རྒྱུད་ལས། ཕྱག་རྒྱ་ཆེན་པོ་སྲུང་བའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་དེས། ཀླུ་བདུད་འཆི་བདག་གདུག་པ་ཅན་ཆུ་སྲིན་མགོ་ཅན་དབང་དུ་བསྡུས་ཏེ། ལས་ཀྱི་འཁྲུལ་འཁོར་གཏད་ལོག་ནག་པོ་ཞེས་བྱ་བ་འདི་གསུངས་སོ།། རུས་སྦལ་ནག་པོ་མཇིང་བསྣོལ་གྱི།། ལས་ཀྱི་འཁྲུལ་འཁོར་འདི་ལྟ་སྟེ། ། ཏཱ་ལའི་ལོ་མའམ་ཀ་རི་ཀ། ཡང་ན་རྒྱ་ཤོག་དག་ལ་ཡང།། ཀླུ་རིགས་བཞི་དང་ས་བདག་དང། དཔེ་གཅིག་ལ་བར་འདིར་སྲིད་པའི་རུས་སྦལ་ལྟོ་བར་བྲིས།། འཁོར་ལོ་རིམ་པ་བཅུ་བཞི་བསྐོར།། དབུས་སུ་ལིང་ཚེ་དགུ་རུ་བྱ།། མུ་ཁྱུད་ཡང་སྙིང། ཞེས་པ་ཞིག་བྱུང་ཡང་ཚིག་མཐའ་ཡང་མ་འགྲིག་པས་དཔྱད།། ཀླུ་ཡི་ཡང་སྙིང་གཏད་ལོག་དང།། རྩ་བའི་སྙིང་པོ་འབྲུ་བརྒྱད་བཞི།། འདོད་པའི་མིང་རུས་ཨ་མུ་ཀ། ནག་པོ་མགོ་དགུའི་གསང་སྔགས་སྦྲེལ།། ཡང་གསང་དཔའ་བརྟུལ་ཅན་གྱིས་སྤྱད། ཨེ་དུར་ཀ་ཡི། དགྲ་བོའི་ཙིཏྟ་བྲེང་ཤག་ཛ། སྲོག་ལ་བྲེང་ཤག་ཧུར་ཐུམས་རྦད། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ནཱ་ག་རུ་ཏྲ་ཀཱ་ལ་དགྲ་བོའི་སྙིང་ལ་བྷྱོ། ནག་པོ་བམ་ཙིཏྟ་ལ་རྒྱོབ། ཏྲག་ཐུར་སྙིང་སྒུལ་མྱགས་མྱགས། རྩ་བཞི་སྐུམས། ཤན་ཤན་སྲོག་ལ་ཤན། ཐུར་ཐུར་དགྲ་བོ་ཙིཏྟ་ལ་ཐུར་རྦད། ས་ནཱ་ག་ཧ་ལ་ཙ་མ་རི་དགྲ་བོའི་སྙིང་ལ་ཐུན་བྷྱོ། ཞག་གསུམ་མཚོན་ཆ་བསྣོལ་མས་གཅོད།། མཐའ་རུ་དཔའ་བརྟུལ་ཅན་གྱིས་སྤྱད། ། ཀླུ་ཡི་ནད་རླངས་དུག་གི་ངར། ཁ་དག་དེ་ལ་རང་གཤེད་དབབ།། འདི་ནི་ལས་ཀྱི་མན་ཏྲ་ཧོ།། སྟོབས་ཆེན་འཇོམས་པ་དྲག་པོའི་མཚོན།། སྦྱོར་བ་མཁས་པའི་སྔགས་པ་ཡིས།། ལས་རྫོགས་རུས་སྦལ་ཁོག་པར་གཞུག། བང་རིམ་ལྔ་པའི་འོག་ཏུ་མནན།། རི་གསུམ་འབྲང་གི་རྭ་བྲག་མནན།། ཡང་ན་ས་བདག་གནས་སར་གཏད།། ལས་འདི་མནན་པ་ཀུན་གྱི་མཆོག། ཅེས་གསུངས་སོ།། སྡིག་པ་སྙིང་འཛིངས་འཁྲུལ་འཁོར་གསང་བའི་རྒྱུད་ལས། གཏད་ལོག་ནག་པོ་རུས་སྦལ་མཇིང་སྣོལ་གྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས་འཁྲུལ་འཁོར་རྫས་བཟློག་དུས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་གསུངས་སོ། ། སྟོབས་ཆེན་འཁོར་ལོའི་གནད་དག་གིས།། ལས་དང་སྦྱོར་བ་ནུས་པའི་མཐུ།། བུང་བ་རི་ཀ་འཁོར་བ་ལྟར།། རང་གི་ནུས་པ་འཇོམས་ཤིང་གསོད། ། དེ་ཡི་སྦྱོར་བ་འདི་ལྟ་སྟེ།། རི་རབ་འོག་གམ་རྒྱ་མཚོའི་གཏིང།། གདུག་པ་ཅན་གྱི་སྟོབས་གཞོམ་ཕྱིར། ཁམ་སའི་གའུ་རུས་སྦལ་གྱི།། ལྟོ་སྦྱར་བར་དུ་རུས་སྦལ་བཅའ།། རྒྱ་ཤོག་དག་ལ་མུ་ཁྱུད་གསུམ།། གྲུ་གསུམ་སྡིག་པ་རུ་འཛིངས་པའི། ། སྟེང་འོག་ལིངྒ་ལྟོ་སྦྱར་བྱ།། བར་མའི་མུ་ཁྱུད་དྲེགས་པ་ཅན།། འདུས་པའི་ཡང་སྙིང་འཁོར་བར་བྲི།། ཕྱི་རིམ་འབྱུང་བའི་འཁྲུལ་འཁོར་གྱི།། སྐྱོམ་ཞིང་སྡུད་པའི་ཡང་སྙིང་བྲི། ཨེ་བཾ་རཾ་ཡཾ་ཁཾ་ཤིག་ཙིཏྟ་གཏུབས། སས་གཏིབས། མེས་ཚིག་ཆུས་དཀྲུག་རླུང་གིས་གཡེང། ཁ་རི་བ་ལྡག་ཁ་རི་ལྡག་རྣམ་རེ་ཙེ་རི་ཁས་ཡེན་སོགས་འདྲ་མིན་མང་སྣ་རི་ཁས་ཡེན། དགྲ་བོ་མཱ་ར་ཡ། ཨེ་ཀ་ཡ་མ་སྲོག་ལ་ཧུར་ཐུཾ་གཟིར་ནན། དགྲ་བོའི་སྙིང་ལ་ཤག་རྦད། ར་ཏི་ར་ཁྲག་དགྲ་བོའི་སྲོག་ལ་ཡཾ་ཡཾ་ཏྲི་ལིང་དགྲ་བོའི་སྙིང་ལ་ཤག་རྦད། ནག་པོ་ནཱ་ག་བྷེ་ཏ་སྲོག་ལ་ཛ་ལ་ཛ་ལ། ནརྀ་ཐུཾ་ཤག། དགྲ་བོའི་སྙིང་ལ་རྦད། ཙིཏྟ་བྲེང་ཤག་ནརྀ་མཱ་ར་ཡ། འཁོར་ལོ་ཁ་སྦྱར་གའུར་གཞུག། ནམ་མཁའ་བར་སྣང་ས་འོག་གི། དབང་ཆེན་སྟོབས་ཆེན་འདུས་པ་ཡིན།། འོག་གི་འཁྲུལ་འཁོར་གསང་བར་གཤད།། བར་ཆའི་འཁོར་ལོ་འདི་ལྟ་སྟེ།། གཤེད་པོ་ལས་རྒྱས་ལྟོ་བ་རུ། ། མུ་ཁྱུད་རིམ་པ་ལྔ་རུ་བསྐོར།། དབུས་སུ་འདོད་པའི་མིང་རུས་བྲི།། གཡས་གཡོན་འདོམས་སུ་དམ་སྲི་རུ།། ཀླུ་སྲིན་ས་སྲིན་སྙིང་པོ་བྲི།། སྙིང་ལ་སྡིག་པ་བཞི་བགྲད་པ།། དམར་ལེན་དྲག་སྔགས་འབྲུ་བརྒྱད་བྲི། ། ཕྱི་རིམ་ཡང་སྙིང་འཁྲུལ་མིག་དག། བརྒྱད་བཞི་དྲེགས་པའི་ཡང་སྙིང་བྲི།། ཐ་མ་འཁོར་ལོ་བཅུ་གཉིས་རྩིབས།། བྱས་པ་འཇིགས་པའི་འཁྲུལ་འཁོར་བྲི།། བར་ཆད་དག་གི་འཁྲུལ་འཁོར་ཡིན།། སརྦ་ཤ་ཏྲུཾ་སྟྭམྦྷ་ཡ་ནན། འགྲིར་རྦད། པདྨ་སྦུར་སྲོག་ནན་སྙིང་གཟེར་བྲེང་ཤག་ཡཾ་རྦད། རི་རབ་བང་རིམ་གསུམ་པའི་ཁར།། གྲུ་གསུམ་ནག་པོ་དུག་ཁྲག་བྱུག། རབས་ཆད་ཐོད་པར་འཁྲུལ་འཁོར་བཅའ།། སྒོ་བཞི་རྫོགས་པའི་མཆོད་རྟེན་དག། རུས་སྦལ་གདན་ལ་གླང་ཆེན་འདེགས།། སྒོ་བཞི་གྲི་ལྕགས་སྦུག་མ་རུ།། དྲག་པོའི་སྔགས་ཐུན་མཚོན་ཆས་བརྡར།། བསད་པ་ལས་ཀྱི་མཚོན་དུ་བཤད།། ནམ་མཁར་ཕྱག་རྒྱ་གསལ་བ་ཡི།། སྟོབས་ཆེན་སྙིང་པོ་རྫོགས་པ་དང། ། ལས་རབ་ཀུན་གྱི་མཆོག་ཏུ་བཤད།། སྡིག་པ་སྙིང་འཛིངས་འཁྲུལ་འཁོར་ནག་པོ་གསང་རྒྱུད་ལས། རྫས་བཟློག་གསང་བ་འཁྲུལ་འཁོར་གྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། གསང་སྔགས་ཀྱི་འཁོར་ལོ་བསྐོར་བ་འདི་གསུངས་སོ།། གདོད་ནས་རྣམ་དག་ཡེ་ཤེས་སྐུ།། ལྷུན་གྱིས་གྲུབ་པ་ཡིན་པ་ལ།། སྩོལ་བསྒྲུབ་རེ་དོགས་འཛིན་པ་བྲལ། ། རྣམ་རྟོག་བག་ཆགས་སྤྲིན་ལྟ་བུ།། ནམ་མཁའ་ལྟ་བུར་འཛིན་མེད་པ།། སྲུང་བ་ཀུན་གྱི་མཆོག་ཏུ་བཤད།། སྟོང་པའི་དབྱིངས་ལས་རྫོགས་པ་ཡི།། ཕྱག་རྒྱའི་རོལ་པ་ཡོངས་རྫོགས་པ།། བསམ་གཏན་སེམས་ཀྱི་འཁོར་ལོར་བཤད། ། རྒྱུ་དང་འབྲས་བུ་སྲོག་དང་ལས།། དྲེགས་པའི་དེ་ཉིད་ཤེས་པ་ན།། དྲེག་པ་རང་གཤེད་རང་གིས་བྱེད།། བསམ་གཏན་འཁོར་ལོ་བྱེད་པ་ན།། སྔགས་དང་རྫས་དང་ཏིང་འཛིན་གྱིས།། མིང་དང་རྟོག་པ་དབྱིངས་སུ་བསྒྲལ། ། སྔགས་ཀྱི་གྲོང་ཁྱེར་རབ་བསྒྲིལ་ཞིང།། མིང་ནས་བོས་ཤིང་རབ་ཏུ་གཟིར།། རྣམ་ཤེས་འཕྲོག་ཅིང་གཅད་བྱ་བ།། སྔགས་ཀྱི་ཕྲེང་བས་གདུག་པ་འདུལ།། དྲེགས་པས་དཀྲུགས་ཤིང་དབང་བསྡུས་ལ། ། མིང་ནས་བོས་ལ་ཐོག་ལྟར་གཟིར།། རྣམ་ཤེས་འཕྲོག་སྟེ་མཚོན་ཆས་གཅོད།། བསྲུང་ཞིང་བཟློག་པའི་ལས་སུ་རིག། དེ་ཉིད་རང་གཤེད་ཕེབ་པས་ན།། རྣོ་མྱུར་སྲིད་པའི་ཁྱམས་ཁང་ན།། རང་གཤེད་གདུག་པའི་ཡི་གེ་གནས། ། དྲག་སྔགས་དབུས་ཀྱི་རྟ་ལ་ཞོན།། དུག་རླངས་འོད་ཟེར་རང་ཤུགས་འཕྲོ།། ཤ་ཟ་གསོད་བྱེད་ཕོ་ཉ་བསྐུལ།། རང་གནད་གདུག་པའི་ཡི་གེ་བླངས།། བདག་གཤེད་གྲོགས་ཀྱི་འཁོར་ལོ་འཕྲོ། ། ཀུན་འདུས་རྩ་བཅད་ཙིཏྟར་འདུས།། ཧུར་ཐུམས་ཛ་ཡི་ནརྀ་ཕྲོགས་ནས།། སྲིད་པའི་ཁྱམས་ཁང་མཚོན་ཆས་གཅོད།། འདི་དག་བསད་པའི་ལས་སུ་རིག། བསྐྱེད་པ་ཁ་གསོ་དུག་དབལ་གྱིས།། རྩ་རྣམས་ཁེངས་ནས་ནད་རྒྱས་ནས། ། རྩ་ཡི་མདུད་བཅད་སྲོག་བྲལ་གྱུར།། ཕྱོགས་སམ་སྒོ་བཞི་ལས་ཀྱི་ཐུན། ཁ་གསོ་ཟོར་གྱི་ལས་སུ་ཤིས།། འཁོར་ལོ་ཐུན་བརྡེག་ལས་རབ་མཆོག། རྐྱང་པ་སྦྲང་མ་ལས་ཀྱིས་སྡེབས།། སྤྱིར་ནི་འཁྲུལ་འཁོར་གསང་བའི་བཅུད། ། ཡང་གསང་ཐུགས་ཀྱི་འཁོར་ལོར་བཤད།། ལས་ཀྱི་རྒྱལ་པོའི་སྙིང་ནང་དུ།། རྩ་བཞི་མཚོན་གྱིས་གཅོད་པར་བྱེད།། དམ་མེད་སློབ་བུའི་སེམས་པ་ཉིད།། ལྕགས་ཀྱི་སྡིག་པས་རྩ་བརྒྱད་ཟ། ། དམ་འདྲེས་བསེ་ཡི་སྦལ་པ་ལ།། ནད་ཁྲག་འདུས་ཤིང་ལྡང་བར་འགྱུར།། སྔགས་པ་ནག་པོ་སྤྱི་ཡི་སྦུན།། རང་གཤེད་བསེ་ཡི་སྦལ་པ་ཡིས།། རྣམ་ཤེས་དུག་ཁྲག་མེ་ཆུར་བསྐོལ།། བོན་པོ་རིགས་གཉིས་ཕྱི་རོལ་པ། ། ཕག་རྒོད་ནད་དང་མཚོན་གྱིས་བསྒྲལ།། གནམ་ལྕགས་འཐབ་ན་རྟོག་མེད་ལས།། ཕྱག་རྒྱ་རྫོགས་པས་རོལ་པའི་སྐུ།། གཉིས་སུ་མེད་པའི་ཡེ་ཤེས་བསྒོམ།། གཞན་གྱི་སྟོབས་རྣམས་རབ་ཏུ་གཟིར། ། ལས་དྲུག་སྤྱི་ཡི་དགོངས་པར་བཤད།། ནག་པོ་སྟོབས་དང་དབྲལ་བ་དག། རྒྱ་གྲམ་དྲེགས་པའི་སྔགས་བྲིས་ཏེ།། ལྕེ་སྟེང་རི་རབ་དག་གིས་མནན།། ཞི་ཁྲོ་ཕུར་པ་གཤིན་རྗེ་ནས།། ས་བདག་ཀླུ་སྲིན་ཡན་ཆད་ཀྱི། ། སྔགས་ཀྱི་བཟླས་བརྗོད་ཅི་བྱས་པ།། རི་རབ་རྒྱ་གྲམ་ཆེན་པོ་ཡིས།། ངག་