CLOSE WINDOW

Gpb017.009: བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱུད་སོུ་གྲི་རེག་གཅོད་ཅེས་བྱ་བ
Wylie

། ཨུ་རྒྱན་གསང་བ་བརྡའི་སྐད་དུ། རྒྱ་གར་སྐད་དུ། གྷུ་རུ་དྷེ་ཝ་ཌཱཀྐི་ནི། སརྦ་ཀརྨ་ཏནྟྲ་ཀྵུ་ར་སྤྲྀ་ཤ་ཙྪེ་ད་ན་ནཱ་མ། བོད་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཆེན་རྔམ་པ་དྲག་པོ་གཏུམ་རྔམ་རབ་ཏུ་ཁྲོས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། སྣང་སྲིད་རབ་ཏུ་གཡོས་ནས་ནི།། འབྱུང་བ་མེ་རླུང་འཁྲུགས་པའི་ཀློང།། བདུད་དང་རཱུ་ཏྲ་རབ་བསྒྲལ་ནས། ། ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དབུས།། དྲག་སྔགས་མཚོན་ཆའི་གུར་ཁང་དུ།། དྲེགས་པ་ཁྱོ་ཤུག་བསྣོལ་བའི་སྟེང།། བཅོམ་ལྡན་སྣང་བ་མཐའ་ཡས་སྐུ།། གཟི་བརྗིད་རབ་འབར་སྐུར་བཞེངས་ནས།། སྟོབས་ཀྱི་དཔའ་ཤུགས་རབ་བསྐྱེད་དེ། ། སྐུ་གསུང་ཐུགས་ལས་འོད་ཀྱི་ཟེར།། ཚ་ཚྭས་སྣང་སྲིད་སྟོང་ཁམས་གང།། མ་རུངས་པ་རྣམས་ཚར་གཅོད་ཅིང།། སྤྲུལ་པ་དཔག་མེད་འགྱེད་པའི་ཚེ།། འཁོར་གྱི་གཙོ་མཆོག་དབང་ཆེན་རྒྱལ། ། ཧ་ཡ་གྷྲཱི་ཝ་དགྲ་བགེགས་གཤེད།། རབ་ཏུ་ཁྲོས་པའི་སྟོབས་ཤུགས་ཅན།། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན།། སྤྱི་གཙུག་དབང་སྐད་རྟ་མཆོག་འཚེར།། སྤྲུལ་དང་ཡང་སྤྲུལ་དཔག་མེད་འགྱེད། ། གསུང་གིས་རྔམ་པའི་ང་རོ་སྒྲོགས།། ཧཱུཾ་ཕཊ་སྒྲ་ཡིས་སྟོང་གསུམ་གཡོ།། ཧ་ཧའི་གད་མོ་ཆེར་འབྱིན་ཅིང།། དགྱེས་པའི་གདངས་སྐད་འབྱུང་པོ་སྐྲག། སྒྲོལ་འགྱུར་མེད་པའི་ཐུགས་ཀློང་ནས། ། ངང་གིས་ཡེ་ཤེས་རྩལ་འབྱིན་ཡང།། མ་རུངས་པ་ལ་དུག་ཆར་འབེབས།། བརྩེ་བས་འགྲོ་ལ་རབ་དགོངས་ནས།། རྫུ་འཕྲུལ་ཤུགས་ཀྱིས་དྲག་པོར་སྤྲུལ།། འདུས་པའི་འཁོར་གྱི་གཙོ་མཆོག་གིས།། ཉིད་ཀྱི་རྫུ་འཕྲུལ་རྩལ་བཤིག་ནས། ། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཧྲཱིཿའབར་བའི་ཀློང་ནས་སྐུར་བཞེངས་པ།། ཡང་དག་དོན་ལྡན་བཅོམ་ལྡན་འདས།། སྤྲུལ་པ་ཕྱོགས་བཅུར་འགྱེད་པ་པོ།། བརྩེ་བས་བདག་ལ་དེང་འདིར་དགོངས། ། གདུལ་བྱ་རེངས་པར་གྱུར་ནས་ནི།། མ་དག་ལོག་པའི་ལམ་ཞུགས་པའི།། ལུས་ངག་ཡིད་སྤྱོད་མ་རུངས་པ།། སྡང་ཞིང་གནོད་གདུག་རྩལ་ཕྱུང་ནས།། ཡོངས་ལ་འཚེ་བར་བྱེད་པ་རྣམས།། དེ་དག་འདུལ་བར་བྱེད་པའི་ཐབས། ། དྲག་པོའི་ཤུགས་ཀྱིས་སྩལ་དུ་གསོལ།། བྱམས་པར་གྱུར་པའི་ཐུགས་མངའ་ཞིང།། ཞི་བའི་ངང་ལས་མ་གཡོས་ཀྱང།། ཐབས་ཀྱིས་གདུག་པ་འདུལ་སླད་དུ།། རབ་ཏུ་ཁྲོས་པའི་ཤུགས་ཕྱུང་ནས། ། དྲག་རྦད་ལས་རྣམས་སྩལ་དུ་གསོལ།། ཞེས་སོགས་མྱུར་དུ་ཞུས་པའི་ཚེ།། བཅོམ་ལྡན་རྔམ་པའི་སྟངས་སྟབས་ཀྱིས།། ཕྱོགས་བཅུར་གཟིགས་ཤིང་གཟི་བརྗིད་ཀྱིས།། སྣང་སྲིད་མ་ལུས་རབ་ཏུ་གཡོས། ། མ་རུངས་ཆོ་འཕྲུལ་བཀྱེས་ནས་ནི།། ལྗགས་ཟོར་རྔམ་པས་བཀའ་སྩལ་པ།། ཉོན་ཅིག་སྤྲུལ་པ་དབང་ཆེན་དཔལ།། གདུལ་བྱ་མ་རུངས་འདུལ་བའི་ལས།། ཐབས་ཀྱི་རྒྱལ་པོར་ངས་བཤད་ཀྱི།། ཐོག་མར་བརྣག་པའི་འདུན་པས་ཉོན། ། བར་དུ་རབ་ཏུ་ཁྲོས་པས་ཉོན།། ཐ་མར་དྲག་ཤུལ་སྤྱོད་པས་ཉོན།། སྔོན་འགྲོ་དངོས་གཞི་རྗེས་རིམ་བཞིན།། གཏན་ལ་གང་ཕེབས་བརྣག་པར་བྱོས།། ལོག་པའི་ལམ་ཞུགས་གདུལ་བྱ་རྣམས། ། ཐབས་ཀྱིས་འདུལ་བར་བྱ་བ་དང།། བདུད་དང་རཱུ་ཏྲ་ལ་སོགས་པ།། ལམ་གྱི་འགལ་རྐྱེན་བྱེད་པའི་བགེགས།། དགྲ་སོགས་འཇོམས་པའི་ལས་རྣམས་ཀྱང།། དྲག་ཤུལ་ལྡན་པས་ཡང་དག་བརྩམ།། འབར་ཞིང་རབ་ཏུ་རྔམ་པ་ཡིས། ། ལེགས་བརྗོད་ལས་དང་ལས་ཀྱི་རིགས།། རབ་ཏུ་གསལ་དོན་ཡང་དག་བརྗོད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། ། ཨྠི+ྀ།།། དགྲ་བགེགས་ལོག་འདྲེན་འཇོམས་པའི་ལས།། སྔོན་དུ་འགྲོ་བའི་རིམ་པ་རྣམས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གནས་དང་དུས་དང་གང་ཟག་དང།། དམིགས་བྱ་གང་ཡིན་ངོས་བཟུང་དང། ། དམིགས་བྱའི་རཱུ་པ་བྱ་བ་དང།། ཐུན་རྫས་དང་ནི་བཅས་ཀ་སྟེ།། དྲག་སྔགས་བསྒྲུབ་པར་བྱེད་པའི་གནས།། སྤྱི་དང་བྱེ་བྲག་ཁྱད་པར་གསུམ།། སྤྱིར་ནི་རབ་འཇིགས་དུར་ཁྲོད་གནས། ། ངམ་ནག་སྐྱི་གཡའ་ཧོམ་ཁུང་འདྲ།། ཆུ་རོང་བྲག་འདབ་འདྲེ་སྲིན་འཁྲུགས།། བྱ་གཅན་རྔམ་པ་མ་རུངས་རྒྱུ།། གནམ་ས་གྲུ་གསུམ་ངམ་ནག་ཅིང།། དུག་དང་དུག་ཤིང་མང་པོ་སྐྱེས།། སྟེང་ནས་ལྷུང་ལ་ཁད་འདྲ་དང། ། འོག་ནས་གྱེན་དུ་གཟེངས་པ་འདྲ།། ས་རྡོ་རི་བྲག་ཁྲོས་འདྲའི་གནས།། བྱེ་བྲག་གནས་ནི་བསམ་མི་ཁྱབ།། ཡེ་ཤེས་ལྷ་ཡི་དྲག་སྔགས་གནས།། སྤྱི་བོའི་ཁྲོད་དུ་མ་ཡིན་ཞིང།། རབ་ཏུ་དབེན་ལ་བག་ཕེབས་པ། ། བས་མཐའ་ཡངས་པའི་ས་ཕྱོགས་སོ།། འཇིག་རྟེན་པ་ཡི་དྲག་སྔགས་གནས།། དུར་ཁྲོད་ལ་སོགས་འདྲེ་སྲིན་རྒྱུ།། རབ་གནས་མ་བྱས་ས་ཕྱོགས་ཏེ།། ངང་གིས་འཇིགས་པའི་གནས་སུ་བསྒྲུབ། ། གཞན་ཡང་བྱེ་བྲག་སོ་སོའི་གནས།། གང་ལ་གང་རིགས་གནས་སུའོ།། ཁྱད་པར་དྲག་སྔགས་བསྒྲུབ་པའི་གནས།། རབ་ནི་ས་དོང་མུན་པ་སྟེ།། རིམ་པ་བདུན་གྱི་ས་འོག་ན།། ལས་ཀྱི་གཤིན་རྗེ་གནས་པའི་ཕྱིར། ། སྟོངས་གྲོགས་མཐུ་དཔུང་བྱེད་པའོ།། འབྲིང་ནི་ས་ཁེབས་བྲག་ཕུག་སྟོང།། ངམ་ནག་མུན་པ་རབ་ཏུ་འཁྲིགས།། དྲེགས་པ་སྡེ་བརྒྱད་གནས་པ་སྟེ།། བྱང་ཕྱོགས་ཁ་བལྟའི་ཕུག་པ་ཤིས།། ལས་རྣམས་མྱུར་དུ་འགྲུབ་པར་འགྱུར། ། སྐུ་གསུང་ཐུགས་རྟེན་མི་བཞུགས་གནས།། ཡང་ན་རབ་ཏུ་གནས་ཞིག་ཅིང།། འབྱུང་པོས་བདག་བྱས་གཙུག་ལག་ཁང།། མདོར་ན་འཇིག་རྟེན་དྲེགས་པའི་ཚོགས།། རྒྱུ་ཞིང་གནས་པའི་སར་བསྒྲུབས་པས། ། གཅིག་རྒྱབ་གཅིག་གིས་བྱས་པ་ཡི།། གང་དང་གང་གིས་ལས་བྱས་པའི།། དེ་དང་དེ་དག་མྱུར་དུ་འགྲུབ།། ཐོགས་པ་མེད་པའི་མཐུ་ཐོབ་འགྱུར།། དེ་