Wylie |
རྒྱ་གར་སྐད་དུ། བུདྡྷ་སརྦ་པུ་ཏྲ་ཨེ་ཀ། གྷུ་ཧྱཱ་པུ་རི་ས་མ་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ། གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ། དྲན་པ་ཀུན་གྱི་ཐོག་མ་ཡི།། དངོས་མཛད་སངས་རྒྱས་ཐོག་མ་ལ།། དང་པོ་ཉིད་དུ་ཕྱག་འཚལ་ལོ།། འདི་སྐད་བདག་ལ་སོགས་པ་ཡི།། སངས་རྒྱས་བྱེ་བ་དུང་ཕྱུར་གྱི།། དགོངས་པ་ཉིད་དང་གྲངས་མེད་པར། ། ཐུགས་ཀྱི་སྙིང་པོ་ཇི་ལྟ་བར།། གསུང་ཞིང་བསྟན་པའི་དུས་གཅིག་ན།། མྱ་ངན་འདས་པའི་ཐོག་མར་ནི།། འདི་ནི་ཉག་གཅིག་རྣལ་མ་ཡི།། དོན་གྱི་ས་བོན་རྣམས་སུ་ནི།། ངེས་པའི་སྙིང་པོ་ཉིད་དུ་ཡང། ། གསུངས་སོ་བསྟན་ཏོ་བཤད་པ་ཡིན།། བསྟན་པའི་གསུང་ནི་རྒྱ་མཚོ་ཀུན།། ལ་ལ་གནས་སྐབས་ཡུལ་དོན་དུ།། ལ་ལ་མ་འོངས་འཇུག་དོན་ཡིན།། ལ་ལ་འདུལ་དོན་ཐ་དད་ཉིད།། སྙིང་གི་སྙིང་པོ་ཚིག་འགའ་ལས། ། ཀུན་གྱིས་གྲུབ་པ་མ་ཡིན་ནོ།། བསྟན་པ་འཕེལ་བྱེད་ས་བོན་དུ།། འདི་ཀུན་བཞག་ཅིང་བྱིན་བརླབས་ལས།། རང་བྱུང་ཉིད་དུ་ཐུགས་ལས་རྡོལ།། དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་སྲས་ནི་གཅིག་པར་ཡང། ། རང་བྱུང་ཆེན་པོའི་འཕེལ་དང་བཅས།། འབྱུང་བའི་སྒྲ་དང་བྲལ་བར་བྱུང།། འདི་ནི་བསྟན་པ་གང་བྱུང་དུ།། འོད་དང་བཅས་ཏེ་འབྱུང་བ་ཡིན།། གང་ལ་བབ་པར་གྱུར་པའི་མི།། བསྟན་པ་ཀུན་གྱི་བདག་པོར་འགྱུར། ། འདི་ལ་ལྡེམ་པོར་བསྟན་པ་མེད།། སུས་ཀྱང་བཤད་ཅིང་ཉན་མེད་པར།། རང་བྱུང་དགོངས་པ་ཀློང་རྡོལ་དུ།། ཉི་མ་སྤྲིན་ལས་ཐོན་པ་བཞིན།། སུས་ཀྱང་མ་བསྒྲིབས་རང་བྱུང་ངོ།། འདི་ལ་འབྱུང་བཞིའི་གནོད་མེད་པས། ། ནམ་མཁའ་དག་ལ་འབར་བར་སྣང།། སངས་རྒྱས་འབྲས་བུ་སུས་ཐོབ་པར།། འདི་ཉིད་དེ་ལ་སྣང་བ་ཡིན།། འདི་མ་མཐོང་བའི་སངས་རྒྱས་ནི།། གཅིག་ཀྱང་འབྱུང་བ་སྔ་ཕྱིར་མེད།། དེ་ཕྱིར་བསྟན་པ་རྣམས་ཀྱི་བཙས། ། སངས་རྒྱས་ཀུན་གྱི་སྲས་གཅིག་པོ།། མྱང་འདས་འཐོབ་པའི་སྣ་ཐག་ཡིན།། དགོངས་པ་རང་ཐོག་འབེབས་པ་ཡི།། གནད་ཀྱི་ཚིག་ཏུ་འདི་ཉིད་བྱུང།། འཇིག་རྟེན་ཁམས་ནི་གང་དུ་ཡང། ། སངས་རྒྱས་ཉིད་ནི་སུས་ཐོབ་པ།། དེ་ཚེ་འདི་ནི་ལན་གསུམ་དུ།། ནམ་མཁའ་དག་ལ་འཕར་བ་དང།། རང་འོད་ལྔ་པོ་འདི་ལས་འབྱུང།། འདི་འཛིན་རྣལ་འབྱོར་སྐལ་ཆེ་བས།། ལན་གསུམ་འདི་ཡི་ཚིག་ཀུན་ཀྱང། ། ལྷག་དང་ཆད་པ་མེད་པར་ནི།། རྡོ་རྗེའི་ལྕེ་ཡིས་སུས་བརྗོད་པ།། འདི་ཡང་དེ་དང་མཉམ་པར་ཡང།། འགྱུར་བ་འདི་ལ་ཐེ་ཚོམ་མེད།། དེ་ཕྱིར་བསྟན་པའི་རྒྱུད་རྣམས་ཀུན།། ཐམས་ཅད་དུས་གཅིག་བསྒོམས་ཤེས་ཀྱང། ། འདི་མི་སྣང་བར་གྲོལ་བ་མེད།། འདི་ནི་ས་བོན་རང་འཕེལ་བས།། བསྟན་པའི་བདག་པོ་གང་སངས་རྒྱས།། འདི་ཉིད་ས་བོན་མེད་པར་ནི།། བསྟན་པའི་གསུང་ནི་ཚིག་ཙམ་ཡང།། ལྕེ་ཡི་དབང་པོས་བརྗོད་མི་ནུས། ། དེ་ཚིག་འདི་ལ་མ་བརྟེན་པར།། རྡུལ་ཆ་ཙམ་ཡང་འབྱུང་བ་མིན།། བསྟན་པ་གཅིག་གི་སྙིགས་མ་ལ།། བྱིན་རླབས་ཚིག་ནི་འདི་ཀུན་ཀྱང།། གང་ལ་སྣང་བའི་མི་དེས་ཀྱང།། མ་མཐོང་རྒྱུད་དང་བསྟན་བཅོས་ནི། ། ལྕེ་ཡི་དབང་པོས་བརྗོད་པར་ནུས།། སེམས་ཅན་ཀུན་གྱི་བསམ་པ་དང།། སངས་རྒྱས་ཀུན་གྱི་དགོངས་པ་དང།། ཅི་ལྟར་མཐུན་པའི་ཆོས་ཀུན་ནི།། འདི་ཡིས་སྟོན་པར་ནུས་པ་ཡིན། ། སངས་རྒྱས་ཀུན་གྱི་ཐུགས་དང་གཅིག། རྡོ་རྗེ་འཛིན་པའི་དགོངས་པ་དང།། དབྱེར་མི་ཕྱེད་པར་འདིས་འགྱུར་རོ།། དེ་ཕྱིར་བསྟན་པའི་མེ་རོ་ཡིན།། རང་བྱུང་ཚིག་གི་རྒྱལ་པོ་འདི།། སོ་སོའི་སེམས་ཅན་སྐྱེ་གཟུགས་ལ། ། སོ་སོའི་བརྡ་སྐད་ཇི་ལྟ་བར།། འདི་ཉིད་དེ་ལྟར་སྣང་བ་ཡིན།། དེ་ཕྱིར་རང་བྱུང་ཡི་གེར་ནི།། ཐོག་མ་བབ་ཀྱིས་གྲུབ་ནས་བྱུང།། རང་བྱུང་བཅོམ་ལྡན་འདས་ལ་ཡང།། འདི་ལྟར་རྫོགས་པའི་ལུགས་སུ་སྣང། ། ཆོས་ཀྱི་སྡེ་སྣོད་ཉིད་དུ་ནི།། འདི་ཚིག་ཡེ་ནས་རང་ཤར་བས།། ཐོག་མ་དྲན་པའི་གཞིར་གྱུར་ཏེ།། དྲན་པ་ཐམས་ཅད་མ་སྟོངས་པར།། ཚིག་འདི་ཀུན་ཀྱང་སྣང་བ་ཡིན།། དྲན་ཟད་ཚིག་འདི་ཟད་པར་ནི།། རྡོ་རྗེ་ཞེས་ནི་ཚིག་འདི་ཀུན། ། འབྱུང་བའི་རྐྱེན་དང་བྲལ་བས་ན།། རྡོ་རྗེ་ཀུན་འབྱུང་གསང་སྔགས་ཡིན།། ཐབས་ལམ་དུ་མས་མཚོན་པའི་ཕྱིར།། རང་ཐབས་བསྒོམ་པ་འདི་ལས་བྱུང།། སྙིང་པོ་རང་འདུལ་བསྟན་པའི་བཅུད། ། གཞི་ཉིད་ཀྱི་ནི་བབ་ཡིན་ནོ།། ཆོས་ཀུན་མཉམ་པའི་ནན་ཏན་ཚིག། རང་གནད་དུ་ནི་འདི་ཀུན་ཤར།། འདི་ལ་ནུས་པ་གཅིག་ཉིད་མེད།། བསྒོམ་དང་བསྒྲུབ་པའི་རྩ་བར་ཡང།། འདི་སྔགས་འཁྲུལ་པའི་ཚིག་མ་ཡིན། ། མ་འཁྲུལ་སྔོན་ཐོག་ཉིད་ཀྱི་གཞི།། འདི་ལས་འཕྲོས་པ་སྤྲོས་པའི་རྒྱུད།། རྒྱུ་ལས་འབྲས་བུ་རང་བྱུང་བཞིན།། འདི་ཉིད་ལས་ནི་ཚིག་ཀུན་ཀྱང།། དྲན་བསམ་བྲལ་བའི་ངང་ཉིད་ལས།། བྱས་པ་མེད་པར་བྱུང་བ་ཡིན། ། འོད་ཟེར་འཛིན་པའི་སྐྱེས་བུ་ལ།། འདི་ནི་སྣང་བར་འགྱུར་བའོ།། དེ་ལས་འཕེལ་ནས་གྲངས་འགའ་འབྱུང།། གསང་བའི་བདེན་པ་གཅིག་པ་ཉིད།། གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི།། ཐུགས་རྡོལ་ཉག་གཅིག་དགོངས་དོན་གཅིག། འཛིན་མེད་ཡངས་པའི་རྟོད་ཕུར་ཡིན།། ཐོད་བརྒལ་ཐེག་བབ་ཀུན་གྱི་གནད།། རང་ས་འབྱེད་པའི་ལྡེ་མིག་མཆོག། འདི་ནི་བདེ་བའི་ས་བོན་འཛིན།། སངས་རྒྱས་རྣམས་ཀྱི་ཤེས་རབ་ཡིན། ། མཁའ་མཉམ་དག་པའི་གནད་གཟེར་འདིས།། བསྟན་པ་ཀུན་གྱི་རྩ་བ་འཛིན།། འདི་ཡི་གྲངས་སྣ་བཟུང་བས་ནི།། ལྷ་མིན་གཡུལ་རྣམས་རང་ལོག་ཏུ།། འདི་ཚིག་བཟུང་བ་ཙམ་གྱིས་འགྱུར། ཁམས་གསུམ་གཡུལ་ཀུན་འདིས་བཟློག་གོ། རིགས་དྲུག་རྣམས་ཀྱི་འབྲོས་ཁུང་འགེག། མྱ་ངན་འདས་པའི་གྲོང་ཁྱེར་དུ།། འཇུག་པར་བྱེད་པའི་འཁོར་ལོ་ཡིན།། སྲིད་པས་བཅིངས་པ་རྣམས་ལ་ནི། འདི་ཡིས་གྲོལ་བར་བྱེད་པའོ། ། དམ་པའི་སྙིང་པོ་གདུང་རྒྱུད་དུ།། རང་བཞིན་དུ་ནི་བབ་ལས་བྱུང།། འདིས་ནི་བླ་མའི་སྐུ་མི་སྤང།། སྙིང་ལ་ཉི་མའི་འོད་བརྡལ་བས།། ཕྱོགས་བཅུར་ཁྱབ་པའི་མུན་པ་ནི།། འདི་ཡིས་རང་སངས་ཉིད་དུ་འགྲོ། ། ལྷག་པར་གནས་པའི་ཡེ་ཤེས་ནི།། འདི་ཡིས་མཆོག་ཏུ་སྟོན་པར་བྱེད།། དཀོན་པའི་མཆོག་རྣམས་སྐྱེད་པའི་ཡུམ།། སེམས་དལ་བསམ་གཏན་ངང་གིས་འགྲུབ།། ཆོས་སྐུའི་སྣང་བ་དུས་གཅིག་ཏུ། ། སྟོན་པར་བྱེད་པའི་སྒྲོན་མའོ།། ཕྱིན་ཅི་ལོག་ལས་ཡང་དག་ཏུ།། དག་པར་བྱེད་པའི་ཆུ་རྒྱུན་ཡིན།། ཐེག་པ་ཀུན་གྱི་མཐར་ཐུག་ཏུ།། སྐྱེལ་པར་བྱེད་པའི་ཤིང་རྟའོ།། ཐོས་བསམ་བསྒོམ་པའི་རྒྱང་ཤིང་དུ།། འཇུག་པར་བྱེད་པའི་དངོས་པོ་ཡིན། ། སྡེ་སྣོད་ཐམས་ཅད་འཛིན་པ་ཡི།། མཉེན་ལྕུག་ལྡན་པའི་ལྕགས་ཀྱུའོ།། རྣལ་འབྱོར་དག་པའི་དཀྱིལ་འཁོར་ཏེ།། ལམ་དུ་འཇུག་པའི་ས་མཁན་ཡིན།། མངལ་རྣམས་ཁུང་སྒོ་འགེག་པར་བྱེད། ། ཐར་པའི་སྐས་ནི་རང་འཛུག་ཡིན།། རྣམ་དག་འོད་ཀྱི་མཐོངས་འབྱེད་པ།། ཆོས་རྣམས་ཀྱི་རེ་གནས་པ།། བདུད་དང་མུ་སྟེགས་མགོ་ནོན་ཡིན།། ཤེས་རབ་རྨུགས་པའི་གསལ་འདེབས་སོ།། སྨོན་འཇུག་ཀུན་གྱི་སྲོག་ཤིང་ཡིན། ། ལྷ་དང་སྔགས་ཀྱི་མདོ་མདུད་དོ།། དཀྱིལ་འཁོར་རྣམས་ཀྱི་བསྐྱེད་ཤིང་ངོ།། ལྟ་བསྒོམ་ལོག་པའི་དག་བྱེད་ཁྲུས།། མན་ངག་སྙིང་པོ་རྫོགས་པའི་ས།། རྡོ་རྗེ་ཐེག་པའི་གྲངས་རྫོགས་ནས།། འདི་ནི་ཐིག་ལེ་ཉག་གཅིག་གོ། འགྲོ་རྣམས་ལམ་ལ་འཛུད་པའོ།། ཐེག་པའི་རྒྱལ་པོ་ཡོངས་རྫོགས་ཀྱི།། ཡོན་ཏན་བྱུང་ཚུལ་རང་བྱུང་ངོ།། ལེའུ་དང་པོའོ།།།། ཨེ་མ་ཧོ། གསང་མཛོད་རང་བཞིན་ཚིག་འདི་ཡང། ། རང་བྱུང་ཡེ་དག་ཆེན་པོར་ནི།། སྤེལ་ཚིག་གསང་བ་འདི་ལྟར་སྣང།། ཡེ་ཐོག་དང་པོའི་སངས་རྒྱས་ནི།། དང་པོ་མངོན་འཕགས་དྲན་པ་མགོན།། ཕྱག་རྒྱ་རང་དྲན་འཁོར་ལོ་ནི།། གཞི་ལས་འཕགས་པའི་ཁྱད་པར་ཚིག། སྤྱི་ཕུད་སྔོན་གྱི་ཐོག་མར་གྱུར།། འདི་དུས་ཁྲག་ཁྲིག་བདུན་ཅུ་ཡི།། ཕྱག་རྒྱ་འདི་ནི་དམ་པའོ།། སྙིང་པོས་བརྒྱན་པའི་བསྐལ་པ་ལ།། སྡེ་སྣོད་དང་པོའི་སངས་རྒྱས་མགོན།། མངའ་མཛད་ཕྱག་རྒྱ་འཁོར་ལོ་ལ། ། འཁོར་ནི་འཛིན་པ་བྱེ་བ་ལྔའི།། ཕྱག་རྒྱ་འདི་ནི་དམ་པའོ།། སྤྱི་མེས་དང་པོ་ཕ་རོལ་མགོན།། དཀྱིལ་འཁོར་སྙིང་པོ་རབ་སྤྲོས་པས།། བསྐལ་པ་གསེར་གྱི་ཡི་གེ་ལ།། ས་ཡ་དྲུག་གི་ཕྱག་རྒྱར་བཟུང།། སྔོན་ཐོག་དང་པོ་འཕགས་པ་མགོན། ། ཕྱག་རྒྱ་དང་པོ་ཉིད་སྣང་བས།། བསྐལ་པ་འོད་ཟེར་འགྱེད་པ་ལ།། བདུན་འབུམ་གྱི་ནི་འབྲས་བུའོ།། འཇིག་རྟེན་དྲ་བ་མགོན་པོ་ཡི།། སྤྲོས་བྲལ་ཕྱག་རྒྱ་འདི་སྤྲོས་ཏེ།། བསྐལ་པ་མེ་ཏོག་མཛེས་པ་ལ། ། བསྟན་པའི་འབྲས་བུ་ཕྱལ་ཡས་ལས།། ཕྱག་རྒྱ་འདི་ནི་དམ་པའོ།། སྙིང་པོ་སྟོང་གི་སྤྱི་ཕུད་མགོན།། སྙིང་པོ་དམ་པའི་འཁོར་ལོ་ལས།། བསྐལ་པ་རྩོད་པའི་སྙིང་པོ་ལ།། གྲངས་མེད་བཞི་ཡི་སྙིང་པོའོ། འོད་ལྡན་དང་པོ་སེམས་ཅན་མགོན།། སྤྲོས་མེད་སྙིང་པོ་རང་སྒྲ་ལས།། བསྐལ་པ་སྣང་བའི་སྒྲོན་མ་ལ།། བན་བུན་སྟོང་གི་ཕྱག་རྒྱར་བཟུང།། མཛེས་པའི་དང་པོ་འགྲོ་བའི་མགོན།། ཡང་དག་སྙིང་པོ་རྣམ་སྤྲོས་ཏེ། ། བསྐལ་པ་རགས་པའི་ཡན་ལག་ལ།། ཉར་ཉེར་བརྒྱ་ཡི་གྲངས་ཀྱིས་ནི།། ཕྱག་རྒྱ་འདི་ནི་དམ་པའོ།། ཐུགས་བརྩེའི་སྙིང་པོ་ཉན་ཐོས་མགོན།། ཕྱག་རྒྱ་ཡང་དག་ལམ་སྤྲོས་ཏེ།། བསྐལ་པ་དུང་གི་སྒྲ་དག་ལ། ། གྲང་ཕྲེང་བཅུ་ཡི་དམ་པར་རོ།། མི་ཕམ་ཟང་མ་སྒྲ་བྲལ་མགོན།། ཡང་དག་ངེས་པའི་རྒྱུད་ལས་ནི།། བསྐལ་པ་དྲ་བའི་འོད་ཟེར་ལས།། དུང་ཕྱུར་བདུན་གྱི་ལམ་རྒྱལ་བཟུང།། སྙིང་པོ་སེམས་རྣལ་བདུད་རྩི་མགོན། ། ངེས་པའི་ས་བོན་རབ་བསྒྲགས་པས།། བསྐལ་པ་ཚངས་པའི་དབྱངས་ཅན་ལ།། འབུར་རྡུལ་བདུན་གྱི་ངེས་པར་བཟུང།། རང་བཞིན་དྲག་པོ་ལྡེང་གདེང་ཡང་འཛིན་མགོན།། ཕྱག་རྒྱ་འཁོར་ལོ་གདན་སྤྲོས་ཏེ། ། བསྐལ་པ་སྨྲ་བའི་གཞི་དག་ལ།། ཕྱལ་ཕྱོལ་དགུ་ཡིས་དམ་པར་བཟུང།། གསང་བའི་ཕྱག་རྒྱ་ལྷ་མིན་མགོན།། ཡང་གསང་འཁོར་ལོ་རྣམ་སྤྲོས་ཏེ།། བསྐལ་པའི་བུམ་པ་རེག་ལྡན་ལ།། ཡལ་ཡོལ་དྲུག་ཅུའི་སྙིང་པོའོ། ། རིམ་པ་ལྔ་པ་གཙུག་ཕུད་མགོན།། བླ་མེད་སྙིང་པོ་ཡང་སྤྲོས་པས།། བསྐལ་པ་ཡང་གསལ་རབ་འབྱམས་ལ། ཁྲག་ཁྲིག་བྱེ་བ་དགུ་བརྒྱ་ཡི།། བླ་ན་མེད་པའི་གསང་བའོ།། འཇིག་རྟེན་ཐོག་མ་ཤེས་རབ་མགོན། ། བདེ་ཆེན་སྙིང་པོ་ཡང་སྤྲོས་ཏེ།། བསྐལ་པ་བཀོད་པ་ཆེན་པོ་ལ།། འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི།། ལྷ་ཡི་ལྷར་ནི་འདི་ཉིད་དོ།། འཆང་བ་རྣམས་ཀྱི་ཐོག་མ་མགོན།། ངེས་པའི་འབྲས་བུ་འདི་སྤྲོས་ཏེ།། བསྐལ་པ་རིན་ཆེན་སྤུངས་པ་ལ། ། ས་ཡ་དགུ་བཅུའི་མགོན་པོ་ཡི།། རྒྱས་པར་བསྔགས་ཏེ་དམ་པར་རོ།། ཡང་རྗེས་འབྱུང་བ་མེ་འོད་མགོན།། དངོས་པོར་བསྒྱུར་བའི་ཕྱག་རྒྱ་ནི།། སྙིང་པོ་ཉིད་དུ་སྤྲོས་པ་ལས།། བསྐལ་པ་རབ་ཏུ་གཡོ་མེད་ལ། ། རབ་མཐའ་བཅུ་ཡི་མགོན་པོ་ཡི།། སྙིང་པོ་སྙིང་གི་དངས་མར་རོ།། ཆགས་མེད་རྡུལ་བྲལ་དྲི་མེད་མགོན།། གསང་ཆེན་ངེས་པ་ཉིད་དུ་སྟེ།། བསྐལ་པ་གཡོ་སྒྱུ་བྲལ་བ་ལ།། བྱེ་བ་དགུ་ཁྲིའི་གྲངས་མགོན་གྱི། ། འདུ་བའི་ཕྱག་རྒྱ་ཉིད་དུའོ།། དྲན་པ་དྲི་མེད་བསམ་གཏན་མགོན།། དྲི་མེད་ངེས་པའི་གསང་ཚིག་སྤྲོས།། བསྐལ་པ་མཐར་ལྡན་སེངྒེ་ལ།། ཉལ་ཉིལ་སུམ་ཅུའི་རྒྱལ་བ་ཡིས།། འདི་ནི་བདེན་ཚིག་དམ་པར་རོ། ། དམ་པའི་སྐྱེས་བུ་ཆོས་ཀྱི་མགོན།། སངས་རྒྱས་ཤེས་རབ་ས་བོན་སྤྲོས།། བསྐལ་པ་གདུང་བ་སེལ་བ་ལ།། སང་སེང་དགུ་ཁྲིའི་གདུང་འཕེལ་བས།། དམ་པའི་ཕྱག་ནི་ཡང་དམ་དུའོ།། སྤྱི་ཕུད་སྟོང་གི་ཡེ་ཐོག་མགོན། ། སྔགས་ཀྱི་རྩ་བ་འདི་སྔགས་པས།། བསྐལ་པ་དུང་གི་སྙིང་པོ་ལ། ཁ་གཡེལ་སྟོང་གི་གདུང་འཕེལ་བས།། གསང་ཆེན་དམ་པར་རབ་བཟུང་བའོ།། སངས་རྒྱས་དྲ་བ་མགོན་པོ་ཡི།། ཕྱག་རྒྱ་ཉིད་དུ་གདུང་བཟུང་བས། ། བསྐལ་པ་བྱེ་བའི་སྙིང་པོ་ལ།། ཉག་ཐག་དགུ་ཁྲིའི་གདུང་འཛིན་པས།། འདི་ཉིད་སྙིང་པོའི་དོན་དུའོ།། ཡང་དག་གསང་བ་པདྨ་མགོན།། སྙིང་གི་སྙིང་པོ་དཀྱིལ་བཟུང་བྱས།། བསྐལ་པ་ཡོངས་སུ་བརྩེ་བ་ལ། ། དང་དིང་སྟོང་གི་ཡང་འཕེལ་བས།། འདི་ནི་སྙིང་པོ་ཡང་དག་སྤྲོས།། སེམས་ཅན་སྙིང་བརྩེ་མེ་ཏོག་མགོན།། དྲན་གཞི་དང་པོ་རབ་བཟུང་བས།། བསྐལ་པ་ཡོད་པར་རབ་མཆོག་ལ།། རྡུལ་མེད་དགུ་ཡི་གསང་འཛིན་པས། ། གསང་ཆེན་སྟོང་གི་དམ་པར་རོ།། བསྐལ་པ་དྲ་བ་ཉི་འོད་མགོན།། དམ་པའི་སྙིང་པོར་ངེས་བབས་པས།། བསྐལ་པ་གླང་པོ་ཡོངས་རྫོགས་ལ།། རང་རྡུལ་ཉིད་ཀྱི་རྗེས་འཛིན་པས། ། སྟོང་ཉིད་གསལ་བའི་མིག་ཏུ་སྤྲོས།། ཡོངས་རྫོགས་འཁོར་ལོ་རིགས་ཀྱི་མགོན།། སེམས་ཀྱི་དངོས་པོ་དམ་པར་བཟུང།། བསྐལ་པ་བླ་ན་མེད་པ་ལ།། ཁྲག་ཁྲིག་དྲུག་ཅུའི་ཡང་འཕེལ་བས།། གསང་ཆེན་འཁོར་ལོ་ཉིད་དུའོ། ། དྲི་མེད་དག་པ་ཆོས་ཀྱི་མགོན།། ཡང་གསང་ངེས་པའི་ལུང་འདི་སྤྲོས།། བསྐལ་པ་གཅོད་པ་རང་གྲོལ་ལ།། ཉལ་ཉིལ་ཉིད་ཀྱི་འཕེལ་གདུང་གི། རིམ་པས་མངོན་པར་རབ་སྤྲོས་པའོ།། ཡང་གསང་དང་པོ་ཐོག་མ་མགོན། ། རྡོ་རྗེ་ཡང་དག་གསལ་ཐུབ་པས།། བསྐལ་པ་ཁྱུང་ཆེན་གཤོག་རྫོགས་ལ།། འབུམ་ཕྲག་ལྔ་ཡི་གདུང་འཕེལ་བས།། ཕྱག་རྒྱ་རང་རྫོགས་ཉིད་དུའོ།། སྣང་མཛད་དང་པོ་མར་མེ་མགོན། ། བླ་མེད་རྡོ་རྗེ་སྙིང་པོ་སྤྲོས།། བསྐལ་པ་མདའ་ཡི་ཡོངས་བཟུང་ལ།། རྔ་ཡབ་གསུམ་གྱི་གདུང་འཕེལ་བས།། རིགས་ལྡན་རྣམས་ཀྱི་ཕྱག་ཏུ་བཟུང།། ཡིད་ཤེས་དང་པོ་གནས་གསུམ་མགོན།། སྙིང་ཐིག་རྩ་བའི་དངས་མར་སྤྲོས། ། བསྐལ་པ་རེག་པའི་སྟོབས་ཅན་ལ།། ཁ་གཡེལ་དྲུག་གི་གདུང་འཕེལ་བས།། གོང་འཕེལ་ཕྱག་རྒྱ་དམ་པར་སྤྲོས།། དཔའ་བོ་འཇིགས་སངས་དངས་པའི་མགོན།། དྲི་མ་མེད་པའི་སྙིང་དུ་བབས། ། བསྐལ་པ་དྲན་བསམ་བྲལ་བ་ལ།། ཡལ་ཡོལ་སྟོང་གི་གདུང་འཕེལ་ལས།། འདི་ཀུན་སྐྱོན་དང་བྲལ་བར་རོ།། དྲག་པོ་ཆགས་བྲལ་བདེ་བའི་མགོན།། ཆགས་མེད་རང་རིག་ཕྱག་རྒྱར་སྤྲོས།། བསྐལ་པ་མྱ་ངན་བྲལ་བ་ལ། ། དུང་ཕྱུར་གསུམ་གྱི་གདུང་འཕེལ་བས།། མེད་པ་རྣམས་ཀྱི་དང་པོར་རོ།། ཆོས་སྐུ་དངོས་དག་དྲི་མེད་མགོན།། དམ་པ་གསུང་གི་སྙིང་པོར་སྤྲོས།། བསྐལ་པ་ཟིལ་གྱིས་གནོན་པ་ལ། ས་ཡ་ཉིད་ཀྱི་གདུང་འཕེལ་བས། ། འདི་ཀུན་ཡང་དག་ཉིད་དུའོ།། ཡང་སངས་རྒྱས་པ་སྒྱུ་མ་མགོན།། ཚིག་བྲལ་བདེ་བའི་སྙིང་པོ་སྤྲོས།། བསྐལ་པ་ཆོས་ཀྱི་འཁོར་ལོ་ལ།། བྱེ་བ་དགུ་ཡི་གདུང་འཕེལ་བས།། ངེས་པའི་ལམ་གྱི་ཐོག་མར་རོ། ། སྟོང་པ་ཉིད་ནི་དགེ་ལྡན་མགོན།། གསང་བའི་ཡང་གསང་ཆེན་པོར་སྤྲོས།། བསྐལ་པ་པདྨ་བརྩེགས་པ་ལ།། ཁ་གཡེལ་ལྔ་ཡི་གདུང་འཕེལ་བས།། སྣང་བ་རྣམས་ཀྱི་ཐོག་མར་རོ།། སྐྱེས་བུ་བྱེད་པ་འོད་ཟེར་མགོན། ། འབྲས་བུ་རྫོགས་པའི་རིམ་པར་སྤྲོས།། བསྐལ་པ་དང་བའི་དབྱངས་ཅན་ལ།། རྡུལ་མཐའ་བཞི་ཡི་གདུང་འཕེལ་བས།། འདི་ཀུན་མངོན་པར་རང་འཐད་དོ།། ཤེས་རབ་མི་རྙེད་སྒྱུ་འཕྲུལ་མགོན། ། སེམས་ཉིད་ཐོག་མའི་དཀྱིལ་འཁོར་སྤྲོས།། བསྐལ་པ་ལྷ་ཡི་ཕྱག་སོར་ལ།། ཉལ་ཉིལ་བདུན་གྱི་གདུང་འཕེལ་བས།། སྙིང་པོ་རང་དག་གནད་དུའོ།། བདེ་བ་དམ་པ་དངོས་གྲུབ་མགོན། ། གསང་ཆེན་སྙིང་པོ་དམ་པར་སྤྲོས།། བསྐལ་པ་ཡན་ལག་མེད་པ་ལ།། སང་སེང་དྲུག་གི་གདུང་འཕེལ་བས།། འདི་ཀུན་ཡང་དག་དམ་པར་རོ།། དངོས་པོ་ཡང་དག་སྟོང་པའི་མགོན།། སྐྱོབ་པ་དམ་པའི་ཕྱག་རྒྱ་སྤྲོས། ། བསྐལ་པ་གྲངས་མཐའ་ལོག་པ་ལ།། སྟོང་ཕྲག་དགུ་ཡི་གདུང་འཛིན་པས།། རྫོགས་པའི་སངས་རྒྱས་ཉིད་དུའོ།། ཆོས་ཀྱི་གྲགས་པ་གཉིས་མེད་མགོན།། ཡང་གསང་རང་བྱུང་ཚིག་འདི་སྤྲོས།། བསྐལ་པ་ཡོངས་སུ་གྲོལ་བྱེད་ལ། ། ཉལ་ཉིལ་གསུམ་གྱི་གདུང་འཕེལ་བས།། མཉམ་པ་རང་གནས་ཉིད་དུའོ།། ཡེ་ནས་གསང་བ་དྲི་མེད་མགོན།། བྱིན་རླབས་རང་བྱུང་ཡི་གེ་སྤྲོས།། བསྐལ་པ་སེངྒེ་རྩལ་སྤྲུགས་ལ།། ཁྲག་ཁྲིག་བདུན་གྱི་གདུང་འཕེལ་བས། ། འདི་ཀུན་དམ་པའི་ཐུགས་དཀྱིལ་དུའོ།། མི་ཕམ་དང་པོ་སངས་རྒྱས་མགོན།། གསང་བ་ཐུགས་ཀྱི་བུ་གཅིག་པར།། བསྐལ་པ་དགའ་བས་མྱོས་པ་ལ།། དུང་ཕྱུར་ཕྱེད་དང་དགུ་གདུང་གི། འདི་ཉིད་དམིགས་མེད་རང་དམ་མོ།། དྲན་སྤངས་མངོན་འཕགས་རང་བཞིན་མགོན།། འབྱུང་བའི་སྒྲ་དང་བྲལ་བར་སྤྲོས།། བསྐལ་པ་འདུ་བ་ཆེན་པོ་ལ།། ཁ་གཡེལ་ལྔ་ཡི་གདུང་འཕེལ་བས།། འདི་ཚིག་རང་བྱུང་གསལ་བར་རོ། ། བར་མའི་དང་པོ་སྐྱེ་མེད་མགོན།། འདི་ནི་ཕྱག་རྒྱ་རང་སྟོབས་ཏེ།། བསྐལ་པ་ཁུ་བྱུག་རང་བྱུང་ལ།། ཐར་ཐེར་གསུམ་གྱི་རྟགས་ཤར་བས།། འདི་ཚིག་རབ་ཏུ་བསྔགས་པའོ།། འཇིག་རྟེན་གྲངས་བསྐལ་ཨུཏྤལ་མགོན། ། གསང་ཆེན་རབ་རྒྱས་ཕྱག་རྒྱ་སྤྲོས།། བསྐལ་པ་རབ་ཏུ་མཐོང་བ་ལ།། འབུམ་ཕྲག་དགུ་ཡི་གདུང་འཕེལ་བས།། འདི་ཀུན་སྙིང་གི་དཀྱིལ་དུ་ཕེབ།། འདས་པའི་དང་པོ་དྲ་བ་མགོན།། སྙིང་པོ་གསང་བ་ཡང་དག་སྤྲོས། ། བསྐལ་པ་བུད་མེད་རང་འདུལ་ལ།། ཕྱལ་ཕྱོལ་དགུ་ཡི་རྒྱལ་བ་ཡི།། འདི་ཚིག་རང་རིག་དམ་པར་རོ།། གཉིས་འདས་དང་པོ་ཞིང་ཁམས་མགོན།། རྡོ་རྗེ་ཆེན་པོའི་གསང་ཚིག་སྤྲོས། ། བསྐལ་པ་རང་སྒྲ་ཟད་པ་ལ།། ས་ཡ་གཉིས་ཀྱི་གདུང་འཕེལ་བས།། འདི་ཚིག་གཟིགས་དང་རབ་མཁྱེན་བཟུང།། དྲུག་མཐའ་ཐོག་མ་གཉིས་པ་མགོན།། འདུལ་ཚིག་སྙིང་པོ་བླ་མ་སྤྲོས།། བསྐལ་པ་དགེ་ལྡན་ཆེན་པོ་ལ། ། འབུམ་ཕྲག་ལྔ་ཡི་གདུང་འཕེལ་བས།། སྙིང་པོ་རྣམས་ཀྱི་ཡང་སྙིང་དུ།། མཛད་པ་བཞི་ཐོག་ཐོད་རྒལ་མགོན།། བླ་ན་མེད་པའི་ངེས་ལུང་སྤྲོས།། བསྐལ་པ་སེང་བྲམ་ཟེ་ཡང་གེ་བསྒྱིངས་པ་ལ།། ཁྲི་ཕྲག་དགུ་ཡི་གདུང་འཕེལ་བས། ། འདི་ཀུན་གསལ་བའི་ཚིག་ཏུའོ།། མཐའ་བྲལ་ཡོངས་རྫོགས་སྐྱོན་བྲལ་མགོན།། བྲལ་གསང་ཚིག་འདི་ཕྱག་རྒྱ་སྤྲོས།། བསྐལ་པ་སྐྱེད་པར་བྱེད་པ་ལ།། སྟོང་ཕྲག་དགུ་ཡི་གདུང་འཕེལ་བས། ། མེད་ཚིག་རྫོགས་པར་ཡང་དག་བཟུང།། ཡེ་རྫོགས་དང་པོ་སྒྱུ་མ་མགོན།། ཡང་གསང་འབར་བ་འོད་ཟེར་སྤྲོས།། བསྐལ་པ་རབ་ཏུ་འཕགས་པ་ལ།། ཁྲག་ཁྲིག་གཉིས་ཀྱི་གདུང་འཕེལ་བས།། འདི་ནི་ངེས་པའི་གསང་ཆེན་པོ། ། དྲི་མ་དངོས་བྲལ་བདེ་བའི་མགོན།། འདི་ཉིད་ལམ་རྒྱལ་དམ་པར་སྤྲོས།། བསྐལ་པ་གཡང་ས་ཆེན་པོ་ལ།། ཁྲི་ཕྲག་བདུན་གྱི་གདུང་འཕེལ་བས།། འདི་ཚིག་རིམ་པ་དང་པོར་སྤྲོས།། འདུས་པ་རྣམས་ཀྱི་ཐོག་མ་མགོན། ། ངེས་པའི་གསང་ཆེན་རབ་བསྔགས་ཏེ།། བསྐལ་པ་གསེར་འོད་དམ་པ་ལ།། ཡང་འཕེལ་དགུ་ཁྲིའི་མགོན་པོ་ཡིས།། འདི་ཀུན་གསང་ཆེན་སྙིང་དུ་བབ།། ཡང་འབྱེད་སྟོང་གི་དང་པོ་མགོན། ། གསང་བའི་སྙིང་པོ་ཡང་གསང་སྤྲོས།། བསྐལ་པ་ལེ་ལོ་ཡེ་དག་ལ།། ཐེར་ཟུག་དགུ་ཡི་གདུང་འཕེལ་བས།། འདི་ཡང་སྙིང་ཐིག་གསང་བར་ཕབ།། གསང་བ་ཀུན་གྱི་སྔོན་ཐོག་མགོན།། ཕྱག་རྒྱ་སྙིང་གི་དཀྱིལ་དུ་སྤྲོས། ། བསྐལ་པ་དྲི་མེད་བཟང་སྙིང་ཡང་པོ་ལ།། ཉར་ཉེར་ལྔ་དགུ་ཡང་ཡི་གདུང་འཕེལ་བས།། འདི་ཚིག་བླ་མེད་སྙིང་ལ་ཕབ།། སྟོན་པའི་དང་པོ་ནམ་མཁའ་མགོན།། ཡང་བསྡུས་རང་བྱུང་ཚིག་འདི་སྤྲོས། ། བསྐལ་པ་མཐར་ཆགས་ཆེན་པོ་ལ།། ཉལ་ཉིལ་དྲུག་གི་གདུང་འཕེལ་བས།། འདི་ཉིད་བསམ་གཏན་འཁོར་ལོ་བཟུང།། སྟོང་པའི་ཡང་མཛད་དམ་པ་མགོན།། འདི་ཀུན་གཡོ་མེད་རང་བྱུང་ཚིག། རྫོགས་པ་དངོས་དག་བསྐལ་པ་ལ། ། འབུམ་ཕྲག་དགུ་ཡི་ཡང་གདུང་གིས།། འདི་ཀུན་ངེས་པའི་འབྲས་བུར་སྤྲོས།། དང་པོ་གསང་འཛིན་དངོས་གྲུབ་མགོན།། འདི་ཡང་མཛད་ཆེན་དག་པར་སྤྲོས།། བསྐལ་པ་གྲངས་བརྡལ་གསང་ཆེན་ལ། ། ཁ་གཡེལ་གསུམ་གྱི་གདུང་འཕེལ་བས།། འདི་ཀུན་ཡང་དག་ལམ་ཉེར་བཟུང།། དྲི་མེད་རང་ཟད་འབྱུང་བྲལ་མགོན།། དཀྱིལ་འཁོར་ཀུན་དག་རྩ་བ་སྤྲོས།། བསྐལ་པ་མོ་མཚན་རྒྱུན་གཅོད་ལ། ། ཐར་ཐེར་བརྒྱ་ཡི་གདུང་འཕེལ་བས།། གསང་བའི་ཡང་ཞུན་ཐེག་པར་བཟུང།། མོས་ཆེན་རྣམས་ཀྱི་དང་པོ་མགོན།། སྙིང་པོ་མིག་དག་ཕྱག་རྒྱ་སྤྲོས།། བསྐལ་པ་འཁོར་བའི་མུན་སེལ་ལ།། འབུམ་ཕྲག་ལྔ་ཡི་ཡང་གདུང་གིས། ། འདི་ཉིད་སྤྲོས་ཏེ་དམ་དུའོ།། སེམས་རིག་ཀུན་གྱི་སྤྱི་ཕུད་མགོན།། ང་མེད་སྔོན་དུ་ཕྱག་རྒྱ་སྤྲོས།། བསྐལ་པ་སྔ་མོ་མོ་སྟོང་ལྡན་ལ།། བྱེ་བ་དགུ་ཡི་གདུང་འཕེལ་བས།། ངེས་ཤེས་ཀུན་གྱི་ཐོག་མར་བཟུང། ། བསླབ་གནས་ཀུན་གྱི་དང་ཐོག་མགོན།། ཕྱག་རྒྱ་མིག་ལྡན་སྟོང་དུ་སྤྲོས།། བསྐལ་པ་སྒྱུ་མ་སྣང་མཛད་ལ།། ཡལ་ཡོལ་གསུམ་གྱི་ཡང་གདུང་གིས།། འདི་ཚིག་གོང་མའི་གོང་མས་བཟུང།། རིམ་པ་སྔོན་གྱི་སྐྱེད་བྱེད་མགོན། ། བབ་བྱུང་མེད་སྣང་ཕྱག་རྒྱ་སྤྲོས།། བསྐལ་པ་སྙིང་རྗེ་ཀུན་འདུས་ལ།། སང་སེང་ལྔ་ཡི་གདུང་འཕེལ་བས།། སྙིང་པོ་གསང་བ་ཆེན་པོར་བཟུང།། འཇིགས་པ་ཀུན་བྲལ་སེང་གེ་མགོན། ། སངས་རྒྱས་སྲས་ནི་གཅིག་པ་སྤྲོས།། བསྐལ་པ་བཟང་པོ་རབ་གང་ལ།། སྟོང་ཕྲག་བདུན་གྱི་གདུང་འཕེལ་བས།། འབྱུང་བའི་རང་སྒྲ་བྲལ་བར་བཟུང།། རྫོགས་པའི་ཡང་ཐོག་ཐ་མ་མགོན།། དོན་དགོངས་ཉག་གཅིག་རྣལ་དུ་བཟུང། ། བསྐལ་པ་རྩོད་ལྡན་ཆེན་པོ་ལ།། བརྒྱ་ཕྲག་དགུ་ཡི་གདུང་འཕེལ་བས།། འདི་ཚིག་གཅོད་དང་བྲལ་བར་བཟུང།། དྲན་པ་ཟད་པ་ཡེ་ཤེས་མགོན།། སྙིང་པོ་རང་ཚིག་གཅིག་པར་གོ། བསྐལ་པ་རྩོད་དང་ལྡན་པ་ལ།། བཅུ་ཕྲག་དགུ་ཡི་གདུང་འཛིན་པས།། ངེས་པའི་ཕྱག་རྒྱ་དམ་པར་བཟུང།། དེ་ལྟར་བརྗོད་ཀྱིས་མི་ལངས་པའི།། སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས།། རང་བྱུང་ཆེན་པོའི་ཡི་གེར་ནི། ། གནས་པའི་ཀ་དག་ཆེན་པོ་ཡི།། བབ་ལས་འདི་ཀུན་རང་བྱུང་ཤར།། བྱིན་བརླབས་རིམ་པ་འདི་ཀུན་ཀྱང།། ཐོག་མ་བབ་ལས་རང་བསྟན་ནོ།། ལེའུ་གཉིས་པའོ།།།། ཨེ་མ། རང་བྱུང་ཆེན་པོའི་ཚིག་ལས་ཀྱང། ། འདི་ལྟར་ཁྱད་པར་བྱུང་ཚིག་ནི།། བབ་ལས་བྱུང་ཞིང་ཤར་བ་ལས།། རང་གསལ་ཆོས་རྣམས་རང་བྱུང་ཚིག། ཕྱིས་ནི་འདི་ལྟར་ཡང་དག་གོ། རྒྱུད་དང་དེ་ཡི་རང་འགྲེལ་ལོ།། ལྷ་སྔགས་ལ་སོགས་ཕྱག་རྒྱ་བཅུ། ། དེ་ལས་འདི་ཚིག་ཕྲག་གཡས་སུ།། སྣང་བ་ཡིན་ནོ་དོན་ལ་སེམས།། སྣང་མཛད་དོན་ཀུན་རང་རྫོགས་ཏེ།། ཚིག་ཀུན་བདག་པོར་རང་བྱུང་བས།། དགོངས་པ་ཉིད་ནི་དང་པོ་ལས།། ཚིག་རྩོམ་མཁས་པ་འདི་ལས་ནི། ། གྲངས་ལས་འདས་རྣམས་འབྱུང་བ་ཡིན།། བདག་འཛིན་བདག་མེད་སྔོན་ཐོག་ལས།། མཐར་འཛིན་འདོད་པ་དགག་པའི་ཕྱིར།། མངོན་སུམ་རྗེས་སུ་དཔག་པ་ཡིས།། གཏན་ཚིགས་ཆ་འཛིན་ཚིག་ཀུན་འབྱུང། ། ཡིད་དཔྱོད་བློ་ཞེན་དགག་པའི་ཕྱིར།། ཀུན་རྫོབ་དོན་དམ་གྲངས་ཕྱེ་སོགས།། ཚིག་ནི་འདི་ཀུན་བྱིན་རླབས་ལས།། འདི་ལྟར་རྩོམ་པའི་དཔའ་བོ་མཁས།། སེམས་ནི་མཐར་ཞེན་བློ་དགག་ཕྱིར།། ཕུང་པོ་གྲངས་དང་ཁམས་སོགས་དང། ། བསྟོད་དང་ཡོད་མེད་ཆོས་དང་ནི།། ཆོས་མིན་ཅི་ལྟར་བརྩི་བ་ཡི།། ཚིག་ཀུན་འདི་ལ་རབ་བརྩོན་ཐོབ།། འཇིག་རྟེན་མཐུན་འཇུག་དྲང་བའི་ཕྱིར།། སྒྲ་དང་རིག་པ་དུ་མ་ཡང།། འདི་ཡི་རང་བྱུང་ཚིག་ལས་ཤར། ། ཕྱིར་འགྱུར་ཐེག་པའི་རང་གྲངས་ཀྱིས།། དབང་པོའི་འཇུག་སྒོ་གསལ་བའི་ཕྱིར།། རིམ་པའི་འཇུག་སྲེལ་བཅུ་གཅིག་ནི།། འདི་ཡི་ཡོན་ཏན་བབ་ལས་སྣང།། རང་འོད་ཅི་ལྟར་ཡོད་པའི་ཚིག། འདི་ལས་སྤྲོས་སོ་ཉེ་བར་བསྡུས།། གྲགས་དང་མ་གྲགས་ཚིག་བཅུད་ནི།། འདི་ལས་ཡང་གསང་ཆེན་པོར་ཡང།། གྱུར་ཏེ་སྣང་བ་གྱུར་པ་ཡིན།། ལྷ་མིས་ཅི་ལྟར་འདོད་པའི་ཚིག། སྒོ་དྲུག་ཐོབ་འདོད་རང་བཀོད་ཚིག། སྔགས་ལུང་སེམས་དཔའི་ལུང་རབ་སྣང།། འདི་ལས་གསང་ཆེན་གནད་དུ་གྲགས།། དེ་བཞིན་སྐྱེ་འཇིག་བསྟན་ཆོས་དང།། ཡོད་དང་མེད་སྨྲ་བདེ་གྲངས་སྤྲོས།། མཐའ་གཉིས་རབ་འབྱེད་ཡོད་སྣང་ཕྱིར། ། དྲན་སེམས་ཉིད་ཀྱི་སྡེ་གྲངས་ནི།། འདི་ཀུན་ལས་བྱུང་སེམས་ཀྱི་ལུང།། འཇུག་པ་ཆེན་པོའི་ཤིང་རྟ་ཡང།། སྣང་བའི་མཛད་འཕྲོས་ཁ་ལོ་ནི།། འདི་ཚིག་དམ་པའི་འཁོར་ལོའོ།། གྲགས་པའི་སྔགས་དང་དེ་སྤེལ་ཚིག། རམ་པ་མདོ་སྡེ་རང་གྲགས་ཚིག། བཀོད་པ་རྣམས་ཀྱི་ཐོག་མར་ནི།། འདི་ལས་འཕྲོས་སོ་ཕན་སེམས་ལྡན།། ལུང་རྒྱས་ཐེག་པ་ཀུན་དངོས་སོ།། གཞི་རྩ་རྩལ་གྱི་ནན་ཏན་ཚིག། འདི་ཀུན་རྒྱན་གྱི་རྒྱལ་པོ་ལས། ། ཁ་ལོ་བསྒྱུར་བའི་དཔའ་བོ་ཡིན།། བྱེད་པའི་ལས་རྒྱས་དཀྱིལ་འཁོར་འཇུག། དཔེ་མེད་པ་ཡི་སྒྲ་ཡི་ཟེར།། གྲངས་མཐའ་འགེག་བྱེད་སེང་ཕྲུག་གོ། བཅོས་པའི་ཡང་ཆ་དེ་འཕེལ་བཟུང། ། དཔའ་བར་འགྲོ་བའི་ལས་རྒྱས་སོ།། མཐོ་དམན་སྙོམས་པའི་དགེ་འབྲས་ལུང།། དཔེ་བྲལ་རྣམས་ཀྱི་དང་པོའོ།། དེ་ལྟར་སྤྲོས་ཚིག་དུ་མ་ཡི།། འཁོར་ལོ་འཛིན་པའི་སྤྲུལ་པའོ།། མཁའ་གསལ་མཁའ་དག་ཀློང་ཆེན་གྱི། ། སྤྲོས་པ་རྣམས་ཀྱི་ཡང་སྤྲོས་ལས།། སྐྱེ་སྒོ་རབ་ཏུ་སྤངས་པ་ཡི།། བླ་མེད་འདྲེན་པའི་དང་པོར་བྱུང།། བདེ་བས་བདེ་བ་འབྱེད་པ་ཡི།། རིགས་མཐུན་ཀུན་གྱི་གསང་ཆེན་ཡིན།། རིགས་ལ་གནས་ཤིང་རིགས་འབྱེད་པའི། ། གཙོ་བོ་གཙོ་བོས་བླངས་པའོ།། ཀ་དང་རྟོགས་དང་རབ་ཏུ་དགོངས།། རིམ་པར་རྒྱས་དང་དེ་རྗེས་ནི།། འདི་ལས་རབ་ཏུ་འཕེལ་བ་ཡིན།། རབ་ཏུ་རྟོགས་ཕྱིར་དཀྱིལ་འཁོར་གྱི།། དམ་པ་རྣམས་ནི་འདི་ལས་སྤྲུལ། ། ཐམས་ཅད་ལས་ཀྱི་མཐའ་རྒྱས་ཀྱང།། འདི་ལས་རབ་ཏུ་ཡང་འཕེལ་ལོ།། འདི་ཚིག་བྱིན་རླབས་བརྒྱུད་པ་ཡང།། རབ་ཏུ་འཕེལ་ཕྱིར་འབྱུང་བའོ།། ལེའུ་གསུམ་པའོ།།།། ཨེ་མ་ཧོ། འདི་ལྟར་ཡང་གསང་དོན་ཉིད་ལ། ། འཇུག་པར་འདོད་པའི་སྐལ་བ་རབ།། སྔོན་དུ་ལུས་ངག་ཡིད་རྣམས་ཀྱི།། མངོན་པར་ཞེན་པ་བཟློག་པའི་ཕྱིར།། སྔོན་དུ་སྤྱོད་པ་བརྩམ་པར་བྱ།། ལུས་ནི་རྒྱུག་དང་ཉལ་བ་དང། ། ལངས་དང་ཡན་ལག་བསྐྱོད་པ་དང།། བསྐོར་བ་དང་ནི་ཕྱག་བྱ་དང།། ཡན་ལག་བསྐོར་དང་མགོ་བསྒྲིལ་དང།། ཇི་ལྟར་དྲན་པའི་ལས་རྣམས་དང།། གར་དང་ཕྱག་རྒྱ་བསྒྱུར་བ་དང།། ཇི་ལྟར་དམིགས་པའི་ལས་རྣམས་བྱ། ། འདི་ལྟར་སུ་ཡིས་བྱས་པའི་མི།། ལུས་ཀྱི་མངོན་ཞེན་རང་བཅད་ནས།། ལུས་ཀུན་རུ་ཤན་ཕྱེད་པར་ནི།། འདི་ཡིས་འགྱུར་རོ་སྤྲུལ་པའི་སྐུ།། དེ་འདས་ངག་གི་སྤྱོད་པ་བརྩམ།། སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ། ། ཡོད་དང་མེད་དང་སྣང་བ་དང།། ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད།། བྱོལ་སོང་སྣ་ཚོགས་བརྡ་སྐད་དང།། སྐད་ཀྱི་རྣམ་པ་སྣ་ཚོགས་པ།། འདི་ལྟར་སུ་ཡིས་བྱས་པའི་མི།། ངག་གི་མངོན་ཞེན་རང་ཆོད་ནས། ། འཁོར་འདས་རུ་ཤན་འདིས་ཕྱེད་དོ།། དེ་འདས་ཉིད་ཀྱི་འོག་ཏུ་ཡང།། སེམས་ཀྱི་སྤྱོད་པ་བརྩམ་པར་བྱ།། དགའ་དང་མི་དགའ་བདེ་སྡུག་དང།། རྟག་དང་མི་རྟག་ལ་སོགས་པ།། བལྟ་བསྒོམ་སྤྱོད་པའི་བསམ་པ་དང། ། ཆོས་དང་ཆོས་མིན་ལ་སོགས་དང།། འདོད་ཆགས་ཞེ་སྡང་གཏི་མུག་དང།། དགེ་དང་མི་དགེ་ལ་སོགས་པའི།། བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ།། འདི་ལྟར་སུ་ཡིས་བྱས་པའི་མི། ། སེམས་ཀྱི་མངོན་ཞེན་རང་ཆོད་ནས།། འཁོར་འདས་རུ་ཤན་ཕྱེད་པའོ།། དེ་ལྟར་སྔོན་དུ་འགྲོ་བྱས་ནས།། མངོན་སུམ་དོན་ལ་བལྟ་བའི་ཕྱིར།། ལུས་དང་ངག་ཡིད་རབ་ཏུ་གཅུན།། ལུས་ནི་སེངྒེ་ལྟ་བུ་དང།། དྲང་སྲོང་དང་ནི་གླང་ཆེན་ཚུལ། ། འདི་ལ་གཡོ་བར་མ་བྱས་ན།། སངས་རྒྱས་སུམ་སྟོང་ཉིད་དང་ཡང།། སྐལ་བ་དག་ནི་མཉམ་པ་ཡིན།། ངག་ནི་ཇི་ལྟར་ལྐུགས་པ་བཞིན།། སུ་དང་བརྡ་ཙམ་ཉིད་མི་བྱ།། འདི་ལྟར་སུ་ཡིས་བྱས་པའི་མི། ། སེམས་ཀྱི་འཕྲོ་འདུ་རང་ཆོད་དོ།། འདི་ལྟར་ལུས་ངག་སུས་གཅུན་པ།། ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ།། འདི་ཡིས་གོམས་པར་འགྱུར་བ་ཡིན།། དེ་ལྟར་ལུས་ལ་སོགས་པ་ཡི།། གནད་ཀུན་རབ་ཏུ་གཟིར་བ་ཡིས། རིག་པ་ཉིད་དང་མངོན་སུམ་དུ།། བླ་མའི་ལུང་ལས་ཤེས་པ་ཡིན།། དབྱིངས་དང་རིག་པའི་ལྟ་སྟངས་ནི།། སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ།། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད།། རྣམ་པར་བཞག་ཅིང་འབྲལ་མི་བྱ། ། འདི་ལྟར་སུ་ཡིས་མཐོང་བའི་མི།། ཐོག་མའི་ཀུན་ཏུ་བཟང་པོ་དང།། སྐལ་བ་ཉིད་ནི་མཉམ་པའོ།། དེ་ནས་ཐིག་ལེ་མཐོང་བ་ཡིན།། དེ་གཏད་སྣང་བ་གོང་འཕེལ་བས།། རང་ངོ་མཐོང་ལས་འདི་ལྟར་རོ། ། ཡར་མཚམས་ལས་ནི་སོར་བཞི་ལས།། བྲལ་བའི་སྐྱེས་བུ་སྐལ་བཟང་པ།། འཁོར་བར་འཇུག་པ་ག་ལ་སྲིད།། གྲུ་ཆད་རྣམ་པར་གང་སྣང་བ།། སྤྲུལ་པའི་ཡོན་ཏན་འདི་ཡིས་འགྲུབ།། མཐོང་བའི་ཡུལ་ཙམ་གང་སྣང་བ། ། ཚོམ་བུ་ལ་ནི་དེ་བཞིན་ནོ།། ཕྱིར་སྣང་འགག་པ་གང་ཡིན་པ།། སྐད་ཅིག་མ་ནི་བཅུ་དྲུག་ལ།། འདི་ཡང་དེ་ལྟར་འགྱུར་བའོ།། མ་སྨིན་ལ་སོགས་ཐིག་ལེ་དང།། དེ་བཞིན་སྐུ་ལ་ཐུག་གི་བར།། དྲུག་དང་བཅུ་དང་ལྔ་གསུམ་ལ། ། གདོན་མི་ཟ་སྟེ་ལོངས་སྐུར་རོ།། ནང་ལུས་ཟད་པའི་སར་ཕྱིན་ཚེ།། སོར་མོ་ལ་སོགས་དེ་བཞིན་སྣང།། འདི་གཏད་འབྱུང་བ་རང་དེངས་སོ།། སྐྱེ་དང་འཇུག་པའི་ཁྱད་པར་གྱིས།། ཆོས་ཀུན་ཟད་པའི་རང་ས་ལ། ། ཅི་ཡང་འཛིན་པ་མེད་པར་ནི།། གནས་པ་ཡིན་ནོ་སྤྲུལ་པའི་སྐུ།། འདི་ནི་འཇུག་པའི་ཤུགས་ཀྱིས་དབང།། སྐྱེ་བའི་རང་དབང་སུས་ཐོབ་པ།། དེ་ཡང་དེ་ལ་གཏད་ནས་ནི།། ཡང་དུས་འདི་ལྟར་བྱས་པ་ན། ། སྣང་བའི་རང་སྒྲ་སིལ་སྐད་དེ།། སྔོན་དུ་ལོག་སྟེ་འཁྲུལ་པར་སྣང།། འདིས་ནི་སེམས་ཅན་དོན་ཀུན་བྱེད།། རིག་པ་མཉམ་པར་གཅིག་པའི་ཕྱིར།། སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི།། འཕོ་བ་ཆེན་པོ་འདིས་འགྲུབ་བཽ། ། དེ་བཞིན་རིམ་དང་ཅིག་ཅར་གྱིས།། ལུས་ནི་འདི་ཡིས་འགྲུབ་པ་ཡིན།། དེ་ཀུན་ལུས་ཟད་ཚད་ལས་གྲོལ།། འདི་ཀུན་འབྲས་བུ་ངེས་པའོ།། ལམ་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། ། འདི་ལྟར་ཐབས་ལས་ཡང་དག་བྱུང།། སངས་རྒྱས་འགྲུབ་པར་འདོད་པའི་མིས།། འདི་ཐབས་ལྡན་ན་དེ་བཞིན་ནོ།། གཞན་སྤྱོད་སྙེམས་བྱེད་ཉིད་ཡིན་པས།། དངོས་པོ་མཐོང་བ་མ་ཡིན་ན།། དེ་ཕྱིར་འདི་ཀུན་དཀོན་པའི་ཚིག། རྟག་ཏུ་རིན་ཆེན་གཏེར་འདི་ལྟོས།། འདི་ལྟར་ཟད་པ་ལ་སྤྱོད་ན།། འདིས་ནི་སངས་རྒྱས་སྟོང་ཕྲག་གསུམ།། འདི་ཡིས་ལེགས་པར་ཞལ་མཐོང་ཡིན།། འདི་ཚིག་གསང་བ་ཉིད་ལས་བྱུང། ། སྐྱེས་བུ་རྣམས་ཀྱིས་འདི་ལྟར་བྱ།། གསང་ཆེན་ཡང་གསང་དམ་པའོ།། ལེའུ་བཞི་པའོ།།།། ཨེ་མ་ཧོ། འདི་ལྟར་འདོད་འབྱུང་སྐྱེས་བུ་གང།། ཐབས་ཀྱི་ཡན་ལག་འདི་ལྟ་བུ།། རྣམ་པ་སྣ་ཚོགས་ཉིད་ལ་ནི། ། འདི་ལྟར་དེ་ཡི་སྔོན་དུ་སྦྱངས།། སེམས་ཀྱི་རིམ་པ་ཅི་སྦྱངས་པ།། འདིས་ནི་མི་རྟག་སེམས་ལ་འབྱོར།། ཇི་ལྟར་སྒྲ་ཡི་རྣལ་འབྱོར་པས།། ས་ཆུ་མེ་རླུང་འབྱུང་བ་བཞིའི།། སྒྲ་དོན་རྣམས་ལ་གོམས་པ་ཡིས། ། རིགས་དྲུག་རྣམས་ཀྱི་རང་སྐད་ཀྱི།། མངོན་ཤེས་འཆར་བ་འདིས་འགྲུབ་བོ།། ཞག་རིམ་དུས་ནི་རྣམ་དྲུག་གི།། འདི་ཡི་སྐད་ཀུན་རང་དུས་ཤེས།། འདྲེས་པ་མེད་པར་སུས་ཤེས་པ།། མ་འོངས་ད་ལྟར་འདུས་པ་ཡི། ། སེམས་རྒྱུད་ཇི་ལྟར་ཤེས་པར་འགྱུར།། གཞན་གྱི་དོན་བྱེད་སྤྲུལ་པ་པོས།། འདི་ལ་སྔོན་དུ་མ་སྦྱངས་ན།། སྤྲུལ་པའི་ས་བོན་འཇོག་པར་ནི།། ནུས་པ་ཉིད་ནི་མི་འཐོབ་བོ།། དེས་ན་འབྱུང་བའི་སྒྲ་ལ་བསླབ།། བྱ་བྱེད་ཞེན་པ་བཟློག་པའི་ཕྱིར། ། ལག་ནི་བྱ་བྱེད་སྣ་ཚོགས་བྱ།། དེ་བཞིན་འདུས་བྱས་རྣམ་པ་ནི།། དབང་པོའི་མངོན་ཞེན་བཟློག་པ་སྟེ།། ཡུལ་རྣམས་གོམས་པའི་གནད་ཀྱིས་སྦྱངས།། འདི་ལྟར་གཉིད་དང་རྨི་ལམ་གྱི། ། དུས་བཞི་འབྱུང་བའི་གནད་ཀྱིས་དབྱེ།། ཚད་ནི་གནད་ལ་ཕེབས་པས་བཟུང།། ཐིག་ལེ་ཕྱི་ནང་བསླབ་བྱའི་ཕྱིར།། གང་ཟག་རྣམ་པ་གཉིས་དོན་བྱ།། བཅོས་མ་འདུས་བྱས་བསྒོམ་པ་ཡིས།། དང་པོ་སེམས་གཡེང་ཞེན་པ་དགག། འབྲས་བུ་ཅིག་ཆར་མ་ཡིན་པས།། སྣང་བ་རིམ་གྱིས་གོམས་པར་བྱ།། མིག་སྨན་ལ་སོགས་སྒོ་ལྔ་ཡི།། སྨན་གྱི་རིམ་པ་སྦྱར་བར་བྱ།། འདི་ཀུན་གསང་བའི་ཐབས་ཡིན་ནོ།། ལམ་གྱི་རྟགས་ནི་ལུས་ལས་ནི། ། མངོན་པར་ཕྱི་རོལ་སྣང་གྱུར་པའི།། སྨན་ཉིད་ཀྱང་ནི་དེ་བཞིན་ནོ།། འདི་ཀུན་འཇིག་རྟེན་དྲང་དོན་དུ།། སྐལ་པ་ཅན་གྱི་སྤྱོད་ཡུལ་ལོ།། འདི་ཡི་ཐབས་ནི་སྣ་ཚོགས་པར།། གཞན་གྱི་འདོད་ཡོན་མཐའ་དགག་ཕྱིར། ། རབ་ཏུ་གསང་བར་བྱུང་བའོ།། ལེའུ་ལྔ་པའོ།།། ཁམས་ལ་བསླབ་པའི་ཐབས་ཡོད་པས།། དྲན་རྫོགས་ཕྱག་རྒྱའི་ངང་དུ་སྦྱོར།། དབང་པོའི་ཞེན་པ་བཟློག་པའི་ཕྱིར།། ཀརྨཱ་རགྴ་གྷི་ཧཾ་ཏི།། ཕུང་པོའི་ཞེན་པ་བཟློག་པའི་ཕྱིར། ། བྷེ་ག་ར་ན་སོ་གད་གླིང།། ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར།། བུ་ཀཱ་རི་ལ་བྷི་དྷུ་ཏྲི།། སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར།། རཾ་བ་ཀ་ལ་ས་མི་ཁྱེ།། བྱུང་ཚོར་གནས་སུ་གཅད་པའི་ཕྱིར། ། མ་ཏང་ཕར་ཕེར་རས་རྨིས་ཏེ།། འདུས་འཚོགས་སྣང་བ་ངོས་གཟུང་ཕྱིར།། ཁ་ཊ་རེ་ཀ་ས་རྨིག་རླུང།། རིག་པ་བཙོན་རར་གཞུག་པའི་ཕྱིར།། ཨ་ཀེ་ར་ན་བྷེ་ཙག་ཤ། འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར། ། ཡ་རི་མུ་ཌ་ས་གྷུ་ལི།། རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར།། ཡ་སིང་ར་རླུང་པ་ལ་ཡ།། འཁོར་བ་དོང་ནས་འདོན་པའི་ཕྱིར།། མཱ་མ་ཀོ་ལིང་ས་མ་ཏ།། ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར།། གྷ་རིང་ཡཾ་པ་རི་མཾ་ཏི། ། རོལ་པའི་བྱུང་ཁུངས་སྤུར་བའི་ཕྱིར།། བུ་ག་སིདྡྷ་ཕ་གྷ་ལ།། ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར།། ར་མི་ས་པཱི་ཁེ་ཏ་བ།། ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར།། བེ་ཁུ་མ་ལ་པ་ཏཾ་ཀི། ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར། ། ས་མ་ཉི་ཝ་དྷེ་ར་ཡ།། ལྟ་བསྒོམ་ལོག་པ་དག་བྱའི་ཕྱིར།། བཛྲ་ས་ཏྭ་ཏྲེ་ཏོ་མཱ+ེ།། ས་ལམ་དུས་གཅིག་གཅད་པའི་ཕྱིར།། གྷེ་བ་སུ་གྷར་རྣ་མཱ་ཡཱ+ེ།། ཡིད་དཔྱོད་ལྟ་བ་ཁུངས་གཅད་ཕྱིར།། དྷརྨཱ་པ་ཏེ་ས་གྷུ་ལཱི།། སྐུ་གསུམ་ལམ་དུ་བསླང་བའི་ཕྱིར། ། རསྨ་ས་མ་ཁ་རྒད་ཚེ།། སྣང་བ་དངོས་སུ་བླང་བའི་ཕྱིར།། རུ་པ་ས་མི་མི་ཏ་ལཾ།། སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར།། ང་ཏིག་པ་ཡང་ཀ་ལ་ས།། བསམ་གཏན་ཆེན་པོའི་ས་ནོན་ཕྱིར། ། ག་ཚ་པ་ལ་ས་ཨི་ཏཾ།། ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར།། ཀརྨ་ཨེ་ཀ་ཨ་ནུ་ས།། སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར།། སང་ཀྲི་མ་མ་ཀརྨ་ཏ།། སངས་རྒྱས་རྣམས་ཀྱི་གནས་བཙལ་ཕྱིར།། ང་ལ་ཁེ་པ་ཀི་ལི་ས:། འདི་ཀུན་རང་བྱུང་ཚིག་ཏུའོ།། ལེའུ་དྲུག་པའོ།།།། ཨེ་མ་ཧོ། བཅོམ་པ་དང་ནི་ལྡན་པ་དང།། འདས་པ་ཡང་དག་ལམ་ཡིན་ནོ།། འདི་ཚིག་ལམ་མིན་གདམས་པ་ཡིན།། བསྟན་ཅིང་བཤད་མེད་བརྗོད་མ་ཡིན། ། གདམས་པ་མ་ཡིན་བྱིན་རླབས་ཡིན།། བྲིས་ཤིང་བཀོད་མེད་རང་བྱུང་ཡིན།། གནས་དང་དུས་མེད་སྔོན་ཐོག་ཡིན།། ཆོས་མིན་སྙིང་པོ་ཐུགས་གསང་ཡིན།། སུས་ཀྱང་ཉན་མེད་ངང་ཤར་ཡིན།། ཐོས་པ་མེད་ཅིང་རང་བསྒྲགས་ཡིན། ། བྱས་པས་འདི་ཀུན་མ་ཡིན་ཚིག། འདི་ཡོད་འགྲོ་བ་སངས་རྒྱས་ཡིན།། ཕ་རོལ་མཐོང་བའི་གསང་ཆེན་ལས།། སེམས་ཡོད་མ་ཡིན་སྤྲུལ་པ་ཡིན།། འཁོར་བའི་སྤྱི་མདུད་དགྲོལ་བའོ། ། ཤེས་བྱ་མ་ཡིན་ལམ་སྣ་ཐག། སྟོང་པ་མ་ཡིན་མངོན་སུམ་ཡུལ།། ཡོད་མེད་མ་ཡིན་ཐབས་གསང་བ།། ལྷ་མེད་འདི་ལ་སྔགས་ཡོད་མིན།། ཕ་རོལ་ཕྱིན་པ་དྲུག་གི་གཞི།། བསྙེན་གནས་ལ་སོགས་འདི་ཚུལ་ལོ། ། དེ་བཞིན་དུ་ཡང་བྱེ་བྲག་སྨྲ།། དོན་དམ་ཀུན་རྫོབ་གཟུགས་ཀྱིས་སོ།། གཟུགས་ཀྱི་རྩ་བ་འདི་ཉིད་རང།། ལྷའི་རྣལ་འབྱོར་འདི་སྔགས་ཡིན།། ལུང་ཆེན་རྣམས་ཀྱི་དམ་པ་འདི།། ཆོས་རྣམས་རོ་གཅིག་འདྲེས་པའི་རྟེན། ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། བླ་མེད་འཁོར་ལོ་བསྐོར་བའི་གནས།། དབང་པོ་རྣམས་ཀྱི་དམིགས་གཏད་ཡིན།། ཤེས་རབ་རྣམས་ཀྱིས་རྟོགས་པའི་གནས།། སྐུ་གསུམ་ལམ་དུ་སློང་བའི་རྟེན། ། ཐིག་ལེ་མངོན་དུ་འབྱིན་པའི་མིག། ཐར་པའི་སྐས་ཀུན་སློང་བར་བྱེད།། ལམ་དུ་འཇུག་པའི་ས་མཁན་ཡིན།། སྐལ་ལྡན་འཛིན་པའི་ལྕགས་ཀྱུར་སྣང།། ཆོས་སྐུ་རང་འཇོག་གནས་ལུགས་ཡིན།། སངས་རྒྱས་ཀུན་གྱིས་ཕྱག་བྱེད་གནས། ། ཡུལ་སྣང་གཅོད་པའི་རལ་གྲིར་སྣང།། གྲོལ་བ་རྣམས་ནི་འདི་ཉིད་ལ།། རྣམ་པར་བརྟེན་ནས་གྲོལ་བའོ།། ལེའུ་དྲུག་པའོ།།།། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ། བསྟན་པ་ཐམས་ཅད་ཀྱི་བཙས་སུ་རང་བྱུང་བ། རང་བྱུང་ཡི་གེ་ཆེན་པོར་བསྐལ་པ་ཀུན་གྱི་ཐོག་མར་རང་བྱུང་བ། བྱིན་རླབས་ལས་རང་བཀོད་པ། སྤྲུལ་སྐུའི་ས་བོན་འཕེལ་བར་བྱེད་པ། རབ་ཏུ་དཀོན་པའི་ཚིག་རྫོགས་སོ། །།། ས་མ་ཡ། གྷུཧྱ། ཨྠི+ྀ། རྒྱ་རྒྱ་རྒྱ། སྦས་རྒྱ། གཏད་རྒྱ། གཏེར་རྒྱ། ཁ་ཐམ། དྷ་ཐིམ། སྤྲུལ་སྐུ་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའོ།།
CLOSE WINDOW