གི་ནུས་པ་གནོད་པར་བྱེད།། ནུས་པ་ནོན་ཅིག་ཅེས་ཀྱང་བརྗོད།། དྲག་པོའི་ངག་མནན་འཁོར་ལོ་བཤད།། འབྱུང་བའི་ཁྲམ་བཟློག་ཆེན་པོ་སྟེ། ། གསང་སྔགས་འཁོར་ལོ་བསྐོར་བ་ཡིས།། འཇིག་རྟེན་ལྷ་འདྲེ་ཁམས་འཁྲུགས་ཤིང།། མཚོན་ཆའི་འཁོར་ལོ་ལོག་པ་ལྟར། ཁོ་རང་རྒྱུད་ལ་ལྡོག་པ་ནི།། ཕོ་ཉ་བཟློག་པ་ཞེས་སུ་བཤད། ། འཆི་བདག་ཤན་པའི་ལྟོ་བ་རུ།། གསང་བའི་སྔགས་ཀྱི་ལྟོ་དཀྲུག་པས།། ལྷ་སྲིན་ཙིཏྟ་འཁྲུག་པ་ཡིས།། གཟས་པའི་རྩ་སྲོག་འབྲལ་བས་ནི།། ཙིཏྟ་དཀྲུག་པའི་ལས་སུ་བཤད།། སྲིད་པའི་རུས་སྦལ་ལྟོ་བ་རུ། ། ཀླུ་དང་ས་བདག་སྡེ་བཞི་ལ།། སྟོབས་ཀྱི་སྔགས་ཀྱི་འོད་ཟེར་གྱིས།། གདུག་པའི་ཀླུ་གཉན་དུག་བླངས་ཏེ།། གཟས་པའི་སྙིང་ལ་འདུས་པར་བསམ།། གཏད་ལོག་ནག་པོའི་ལས་སུ་བཤད།། ཕྱག་རྒྱ་མཚོན་ཆ་དམིགས་པའི་ཡུལ། ། གསལ་བ་གསུམ་གྱིས་ལས་ཀུན་འགྲུབ།། ཅེས་གསུངས་སོ།། སྡིག་པ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་ནག་པོ་གསང་བའི་རྒྱུད་ལས། ཡང་གསང་ཐུགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བསྐོར་བའི་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། ། ཨེ་མ་རྣམ་རྟོག་མཚན་མ་རང་གྲོལ་བའི།། རྡོ་རྗེ་བདེ་བ་ཆེན་པོའི་བཀའ།། གསང་ཚིག་དམོད་པའི་ལས་མཆོག་འདི། ། རིག་བྱེད་རྡོ་རྗེ་སྙིང་པོས་ཟུང།། སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས།། ཐུགས་རྗེའི་རོལ་པས་བྱེ་བྲག་ཅིར་བསྟན་ཀྱང།། གཉིས་མེད་འབྲས་བུ་ཕྱག་རྒྱ་ཆེན་པོས་རྫོགས།། སྣང་སྟོང་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ། ། རྟག་ཆད་མཐའ་ལས་གྲོལ་བའི་ཡེ་ཤེས་ཉིད། ཁོ་ན་ཉིད་དོ་གཉུག་མ་རྡོ་རྗེའི་སྐུ།། ཕྱག་རྒྱ་ཆེན་པོས་ཟིལ་གྱིས་གནོན་པར་གནས།། སྐུ་ཡི་སྒྱུ་མའི་ཕྱག་རྒྱ་ཅིར་ཡང་གནས།། གསུང་ནི་ཁྲོ་བོ་རྔམས་