བཞིན་དྲག་སྔགས་བསྒྲུབ་པའི་དུས།། དུས་གཟའ་དྲག་པོ་རྒྱུ་བ་སྟེ། ། ཕུང་གསུམ་བདུད་ཀྱི་ཉི་མ་དང།། དྲེགས་པ་སྟོབས་ལྡན་རྒྱུ་བའི་དུས།། གཟའ་དང་སྐར་མ་རྩུབ་ལ་སོགས།། གང་དང་གང་གི་རིགས་རྣམས་ལ།། དེ་དང་དེ་ཡི་རིགས་བསྟུན་ནས།། ནམ་ཕྱེད་སྲོད་དང་མུན་པ་འཁྲིགས། ། དུས་དེར་དྲག་པོའི་བསྙེན་སྒྲུབ་དང།། ལས་ལ་སྦྱར་བ་རབ་ཏུ་ཤིས།། ཟླ་བ་མར་གྱི་ངོ་དག་ལ།། ལས་མཐའ་མནན་བསྲེག་ཟོར་ལས་བྱ།། ཡང་ནི་སྔགས་པའི་རྒྱུད་འཁྲུགས་ནས། ། རྔམ་ཞིང་ངར་དང་ལྡན་པའི་དུས།། སྐད་ཅིག་ཉིད་དེར་ལས་སྦྱོར་བརྩམ།། གནམ་ལྕགས་ཐོག་དང་མཚུངས་པ་སྟེ།། ལས་གང་ཐོགས་པ་མེད་པར་འགྲུབ།། རབ་ཏུ་གཡོ་བའི་དུས་དང་ནི།། ཕྱི་ནང་འབྱུང་བ་འཁྲུགས་པ་དང། ། ཉི་ཟླ་སྒྲ་གཅན་འཛོམ་པའི་ཚེ།། མངོན་སྤྱོད་དྲག་པོའི་ལས་ལ་འཇུག། དེས་ནི་ལས་རྣམས་མྱུར་འགྲུབ་འགྱུར།། མངོན་སྤྱོད་བསྒྲུབ་པའི་གང་ཟག་ནི།། སེམས་རྒྱུད་རབ་ཏུ་གཏུམ་པ་ལས།། བློ་སྟོབས་ཆེ་ཞིང་ཞུམ་པ་མེད། ། ལུས་རྔམ་ཁྲོ་བོ་ཁྲོས་པ་འདྲ།། མིག་རྩ་དམར་ལ་སྐྲ་ལོ་གཟིང།། སྤྱོད་ལམ་ཐུག་ཐུབ་རབ་ཏུ་ཆེ།། ངག་ཉུང་བཟླས་བརྗོད་སྔགས་ལ་བརྩོན།། ཤ་ཁྲག་དམར་ལ་རབ་ཏུ་དད།། དྲག་པོའི་ལས་ལ་རབ་ཏུ་བརྩོན། ། རྒྱུད་རྩུབ་ཁྲོ་གཏུམ་རབ་ཏུ་ཆེ།། ཞེ་ནག་འཛིན་ཤེས་གཏོང་མི་ཤེས།། བསྟན་ལ་བརྩེ་ཞིང་སྤྱི་སེམས་ཆེ།། བྱ་བ་གང་ཡང་མཐར་འབྱུང་བྱེད།། བརྩོན་འགྲུས་ལྡན་ཞིང་སྙིང་རུས་ཅན། ། གར་ཡང་ཐོགས་མེད་འཇུག་པ་ཡི།། གང་ཟག་དེ་འདྲས་བསྒྲུབ་པ་ན།། མྱུར་འགྲུབ་དགྲ་བགེགས་ཐུལ་བར་འགྱུར།། དེ་ལས་ལོག་པའི་གང་ཟག་རིགས།། འཇམ་ལ་ཞི་དུལ་ལྡན་པ་ཡི།། བློ་སྣ་ཐུང་བའི་རིགས་ཅན་གྱིས། ། བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ།། དམིགས་བྱ་ངོས་བཟུང་རྣམ་པ་གཉིས།། དགྲ་དང་བགེགས་ཏེ་དགྲ་བོ་ནི།། སྤྱི་དང་བྱེ་བྲག་རྣམ་པ་གཉིས།། སྤྱིར་ནི་སངས་རྒྱས་བསྟན་པ་ལ།། གནག་པའི་སེམས་འཆང་གདུབ་རྩུབ་ཅན། ། དགེ་འདུན་སྤྱི་དགྲ་བྱེད་པ་དང།། དཀོན་མཆོག་སྡེ་པའི་ནོར་རྣམས་འཇོམས།། དཀོར་ཆ་འཇོམས་ཤིང་དབེན་གནས་བཤིག། བྱང་ཆུབ་སེམས་དཔའི་ཐུགས་དཀྲུག་ཅིང། ། བསམ་གཏན་བསྒོམ་པའི་གེགས་བྱེད་པ།། བླ་མ་དམ་པའི་སྐུ་ལ་བསྡོས།། སེམས་ཅན་ཡོངས་ལ་འཚེ་བ་བྱེད།། རྟག་ཏུ་སྡིག་པའི་ལས་ལ་སྤྱོད།། དགེ་འདུན་དབྱེན་བྱེད་གནག་སེམས་བྱེད།། དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས། ། མདོར་ན་སངས་རྒྱ་བསྟན་པ་ཡི།། སྤྱི་དགྲ་བྱེད་ཅིང་འགྲོ་ལ་འཚེ།། དམིགས་བྱ་དེ་འདྲ་བསྒྲལ་བའི་ཡུལ།། བྱེ་བྲག་རང་ཉིད་མ་ཉེས་པར།། དོ་བསྡཽ་ཕོད་བཙུག་བརྙས་པ་འཆང།། རྐུན་སྣ་གཏད་ཅིང་ཇག་འདྲལ་བྱེད། ། བརྡུང་བཙོག་འཕྲོག་བཅོམ་རྩུབ་འཁྲུག་སྟོན།། ལེན་ཉེས་མེད་པར་ཞེ་གཅོད་ཅིང།། སྐུ་ལ་བསྡོ་ཞིང་རིགས་ལ་བསྙེགས།། གནག་པའི་མཐིལ་འཆའ་ཟ་ལམ་གཅོད།། མདོར་ན་རང་ལ་སྡང་བྱེད་ཅིང། ། ལུས་ངག་ཡིད་སོགས་དུ་མ་ཡིས།། གནོད་ཅིང་སྡང་བར་གང་བྱེད་པའི།། རྣལ་འབྱོར་སྒོས་དགྲ་ཡིན་པའི་ཕྱིར།། དེ་དག་མྱུར་དུ་བསྒྲལ་བའི་ཡུལ།། རང་གིས་མ་ཉེས་གཞན་གྱིས་བཙུག། དེ་དག་བསྒྲལ་བའི་ཡུལ་ཡིན་ནོ། ། བགེགས་ནི་ལས་ཀྱི་མནར་བ་ཡི།། ལུས་སེམས་མ་རུངས་འབྱུང་པོའི་རིགས།། ངང་གིས་གཞན་ལ་གནོད་གྱུར་ཅིང།། དཀར་པོ་དགེ་བའི་བར་ཆད་བྱེད།། ཚེ་ལ་རྐུ་ཞིང་སྲོག་ལ་འཇབ། ཁ་རྗེ་དབང་ཐང་དག་ལ་གནོད།། མཐོ་རིས་ཐར་པའི་གེགས་བྱེད་ཅིང།། འཁོར་བ་ངན་སོང་རྒྱུ་སོགས་པའི།། བདུད་དང་བདུད་ཀྱི་རིས་ཀྱི་ལྷ།། སྐབས་ཚོལ་གླགས་ལྟ་ལུས་སྲོག་འཇོམས།། བསྒྲུབ་ལ་བར་ཆད་སྣ་ཚོགས་བྱེད། ། འདྲེ་བདུད་འབྱུང་པོ་གང་དང་གང།། དགེ་བའི་ལས་དང་བསམ་པ་ལ།། བར་ཆད་བྱེད་པ་གང་ཡིན་པ།། མི་མིན་དེ་དག་བསྒྲལ་བའི་ཡུལ།། དེ་ལྟར་དམིགས་བྱ་ངོས་ཟིན་ནས།། དགྲ་བགེགས་རཱུ་པ་བྱ་བ་ནི། ། འབུར་དུ་དོད་དང་རིས་སུ་བྲིས།། མིང་བྱང་དག་ལ་གདགས་པའོ།། དང་པོ་འབུར་དུ་བཏོད་པ་ནི།། སོ་སོའི་ཟག་རྫས་རྗེས་ས་དང།། དུར་ཁྲོད་དག་གི་ས་དང་ནི།། ཕུང་ཤུལ་འདྲེ་གནས་དག་གི་ས།། དུག་ཁྲག་རོ་སོལ་དུར་ཐལ་དང། ། དམེ་བ་རབས་ཆད་མཛེ་པོ་ཡི།། བསྡད་ཤུལ་འགྲིམ་ལམ་ཁང་ས་སྟེ།། མདོར་ན་ཤིན་ཏུ་བཀྲ་མི་ཤིས།། ངན་པ་ལས་བྱུང་རྫས་རྣམས་ལས། ཁམ་ས་གནག་ལྕི་བག་ཕྱེ་དང། ། འབྲུ་ནག་ཕྱེ་དང་དུར་ཐལ་དང།། རང་རང་ལས་ཀྱི་ས་སྣ་སོགས།། གང་དང་གང་ལས་བྱུང་བ་ཡི།། རཱུ་པ་ཆེ་ཚད་ལུས་དང་མཉམ།། འབྲྀང་པོ་དམིགས་བྱའི་ཁྲུ་གང་སྟེ།། ཐ་མ་དེ་ཡི་མཐོ་གང་ཚད།། གཟུགས་དང་དབང་པོ་སྐྱེ་མཆེད་དོད། ། རིད་ལ་ཉམ་ཐག་སྟོབས་དང་བྲལ།། ཡི་མུག་ངུ་བའི་རྣམ་འགྱུར་ཅན།། ཡན་ལག་རེངས་སམ་འཁུམས་པའི་གཟུགས།། ཤ་ཤོར་རུས་པའི་མཁྲིག་མ་ཞིག། བགེགས་ལ་ཡི་དྭགས་རྣམ་པ་ཅན། ། གསུས་པ་ཆེ་ལ་ཡན་ལག་རིད།། མཇིང་པ་ཕྲ་ཞིང་མགོ་བོ་རྒྱས།། མིག་ནི་གྱེན་ལ་ཨ་འབྲས་ལོག་ཁ་བགྲད་ལྕེ་བརྐྱངས་མ་ནེ་འཕྱང།། ཕོ་མོ་གང་ཡིན་དབང་པོ་དོད།། གང་ཡང་ལུས་ཀྱི་ཆ་ཚང་བར།། འོས་པའི་ཚོན་གྱིས་མདོག་བསྒྱུར་ཞིང། ། རྣམ་ཤེས་ཆགས་པའི་གཏའ་ཡིན་པས།། གཟུགས་དང་སྐྱེ་མཆེད་དོད་པར་བྱ།། རིས་སུ་བྲིས་པའི་ལིངྒ་ནི།། གཞི་མ་རོ་རས་དུག་ཤོག་དང།། ལ་ལ་ཞིང་ལྤགས་དག་ལ་སྟེ།། གང་ཡིན་ཆེ་ཚད་མདའ་གང་ལ། ། འབྲིང་པོ་ཁྲུ་གང་ཐ་མ་ཡང།། མཐོ་གང་སོར་བཞི་དག་ལ་བྲི།། སྣག་ཚ་ཕལ་ཆེར་དུག་ཁྲག་སྟེ།། རང་རང་གང་རིགས་རྫས་ཀྱིས་བྲི།། དེ་ཡང་སྐྱེ་མཆེད་དོད་པ་ལ།། དབང་པོ་ཚང་ཞིང་ཡན་ལག་རྫོགས། ཁ་མིག་བགྲད་ཅིང་སྐྲ་ལོ་གཟིང།། རྐང་ལག་ལྕགས་སྒྲོག་བྱད་དུ་གཞུག། རང་ལ་རང་གཤེད་བྱེད་པའི་ཚུལ།། དེ་ལྟར་བྲིས་དང་ལ་ལ་ནི།། དམིགས་བྱའི་འདྲ་འབག་གཟུགས་སུ་བཀོད།། དེ་དང་དེ་ལྟར་བྱེ་བྲག་རྣམས། ། རྣམ་རིག་ཤེས་རབ་ཅན་དག་གིས།། གང་ལ་གང་འོས་བཀོད་པར་བྱ།། དེ་ལྟར་བྲིས་པའི་སྙིང་ག་རུ།། དགྲ་ལ་ནརྀ་དང་བགེགས་ལ་ཏྲི།། ཐ་མར་རང་རང་མིང་རུས་དང།། ཛཿཧཱུཾ་བཾ་ཧོཿ། མ་ར་ཡ་ཁུག་ཛ། ཡིག་མགོ་ནང་དུ་བསྟན་པ་བྲི།། དཔྲལ་བར་རུས་བྲི་ཁ་ལ་ནི།། དུང་དུང་ཛ་ཛ་བྲི་བར་བྱ།། བརླ་ལ་བླ་དགས་བྲི་བར་བྱ།། བྱིན་པ་གཉིས་ལ་ནརྀ་ཏྲི་བྲི། འདོམས་ལ་ཕཊ་དང་རྐང་ཞབས་ཡི།། ཡན་ལག་ཛཿཧཱུཾ་བཾ་ཧོཿབཀོད། ། སྤྱི་བོར་མཱ་ར་ཡ་ནན་བྲི།། གཡས་སུ་ཕ་རྒྱུད་རྩད་ཆོད་དང།། གཡོན་དུ་མ་རྒྱུད་མངལ་ནས་སྐོམས།། མདུན་ནམ་ལྟོ་བར་སྲིད་པ་དཀྲུག། ཅེས་སོགས་དམོད་མོ་གང་ཤེས་བྲི།། ཐ་མར་ལས་སྔགས་གང་འོས་བཀོད། ། དེའི་མཐར་ཛཿདང་ཁྲམ་རིས་དང།། སྦལ་སྦྲུལ་སྡིག་པ་འཛིངས་པས་བསྐོར།། ཐར་ལམ་བྲོས་ཁུང་མེད་པའི་ཚུལ།། འབྱུང་བ་འཁྲུགས་པའི་ཀློང་དུ་ཚུད།། གཞི་མ་ས་སྟེང་མེད་པ་ཅན། ། རབ་ཏུ་གཏམས་པ་བྲི་བར་བྱ།། དེ་ལས་གཞན་ཡང་རང་རང་གིས།། ལས་མཐའ་དང་ནི་བསྟུན་ཏེ་བྲི།། དེ་ལྟར་བྲིས་པའི་རཱུ་པ་ལ།། རང་རང་ཟག་པའི་རྫས་ཀྱིས་བྱུགས།། སྔགས་རྣམས་མི་བཀླག་རང་བབ་བཞག། མངའ་ཐང་ཉམས་པར་བྱ་བའི་ཕྱིར།། མགོ་རྟིང་བཟློག་ནས་ལྟེབ་པ་དང།། བཞག་པའི་ལུགས་ཀྱང་དེ་བཞིན་བྱ།། དུག་ཁྲག་ལ་སོགས་རྫས་ངན་ཡང།། གང་རིགས་ལས་ཀྱི་མཐའ་དང་བསྟུན། ། མདོར་ན་བརྣག་པར་བྱེད་པ་ཡི།། དགྲ་བགེགས་རཱུ་པའི་ལིངྒ་ནི།། རང་གཟུགས་སྐྱེ་མཆེད་དོད་པ་ལ།། རབ་ཏུ་ཉམས་པའི་ཚུལ་ཅན་བྱ།། ཐུན་རྫས་སྐམ་རློན་རྣམ་པ་གཉིས།། སྐམ་ཐུན་རྫས་ངན་སྣ་ཚོགས་དང། ། ཀེ་ཙེ་ཤང་ཙེ་ཉུང་དཀར་དང།། ཏིལ་དང་འབྲུ་ནག་སྣ་ཚོགས་དང།། ཞ་ཉེ་ཟངས་ལྕགས་ཁྲོ་ཕྱེ་དང།། རྩུབ་པའི་རྡོ་ཕྱེ་དཀར་ནག་དང།། དུག་རིགས་སྣ་ཚོགས་འབྲས་བུ་དང།། དུར་ཁྲོད་ལས་བྱུང་རྫས་རྣམས་དང། ། རང་རང་གཤེད་རྫས་སྣ་ཚོགས་སོ།། རློན་ཐུན་ཁྲག་ལ་གཞི་བླངས་པའི།། སྣ་ཚོགས་དུག་གི་ཁུ་བ་དང།། ཡུགས་སའི་མངལ་ཁྲག་མཛོ་དྲེལ་ཆུ།། མཛེ་ཕོའི་ཁྲག་རྣམས་གང་རྙེད་དང།། མཚོ་ལྐུགས་ཆུ་མིག་ལྐུགས་པའི་ཆུ། ། རབས་ཆད་ཕོ་མོའི་མཆིལ་སྣབས་དང།། ལྐུགས་པའི་དྲི་ཆེན་དྲི་ཆུ་དང།། དེ་སོགས་རྫས་ངན་སྣ་ཚོགས་པ།། ཕྱེ་མ་རིལ་བུ་སྤངས་པ་ལ།། དྲི་ངན་རབ་ཏུ་བཀུ་བ་ཅན།། ཤིན་ཏུ་གདུག་པར་བྱས་པའོ། ། དེ་ནས་བཅའ་གའི་རིམ་པ་ནི།། ཤིན་ཏུ་ནག་པའི་གནས་ཁང་དུ།། བྱང་དུ་ཁ་བལྟས་བྲུབ་དོང་བཅས།། དུར་ཁྲོད་ལ་སོགས་ས་རྫས་ཀྱིས།། སྟེགས་བུ་མདའ་གང་གྲུ་བཞིའམ།། འདོམ་གང་གྲུ་བཞི་ལ་སོགས་པའི། ། རིགས་དང་རིགས་ལས་བྱུང་བ་བྱ།། དཔངས་སུ་ཁྲུ་གང་བྱས་པ་ལ།། དབུས་སུ་བྲུབ་དོང་གྲུ་གསུམ་བྱ།། ཡངས་དོག་ཐོད་པ་ཁ་སྦྱོར་ཤོང།། དེ་ལས་གཞན་ཡང་གང་རིགས་བྱ།། ཕྱི་ནང་མེད་པར་དུག་ཁྲག་དང། ། དུར་ཐལ་རོ་སོལ་དག་གིས་བྱུགས།། རྫས་ངན་རྣམ་པ་དུ་མ་ཡིས།། དཀྱིལ་འཁོར་བྲུབ་དང་ཁྱབ་པར་བྱུགས། ཁ་བད་བང་རིམ་ལྕགས་རི་སོགས།། ཐ་མ་དྲག་པོའི་རྩང་གིས་བསྐོར།། རིགས་དང་རིགས་མཐུན་ལྡན་པའོ། ། མཁས་པས་གང་ལ་གང་རིགས་བྱ།། མདོར་ན་འཇིགས་ལ་རྔམ་པ་ཅན།། ལས་ཀྱི་གཤིན་རྗེའི་ཕོ་བྲང་ལྟར།། ཞིང་ལྤགས་མི་མགོའི་དྲ་ཕྱེད་དང།། རྒྱུ་མའི་ལྡ་ལྡི་རོ་རས་ཀྱི།། འཕན་གདུགས་ལ་སོགས་དུར་ཁྲོད་ཀྱི། ། ཕོ་བྲང་རབ་ཏུ་འཇིགས་པར་བྱ།། དེ་ལས་གཞན་ཡང་བཅས་ཀྱི་རིགས།། གང་ལ་གང་དང་དེ་ལ་དེའི།། བྱེ་བྲག་རྣམ་པ་མང་པོ་དག། མཁས་པ་རྣམས་ཀྱིས་དཔྱད་དེ་བྱ། ཁྲོ་རྒྱལ་གཏུམ་པོའི་ཕོ་བྲང་ལས། ། དྲེགས་པ་སྡེ་བརྒྱད་འདུ་བའི་གནས།། འདྲེ་སྲིན་འབྱུང་པོ་འཚོགས་པའི་ས།། དྲག་པོ་ལས་ཀྱི་ཧོམ་ཡིན་པས།། འཇིགས་ལ་ཡ་ངའི་ཚུལ་ཅན་བྱ།། དེ་ལྟར་བྱས་པའི་ཧོམ་ཁུང་དུ།། དགྲ་བགེགས་དམིགས་བྱའི་རཱུ་པ་གཞུག། ཐོད་པ་ཁ་སྦྱོར་ལ་སོགས་པའི།། ལིང་སྣོད་རྫས་ངན་གང་རིགས་ཀྱི།། ནང་དུ་གཞུག་པར་བྱེད་པའོ།། མིང་བྱང་དག་ལ་འདི་ལྟར་གདབ།། དྲག་པོ་དག་ནི་དུག་རིགས་ཀྱི།། ཤིང་ལས་བྱས་པའི་བྱང་བུ་ལ། ། དུག་ཁྲག་རྫས་ངན་སྣ་ཚོགས་ཀྱིས།། དགྲ་བོའི་མིང་རུས་མཁན་གསུམ་བཀོད།། སྒོ་ཁྱི་ཡུལ་འབྲོག་ས་ཞིང་དང།། བང་མཁར་མི་ནོར་འཁོར་བཅས་ཀྱི།། ནོར་འཁྲུལ་མེད་པའི་མིང་བཀོད་དེ། ། བྲུབ་དོང་ཕྱི་ནང་བར་ཁྱམས་སུ།། རྣམ་པ་མང་དུ་བྱས་ལ་བཀོད།། གཟུགས་དང་བཀྲམ་པ་གང་རིགས་བྱ།། དེ་ནས་སྣང་སྲིད་ལྷ་འདྲེ་ལ།། གཏོར་མ་གསེར་སྐྱེམས་བཏང་ནས་ཀྱང།། བཀའ་བསྒོ་བདེན་སྟོབས་དྲག་ཏུ་བརྗོད། ། ཡེ་ཤེས་ལྷ་ལ་མཁྱེན་གསོལ་བྱ།། འཇིག་རྟེན་ལྷ་ལ་ཉེས་པ་བསྒྲག། རང་གིས་མ་ཉེས་བདེན་པ་བརྗོད། ཁོ་ཡིས་ཉེས་པ་ཕྲ་མ་གཞུག། རང་ཉིད་ལྷ་ཡི་ང་རྒྱལ་བསྐྱེད།། བལྟ་བ་གནད་དུ་ཚུད་པ་དང། ། ཡེ་ཤེས་ལྷ་ཡི་སྔགས་ཚད་བགྲང།། རང་རང་གཉེན་པོ་སྟོབས་ཀྱི་ལྷ།། གང་ལ་གང་རིགས་ལྡན་པ་གཅེས།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ལས། སྔོན་དུ་འགྲོ་བའི་ལས་རིམ་བསྟན་པའི་ལེའུ་སྟེ་གཉིས་པའོ། ། ཨྠི+ྀ།།། བཅོམ་ལྡན་དཔག་མེད་ཧེ་རུ་ཀས།། དབང་ཆེན་འབར་བ་ལ་སོགས་པའི།། དྲག་པོ་འདུས་པའི་འཁོར་རྣམས་ལ།། དྲག་སྔགས་དངོས་གཞིའི་ལས་གསུངས་པ། ། བསྙེན་དང་སྒྲུབ་པ་ལས་སྦྱོར་ཏེ།། བསྙེན་པ་ལ་ཡང་རྣམ་པ་གཉིས།། ཡེ་ཤེས་ལྷ་ཡི་བསྙེན་པ་དང།། འཇིག་རྟེན་དྲེགས་པའི་བསྙེན་པའོ།། ཡེ་ཤེས་ལྷ་ཡི་བསྙེན་པ་ལ།། དཀྱིལ་འཁོར་རྣམ་པ་གསུམ་ལྡན་པའི། ། གྲངས་རྟགས་དུས་ཚད་གཏན་ལ་དབབ།། འཇིག་རྟེན་དྲེགས་པའི་བསྙེན་པ་ལ།། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས།། གནད་ལ་དབབ་པའི་ཚུལ་གྱིས་ནི།། ལྷ་སྲིན་དྲེགས་པ་གང་ཡིན་པ།། སྲོག་སྔགས་གཡེལ་མེད་མྱུར་དུ་འབད། ། མངོན་སུམ་རྟགས་ཀྱིས་གཏན་ལ་དབབ།། རྣལ་འབྱོར་གཡོ་མེད་ངང་དུ་བཞག། དེ་སོགས་བསྙེན་པའི་རིམ་པ་རྣམས།། གོང་གནོན་ཡིན་པས་ཚགས་སུ་གཞུག། དེ་ནས་སྒྲུབ་པ་བྱེད་པ་ནི། ། དང་པོ་འབོད་པའི་བསྒྲུབ་པ་དང།། བར་དུ་རྦད་པའི་བསྒྲུབ་པ་དང།། ཐ་མར་བསད་པའི་ལས་རིམ་སྟེ།། སྤྱི་དྲིལ་རྣམས་ལ་ངེས་པ་མེད།། མན་ངག་རང་རང་གཞུང་དུ་བྱ།། དང་པོ་འབོད་པ་རྣམ་པ་གཉིས། ། ཏིང་འཛིན་སྔགས་དང་རྫས་བཅས་ལ།། བརྟེན་ནས་ཡེ་ཤེས་ལྷ་འབོད་བསྒྲུབ།། གྲུབ་ནས་གང་འདོད་ཕྲིན་ལས་སྦྱར།། དམིགས་རྟེན་རྫས་དང་དཀྱིལ་འཁོར་དང།། སྐོང་རྫས་གཏོར་ཚོགས་རང་རང་གི། དགྱེས་པའི་རྫས་དང་དམིགས་པ་དང།། དྲག་པོའི་སྔགས་ཀྱི་རིམ་པ་ལ།། བརྟེན་ནས་འཇིག་རྟེན་ལྷ་འདྲེ་འབོད།། བདག་བསྐྱེད་ཡེ་ཤེས་ལྷ་གསལ་གདབ།། ཆེ་བའི་ང་རྒྱལ་དྲག་ཏུ་བསྐྱེད།། འཇིག་རྟེན་ལྷ་འདྲེ་མདུན་དུ་དམིགས། ། བྲན་དང་བཀའ་ཉན་ཚུལ་དུ་བྱ།། མདོར་ན་རྗེ་དང་འབངས་ཀྱི་ཚུལ།། དེ་ལྟ་བུ་ཡི་ཚུལ་དུ་འབོད།། རྦད་དང་བསད་པའི་བསྒྲུབ་པ་ནི།། ཟུང་འཇུག་ཡིན་པས་འདི་ལྟ་སྟེ།། དམིགས་བྱ་བསྐྱེད་དང་དགུག་པ་དང། ། ལྷ་དབྱེ་སྲོག་དང་ཕྲལ་བ་དང།། གཟུགས་ལ་དབབ་དང་བྱད་དུ་གཞུག། ཐུན་གྱིས་བྲབ་དང་སྲོག་འཕྲོག་ལས།། གཟུགས་ཕུང་ལྷ་ལ་དབུལ་བ་དང།། རྣམ་ཤེས་སྤར་དང་ཚེ་ལུང་དང། ཁྲུས་ལུང་དག་གིས་ལས་ལ་སྦྱར།། དང་པོ་དམིགས་བྱ་བསྐྱེད་པ་ནི།། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས།། མདུན་དུ་ལས་ཀྱི་གཤིན་རྗེ་ཡི།། ཕོ་བྲང་དྲག་ཤུལ་འཇིགས་པའི་གནས།། གཏི་མུག་མུན་པ་ནག་པོའི་ནང། ། ཞེ་སྡང་རླུང་ནག་འཚུབ་པའི་དཀྱིལ།། འདོད་ཆགས་མེ་དཔུང་འབར་བའི་དབུས།། ལས་ཀྱི་བཤན་པ་རྒྱུ་བའི་ས།། ཁྲོ་རྒྱལ་དམག་དཔུང་འདུས་པ་དེར།། དམིགས་རྟེན་རཱུ་པ་དེ་ཉིད་ཀྱི།། དགྲ་བགེགས་གང་ཡིན་ས་བོན་ལས། ། མངོན་སུམ་ལམ་མེར་སྣང་བའི་གཟུགས།། ཤིན་ཏུ་རིད་ལ་ཉམ་ཐག་པ།། ལག་པ་མྱ་ངན་ཕྱག་རྒྱ་བཅའ།། སྐྲ་གཟིང་མིག་ནས་མཆི་མ་འབབ།། སོ་གཙིགས་ལྕེ་བརྐྱངས་མ་ནེ་འཕྱང།། ཡི་མུག་ཚུལ་དུ་གནས་པའམ། ། ཡང་ན་དགྲ་བགེགས་གང་ཡིན་ཀྱང།། རང་གཟུགས་རྣམ་འགྱུར་ཆ་ལུགས་ཅན།། ཤིན་ཏུ་རྒུད་པའི་རྣམ་པར་གསལ།། དེ་ལྟར་བརྟེན་ལ་བསྐྱེད་ནས་ཀྱང།། རྣམ་ཤེས་རྟེན་ལ་དགུག་པ་ནི། ། རང་ཉིད་དབང་ཆེན་འབར་བའམ།། མོས་པའི་ཁྲོ་བོར་བསྐྱེད་བྱ་སྟེ།། ཆེ་བའི་ང་རྒྱལ་ལྡན་པའི་ངང།། ཐུགས་ཀ་ལ་སོགས་གནས་རྣམས་ནས།། ཕོ་ཉ་སྤྲུལ་པའི་ལས་མཁན་ནི།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། ། དཔག་ཏུ་མེད་པའི་སྤྲོ་བསྡུ་ཡི།། དགྲ་བོ་ཟས་ལ་ཡེངས་པའམ།། གཉིད་ཀྱིས་ནོན་པའི་དུས་སུ་དགུག། ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བཅའ།། དཀོན་མཆོག་བདེན་པའི་སྟོབས་བརྗོད་དེ།། དམིགས་བྱ་དགྲ་བོ་གང་ཡིན་གྱི། ། རྣམ་ཤེས་ཡི་གེ་ནརྀ་ཡི་ཚུལ།། རང་དབང་མེད་པར་བཀུག་ནས་ཀྱང།། དམིགས་རྟེན་རཱུ་པ་དག་ལ་བསྟིམ།། གཞན་ཡང་དབང་པོ་གཟུགས་ཕུང་བཅས།། དྲག་ཏུ་བཀུག་ལ་གཟུགས་ལ་བསྟིམ། ། ལུས་འདར་ངག་དངངས་སེམས་མྱོས་ནས།། མངོན་སུམ་མདུན་དུ་ཁུགས་པར་བསམ།། བགེགས་ཀྱི་ས་བོན་ཏྲི་ལས་བསྐྱེད།། དགུག་གཞུག་སྔར་དང་འདྲ་བ་ལས། ཁྱད་པར་ནམ་ཕྱེད་ཉིན་བྱེད་དགུག། རྣམ་ཤེས་ཏྲི་ཡི་རྣམ་པ་ཅན།། དམིགས་རྟེན་རང་གཟུགས་དག་ལ་བསྟིམ།། གཞན་ཡང་དགྲ་བགེགས་འགུགས་པ་ཡི།། སྦྱོར་བའི་རྣམ་གྲངས་དཔག་མེད་བྱ།། ལྷ་དབྱེ་གྲོགས་དང་ཕྲལ་བ་ནི།། རྫས་ངན་དུད་པས་རཱུ་པ་བདུག། དབྱེ་བའི་ཕྱག་རྒྱ་དམོད་མོ་དང།། སྔགས་རྣམས་བརྗོད་ཅིང་དམིགས་པ་གཏད།། ཕོ་ལྷ་དགྲ་ལྷ་མ་ལྷ་དང།། ཞང་ལྷ་སྲོག་ལྷ་ལེའུའི་ལྷ།། ཡུལ་གྱི་རྩེ་ལྷ་ལ་སོགས་པའི།། མགོན་སྐྱབས་དཔུང་གྲོགས་བྱེད་པ་ཡི། ། རྒྱབ་བརྟེན་དག་དང་ཕྲལ་བར་བྱ།། གྲོགས་མེད་རྟེན་དང་བྲལ་ནས་ཀྱང།། མགོན་སྐྱབས་དཔུང་རོགས་མེད་པར་བསམ།། དེ་ནས་གཟུགས་ལ་དབབ་པ་ནི།། ལུས་ལ་ལུས་དང་ངག་ལ་ངག། རྣམ་པར་ཤེས་པ་རྟེན་ལ་བསྟིམ།། དེ་ཡང་བྱེ་མ་ཚན་མོ་ལ།། མར་ཐིམ་ལྟ་བུར་གྱུར་ནས་ཀྱང།། ལུས་ངག་ཡིད་གསུམ་གཅིག་ཏུ་འདྲེས།། དེ་ཡང་ལུས་ངག་ཡིད་གསུམ་པོ།། རྣམ་པར་ཉམས་ནས་རབ་ཏུ་མྱོས། ། བཀྲག་དང་གཟི་མདངས་ཡལ་ནས་ནི།། སྔོ་ལ་ཧམ་པ་ཐལ་བའི་མདོག། དབང་པོའི་སྟོབས་བཅུད་ཉམས་པར་དམིགས།། དེ་ནས་བྱད་དུ་བཅུག་པ་ནི།། དབང་པོ་ཡན་ལག་བྱད་དུ་གཞུག། རྣམ་ཤེས་གྲུ་གུ་ལྟ་བུར་བསྒྲིལ། ། ཕྱག་རྒྱས་ཡན་ལག་བཀྱིག་པ་དང།། འཁྱོག་འགུལ་མེད་པར་བསྡམ་པའི་ཚུལ།། ཚོན་སྐུད་སྣ་ལྔ་ལ་སོགས་པ།། བྱད་ཐག་རྣམས་ཀྱིས་རཱུ་པ་དེ།། འགུལ་དབང་མེད་པའི་ཚུལ་གྱིས་ནི། ། རྒྱ་གྲམ་སྐོར་བུ་རིས་སུ་བསྡམ།། སྟོབས་དང་གཟི་མདངས་ཉམས་ནས་ནི།། མཁའ་ལྡིང་གདོས་ཀྱི་ནོན་པ་ལྟར།། གཡོ་འགུལ་མེད་པར་གྱུར་བསམ་མོ།། དེ་ནས་ཐུན་གྱིས་བྲབ་བྱ་སྟེ།། སྐམ་ཐུན་རློན་ཐུན་གང་ཡིན་ཀྱང། ། བསད་སྔགས་ལས་ཀྱིས་ངར་བླུད་དེ།། ཐུན་རྣམས་སྤྲུལ་པ་ལས་ཀྱི་མཚོན།། གནམ་ལྕགས་འབར་བའི་ཐོག་ཆེན་དང།། དུག་དང་ནད་ཀྱི་སྐྱི་འདང་ཆར།། རྣོ་ངར་ལྡན་པའི་མཚོན་ཆར་དམིགས།། རིག་པའི་ངར་བསྐྱེད་ཏིང་འཛིན་བསར། ། ལས་སྔགས་དྲག་པོ་འབྲུག་ལྟར་བཟླས།། ཐུན་ཆར་དྲག་པོ་ཐོག་ལྟར་དབབ།། ཏིང་འཛིན་མྱུར་མགྱོགས་གློག་ལྟར་བསྐུལ།། དམོད་མོ་ངན་པ་མདའ་ལྟར་འཕེན།། བརྣག་སེམས་ཞེ་སྡང་མུན་ལྟར་གཏིབས། ། སྲོག་གི་ཤན་པ་རྦབ་ལྟར་བསྒྲིལ།། དུས་གསུམ་དུས་དྲུག་ཐུན་ལམ་བླངས།། དེ་ནས་ཕོ་ཉའི་དམག་དྲངས་ལ།། སྲོག་འཕྲོག་བསད་པའི་ལས་ལ་འཇུག། ཕོ་ཉ་རྦད་ཅིང་ཕྲིན་ལས་བསྐུལ། ། ལས་ཀྱི་ཤན་པ་མ་རུངས་པ།། སྤྲུལ་པ་ཡང་སྤྲུལ་བཅས་རྣམས་ཀྱིས།། དམིགས་བྱ་དགྲ་བགེགས་གང་ཡིན་པ།། སྲོག་བཅད་དབུགས་འགག་ལུས་པོ་གཏུབས།། ཤ་ཟོས་ཁྲག་འཐུང་རུས་པ་བཅོམ།། ལྷག་རོལ་ཙམ་ཡང་མེད་པར་བསམ། ། རུལ་མྱགས་ཐལ་བ་རྡུལ་དུ་བརླག། བསད་པ་ལས་ཀྱི་སྤུ་གྲིའི་ངར།། རབ་ཏུ་འབར་བའི་ལས་བྱས་བསམ།། དེ་ལྟར་རྣམ་ཤེས་རྟེན་དང་ཕྲལ།། སྲོག་དང་བྲལ་བའི་གཟུགས་ཕུང་དེ། ། ཡེ་ཤེས་ལས་ལས་གྲུབ་པ་ཡི།། ལྷ་དང་སྲུང་མ་ཐམས་ཅད་ཀྱི།། ཞལ་དུ་དབུལ་ཞིང་བསྟབ་པར་བྱ།། འདོད་ཆགས་ཁྲག་ལ་ཧུབ་ཀྱིས་བཏབ།། ཞེ་སྡང་རུས་ལ་ཆེམ་གྱིས་བཟས།། གཏི་མུག་ཤ་ལ་ཧབ་ཀྱིས་རྔམ། ། དུག་གསུམ་ཤ་ཁྲག་རུས་པའི་ཚོགས།། ལྷ་དང་སྲུང་མའི་ཞལ་དུ་བསྟབ།། རྡུལ་ཆ་ཕྲ་མོ་ཙམ་ཞིག་ཀྱང།། མ་ལུས་ཞལ་དུ་ཐིམ་པར་དམིགས།། དེ་ལྟར་གཟུགས་ཕུང་ལྷ་ལ་འབུལ།། ལས་ཀྱི་ལྷག་མ་བསྡུ་བར་བྱ། ། དེ་ནས་རྣམ་ཤེས་སྤར་བ་ནི།། བདག་ཉིད་ལྷ་ཡི་ཐུགས་ཀ་ནས།། ཡེ་ཤེས་སེམས་དཔའ་ཚོན་གང་བ།། རྒྱངས་ཀྱིས་ཐོན་ནས་དམིགས་བྱ་ཡི།། རྣམ་པར་ཤེས་པའི་ངོ་བོ་ནི། ཁབ་ལེན་རྡོ་ཡིས་ལྕགས་བླང་བཞིན། ། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཐིམ།། ཡེ་ཤེས་སེམས་དཔའ་རང་ཉིད་ཀྱི།། ཐུགས་ཀར་ཐིམ་ནས་གཉིས་མེད་ཀྱི།། རང་ཉིད་ཆོས་ཀྱི་དབྱིངས་སུ་གཤེགས།། ཡང་ན་ཡེ་ཤེས་སེམས་དཔའ་དེ། ། དཔག་ཆེན་གནམ་མདའ་འཕང་བ་བཞིན།། ཆོས་ཀྱི་དབྱིངས་སུ་གཤེགས་པར་དམིགས།། ཚེ་ལུང་བདག་གི་ཐུགས་ཀ་ནས།། ཡི་གེ་ཨ་དཀར་འཕྲོས་པ་ཡིས།། ཁོ་ཡི་ཚེ་སྲོག་བཀུག་ནས་ཀྱང།། རང་གི་སྙིང་གར་བསྟིམ་པ་ཡིས། ། རང་གི་ཚེ་སྲོག་བསྣོན་པར་དམིགས། ཁྲུས་ལུང་རང་གི་གནས་གསུམ་ནས།། ཡི་གེ་འབྲུ་གསུམ་འཕྲོས་པ་ལས།། ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་བབས།། དམིགས་བྱའི་ལུས་ངག་ཡིད་ལ་ཕོག། དེ་ཡི་ཉོན་མོངས་སྡིག་སྒྲིབ་རྣམས། ། རྣམ་པར་བྱང་དེ་སྒྲིབ་བྲལ་ནས།། ཡེ་ཤེས་ཆེན་པོར་གྱུར་པར་དམིགས།། དེ་ལྟར་གནས་སྤར་ཚེ་ལུང་ཁྲུས།། སྒྲིབ་སྦྱང་ལས་སྦྱོར་གང་བྱེད་ཀྱང།། ཡེ་ཤེས་ལྷ་ཡི་ང་རྒྱལ་བསྐྱེད། ། སྙིང་རྗེ་བྱང་སེམས་རྒྱུད་ལ་བྱ།། ཡེ་ཤེས་དག་པའི་དགོངས་པས་སྤར།། སྒྲིབ་པ་དག་ནས་ལས་རྣམས་འགྲུབ།། བྱང་ཆུབ་ལམ་གྱི་གྲོགས་སུ་འགྱུར།། དེ་ལྟར་མངོན་སྤྱོད་དངོས་ཀྱི་ལས།། སྟོབས་ཆེན་རྒྱལ་པོས་བརྩམ་པ་ན། ། གནོད་བྱེད་དགྲ་བགེགས་བརླག་པར་འགྱུར།། ཡང་དག་ལས་ཀྱི་མཐར་ཐུག་སྟེ།། གདུལ་བྱ་ལོག་སྲེད་གྱུར་པ་རྣམས།། བསྒྲལ་ནས་འདྲེན་པའི་ཐབས་མཆོག་གོ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ལས། དངོས་གཞིའི་ལས་རིམ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ཨྠི+ྀ།།། གཟི་བརྗིད་མཐའ་ཡས་བཅོམ་ལྡན་འདས།། སྟོན་པ་དབང་མཆོག་རྒྱལ་པོ་ལ། ། འདུས་པའི་འཁོར་གྱི་གཙོར་གྱུར་པ།། དབང་ཆེན་འབར་བས་ཡང་ཞུས་པ།། དྲག་པོའི་ལས་ཀྱི་མཐའ་སྡུད་རྣམས།། གདུལ་བྱའི་འཁོར་ལ་སྩལ་དུ་གསོལ།། ཞེས་པ་སྟོབས་ཀྱིས་ཞུས་པ་ཡིས།། སྟོན་པ་གཟི་བརྗིད་དཔལ་འབར་བས། ། དྲག་པོའི་ལས་རྗེས་བཀའ་སྩལ་པ།། མ་ཡེངས་འདུས་པའི་འཁོར་རྣམས་ཉོན།། གནོད་བྱེད་དགྲ་བགེགས་བསྒྲལ་ལ་སོགས།། དྲག་སྔགས་ལས་ཀྱི་རྗེས་རྣམས་ནི།། རང་ཉིད་མ་ཉེས་དཔང་གཟུག་དང། ། ཁོ་ཡི་ཉེས་པ་བསྒྲག་པ་དང།། བཞེས་དྲངས་ཟ་ལམ་གཏད་པ་དང།། ཕྲིན་བརྫང་མནན་བསྲེག་འཕེན་པའོ།། རང་ཉིད་མ་ཉེས་དཔང་གཟུག་པ།། ཡེ་ཤེས་ལྷ་དང་སྲུང་མ་དང།། སྣང་སྲིད་ལྷ་འདྲེ་རྣམས་དང་ནི། ། ཡུལ་ལྷ་གཞི་བདག་ལ་སོགས་ལ།། གཏོར་མ་གསེར་སྐྱེམས་གསོལ་མཆོད་བྱ།། བདག་ཉིད་ལྷ་ཡི་ང་རྒྱལ་བསྐྱེད།། ཧོ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང།། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། ། དམ་ཅན་ཆོས་སྐྱོང་སྲུང་མ་དང།། ཡེ་ཤེས་དབྱིངས་ཀྱི་ལྷ་ཚོགས་རྣམས།། བདག་ལ་གསན་ཅིང་དགོངས་སུ་གསོལ།། ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི།། སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས།། འཇིག་རྟེན་ལས་ལས་གྲུབ་པ་ཡི། ། སྤྲུལ་པ་ཡང་སྤྲུལ་བཅས་པ་སྟེ།། འཇིག་རྟེན་སྲུང་མ་འཁོར་བཅས་རྣམས།། བདག་ལ་གསན་ཅིང་དགོངས་སུ་གསོལ།། ཕྱོགས་མཚམས་སྟེང་འོག་ལ་གནས་པའི།། ཡུལ་གྱི་ས་བདག་གཞི་བདག་དང། ། རྩི་ཤིང་ནགས་ཚལ་རི་བྲག་ལ།། གནས་ཤིང་རྟེན་བཅས་མི་མ་ཡིན།། སྣང་སྲིད་ལྷ་འདྲེ་མ་ལུས་རྣམས།། བདག་ལ་གསན་ཅིང་དགོངས་སུ་གསོལ།། རྒྱལ་པོ་བློན་པོ་བཙུན་མོ་སྟེ།། མགོ་ནག་སྟོང་སྡེ་སྲིད་པའི་བདག། ཕོ་མོ་འགྲོ་བ་མ་ལུས་པ།། བདག་ལ་གསན་ཅིང་དགོངས་སུ་གསོལ།། ལེགས་ཉེས་གཉིས་ཀྱི་སྟངས་གཅོད་ཅིང།། བཟང་ངན་གཉིས་ཀྱི་ཤན་འབྱེད་པའི།། མཁྱེན་ལྡན་རྣམས་ཀྱིས་གཟུ་དཔང་མཛོད། ། བདག་ནི་མ་ཉེས་གཡོ་མེད་དེ།། ཐོག་མ་མེད་ནས་ད་ལྟའི་བར།། བླ་མེད་བྱང་ཆུབ་ཆོས་སྤྱོད་པས།། འདིར་ཡང་ཐེག་མཆོག་ཆོས་དང་མཇལ།། སྐྱེས་ནས་ད་ལྟའི་བར་དག་ཏུ།། མི་དགེ་སྤངས་ནས་དགེ་བ་སྤྱད། ། ལུས་ངག་ཡིད་གསུམ་ཆོས་ལ་སྤྱོད།། ལས་ཀྱི་རྒྱུ་འབྲས་ཁྱད་མ་བསད།། དཀོན་མཆོག་གསུམ་པོ་ཐོད་བཞིན་ཁུར།། དམ་ཅན་ཆོས་སྐྱོང་རྟག་ཏུ་མཆོད།། སྣང་སྲིད་ལྷ་འདྲེའི་ཡི་མ་བཅད།། རིགས་དྲུག་ཕ་མ་སུན་མ་ཕྱུང། ། ཚེ་གཅིག་བྱང་ཆུབ་བསྒྲུབས་ལགས་ཀྱང།། ལས་ཀྱི་དཀར་ནག་བདེན་པ་རྣམས།། བདེན་བརྫུན་དབྱེ་བ་ཁྱེད་རྣམས་ཀྱིས།། བདེན་རྫུན་ཤན་འབྱེད་མཛད་དུ་གསོལ།། བདག་ལ་ཉེས་པ་ཅུང་ཟད་མེད། ། དེ་ཕྱིར་དེང་འདིར་གཟུ་དཔང་མཛོད།། བདེན་པ་ཅན་ལ་མཐུ་དཔུང་བསྐྱེད།། མི་བདེན་པ་ལ་བཀའ་ཆད་ཕོབ།། ཅེས་སོགས་གང་དང་གང་རིགས་པའི།། མ་ཉེས་དཔང་གཟུག་གང་ཤེས་བརྗོད།། དེ་ནས་ཁོ་ཡི་ཉེས་པ་བསྒྲག། གནོད་བྱེད་དགྲ་བགེགས་ཆེ་གེ་མོ།། ཡར་གྱི་ལྷ་ལ་དོ་བསྡོས་ཤིང།། མར་གྱི་འདྲེ་ལ་བརྙས་པ་བཙུག། བར་གྱི་གྲོགས་ལ་འགྲན་སེམས་བཅས།། སངས་རྒྱས་བསྟན་པའི་སྤྱི་དགྲ་བྱས། ། དཀོན་མཆོག་གསུམ་གྱི་དབུ་འཕང་སྨད།། བླ་མ་དམ་པའི་སྐུ་ལ་བསྡོས།། གསང་སྔགས་གཉན་གྱི་དམ་ཚིག་བཀྲལ།། ཆོས་འཁོར་གཙུག་ལག་དཀོར་ནོར་བཅོམ།། འགྲོ་བ་ཡོངས་ལ་གནོད་པ་བསྐྱལ།། སྡིག་པ་མི་དགེ་སྣ་ཚོགས་སྤྱད། ། ལས་འབྲས་དཀར་པོ་ཁྱད་དུ་བསད།། བསྟན་པ་ཡོངས་ཀྱི་རིགས་ལ་བསྙེག། རྣལ་འབྱོར་སྔགས་འཆང་བདག་ཅག་ལ།། དོ་བརྡཽས་ཕོད་བཙུག་གནོད་པ་བསྐྱལ།། དཀོན་མཆོག་སྐྱབས་གནས་མི་བདེན་ཟེར། ། འདི་ཡིས་ལས་ངན་སྣ་ཚོགས་སྤྱད།། འདི་ལ་བསྒྲལ་བའི་ཞིང་བཅུ་ཚང།། ཉེས་པ་ཅན་གྱི་ཆེ་གེ་འདིས།། རང་གིས་ལས་བྱས་རང་ལ་སྨིན།། འདི་ལ་བཀའ་ཆད་དབབ་ཏུ་གསོལ།། ཞེས་སོགས་ཉེས་པ་དུ་མ་བསྒྲག། དགྲ་དང་བགེགས་གཉིས་སོ་སོ་ཡི།། ཉེས་པ་བསྒྲག་ཚུལ་ཤེས་པར་བྱ།། དེ་ནས་བཞེས་དྲངས་གཏོར་མ་བསྐྱལ།། ཟོར་ལ་སོགས་པ་གང་དང་གང།། འོས་པའི་ལས་སྦྱར་སྐབས་རྣམས་སུ། ། འདི་ལྟར་དམོད་བཅོལ་ལས་རྣམས་བྱ།། ཧོ་དགྲ་བོ་དམ་ཉམས་བསྒྲལ་བའི་ཞིང་བཅུར་གྱུར་པའི་ཆེ་གེ་མོ་འདི་ལ་བསད་པ་དང་བསྒྲལ་བའི་ལས་ཚང་བས། ཆེ་གེ་མོ་འདི་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་བསྐྱོད་དུ་ཆུག་ཅིག། གཏི་མུག་འཇིགས་པའི་མུན་ནག་གིས་མདུན་ནས་གཏིབ་ཅིག། འདོད་ཆགས་རྔམ་པའི་མེ་དཔུང་གི་ཚ་བའི་དབལ་གྱིས་གཞོབ་དུ་སྲེག་གཅིག། ཞེ་སྡང་དྲག་པོའི་རི་རྒྱལ་ལྷུན་པོའི་འོག་ཏུ་ནོན་ཅིག། ཕྲག་དོག་རྔམ་པའི་ཆུ་སྲིན་གདུག་པ་ཅན་གྱི་གྲེ་བར་སྟིམ་ཞིང། ང་རྒྱལ་རྩུབ་འགྱུར་གྱི་འཁོར་ལོ་སྟོབས་ཆེན་གྱི་རྩིབས་ལ་སྐྱོན་ཅིག། ཤན་འབྱེད་ལས་ཀྱི་གཤིན་རྗེས་ཁྲམ་ལ་ཐོབ་ཅིག། ཕོ་ཉ་ལས་བྱེད་འཇིགས་པའི་ཤ་ཟན་གྱི་ཁར་ཆུག་ཅིག། ཉོན་མོངས་ལས་ཀྱི་རྒྱ་མཚོ་གཏིང་མེད་ཀྱི་གཏིང་དུ་སྐྱུར་ཅིག། མི་བཟད་འབར་བའི་བྱད་ཐག་ལྕགས་སྒྲོག་གིས་བྱད་དུ་ཆུག་ཅིག། ཁྲོ་རྒྱལ་འབར་བའི་ཕྱག་མཚན་ལས་ཀྱི་མཚོན་ཆའི་ཆར་ཕོབ་ཅིག། ལན་ཆགས་ལས་ཀྱི་གཟུགས་ཕུང་འབྱུང་པོ་འདྲེ་སྲིན་འཚོགས་པའི་བཙོན་དོང་དུ་སྐྱུར་ཅིག། ལྷན་ཅིག་སྐྱེས་པའི་ལྷ་བདུད་དུ་ཕོབ་ཅིག། མཉམ་པར་འོང་བའི་བདུད་ཀྱིས་བསྐོས་ལ་ཐོབ་ཅིག། གནམ་གྱི་འཇུ་ཐག་དཀར་པོ་གྱེན་དུ་ཆོད་ཅིག། རྟེན་པ་སའི་རྟོད་ཕུར་དྲུངས་ནས་ཕྱུང་ཞིག། ཆེ་གེ་མོ་འདི་ཡར་གྱི་ཆེ་གསུམ་དང་ཕྲོལ་ཅིག། མར་གྱི་ཆུང་གསུམ་དང་ཕྲོལ་ཅིག། དཀོན་པའི་ཚེ་སྲོག་སྟུང་ཞིག། ལྟ་བའི་མིག་དང་ཕྲོལ་ཅིག། བསམ་པའི་སྙིང་དང་ཕྲོལ་ཅིག། རྒྱབ་བརྟེན་དཔུང་རོགས་དང་ཕྲོལ་ཅིག། འགོ་བའི་ལྷ་དང་ཕྲོལ་ཅིག། སྐྱོབས་པའི་དབོན་དང་ཕྲོལ་ཅིག། བསྟེན་པའི་རྗེ་དང་ཕྲོལ་ཅིག། གནས་པའི་ཡུལ་དང་ཕྲོལ་ཅིག། མཛའ་བའི་གྲོགས་དང་ཕྲོལ་ཅིག། བསགས་པའི་ནོར་དང་ཕྲོལ་ཅིག། ཕུང་གསུམ་བདུད་དང་སྤྲོད་ཅིག། གཉའ་ནོན་བྱུར་དང་སྤྲོད་ཅིག། སྡང་བའི་དགྲ་དང་སྤྲོད་ཅིག། གནོད་པའི་བགེགས་དང་སྤྲོད་ཅིག། འདུ་བའི་ནད་དང་སྤྲོད་ཅིག། འཆི་བའི་རྐྱེན་དང་སྤྲོད་ཅིག། ཕོ་བདུད་མོ་ལ་ཕོབ་ཅིག། མོ་བདུད་ཕོ་ལ་ཕོབ་ཅིག། རྒྱབ་ཀྱི་གོས་དང་ཕྲོལ་ཅིག་ཁའི་ཟས་དང་ཕྲོལ་ཅིག། སྦོའི་ཆུང་མ་དང་ཕྲོལ་ཅིག། མཆན་གྱི་བུ་དང་ཕྲོལ་ཅིག། ལག་གི་ནོར་དང་ཕྲོལ་ཅིག། བླ་མཆོད་བདུད་དུ་ཕོབ་ཅིག། ཉེ་བ་དགྲ་རུ་སློང་ཞིག། ལྷ་གཤེད་བདུད་དུ་ཐོབ་ཅིག། ཕོ་རྒྱུད་རྩད་ནས་ཆོད་ཅིག། མོ་རྒྱུད་མངལ་ནས་སྐོམས་ཤིག། ཆུང་རྒྱུད་དྲུངས་ནས་ཕྱུང་ཞིག། ཡར་གྱི་ཆེ་གསུམ་ལ་བབ་ན་སེང་ཆེན་གྱི་ཁོག་པ་འབུས་གཡེང་བ་བཞིན་དུ་ཐོང་ཞིག། མར་གྱི་ཆུང་གསུམ་ལ་བབ་ན་ལྕུག་ཕྲན་ཟོར་བས་བརྔས་པ་བཞིན་དུ་ཐོང་ཞིག། ཕ་སྤུན་ནང་ཚན་ལ་བབ་ན་ལུག་ཁྱུ་ལ་འཕར་སྦྱང་བརྒྱབ་པ་བཞིན་དུ་ཐོང་ཞིག། ཕ་ཁུ་རྒན་རིམ་ལ་བབ་ན་སྡོང་རྒན་རྩ་བ་ནས་འགྱེལ་བ་བཞིན་དུ་ཐོང་ཞིག། གཞོན་ནུ་དར་མ་ལ་བབ་ན་སྒོ་ང་བྲག་ལ་བརྒྱབ་པ་བཞིན་དུ་ཐོང་ཞིག། མོ་བཙུན་མཛངས་མ་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོང་ཞིག། ཟས་ནོར་ལོངས་སྤྱོད་ལ་བབ་ན་མེ་རྡུལ་རླུང་གི་བསྐྱོད་པ་ལྟར་ཐོང་ཞིག། གཡོ་བའི་ལུས་ལ་བབ་ན་དྲག་ཆེན་ལ་ཐོག་ཕོག་པ་ལྟར་ཐོང་ཞིག། སྨྲ་བའི་ལྕེ་ལ་བབ་ན་བུང་བ་ཐེབ་ཀྱིས་མནན་པ་ལྟར་ཐོང་ཞིག། བསམ་པའི་སྙིང་ལ་བབ་ན་སྨྱོ་འབོག་ཅན་བརྒྱལ་ནད་ཀྱིས་ཐེབས་པ་ལྟར་ཐོང་ཞིག། བྱ་བའི་ལས་ལ་བབ་ན་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་ཐོང་ཞིག། སྟོད་ལ་ཚ་བའི་ནད་ཀྱིས་གཟིར་ཞིག། སྨད་ལ་གྲང་བའི་ནད་ཀྱིས་གདུངས་ཤིག། བར་དུ་འདུས་པའི་ནད་ཀྱིས་དཀྲུག་ཅིག། ཀླད་ཁྲག་ཞོ་ལྟར་དཀྲུག་ཅིག། ལུས་སེམས་བལ་ལྟར་གཡེང་ཞིག། གཞོགས་གཡས་པ་སྐམ་དུ་ཆུག་ཅིག། གཡོན་པ་རུལ་དུ་ཆུག་ཅིག། ཆུ་དང་གྲམ་ཐང་སྐྱ་མོའི་བར་དུ་ཡ་ཐོད་ཉི་མ་འདེ་རུ་ཆུག་ཅིག། མ་ཐོད་བྱེ་མ་འགམ་དུ་ཆུག་ཅིག། ཆེ་གེ་མོ་འདི་ལ་མི་རུང་བའི་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོང་ཞིག། ལུས་སྲོག་དབང་ཐང་དང་བཅས་པ་ལྷག་མ་མེད་པར་མྱུར་དུ་བཞེས་ཤིག། མི་ཚེ་རིང་པོ་ལ་དུས་མ་འདེབས་པར་བཞེས་ཤིག། བར་སྣང་སྟོང་པ་ལ་ཚད་མ་འཛུགས་པར་བཞེས་ཤིག། སྐྱེ་རྒ་ན་འཆི་ལ་ཁུངས་མ་འབྱིན་པར་བཞེས་ཞིག། ཅེས་པ་ལ་སོགས་བཞེས་དྲངས་ཤིང། དམོད་མོ་སྣ་ཚོགས་རིགས་མཐུན་བརྗོད།། དེ་ནས་ཟ་ལམ་གཏད་པ་ནི།། དམིགས་བྱའི་རཱུ་པ་ཁྲག་རིས་ཅན། ། སྲུང་མའི་གཏོར་མ་བཅས་པ་འབུལ།། ཕྲིན་ལས་མྱུར་མགྱོགས་བྲག་ཏུ་བསྐུལ།། དུལ་མོ་བརྟུལ་ཞིང་ལས་ལ་རྦད།། དེ་ནས་དྲག་ཏུ་འདི་སྐད་བརྗོད།། ཧོ། ཡེ་ཤེས་དང་ལས་ལས་གྲུབ་པའི་སྲུང་རང་རང་གི་སྲུང་མའི་མིང་ནས་བརྗོད་དོ། ། མ་ཐུགས་དམ་ཅན་ཁྱེད་རྣམས་ལ། དགྲ་བོ་ཆེ་གེ་མོ་འདིའི་ལུས་སྲོག་དབང་ཐང་ཆུས་སྲིད་དང་བཅས་པ་ཟས་སྐལ་དུ་གཏད་པ་ཡིན་པས། འདིའི་ཤ་ཟོ། ཁྲག་འཐུང། སྲོག་ཆོད། དབུགས་ལོངས། ལས་ཀྱི་མཐའ་བསྡུས་ལ། ལོ་དང་ཟླ་བར་མ་བཞག། ཞག་དང་ཟ་མར་མ་ཤོར་བར་མྱུར་དུ་སྒྲོལ་ཅིག། ཆེ་གེ་མོ་འདིའི་ལུས་སྲོག་ལ་སྟེང་ལྷའི་ཟ་ལམ་གཏོད་ཅིག། འོག་ཀླུའི་ཟ་ལམ་གཏོད་ཅིག། དྲང་སྲོང་གཟའི་ཟ་ལམ་གཏོད་ཅིག། ཅེས་སོགས་སྲུང་མ་མང་པོ་དང།། སྣང་སྲིད་ལྷ་འདྲེ་མང་པོ་ཡི།། མིང་ནས་བོས་ཏེ་ཟ་ལམ་གཏད།། རིགས་དང་རིགས་མཐུན་བདུད་དུ་དབབ།། དེ་བཞིན་རང་གཤེད་རང་དབབ་ཀྱི།། ཟ་ལམ་གཏད་པའི་རིམ་པ་རྣམས། ། ལས་མཐུན་སྤྲད་པའི་དྲག་སྔགས་བརྗོད།། དྲང་སྲོང་རྣམས་ཀྱི་དམོད་པ་འདོར།། བགེགས་ཆེན་དག་ཀྱང་གཤེད་དུ་དབབ།། ལས་ཀྱི་རིམ་པ་དྲག་མྱུར་འབད།། དེ་ནས་ནང་རྟགས་ཆོ་འཕྲུལ་དང། ། རྩུབ་འགྱུར་སྣ་ཚོགས་འབྱུང་བ་དང།། སྲུང་མ་ཐམས་ཅད་དྲག་ཏུ་རྦད།། ཕྲིན་ལས་བསྐུལ་ཞིང་གཉེར་གཏད་བྱ།། དགྲ་ལ་འཁུ་འཕྲིག་སློང་བ་ཡི།། ལྟས་ངན་ཕྲིན་བསྐྱེལ་གཏང་བར་བྱ།། སྣ་སེལ་ལས་ཀྱི་གཏོར་མ་བཏང། ། དམ་ཅན་ཆོས་སྐྱོང་ལ་སོགས་པ།། སྲུང་མ་གནད་ལ་དབབ་བྱ་ཞིང། ཁོ་ལ་ཆོ་འཕྲུལ་འབྱུང་ཚུལ་རྣམས།། དུག་ཤོག་རོ་རས་ནག་པོ་ལ།། ཕྲིན་རྫོང་ཡི་གེ་བྲིས་ནས་ཀྱང། ། གཤེད་དང་སྤྲད་ལ་གནས་སུ་བསྐྱལ།། གང་ལ་གང་རིགས་གནད་དང་བསྟུན།། འབྱུང་བ་འཁྲུགས་པའི་ལས་སྦྱོར་རྣམས།། བསྐྲད་དང་དབྱེ་དང་གཟིར་ལ་སོགས།། ལས་མཐའ་མངོན་སྤྱོད་དྲག་ཏུ་གཟིར། ། རྣམ་པར་ཉམས་པར་བྱེད་པའི་ལས།། དྲག་ཤུལ་འཇིགས་པའི་སྦྱོར་བ་བརྩམ།། ལས་རྗེས་དགྲ་བགེགས་ལིང་རོ་རྣམས།། མཛེ་ཕོ་རབས་ཆད་ནག་པོ་དང།། ཀློ་མོན་མཐའ་མིའི་ཐོད་པ་དང།། གཅན་གཟན་དར་མའི་ཐོད་པ་སྟེ། ། གང་ལ་གང་རིགས་ནང་དུ་བྲུབ།། ཐུན་དང་ཐལ་འདམ་ནག་པོས་བཅད།། རོ་ཆིང་རོ་རས་ཡུགས་ས་ཡི།། དོར་མས་གྲིལ་ནས་ཚོན་སྐུད་ཀྱིས།། བྱད་དུ་གཞུག་སོགས་དམ་པར་བྱ།། དུས་གཟའ་ཕུད་གསུམ་དག་དང་སྤྲད། ། ལ་གཉན་ལུང་གཉན་ཆུ་མདོ་དང། ཁྲིམས་ལམ་བཞི་མདོ་ལ་སོགས་པའི།། ལྷ་འདྲེ་མ་རུངས་གནས་པའི་ས།། ཆུ་བྲག་གཙུག་ལག་མཆོད་རྟེན་ཞབས།། གང་འོས་ས་རུ་གནན་གཏད་བྱ། ། སྟེང་ནས་འབྱུང་བ་མེ་ཆུ་དང།། རོ་གཡམ་རང་ཐག་ཆག་པོ་ལ།། རི་རབ་རྡོ་རྗེ་རྒྱ་གྲམ་བྲི།། མནན་གཟིར་དམོད་བཅོལ་བཅས་པས་མནན།། མནན་པ་ལས་ཀྱི་མཐའ་སྡུད་ཀྱི།། ལས་སྦྱོར་གནད་ལ་དབབ་པར་བྱ། ། དགྲ་དཔུང་མནན་དང་བགེགས་དཔུང་བཤིག། སྨྱོ་བྱེད་ལས་ཀྱི་སྦྱོར་བ་བྱ།། ཡང་ནི་ལས་རྗེས་བསྲེག་པ་སྟེ།། ཕུང་གསུམ་བདུད་ཀྱི་ཉི་མ་ལ།། དྲག་པོའི་ཤིང་གིས་ཧོམ་ཁུང་བརྩེག། དུག་ཁྲག་ཏིལ་ནག་འབྲུ་ནག་སོགས། ། ཐུན་རྫས་རྣམ་པ་སྣ་ཚོགས་དང།། དམིགས་བྱའི་རཱུ་པ་གཏོར་མ་དང།། ཤ་ཁྲག་ལ་སོགས་བསྲེག་རྫས་བཅས།། མཚོན་གྱིས་གཏུབས་ལ་རིམ་བཞིན་འབུལ།། མེ་སྤར་ལྷ་བསྐྱེད་ལས་རྣམས་བྱ། ། མེ་ནང་དྲག་པོའི་སྲུང་མ་དང།། ཕོ་ཉ་ལས་མཁན་རྔམས་པ་བསྐྱེད། ཁ་གདངས་ནང་དུ་དམིགས་ཏེ་ཕུལ།། རང་རང་ལས་སྦྱོར་སྔགས་དང་བཅས།། དམོད་པའི་ཚིག་གིས་དྲག་མྱུར་བསྲེག། བར་མཚམས་ལེ་ལོ་མ་ཞུགས་ཤིང། ། ཏིང་འཛིན་ཐང་ལྷོད་མེད་པར་བྱ།། དམིགས་བྱ་ལྷག་མེད་བཞེས་ཤིང་བསྲེག། རོ་མ་ཐལ་སོལ་རླུང་ལ་འཕྱར།། ཡང་ན་ཁྲིམས་ལམ་དོང་དུ་མནན།། འཕེན་པ་ཟོར་གྱི་ལས་རྣམས་ནི།། དྲག་སྔགས་ལས་ཀྱི་གཏོར་མ་དེ། ། སྡེ་བརྒྱད་དྲེགས་པ་འགྱུ་དུས་དང།། ཕྱོགས་སྦྲད་དམིགས་པའི་ངར་དང་བཅས།། དུག་ཁྲག་མཚོན་ཆའི་ཆར་ཕབ་ནས།། དམིགས་བྱ་དགྲ་དང་བགེགས་ཀྱི་སྟེང།། གནམ་ལྕགས་སྐྱི་འདོང་འབབ་པ་ལྟར། ། རྡུལ་ཕྲན་ལྟ་བུར་བརླག་དམིགས་ཏེ།། ལས་ཀྱི་སྔགས་དང་དམོད་མོའི་ཚིག། ཟོར་གྱི་ལས་སུ་བརྡེག་པར་བྱ།། རྣལ་འབྱོར་ཁྲོ་བོའི་ང་རྒྱལ་གྱིས།། ལུས་ཀྱིས་དཔའ་ཤུགས་གཟི་བརྗིད་བསྐྱེད།། ངག་ཏུ་ཟོར་ལས་དམོད་པ་གྱེར། ། ཡིད་ཀྱིས་ཞེ་སྡང་བརྣག་སེམས་བཅས།། རྣམ་འགྱུར་ཚོམ་རྔམས་འཇིགས་གཟུགས་བསྟན།། དུལ་མོ་བརྟུལ་ཞིང་ཐལ་མོ་བརྡབ།། མཆི་མ་ཕྱུང་ཞིང་འོ་དོད་འབོད། ། དམོད་བཅོལ་ལས་ཀྱི་སྤུ་གྲི་གདགས།། དར་ཆེན་བསྐྱེད་པའི་རོལ་མོ་བསྒྲག། མི་རུང་ཆོ་འཕྲུལ་འགྱེད་པའི་ཕྱིར།། རོ་མགོ་བསྒྲིལ་ཞིང་རོ་ལག་གཡབ།། ཞིང་ལྤགས་དག་ཀྱང་དྲག་ཏུ་བརྡབ།། འབྱུང་བ་མེ་ཆུ་ལ་སོགས་གཏོར། ། དེ་ལྟར་དྲག་པོའི་ལས་ཀྱི་མཐའ།། རྦད་བསྐུལ་མནན་བསྲེག་འཕེན་པ་སོགས།། གང་དང་གང་དག་ལས་སྦྱོར་རྣམས།། གནས་སྐབས་ཚུལ་དང་ཚུལ་མིན་པར།། བྱེ་བྲག་རིམ་པ་ཕྱེས་ལ་བརྩམ། ། ལས་བྱས་གནད་དུ་སོང་བ་དང།། མ་སོང་རང་ལ་ལོག་པ་དང།། མ་ལོག་ཉེས་མེད་གཞན་ལ་འབྱམས།། དེ་དང་དེ་ཡི་ལ་ཉེ་བརྟག། བཟློག་པ་བྱད་མ་གནད་ལ་དབབ།། རྡུགས་པ་དག་ལ་ཡང་ཡང་བསྐྱར། ། འབྱམས་ལ་དམིགས་བསྒྱུར་གསལ་ཤིང་བཙུག། རང་དང་ཕ་རོལ་དམིགས་བྱ་ཡི།། ལྷ་དང་སྲུང་མ་ཁམས་རིགས་བསྟུན།། འགྱངས་ན་ལས་ཀྱི་སྤོག་ཆོག་བྱ།། མཐུན་ལ་བཟུར་ཞིང་མི་མཐུན་སྤྲད།། གཞན་ཡང་དུས་དང་གནས་སྐབས་དང། ། ཡུལ་དང་ཡུལ་ཅན་གང་ཡིན་པ།། རིགས་དང་མི་རིགས་ཤེས་པར་བྱ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ལས་རྗེས་ཀྱི་ལས་རིམ་བསྟན་པའི་ལེའུ་སྟེ་བཞི་པའོ། ། ཨྠི+ྀ།།། གསུང་གི་དབང་ཕྱུག་དཔལ་འབར་བ།། སྟོན་པ་དཔག་མེད་རྒྱལ་པོ་ཡིས།། དེ་སྐད་འདུས་པའི་འཁོར་རྣམས་ལ།། མངོན་སྤྱོད་དྲག་སྔགས་ལས་རྣམས་ཀུན།། ཐོག་མ་བར་དང་མཐའ་རིམ་བཞིན། ། བསྟན་པའི་དོན་དུ་ལེགས་པར་གསུངས།། དེ་ནས་དབང་ཆེན་འབར་བ་སོགས།། དྲག་པོ་ལས་ཀྱི་འཁོར་རྣམས་ཀྱིས།། རང་རང་དཔའ་བའི་རྩལ་ཕྱུང་ཞིང།། སྤྲུལ་པ་རང་གཟུགས་བཅས་པ་བསྟན། ། གདངས་སྐད་སྙན་པའི་ཤུགས་དག་གིས།། མགྲིན་གཅིག་ཏུ་ནི་མངོན་པར་བསྟོད།། ཧྲཱིཿ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསུང་གི་དབང་ཕྱུག་མཐའ་ཡས་སྐུ།། འོད་དང་གཟི་བརྗིད་དཔལ་འབར་ཤིང། ། མཐུ་དང་རྫུ་འཕྲུལ་སྟོབས་མངའ་བ།། ཡངས་པའི་དཀྱིལ་འཁོར་རྒྱས་པའི་སྤྱན།། ལེ་བརྒན་ལྗགས་ཀྱི་དབང་པོ་ལ།། ཚངས་པའི་དབྱངས་ཀྱི་འབྲུ་བཀོད་དེ།། གདུལ་བྱ་དག་དང་མ་དག་པ།། གཉིས་མཉམ་ཆེན་པོའི་ངང་དུ་བསྟིམ། ། བརྗོད་པའི་ཚིག་ལ་འབྲས་བུའི་དོན།། རྨད་དུ་བྱུང་བ་ཨེ་མ་ཧོ། ཁྱོད་སྐུ་སྣང་བའི་གཟི་བརྗིད་ཀྱིས།། རབ་ཏུ་རྒྱས་ཤིང་གཡོས་པ་ལས།། འགྲོ་བའི་མ་རིག་མུན་སེལ་བ།། སྣང་བའི་ཡེ་ཤེས་སྒྲོན་མེ་སྤར། ། ངོ་མཚར་འདི་དག་དཔལ་དུ་ཆེ།། གང་ལ་གང་འདུལ་ཕྲིན་ལས་ཀྱིས།། དེ་དང་དེར་སྟོན་རྣམ་པར་མཛད།། དཔག་ཏུ་མེད་པའི་སྤྲུལ་པ་ཡིས།། སྣང་སྲིད་འཁོར་འདས་ཡོངས་ལ་ཁྱབ།། དཔལ་འབར་ཆེན་པོའི་སྐུ་ལ་བསྟོད། ། ཨེ་མ་ཁྱོད་གསུང་སྙན་པ་ཡིས།། སྒྲ་དབྱངས་ཕྱོགས་རྣམས་ཡོངས་ལ་ཁྱབ།། འདུལ་བྱ་རྣམ་པ་དུ་མ་ལ།། རང་རང་སྐད་ཀྱིས་གསུང་རྡོལ་བས།། དོན་ལ་མ་གཡོས་སྒྲ་ཚིག་གསུང། ། ལོག་པའི་ལམ་དུ་གང་འཁྱམས་པ།། ལེགས་པའི་ལམ་ལ་ཡང་དག་བཀོད།། དབྱངས་ཀྱི་སྤྲུལ་པ་ཡང་སྤྲུལ་ལས།། དོན་དང་བཅས་པའི་སྒྲ་ཚིག་གིས།། འདོད་འབྱུང་ཡིད་བཞིན་ཆར་ཆེན་ཕབ།། མ་དག་ལོག་སྤྱོད་གནས་སུ་བསྒྱུར། ། ཡང་དག་མཛད་པ་མཐར་ཕྱིན་མཛད།། འགག་པ་མེད་པའི་གསུང་ལས་ཀྱང།། རྒྱུན་ཆད་མེད་པའི་ཆོས་ཆར་གྱིས།། ཉོན་མོངས་མེ་ཡིས་གདུངས་པ་ལ།། ཡེ་ཤེས་བསིལ་བའི་སྤྲུལ་པ་བསྟན། ། འབྲུག་སྟོང་ལྡིར་འདྲའི་ང་རོ་ཡིས།། མུ་སྟེགས་ལྟ་ངན་ཕམ་པར་མཛད།། སྟོན་པ་དབང་ཕྱུག་གསུང་ལ་བསྟོད།། ཨེ་མ་ཁྱོད་ཐུགས་ཡངས་པའི་ཀློང།། མཁའ་ལྟར་དག་པའི་བཅོམ་ལྡན་འདས།། ཉི་མ་སྤྲིན་བྲལ་འབུམ་གྱི་གཟི། ། ཐུགས་རྗེ་བརྩེ་བའི་འོད་ཟེར་གྱིས།། དྲ་བས་ཉེ་རིང་མེད་པར་གསལ།། བརྩེ་ཆེན་ཡེ་ཤེས་རྣམ་དག་པ།། གཅིག་དང་དུ་མ་དང་བྲལ་བས།། གྲངས་ལས་འདས་པའི་སྣང་བ་འགྱེད།། འདི་དག་རྒྱལ་དང་རྒྱལ་རྣམས་ཀྱིས། ཁ་ལོ་བསྒྱུར་མཛད་མངོན་འཕགས་པ།། བསམ་གྱིས་མི་ཁྱབ་གདུལ་བྱ་ཡི།། བསམ་པ་ཉིད་ཀྱི་དགོངས་པ་ལས།། དཀྱིལ་འཁོར་རྒྱས་པའི་འཕྲོ་འདུ་ཤར།། བརྩེ་དང་མི་བརྩེ་གཉིས་བྲལ་ཞིང། ། དེ་བཞིན་མཁྱེན་དང་མི་མཁྱེན་པའི།། ཕྱོགས་སུ་མ་ལྷུང་རིས་མ་ཆད།། ཟུང་དུ་མ་འབྲེལ་ཡ་མ་ཆད། ཁད་མཉམ་ཡངས་པའི་ཕོ་བྲང་དུ།། ཐུགས་ཀྱི་སྣང་བ་རྣམ་པར་སྣང།། རྣམ་པར་བཀྲ་ཞིང་རྣམ་པར་འཕྲོ། ། དོན་རྣམས་ཀུན་དང་ཡང་དག་པ།། འཁོར་འདས་གཉིས་མེད་གཅིག་ཏུ་གདལ།། ཐུག་པ་མེད་པའི་དཀྱིལ་འཁོར་ནས།། ཟག་པ་མེད་པའི་འོད་ཟེར་གྱིས།། མཐའ་མེད་འགྲོ་བ་རེ་རེ་ཞིང།། སྣང་བའི་དཀྱིལ་འཁོར་རྫོགས་མཛད་དེ། ། ཡང་དག་འཁོར་ལོ་དེ་སྙེད་ཀྱང།། དུས་མཐའ་མེད་པར་རབ་ཏུ་བསྐོར།། དེ་དག་ཁྱེད་ཀྱི་ཐུགས་མཐའ་ཡས།། སྐུ་མཐའ་ཡས་དང་གསུང་མཐའ་ཡས།། ཡོན་ཏན་ཕྲིན་ལས་མཐའ་ཡས་དཔལ། ། གཡོ་མེད་དགོངས་ཀློང་མཐའ་ཡས་པའི།། ཐུགས་རྗེ་ཡེ་ཤེས་ཁྱོད་ལ་བསྟོད།། ཨེ་མ་ཧོ། དཔལ་དང་ལྡན་པའི་བཅོམ་ལྡན་འདས། ཁྱོད་ཀྱི་སྐུ་གསུང་ཐུགས་དཀྱིལ་ནས།། ཤར་ཞིང་སྤྲུལ་པའི་ཡི་གེ་དག། ཚིག་དོན་གསལ་བར་མངོན་ཕྱུང་བ།། བདག་སོགས་གདུལ་བྱ་གྲོལ་བའི་མགོན།། ཐོགས་མེད་རྒྱལ་པོས་བཀའ་སྩལ་པ།། སྙིང་དང་སྤྱི་བོར་ཡང་དག་འཆང།། ངོ་མཚར་ཐོད་དུ་འདི་ཁུར་རོ།། བཀོད་པ་མཐའ་ཡས་གསུང་ཚིག་ལ། ། འདི་ཀུན་མངོན་པར་སྤྱོད་པའི་རྩལ།། མ་རིག་གཉིད་ལས་སློང་བའི་སྒྲ།། བདག་འཛིན་ཞེན་པ་གཅོད་པའི་གྲི།། ཉོན་མོངས་གཅོང་ནད་འབྱིན་པའི་སྨན།། འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ། ། ཐར་པའི་ས་ཆེན་བགྲོད་པའི་སྐས།། དགྲ་བགེགས་ལོག་འདྲེན་འདུལ་བའི་མཐུ།། ཉེས་པ་ཀུན་ལས་རྣམ་གྲོལ་བ།། རྫུ་འཕྲུལ་ཡེ་ཤེས་རྩལ་མཆོག་སྟེ།། མཆོག་དང་ཐུན་མོང་འབྱུང་བ་འདི། ། བདག་ཅག་ཡང་དག་སྤྱི་བོས་ལེན།། དགོངས་པ་བཀྲོལ་ལ་རྗེས་ཡི་རང། ཁྲོ་རྒྱལ་དབང་ཆེན་དཔལ་འབར་དང།། བདག་ཅག་ཡང་དག་འདུས་པའི་འཁོར།། ལྷ་དང་མི་དང་ལྷ་མ་ཡིན།། ཀླུ་དང་རིག་སྔགས་འཆང་རྣམས་དང། ། དྲང་སྲོང་བྲམ་ཟེ་མིའམ་ཅི།། དྲི་ཟ་གྲུལ་བུམ་ལ་སོགས་ཏེ།། བདག་ཅག་རྗེས་སུ་ཡི་རངས་ཤིང།། བཅོམ་ལྡན་འདས་ལ་མངོན་པར་བསྟོད།། ཇ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ལས། རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་པའི་ལེའུ་སྟེ་ལྔ་པའོ།། ཨྠི+ྀ།།། ཕྲིན་ལས་དྲག་པོས་དགྲ་བགེགས་བདུད་དང་ལོག་སྲེད་ཅན་གྱི་གདུལ་བྱ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་སྤུ་གྲི་རེག་གཅོད་ཅེས་བྱ་བ། བདག་འདྲ་པདྨ་འབྱུང་གནས་ཀྱིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བསྒྱུར་བ་རྫོགས་སོ།། ས་མ་ཡ། རྒྱ་རྒྱ་རྒྱ། ཁ་ཐམ། དྷ་ཐིཾ། རྟ་ནག་དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བཀའ་འདི་བསྲུངས། ། གཏེར་རྐུན་དམ་ཉམས་ལོག་ལྟ་བཀའ་ལ་རས་གཅོད་བྱེད།། རྣལ་འབྱོར་ཆོས་ལ་གནས་དང་རྗེས་འཇུག་རྣམས་ལ་གནོད།། བསྟན་ལ་འཚེ་བྱེད་བདུད་རིགས་གདུག་པ་ཅན་རྣམས་ཀྱི།། ལུས་ངག་ཡིད་གསུམ་སྟོབས་དང་རྫུ་འཕྲུལ་དབང་པོ་ཉམས་པར་གྱིས། ། ཤ་ཁྲག་ཞལ་དུ་སྟོབ་ཅིང་ལྷག་མ་མེད་པར་མཛོད།། བཀའ་འདིའི་བདག་པོ་ཨུ་རྒྱན་གསུང་སྲས་རྗེས་འཇུག་གི། དམ་ཅན་རྒྱ་མཚོ་རྣམས་ཀྱིས་རྟག་ཏུ་སྲུང་མ་དམ་པར་གྱིས། ། བཀའ་གསང་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་རྒྱས་མཛོད།། བཀྲ་ཤིས་བདེ་ལེགས་དཔལ་འབར་ཀུན་ཏུ་ཁྱབ་པར་ཤོག། སྤྲུལ་པའི་སྐུ་མཆོག་གཏེར་སྟོན་སངས་རྒྱས་གླིང་པས་ཇ་དཀར་དུང་གི་སྒོ་མོ་ཀླུ་བཙན་གནས་པའི་ས་ནས་གདན་དྲངས་པའོ། །།། ཨུ་རྒྱན་གསང་བ་བརྡའི་སྐད་དུ། བོད་སྐད་དུ། བླ་མའི་གསང་རྒྱུད་བཀའི་བང་མཛོད་ཅེས་བྱ་བ།

CLOSE WINDOW