Wylie |
། ཨུ་རྒྱན་གསང་བ་བརྡ་སྐད་དུ་བསྟན་པ། རྒྱ་གར་སྐད་དུ། གྷུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ཝཱ་ཀ་ཏནྟྲ་རཏྣ་གརྫྫི་ཏ་ནཱ་མ། བོད་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ཞེས་བྱ་བ། བཅོམ་ལྡན་འདས་ཆོས་གསུང་སྨྲ་བའི་དབང་པོ་གཟི་བརྗིད་རྒྱལ་པོ་མཐའ་ཡས་པའི་དཔལ་ལ་ཕྱག་འཚལ་ལོ། ། རྣམ་པར་རྒྱན་བཀོད་མཛེས་པ་ཡི།། ཕོ་བྲང་གཞལ་ཡས་བརྩེགས་པ་ན།། མཛེས་བྱེད་རྨ་བྱའི་ཁྲི་སྟེང་དུ།། སྟོན་པ་དཔག་མེད་རྒྱལ་པོ་དང།། དཔའ་བོ་བདེ་སྦྱོར་མཉམ་བཞུགས་ནས། ། དགོངས་པ་ཆེན་པོ་བཞུགས་པའི་ཚེ།། ཉིད་ཀྱི་སྤྲུལ་པ་ལས་བྱུང་བའི།། བདེ་བར་རོལ་པའི་འཁོར་རྣམས་ཀྱིས།། སྙན་པའི་དབྱངས་ཀྱིས་འདི་སྐད་ཞུས།། ཨེ་མ་སྟོན་པ་བཅོམ་ལྡན་འདས། ། མི་མཉམ་པ་དང་མཉམ་པ་དང།། ཡང་དག་ལྗགས་ཀྱི་པདྨ་ལས།། མཉམ་དབྱངས་ཆེན་པོའི་དཔལ་མངའ་བའི།། གཡང་ས་ཆེན་པོ་གཅོད་མཛད་ཅིང།། སྔགས་ཀྱི་སྤྲིན་ཆར་འབེབས་པ་པོ།། བརྩེ་བའི་ཐུགས་ཀྱིས་འདིར་དགོངས་ཤིག། ཡེ་ཤེས་དབྱིངས་ཀྱི་ལྷ་རྣམས་ཀུན།། ཉེ་བར་བསྒྲུབ་པར་བྱེད་པ་ལ།། སྙིང་པོ་སྔགས་ཀྱི་བཟླས་བརྗོད་རྣམས།། ངེས་པའི་དོན་དུ་སྩལ་དུ་གསོལ།། དེ་ཡང་སྔགས་ཀྱི་ངོ་བོ་དང། ། ངེས་ཚིག་དབྱེ་བ་རྣམ་གྲངས་དང།། སྔགས་དངོས་བགྲང་ཚུལ་བསྙེན་པའི་ཚད།། དྲོད་རྟགས་དང་ནི་བཟླས་པའི་ཚེ།། དག་དང་མ་དག་སྐྱོན་ཡོན་དང།། སྔགས་ཀྱི་བསྒྲུབ་ཚུལ་རིམ་པ་རྣམས།། ལྗགས་ཀྱི་དབང་པོ་བཀྲམ་ནས་ཀྱང། ། བདག་ཅག་ཡིད་ཀྱི་འདོད་པ་རྣམས།། དུས་འདིར་སྐོང་བར་མཛད་དུ་གསོལ།། ཨེ་མ་འདུས་པའི་འཁོར་རྣམས་ཉོན།། དད་དང་དམ་ཚིག་ལྡན་པ་ཡིས།། མཆོག་དོན་བསྒྲུབ་འདོད་རྣལ་འབྱོར་པས། ། ཡེ་ཤེས་ལྷ་དང་དབྱེར་མེད་དུ།། བསྲེ་བར་འདོད་ན་སྔགས་ལ་བརྩོན།། སྔགས་པས་སྔགས་ལ་མི་བརྩོན་པ།། སེམས་ཀྱི་རེ་བ་སྐོང་མི་འགྱུར།། གང་གིས་སྔགས་ལ་བརྩོན་བྱེད་ན།། སྔགས་ཀྱི་ངོ་བོ་ངོས་ཟིན་གཅེས། ། དེ་བཞིན་སྔགས་ཀྱི་ངེས་ཚིག་ཀྱང།། གནད་དུ་ཆེ་བས་ཤེས་པ་གཅེས།། སྔགས་ཀྱི་དབྱེ་བ་མ་ཤེས་ན།། རང་གིས་རང་ཉིད་འཆིང་བར་འགྱུར།། རྣམ་གྲངས་མ་ཤེས་སྔགས་ཟློ་བ།། མུན་ནག་འཐོམ་འགྲོས་བྱེད་དང་མཚུངས། ། སྔགས་དངོས་ངོ་ཡིས་མ་ཟིན་ན།། སོལ་བ་གསེར་དུ་བསྒྲུབ་དང་མཚུངས།། སྔགས་ཀྱི་བགྲང་ཚུལ་མ་ཤེས་ན།། མཚོན་མེད་གཡུལ་དུ་ཞུགས་དང་མཚུངས།། བསྙེན་ཚད་གཏན་ལ་མ་ཕེབས་ན། ། ནད་ངོས་མ་ཟིན་སྨན་པ་འདྲ།། སྔགས་ཟློས་དྲོད་རྟགས་མ་ཤེས་ན།། ཚོད་མེད་མདའ་རྒྱང་འཕེན་པ་འདྲ།། སྔགས་ཀྱི་སྐྱོན་ཡོན་མ་ཤེས་ན།། དུག་དང་འདྲེས་པའི་ཁ་ཟས་འདྲ།། སྔགས་ཀྱི་བསྒྲུབ་ཚུལ་མ་ཤེས་ན། ། ལོང་བས་ལོང་བ་ཁྲིད་བྱེད་འདྲ།། དེས་ན་དེ་དག་རིམ་པ་རྣམས།། ཤེས་པར་གྱུར་པའི་སྔགས་པ་ཡིས།། ལྷ་བསྒྲུབ་བསྔགས་ལ་འབད་པ་ན།། སྟོབས་དང་ནུས་པ་བསམ་མི་ཁྱབ།། མཆོག་དང་ཐུན་མོང་ལ་སོགས་པའི། ། ཇི་ལྟར་ཡིད་ལ་འདོད་པ་རྣམས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། འཇིག་རྟེན་འདས་པའི་ལོངས་སྤྱོད་ཀུན།། སྔགས་ལ་བརྩོན་པས་འགྲུབ་གྱུར་ན།། འཇིག་རྟེན་ལོངས་སྤྱོད་སྨོས་ཅི་དགོས། ། དེས་ན་སྣང་སྲིད་འཁོར་འདས་ཀྱི།། ཆོ་འཕྲུལ་ནུས་སྟོབས་སྔགས་ཀྱིས་བྱེད།། སྔགས་ཀྱི་ནུས་སྟོབས་བསམ་མཐའ་ཡས།། དེ་ཕྱིར་སྔགས་པས་སྔགས་ལ་བརྩོན།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ཨྠི+ྀ།།། རང་བྱུང་སྤྲུལ་པའི་འཁོར་རྣམས་ཉོན།། ཡེ་ཤེས་ལྷ་རྣམས་བསྒྲུབ་པ་ལ།། སྙིང་པོ་སྔགས་ཀྱི་ངོ་བོ་བསྟན།། ཡེངས་འཁྲུལ་མེད་པར་ཡིད་ཀྱིས་ཟུང། ། ཡེ་ཤེས་ལྷ་སྔགས་ངོ་བོ་དང།། འཇིག་རྟེན་ལྷ་སྔགས་ངོ་བོ་སྟེ།། ཡེ་ཤེས་ལྷ་སྔགས་ལ་ཡང་གསུམ།། བླ་མ་ཡི་དམ་མཁའ་འགྲོ་སྟེ།། བླ་མ་བླ་ན་གཉན་པོའི་གཙོ།། སྤྱི་ཕུད་དཀོན་མཆོག་རིན་ཆེན་པས། ། ཡོངས་ཀྱི་ཐོག་མར་བྱུང་བས་གཅེས།། དེ་དག་སྔགས་ཀྱི་ངོ་བོ་ནི།། གདུང་བས་གསོལ་བ་བཏབ་པའི་དོན།། བརྗོད་པ་སྔགས་སུ་བྱུང་བ་སྟེ།། ངོ་བོ་གཡེལ་བ་མི་མངའ་བར།། རྗེས་སུ་འཛིན་པ་བྱེད་པའོ། ། ཡི་དམ་ཞི་བ་ཁྲོ་བོ་དང།། ཞི་མ་ཁྲོ་དང་རྣམ་པ་གསུམ།། ཞི་བ་གཡོ་མེད་ཏིང་འཛིན་ནི། ཁྱབ་གདལ་ཆེན་པོ་ཀུན་ལ་སྤྲོ། འདི་བསྒྲུབ་ཚངས་པའི་གནས་གཞིར་འགྱུར།། ངོ་བོ་འགྱུར་མེད་དགོངས་པའི་ཀློང། ། ཡེངས་འཁྲུལ་བྲལ་བར་བསྔགས་པའོ། ཁྲོ་བོ་རྔམ་བྱེད་རབ་གཏུམ་པ།། རྡོ་རྗེ་འབར་བ་མ་རུངས་འཇོམས།། འདི་བསྒྲུབ་འབྱུང་པོ་ལ་སོགས་པ།། མ་རུངས་པ་རྣམས་སྐྲག་ཅིང་བྱེར།། ངོ་བོ་རྩུབ་ཁྲོ་གཏུམ་པ་སྟེ། ། གནོད་བྱེད་དགྲ་བགེགས་གཉེན་པོར་བསྔགས།། ཞི་ཁྲོ་ལས་རྣམས་ཡོངས་ཀྱི་བདག། ཞི་བར་འདོད་པ་ཞི་བ་དང།། དེ་བཞིན་ཁྲོ་བར་འདོད་ལ་ཁྲོ།། གང་ཡང་རྒྱས་པར་བྱེད་པ་དང།། དབང་མཛད་དབང་གི་རྒྱལ་པོ་སྟེ། ། དྲག་པོ་རབ་ཏུ་དྲག་པར་བྱེད།། ངོ་བོ་གང་ལའང་འཇུག་པ་སྟེ།། སྣ་ཚོགས་ལས་ལ་བསྔགས་པའོ།། དེ་ལྟར་ཞི་དང་ཁྲོ་ལ་སོགས།། ཡི་དམ་ལྷ་ཡི་ས་བོན་དང།། སྙིང་པོ་སྔགས་སུ་འབྱུང་བའི་ཕྱིར། ། སྔགས་ཀྱི་ངོ་བོ་ཡང་དག་བརྗོད།། མཁའ་འགྲོའི་སྔགས་ཀྱི་ངོ་བོ་ནི།། སྲོག་གནད་གནད་ནས་བསྐུལ་ནས་ཀྱང།། ཕྲིན་ལས་དམིགས་སུ་བསྐུལ་བྱེད་ཏེ།། བཀའ་ཉན་གུས་ཕྱིར་བསྔགས་པའོ།། ལས་བྱེད་ཕོ་ཉ་བྲན་གྱི་ཚུལ། ། གང་དང་གང་ལ་འཇུག་བྱེད་པ།། དེ་དང་དེ་ཡི་ལས་ལ་བསྔགས།། དྲེགས་པ་གཏུམ་དང་དྲེགས་བྱེད་རྔམ།། གང་ཡང་མཁའ་འགྲོ་ཤུགས་ཀྱིས་འགྲོ།། སྲོག་ཡིག་གནད་ནས་བོས་པའི་ཚེ། ། དབང་ཚིག་དབང་གིས་དབང་མེད་དུ།། དེ་ཕྱིར་དགུག་དང་འཁྲིལ་བ་དང།། འདུ་འབྲལ་མེད་པར་འགྲོགས་པ་དང།། བཀའ་ཉན་ལས་ལ་བསྔགས་པའོ།། འཇིག་རྟེན་ལྷ་སྔགས་ངོ་བོ་ལ།། ཕྱི་དང་ནང་དང་གསང་བ་གསུམ། ། ཕྱི་ལྟར་སྣང་སྲིད་