སྒྲ་ལྔ་དང་ལྡན། ། ཐུགས་ནི་སྣ་ཚོགས་ཆོ་འཕྲུལ་མཚོན་ཆ་བཞིན།། ལས་ཀྱི་སྐབས་ཀྱིས་ཕྱེ་བ་དེ་ལྟ་བུའི།། ངོ་བོ་ཉིད་ནི་ཆོས་སྐུ་འགྱུར་བ་མེད།། སྐྱེ་བའི་ཆོ་འཕྲུལ་སྣང་ལ་རང་བཞིན་མེད།། ཡོན་ཏན་ཡེ་ཤེས་མཚན་དང་དཔེ་བྱད་ལྡན། ། སྙིང་པོ་འགྱུར་བ་མེད་པའི་ངང་ལས་འཆར།། ཐམས་ཅད་ཆོས་སྐུ་བདེ་བ་ཆེན་པོའི་ངང།། བགྲོད་པ་རྣམ་གསུམ་ཐོབ་པའི་རྩལ་གྱི་ཡོད།། ཨེ་མ་རྣོ་དབལ་མཚོན་ཆའི་མཆོག། སྡིག་པ་སྙིང་ལ་རུ་འཛིངས་པའི། ། སྙིང་པོ་དུག་དབལ་དམོད་པའི་མཆོག་ཁྱད་པར་གསང་བའི་སྦྱོར་བ་འདི།། དཔའ་བརྟུལ་དྲག་པོའི་སྟོབས་ཀྱིས་སྤྱོད།། སྡེབས་དང་རྐྱང་བ་སྟོབས་དང་སྦྱར།། སྟོབས་ལྡན་འཛོམ་ན་སྦྱོར་བ་བསྡེབ། ། རྒྱ་མདུད་བརྩེགས་པའི་ལྟོ་བའམ།། ནམ་མཁའ་བར་སྣང་ས་གཞིའི་འོག། འཁོར་ལོ་རྫོགས་པ་རྫས་ཀྱིས་གནད།། རི་རབ་མཆོད་རྟེན་བར་དག་ཏུ།། སྟོབས་ཀྱི་འཁོར་ལོ་ཐོད་པར་གཞུག། ཕྱག་རྒྱ་གསལ་བས་རྔམ་ཚིག་བཟླ། ། དྲེགས་པ་དཀྲུག་ཅིང་གནོད་བྱེད་གཟིར།། རང་གཤེད་འཁོར་ལོ་ཐུན་གྱིས་བྲབ།། བླ་གནས་གཟུགས་ལ་གནད་ཡིག་དགོད།། མཐའ་བསྒྱུར་སྤུ་གྲི་རྣོ་དབལ་སྦྱར། ། མགྱོགས་བཞེངས་ཀྱང་ཀྱི་ཕོ་ཉ་བཟླག་ཅིང་བསད།། གདུག་པ་ཀླུ་ཡི་གཏད་ཁྲམ་བཟློག། བསྡེབ་པའི་ལས་རིམ་སྐབས་སུ་སྦྱར།། བསད་པའི་ལས་སུ་ཤིས་པར་སྤྱད།། རྒྱུན་དུ་ལྷ་སྲིན་སྟོབས་གཞོམ་ཞིང།། ངག་མནན་འཁོར་ལོ་བཅས་ལ་མནན། ། སྟོབས་ཆེན་ནུས་པ་འཇོམས་པར་བཤད།། ཙིཏྟ་དཀྲུག་པའི་རང་གཤེད་དབབ།། སྡིག་པའི་ལུས་ཚད་བརྟགས་ལ་གཏད།། དྲེགས་པ་འཁྲུགས་ན་ཤིས་པར་བཤད།། ཨེ་མ་ཡང་གསང་རྣལ་འབྱོར་རྒྱུད། ། ཐབས་དང་ཤེས་རབ་སྙིང་པོའི་དོན།། རྩ་བ་བཤད་པ་འཕྲུལ་གྱི་བཀའ།། ཡང་སྙིང་ནག་པོ་གསང་བའི་མཚོན།། སྡིག་པ་སྙིང་ལ་རུ་འཛིངས་འདི།། གསང་བདག་རྡོ་རྗེ་སྙིང་པོ་དང། ། ལོངས་སྤྱོད་འཕྲུལ་ནི་སྤྲུལ་པར་བཤད།། ལྷ་དང་མཁའ་འགྲོ་རིག་པ་འཛིན།། རྫུ་འཕྲུལ་སྟོབས་ཆེན་དྲེགས་པའི་འཁོར།། བྱང་སེམས་བཀའ་དང་ལུང་བོར་མིན།། སློབ་དཔོན་མི་སྤང་སྤུན་མི་བརྙས།། སངས་རྒྱས་བཀའ་ལ་ངེས་པར་བཀུར། ། བླ་མ་དཀོན་མཆོག་ཡི་དམ་མཆོད།། བདག་གཞན་བྱང་ཆུབ་སེམས་མི་གསད།། དོན་གྱི་ལམ་སྟོར་ལོག་པ་ལ།། གསང་སྔགས་བརྡའ་དང་དམ་མི་སྨྲ།། ཡོངས་སུ་མ་སྦྱངས་ཚད་མི་སྦྱར། ། ཐེག་པ་དམན་ལ་ཆོས་མི་བཤད།། བཀའ་ལ་ཚད་མའི་སྒྲས་མི་གཞལ།། དད་ལྡན་མི་བཟློག་ཕྱག་རྒྱ་བསྟན།། རིན་པོ་ཆེ་ཡི་རྩལ་མི་སྤྲུག། རྣལ་འབྱོར་མི་གཏང་གསང་སྔགས་བཟླ།། དྲོད་རྟགས་དབང་པོ་རང་ཉམས་བརྟག། སེམས་ཀྱི་མེ་ལོང་རྟག་ཏུ་བལྟ།། ཨེ་མ་འཁོར་དུ་འདུས་པའི་ཚོགས།། ལྷ་ཀླུ་དྲེགས་པ་རྫུ་འཕྲུལ་ཅན།། ང་ཡི་གསང་རྒྱུད་སྙིང་པོ་འདི།། མ་འོངས་དམ་ཅན་སྒྲུབ་བྱེད་ན།། དེ་ཡི་དམ་ལས་མི་འདའ་སྲུངས། ། འཁོར་གྱི་དྲེགས་པ་ཕོ་མོ་ཡིས།། རྣལ་འབྱོར་བསྒྲུབ་པའི་གྲོགས་གྱིས་ཤིག། ཅེས་གསུངས་སོ།། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་འཁོར་རྣམས།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགའ་མགུ་ཡི་རང་ཏེ་མངོན་པར་བསྟོད་དོ། ། འཇམ་དཔལ་གཤིན་རྗེ་འཕྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད་ལས། རྒྱུད་གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་བཞི་པའོ།།།། འཇམ་དཔལ་གཤིན་རྗེ་དངོས་གྲུབ་ཉེ་བར་བསྡུས་པའི་ཟླ་གསང་ནག་པོའི་སྙིང་པོའི་རྒྱུད། ལས་ཀྱི་འཁྲུལ་འཁོར་ནག་པོ་སྔག་[[]སྔགས་[]]པ་སྙིང་འཛིང་ཀྱི་རྒྱུད་ཅེས་བྱ་བ།། ལྷ་ཡུལ་དུ་གྲགས་པ་རྫོགས་སོ།།།། བལ་ཡུལ་གྱི་སློབ་དཔོན་ཆེན་པོ་བ་སུ་དྷ་ར་དང། བོད་ཀྱི་ལོ་ཙྪ་བ་གནུབས་བན་སངས་རྒྱས་ཡེ་ཤེས་བདག་གིས་བསྒྱུར་བའོ།། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ་ཨྠི+ྀ།

CLOSE WINDOW