ལྷ་འདྲེ་རྣམས།། གནད་ནས་བསྐུལ་ཞིང་ལས་ལ་རྦད།། དབང་མེད་བྲན་དུ་བཀོལ་བའི་ཕྱིར།། གནད་འབེབས་དག་ཏུ་བསྔགས་པའོ།། ནང་ལྟར་དྲེགས་པ་སྡེ་བརྒྱད་རྣམས། ། དཔལ་གྱི་ཕོ་ཉ་ལས་མཁན་དུ།། གཉེར་གཏད་གང་དམིགས་གནས་སུ་རྒྱུག། དམ་ལ་གནས་ཕྱིར་སྲོག་ནས་འདྲེན།། དམ་ལ་གནས་ཕྱིར་བསྔགས་པའོ།། གསང་བ་རྣལ་འབྱོར་རང་ཉིད་དང།། ལྷན་ཅིག་དག་ཏུ་སྐྱེས་ནས་ཀྱང། ། རྟག་ཏུ་འབྲལ་མེད་འགྲོགས་བྱེད་ཅིང།། བསྲུང་དང་མགོན་སྐྱབས་བྱེད་པ་དང།། གནོད་ཅིང་འཚེ་བར་བྱེད་པ་རྣམས།། བསྒྲལ་ཞིང་བཟློག་པའི་མཐུ་དཔུང་ཅན།། དེ་དག་གཡེལ་བར་མི་བྱེད་ཅིང། ། དམ་ལ་གནས་ནས་བཀའ་བཞིན་བསྒྲུབ།། གཉེར་གཏད་ལས་བྱེད་བྲན་དུ་འགྱུར།། འཛིན་པའི་ལྕགས་ཀྱུ་བྱ་བའི་ཕྱིར།། མིང་དང་སྲོག་ནས་འབོད་ཅིང་བསྒྲུབ།། གཟེར་དུ་གདབ་ཕྱིར་བསྔགས་པའོ། ། མདོར་ན་སྔགས་ཀྱི་ངོ་བོ་ཤེས།། མིང་དང་སྲོག་ནས་དྲངས་བྱས་ཏེ།། དམ་ལ་གནས་པར་བྱེད་པ་དང།། རང་རང་གཉེན་པོར་རབ་བསྔགས་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། སྔགས་ཀྱི་ངོ་བོ་བསྟན་པའི་ལེའུ་སྟེ་གཉིས་པའོ།། ཨྠི+ྀ།།། གཟུགས་སྒྲ་ལ་སོགས་འདུས་པའི་འཁོར།། བླ་མ་ཡི་དམ་མཁའ་འགྲོ་ཡི།། སྔགས་ཀྱི་ངེས་ཚིག་བསྟན་གྱིས་ཉོན།། བླ་མའི་སྔགས་ཀྱི་ངེས་ཚིག་ནི། ། ཐུགས་རྗེ་སྐུལ་བར་བྱེད་པའོ།། ཡི་དམ་སྔགས་ཀྱི་ངེས་ཚིག་ནི།། དངོས་གྲུབ་སྐུལ་བར་བྱེད་པའོ།། མཁའ་འགྲོའི་སྔགས་ཀྱི་ངེས་ཚིག་ནི།། ལས་ལ་བསྔགས་པ་བྱེད་པའོ། ། གང་དང་གང་གི་སྲོག་སྔགས་རྣམས།། བསྙེན་ཅིང་བསྒྲུབ་པ་ཙམ་གྱིས་ནི།། དངོས་སུ་མཐོང་དང་ཆོ་འཕྲུལ་སྟོན།། རྟགས་དང་མཚན་མ་ངོས་བསྟན་ནས།། འདོད་པའི་དོན་གང་འགྲུབ་པས་ན།། བཟླས་པ་སྔགས་ཀྱི་ངེས་ཚིག་ཡིན། ། མིང་དང་སྲོག་གི་ཡི་གེ་དང།། མཐའ་བསྒྱུར་ལས་ཀྱི་ཡི་གེ་དང།། ལོག་གནོན་གནད་ཀྱི་ཡི་གེ་རྣམས།། བཟླས་དང་བྲིས་དང་བཅངས་ལ་སོགས།། གང་དང་གང་བྱས་དེ་དང་དེའི། ། ལས་འགྲུབ་སྔགས་ཀྱི་ངེས་པའི་ཚིག། དོན་རབ་དབྱེ་བས་ཤེས་པར་བྱ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། སྔགས་ཀྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་གསུམ་པའོ།། ཨྠི+ྀ།།། སྤྲུལ་སྲས་འདུས་པའི་འཁོར་རྣམས་ཉོན།། བླ་མ་ཡི་དམ་མཁའ་འགྲོ་ཡི།། སྔགས་ཀྱི་དབྱེ་བ་བསྟན་པར་བྱ།། བླ་མའི་མཚན་ནས་འབོད་པ་དང།། ཐུགས་སྲོག་གནད་ནས་བསྐུལ་བ་དང།། དམ་ཚིག་གཉེན་པོ་བསྟེན་པ་དང། ། དགྱེས་པ་སྐོངས་པར་བྱེད་པའི་སྔགས།། བླ་མའི་མཚན་ནས་འབོད་པའི་སྔགས།། སྒྲ་དོན་སྔགས་ཀྱི་འགྱུར་དབུས་སུ།། སཾ་སྐྲྀ་ཏ་ཡི་སྐད་ལས་དྲངས།། གྷུ་རུ་མ་ཧཱ་བོ་དྷི་སོགས།། རང་རང་མཚན་སྤེལ་སྨོས་པའམ། ། རང་རང་བོད་སྐད་ལ་སོགས་ཀྱིས།། གདུང་བས་འབོད་ཅིང་མཚན་ནས་དྲངས།། མོས་གུས་བསྐྱེད་དེ་གསོལ་བ་གདབ།། བྱིན་རླབས་སྨིན་གྲོལ་དོན་འབྲས་སྦྱིན།། རང་གཞན་བདེ་ལ་འགོད་པར་འགྱུར། ། ཐུགས་སྲོག་གནད་ནས་བསྐུལ་སྔགས་ནི།། སྐུ་གསུང་ཐུགས་ཀྱི་སྲོག་ཡིན་ཏེ།། ཨོཾ་ཨཱཿཧཱུཾ་གི་སྒྲ་ལས་དྲངས།། ཡིད་ཀྱི་གསུང་བ་བསྐྱེད་བྱ་ཞིང།། ངག་ནས་ཐུགས་དམ་བསྐུལ་བར་བྱ།། མ་ཡེངས་ཆུ་རྒྱུན་ལྟ་བུ་ཡིས། ། གནད་ནས་བསྐུལ་བས་རྗེས་འཛིན་འགྱུར།། དམ་ཚིག་གཉེན་པོ་བསྟན་པའི་སྔགས།། ས་མ་ཡ་ལས་དྲངས་ནས་ཀྱང།། གྷུ་རུའི་སྐད་ཀྱིས་མཚམས་སྦྱར་ཏེ། ཨཱ+ོཾ་དང་སྭཱ་ཧཱའི་ཐེམས་སུ་གཞུག། དམ་ཚིག་གཉེན་པོ་དགྱེས་དགོངས་ཤིང།། དོན་འབྲས་མྱུར་དུ་སྩོལ་བར་འགྱུར།། དགྱེས་པ་སྐོངས་པར་བྱེད་པའི་སྔགས།། ཚིག་དོན་གང་གིས་འགྱུར་སྐད་ལས།། གདུང་ཞིང་སྙན་པའི་དབྱངས་ཀྱིས་བྱ། ། བསྟོད་བསྔགས་ལ་སོགས་གང་རིགས་ཀྱིས།། བརྡ་དང་རྟགས་ཀྱི་སྒོ་ནས་ཀྱང།། དེ་དག་གིས་ནི་རབ་དགྱེས་པས།། བདག་གི་འདོད་པའི་དོན་འབྲས་འགྲུབ།། དེ་ཡང་ཧཱུཾ་ཧྲཱིཿའི་གདངས་དང་ནི།། ཨེ་མ་ཧོཿལ་སོགས་པ་ཡི། ། འདྲེན་དང་བཅས་པ་ཤེས་པ་ཡིན།། མདོར་ན་བླ་མའི་མཚན་སྨོས་པ།། བོད་ཀྱི་སྐད་དང་རྒྱ་གར་སྐད།། གནད་སྲོག་ཡི་གེ་འབྲུ་གསུམ་པའོ།། རྒྱས་གདབ་འདྲེན་དང་བཅས་པར་བརྗོད།། དད་དང་ལྡན་པ་སུས་བརྩོན་པས། ། བླ་མའི་སྐུ་གསུང་ཐུགས་དང་ནི།། རང་གི་ལུས་ངག་ཡིད་གསུམ་པོ།། དབྱེར་མེད་གྱུར་ནས་ནུས་སྟོབས་མཉམ།། རང་གཞན་དོན་འབྲས་ཅི་འདོད་པ།། མྱུར་དུ་འགྲུབ་ཕྱིར་ཤེས་པ་གནད། ། ཡི་དམ་སྔགས་ཀྱི་དབྱེ་བ་ཡང།། སྤྱི་དང་བྱེ་བྲག་རྣམ་མང་ཞིང།། སྤྱིར་ནི་སྲོག་སྔགས་མཚན་སྔགས་དང།། དམ་ཚིག་སྔགས་དང་ལས་ཀྱི་སྔགས།། ལས་ལ་འཇུག་པའི་སྔགས་དང་ནི།། ངེས་མེད་དམོད་སྤེལ་སྨོན་ལམ་སྔགས། ། སྲོག་སྔགས་རང་རང་ས་བོན་ལས།། སྒྱུར་བྱེད་ཡི་གེ་དབྱངས་གསལ་ཅན།། གནད་ལ་དབབ་པར་བྱེད་རྣམས་ཡིན།། དེ་ཡང་ཨཱ+ོཾ་དང་ཧཱུཾ་ཕཊ་ཀྱིས།། ཐེམས་ལ་བཅུག་ནས་བགྲང་བའོ། ། མཚན་སྔགས་དྷེ་ཝ་ཞེས་པའམ།། ལྷ་ཡི་མཚོན་བྱེད་མཚོན་གྱི་གྲངས།། སཾ་སྐྲྀ་ཏ་ཡི་སྐད་ལས་དྲངས།། ཐོག་མཐའ་ཅན་གྱི་ཐེམས་ལ་གཞུག། དམ་ཚིག་སྔགས་ནི་མཚན་སྔགས་མཐར།། ས་མ་ཡ་ཡི་སྒྲ་ལས་དྲངས། ། ལས་སྔགས་དེ་དག་རྣམས་ཀྱི་གཤམ།། ཤཱིནྟཾ་པུཥྟཱིཾ་ལ་སོགས་པའི།། སོ་སོར་གང་འདོད་ལས་སྔགས་གདགས།། ཡང་ཡང་ཨར་ལ་གཏད་པ་གནད།། ལས་ལ་འཇུག་པར་བྱེད་པ་ལ།། སྔགས་མཐར་བྷྱོ་དང་རྦད་སོགས་བཏགས། ། ཧྲིང་ཧྲིང་དུང་དུང་གནད་ནས་བསྐུལ།། རྒྱུག་རྒྱུག་བྲེང་བྲེང་བཅས་པ་སྟེ།། མཐའ་ཅན་རྫོགས་པ་ལས་འཇུག་སྔགས།། མྱུར་དུ་འགྲུབ་པར་འགྱུར་བ་ཡིན།། ངེས་མེད་དམོད་མོ་སྤེལ་ཚིག་དང། ། སྨོན་ལམ་མཐའ་བསྒྱུར་བཅས་པའི་སྔགས།། འདི་དག་དམ་ཚིག་ཆ་ལ་གཏོགས།། ལས་མྱུར་བརྡ་ཡི་སྔགས་ཡིན་པས།། གང་འདོད་གདགས་པ་གནད་ཡིན་ཅིང།། གོ་རིམ་མ་ལོག་གཅེས་པ་ཡིན།། མདོར་ན་ཡིད་ལ་དམ་བྱེད་པ། ། སྤང་བླང་མེད་པ་གནད་དང་ནི།། དམ་ཚིག་དག་ལས་མ་གཡོས་ན།། ཡི་དམ་མྱུར་འགྲུབ་བསམ་གཏན་འཕེལ།། བྱེ་བྲག་ཡི་དམ་ལྷ་ཡི་སྔགས།། གང་ལ་དམིགས་པའི་ལྷ་རྣམས་ཀྱི།། རྩ་སྔགས་སོ་སོར་ནོར་འཁྲུལ་མེད། ། སྲོག་འདྲེན་དང་ནི་མཚན་སྔགས་ཏེ།། སྐྱེས་པའི་ས་བོན་ལ་སོགས་པའི།། གང་ཡིན་སོར་གཞག་དམ་དུ་བཅིང།། མདོར་ན་སྤྱི་དྲིལ་རྩ་བ་དང།། ཡན་ལག་བཅས་པ་འདི་ལྟར་སྟེ།། ཨོཾ་ཨཱཿཧཱུཾ་ཧྲཱིཿབཛྲ་གྷུ་རུ་པདྨ་སིདྡྷི་དྷེ་ཝ་ཌཱཀྐི་ནི། བོ་དྷི་ཙིཏྟ། མ་ཧཱ་སུ་ཁ། བཛྲ་མ་ཧཱ་ཀྲོ་དྷ། ཤཱིནྟཾ་ཀ། ཧྲཱིཿམ་ཧཱ་རི་ནི་ས། ར་ཙ་ཧྲཱིཿཡ། སརྦ་སིདྡྷི། ཀཱ་ཡ་ཝཱ་ཀ་ཙིཏྟ། ཛྙཱ་ན་ས་ཏྭ། ཨ་མི་དེ་ཝ། མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛ་ནཾ། མ་མ་ཨཱ་ཡུརྫྙཱ་ན། སིདྡྷི་ཕ་ལ་ཧཱུཾ་སྭཱ་ཧཱ། དཔེར་ན་དེ་འདྲའི་ཚུལ་གྱིས་ནི།། ལས་གྲུབ་སྤྱི་དྲིལ་ཡིན་པའི་ཕྱིར།། ཆུ་རྒྱུན་ལྟ་བུར་འབད་པའི་དོན།། ཡང་སྲས་སེམས་ཀྱི་གདེང་འཆའ་བ།། བདེ་ལེགས་ཡོན་ཏན་སྤེལ་བར་བྱེད། ། རང་རང་སྙིང་པོའི་མཚན་དོན་བཅས།། ཐོག་མཐའ་དབུ་ཞབས་ཐེམས་ལ་གཞུག། དེ་ནི་ཡང་དག་གདམས་པའོ།། དེ་སོགས་བྱེ་བྲག་གང་ཡིན་པ།། མཁས་པས་ཤེས་པར་བྱེད་པ་གནད།། མཁའ་འགྲོ་རྣམས་ཀྱི་སྔགས་ལ་ནི། ། སྲོག་ཡིག་ཧ་རི་ནི་ས་ལ།། ལས་སྔགས་མཱ་ར་ཡ་སོགས་ཀྱི།། ཤམ་བུར་བཅས་པ་ལས་ཀྱི་སྔགས།། ཌཱཀྐི་ནི་ཡི་སྒྲ་བཞིན་དུ།། མིང་དོན་གནད་ནས་སྐུལ་བྱེད་པ།། ཐེམས་དང་བཅས་པས་བརྩོན་པ་ནི། ། ལས་ཀྱི་འབྲས་བུ་མཆིས་པར་བྱེད།། དམོད་མོར་བཅས་པའི་སྔགས་འབྱུང་བས།། དམ་ཚིག་འགྲེལ་བར་ལས་ལ་སྦྱར།། ཕྱི་རོལ་པ་དང་ནང་པ་ཡི། ཁྱད་པར་མགོ་མཇུག་གཉིས་ལས་བྱུང།། ང་རོ་དང་ནི་ཚེག་དྲག་ཅན། ། ན་མཿཏདྱ་ཐཱ་ལས་དྲངས།། ས་བོན་སྲོག་ནས་འདྲེན་པ་ཡང།། རྒྱན་དང་བཅས་པ་ཡི་གེར་འབྱུང།། དེ་སོགས་ནང་པའི་སྔགས་ལ་སྟེ།། བྲམ་ཟེ་དང་ནི་དྲང་སྲོང་གི། དམོད་སྔགས་ལས་ཡིན་ཐུན་མོང་པ། ། ཐུན་མོང་ལ་འཇུག་གཞན་ལས་མིན།། ང་རོ་བྲལ་བའི་རྒྱན་ཡིག་དང།། བསྡུས་པའི་ཡི་གེ་མ་དག་རྣམས།། ནོར་བ་ཡིན་གྱི་སྔགས་པ་མིན།། ལས་བྱེད་གནད་ལ་དབབ་པ་ཡི།། སྔགས་དཀྲུག་བཟློག་པ་ལ་སོགས་རྣམས། ། བྱེ་བྲག་ཕྲ་མོའི་སྦྱོར་བ་བསྟན།། ལུགས་འབྱུང་ནང་ནས་ལུགས་བཟློག་བསྟན།། དེ་དག་རྣམས་ཀྱི་བྱེ་བྲག་ཀྱང།། སྒྲ་དང་དབྱངས་གསལ་དོན་ལ་འབྱུང།། མཁས་པས་འབྱིན་འཇུག་ཤེས་པར་བྱ། ། མདོར་ན་སྤྱི་དང་བྱེ་བྲག་གི། སྔགས་ཀྱི་དབྱེ་བ་བསམ་མི་ཁྱབ།། ཕལ་ཆེར་ལས་ཀྱི་བྱེད་པ་གཙོ།། ལས་གྲུབ་འབྲས་བུ་འབྱུང་བའི་ཕྱིར།། སྔགས་རྣམས་ཀློང་ཀྱང་ཡང་དག་སྟེ།། འབྲས་བུ་མི་འབྱིན་སྔགས་ནོར་བའི། ། ཟབ་ཟབ་འདྲ་ཡང་མི་བརྗཽད་སྤང།། གནད་ཀྱིས་ཟིན་པའི་ཏིང་འཛིན་དང།། ནོར་འཁྲུལ་མེད་ཅིང་སེལ་མ་ཞུགས།། སྔགས་དང་བཅས་ནས་ལྷ་བསྒྲུབ་པས།། དོན་འབྲས་བླ་མེད་མཆོག་ལ་རེག། བརྗོད་པ་རླུང་གི་འབྱུང་འཇུག་ཀུན།། ཨཱ་ལི་ཀཱ་ལིའི་སྔགས་ཀྱི་སྒྲ།། ཐ་མལ་ངག་གི་སྒྲ་དོན་དག། དེ་ལ་འདྲིས་པར་སུས་བྱས་པས།། ལོངས་སྤྱོད་སྐུ་རུ་རྣམ་པར་གྲོལ།། རླུང་གི་གནད་དང་མི་ལྡན་ཞིང། ། སྔགས་ནོར་སྒྲ་ཚིག་མ་དག་པ།། ལྷག་ཆད་སེལ་ཞུགས་ལོག་པར་ལྟུང།། འབྲས་བུ་དུཿཁ་ཉིད་དུ་འགྱུར།། དེ་ཕྱིར་ལས་དང་ལས་ཀྱི་རིགས།། རྨད་བྱུང་སྐྲག་པ་མེད་པའི་དོན།། འཇིག་རྟེན་འདས་དང་མ་འདས་པའི། ། ལས་རྣམས་སྔགས་ཀྱིས་འགྲུབ་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། སྔགས་ཀྱི་དབྱེ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། ཨྠི+ྀ།།། རང་སྤྲུལ་རིག་པའི་འཁོར་རྣམས་ཉོན། ། སྔགས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང།། བླ་མ་དང་ནི་ཡི་དམ་ལྷ།། མཁའ་འགྲོ་རྣམས་ཀྱི་སྔགས་ལ་འདུས།། དེ་དོན་སྔགས་ཀྱི་རྣམ་གྲངས་བརྗོད།། བླ་མའི་སྔགས་ཀྱི་རྣམ་གྲངས་ལ། ། ངེས་པ་ཅན་དང་ངེས་པ་མེད།། གྲངས་དང་ཡང་དག་དེ་བཞིན་ཏེ།། ངེས་ཅན་རང་རང་གཞུང་ལས་དྲངས།། རྒྱུད་དོན་གནད་དང་བཅས་པའོ། ངེས་མེད་རང་རང་ཐབས་ཀྱི་བློས།། མཚན་ནས་གཞི་བླངས་བསྒྲུབ་ནས་ཀྱང། ། ཨོཾ་དང་ཧཱུཾ་སོགས་ཐེམས་བཅུག་པས།། རིགས་འདྲ་དབྱངས་གསལ་ལས་བསྒྱུར་ཞིང།། དག་པར་བྱ་བའི་སྔགས་བྱུང་བའོ།། དྲང་དོན་སྔགས་ཀྱི་རྣམ་པ་ནི།། གང་ཟག་འདོད་ཅན་དོན་སླད་དུ། ། འགྱུར་ཅན་སྨོན་ལམ་དག་པས་བྱ།། དད་པས་ཀུན་ནས་བསླང་རྣམས་སོ།། ཡང་དག་དེ་བཞིན་ཉིད་ཀྱི་སྔགས།། སྤྲོས་དང་བྲལ་བའི་རྣལ་འབྱོར་པས།། དེ་ཉིད་སྔགས་ཀྱི་གནད་ལྡན་ཞིང།། རླུང་གི་ཡོན་ཏན་མཐར་ཕྱིན་ཏེ། ། རོལ་པ་སྔགས་ལ་མཁས་པའོ།། སྭཱ་ཧཱ་ཨཱ+ོཾ་སོགས་སྒྲ་མེད་ཀྱང།། སྔགས་ཀྱི་ནུས་པ་དོན་འབྲས་གང།། རྩོལ་མེད་ཤུགས་ལས་འབྱུང་བའོ།། ཡི་དམ་ལྷ་སྔགས་རྣམ་གྲངས་ལས།། སྤྱི་དྲིལ་དང་ནི་སོ་སོ་བ། ། སྤྱི་དྲིལ་དྷེ་ཝ་ལ་སོགས་དང།། ས་མ་ཏི་ཡི་སྒྲ་ཡིས་བསྒྱུར།། གཅིག་འགྲུབ་རྒྱལ་བ་ཡོངས་འགྲུབ་པའི།། རྣམ་གྲངས་གཅིག་ལ་འདུས་པ་ཡིན།། སོ་སོར་བྱུང་བའི་ལྷ་སྔགས་ཀྱི།། རྣམ་གྲངས་དཔག་ཏུ་མེད་འབྱུང་བའི། ། རྡོ་རྗེའི་རིགས་དང་རིན་ཆེན་རིགས།། པདྨའི་རིགས་དང་ལས་ཀྱི་རིགས།། དེ་བཞིན་གཤེགས་པའི་རིགས་རྣམས་དང།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། ཕྲིན་ལས་རྨད་པོ་ཆེ་ཡི་རིགས། ། རྡོ་རྗེ་ཅན་གྱི་སྔགས་བྱུང་བ།། རང་གནད་སྲོག་ཡིག་བཅས་པའོ།། གང་ཡང་དངོས་གྲུབ་འབྱིན་སོགས་ཀྱི།། སྔགས་ཐེམས་མཐའ་བསྒྱུར་མང་པོ་འབྱུང།། གྲངས་སྙེད་ཡེ་ཤེས་ཀློང་འབྱུང་ཞིང།། གཞི་འབྲས་ལམ་སྲོང་དུ་མའོ། ། མཁའ་འགྲོའི་སྔགས་ཀྱི་རྣམ་གྲངས་ལ།། འབྱུང་བ་རྣམས་ཀྱི་སྒྲ་ལས་ཀྱང།། ཌཱཀྐི་རང་གནད་སྲོག་སྔགས་འབྱུང།། དུས་ཀྱི་སྦྱོར་བ་དང་བཅས་པའི།། ཐབས་དང་ཤེས་རབ་སྤྱོད་པའི་ཤུགས། ། ཐམས་ཅད་ཌཱཀྐིའི་སྔགས་ཀྱི་གྲངས།། གནད་ཀྱི་ཟིན་པའི་སྔགས་པ་ཡིས།། མཁའ་འགྲོའི་སྲོག་གནད་རང་སྔགས་རྣམས།། རང་བབས་ཉིད་ལས་རང་གྲགས་པས།། རླུང་གི་ཤུགས་དང་བཅས་པ་ཡིན།། དེ་ཕྱིར་སྔགས་ཀྱི་རྣམ་གྲངས་ནི། ། སྒྲ་ཡི་རྣམ་པ་ཀུན་ལས་འབྱུང།། རང་བྱུང་མ་འགགས་རྩལ་ཆེན་པས།། ལས་རྣམས་ཤུགས་ལས་འབྱུང་བ་ཡང།། དེ་དང་དེ་ཡི་གནད་ཀྱིས་ཡིན།། དེ་དང་ལྡན་པར་སུས་བྱས་པས། ། མཁའ་འགྲོ་མ་བསྒྲུབས་ལྷུན་གྱིས་གྲུབ།། མདོར་ན་བླ་མའི་སྔགས་ཀྱི་གྲངས།། དད་དང་མོས་གུས་ལྡན་པས་ཟིན།། ཡི་དམ་རྣམས་ཀྱི་སྔགས་གྲངས་ཀྱང།། བརྩོན་འགྲུས་ལྡན་པས་ངེས་པར་ཟིན།། མཁའ་འགྲོའི་སྔགས་ཀྱི་རྣམ་གྲངས་ཀུན། ། དམ་ཚིག་ལག་ནས་སྐྱེས་བུ་ཡིས།། ཟིན་འགྱུར་དེ་ལས་གཞན་དུ་མིན།། ཡན་ལག་རྣམ་གྲངས་ཕྲ་མོ་ཀུན།། དེ་དག་ཀློང་ལས་རང་བྱུང་འགྱུར།། ཚིག་མེད་རྣམ་གྲངས་མང་པོ་ཀུན། ། སྔགས་ཀྱི་རྣམ་གྲངས་མ་ཡིན་པས།། གྲངས་སུ་གཏོགས་པར་མི་འགྱུར་རོ།། གནད་ལ་ཡང་དག་འབྱུང་བས་ན།། ས་བོན་སྲོག་ཡིག་རེ་རེས་ཀྱང།། ཅི་འདོད་འབྲས་བུ་འབྱུང་བའི་ཕྱིར།། ཚིག་ལ་མི་ལྟོས་དོན་ལ་ལྟོས། ། དོན་ལྡན་སྔགས་ཀྱི་རྣམ་གྲངས་ཀུན།། གཅིག་ལ་ཡང་དག་རྫོགས་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། སྔགས་ཀྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་ལྔ་པའོ། ། ཨྠི+ྀ།།། རང་ཤར་རིག་པའི་འཁོར་རྣམས་ཉོན།། སྔགས་རྣམས་དངོས་ཀྱི་རིམ་པ་ནི།། བླ་མ་ལྷ་དང་མཁའ་འགྲོ་སོགས།། གང་དང་གང་གི་སྔགས་བཟླ་བ།། ཐོག་མར་ཀུན་ལ་ཨོཾ་གྱི་འཇུག། དེ་བཞིན་ན་མར་འཇུག་པ་དང།། ཏ་དྱ་ཐཱ་དང་ན་མོ་དང།། དཀྲུག་དང་བཟློག་པ་ངེས་མེད་པར།། སྤྱི་གཞུང་རྣམས་ཀྱིས་གཏན་དབབ་པར།། སྔགས་བརྟེན་ཐ་མ་ཧཱུཾ་དང་ཕཊ།། གཉིས་ཀ་དང་ནི་སྭཱ་ཧཱ་དང། ། ཧྲིང་དང་བྷྱོ་དང་རྦད་ནན་དང།། ཛཿལ་སོགས་པ་རྣམ་མང་གིས།། མཐའ་བརྟེན་བཅས་པའི་ཐེམས་པར་དུ།། གང་དང་གང་རིགས་གཏེམས་པ་ཡི།། སྔགས་རྣམས་དང་ནི་དམོད་མོ་དང།། སྨོན་ལམ་ལ་ཉེ་བཅས་པ་ཀུན། ། སྔགས་དངོས་ཡིན་པས་ཤེས་པར་བཟུང།། གཞན་ཡང་ལས་ཀྱི་རྣམ་གྲངས་ནི།། སྔགས་ལ་ངེས་མེད་བསམ་མི་ཁྱབ།། ཐོག་མཐའ་མེད་རྣམས་སྔགས་མིན་ཞིང།། དྲང་སྲོང་རྣམས་དང་བྲམ་ཟེ་སོགས། ། ལས་ཀྱི་དམོད་སྔགས་ཞེས་བྱར་གྲགས།། ཐུན་མོང་ལས་ཀྱི་སྒྲུབ་བྱེད་ལ།། སྔགས་ཀྱི་རིགས་བྱེད་མང་དུ་འབྱུང།། ཡིག་འབྲུ་གཅིག་པའི་སྔགས་འབྱུང་བ།། དེ་དག་གང་བྱུང་སྐྱེ་མེད་སྔགས།། རང་གནད་སྲོག་གི་སྔགས་སུ་བཤད། ། སྲོག་གི་ཡི་གེ་བསྒྲིག་པ་རྣམས།། ས་བོན་ལས་ལ་འཇུག་པའི་སྔགས།། ཚིག་ལ་མ་སྤྲོ་གནད་ལ་གཟིར།། རང་སྲོག་སྙིང་པོར་བགྲང་བའི་སྔགས།། དམ་ཚིག་ཡི་གེའི་སྔགས་ཡིན་ཞིང། ། མདའ་མདུང་ལ་སོགས་སོ་གཅིག་པས།། དྲག་བསྣུན་གང་ཡིན་རྣམ་པར་ཉམས།། རྡོ་གཅིག་གིས་ནི་བྱ་ཚོགས་སྐྲོད།། དེ་བཞིན་སྲོག་གནད་འབྲུ་སྔགས་ཀྱིས།། རྒྱལ་པོ་ལས་བྱེད་གཅིག་ཐུབ་ཡིན།། དོན་མེད་སྔགས་འབྲུ་གྲངས་མང་ཡང། ། སྔགས་མིན་སྔགས་ཀྱི་དོན་ལ་གོལ།། གསང་སྔགས་རིག་སྔགས་གཟུགས་སྔགས་སོགས།། སྔགས་རྣམས་གང་ལའང་གཏོགས་མིན་པའི།། སྔགས་ཀྱི་གསེབ་ནས་དབྱུང་བར་བྱ། ། འཁྲུལ་མེད་མཚན་ནས་གྲངས་པ་ཡི།། སྔགས་རྣམས་མ་ནོར་གནད་ལ་གཟིར།། དོན་འབྲས་འགྲུབ་འགྱུར་ཡིད་གཉིས་མེད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། ། སྔགས་དངོས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ཨྠི+ྀ།།། ཡིད་ཀྱི་སེམས་དཔའ་ལ་སོགས་པའི།། རང་བྱུང་འདུས་པའི་འཁོར་རྣམས་ཉོན།། བཟླས་པ་སྔགས་ཀྱི་བགྲང་ཚུལ་ལ།། ཕྱི་དང་ནང་དང་གསང་བ་དང། ། དེ་ཉིད་དུ་ནི་བགྲང་ཚུལ་ཏེ།། དེ་ལ་སྤྱྀ་དང་བྱེ་བྲག་གཉིས།། སྤྱིར་ནི་ཕྱི་ལྟར་བགྲང་བའི་ཚུལ།། གསལ་ལ་དག་ཅིང་སྙན་པ་ཡིས།། མཆུ་སྦྱོར་སྡེབས་དང་བཅས་ནས་ནི།། ཕྲེང་བས་གྲངས་ཚད་གཏན་ལ་དབབ། ། ནང་ལྟར་སྔགས་ཀྱི་བགྲང་ཚུལ་ནི།། རྡོ་རྗེ་ཤུབ་བུར་བཟླས་ནས་ཀྱང།། དོན་མ་ནོར་བར་ལྕེ་སྟེང་བསྒྲིལ།། དྲོད་དང་མཚན་མས་གཏན་ལ་དབབ།། གསང་བ་ལྟར་དུ་བགྲང་ཚུལ་ནི།། རང་བྱུང་རླུང་གི་འགྲོ་འོང་དང། ། སྤྲད་པའི་བཟླས་པ་ཉེར་བརྩོན་ཏེ།། ཕྱི་རུ་བྱུང་དང་ནང་དུ་འཇུག་ཁོང་དུ་གནས་པ་རྣམ་གསུམ་གྱི།། རྒྱུན་ཆད་མེད་པར་འཁོར་ལོའི་ཚུལ།། བར་མཚམས་མེད་པར་བསྐོར་བ་ཡིས།། རང་གནད་གཏན་ལ་དབབ་པར་བྱ། ། དེ་ཉིད་སྔགས་ཀྱི་བགྲང་ཚུལ་ནི།། སྐྱེ་མེད་རྡོ་རྗེའི་བཟླས་པ་སྟེ།། རང་བྱུང་རིག་པའི་འཕྲོ་འདུ་ལས།། རང་བབས་གཤིས་ཀྱིས་གཏན་ལ་དབབ།། སྒྲ་སྒྲགས་སྔགས་ཀྱི་རོལ་པ་ལས། ། ལྷུན་གྲུབ་རང་རྩལ་འབྲས་བུ་སྨིན།། རྩོལ་དང་བྲལ་བའི་བཟླས་པ་ཡིས།། རྩོལ་བྲལ་རང་བྱུང་ཡེ་ཤེས་བརྙེས།། བྱེ་བྲག་སྔགས་ཀྱི་བགྲང་ཚུལ་ནི།། བླ་མ་ལ་ནི་མོས་གུས་ཀྱི།། གདུང་བ་དྲག་ཏུ་བསྐྱེད་པ་ཡིས། ། གསོལ་འདེབས་ང་རོ་འོ་དོད་འབོད།། ཡི་དམ་ལྷ་ཡི་ཏིང་འཛིན་ངར།། གསལ་དག་སྙིང་པོ་སྔགས་འཛབ་སྒྲོགས།། མཁའ་འགྲོ་ངར་བསྐྱེད་བརྟུལ་ཞུགས་དབྱུང།། འབྲུག་སྟོང་ལྡིར་འདྲའི་དྲག་སྔགས་སྒྲོགས། ། དེ་ནི་ཕྱི་ཡི་བགྲང་ཚུལ་ཏེ།། ཐུན་མོང་ལས་རྣམས་མྱུར་འགྲུབ་འགྱུར།། རང་དང་བླ་མ་དབྱེར་མེད་བསྲེ།། བརྗོད་ཚིག་གལ་མ་མཆིས་སུ་བསྐུར།། གསོལ་འདེབས་གདུང་ཤུགས་མཆི་མ་བཀླག། སྨྲ་སྒོ་བསྡམས་ཤིང་བརྗོད་པ་སྐྱུང། ། ཡི་དམ་ནང་གསལ་ལུས་ལ་བཀྲམ།། འགྲོ་འོང་རླུང་གི་འགྲོས་དང་བསྟུན།། སྲོག་སྔགས་སྒྲ་མེད་ཤུབ་བུར་བཟླས།། ལུས་གནད་གཡོ་མེད་གཏན་ལ་དབབ།། མཁའ་འགྲོ་སྣང་སྲིད་རོལ་པར་བལྟ། ། སྨྲ་བརྗོད་ཐམས་ཅད་སྔགས་སུ་ཤེས།། ཕྲིན་ལས་འཕྲོ་འདུའི་དམིགས་པ་བསྒྱུར།། གང་ཤར་རང་ལུགས་གཤིས་ལ་དབབ།། དེ་ནི་ནང་གི་བགྲང་ཚུལ་ཏེ།། མཆོག་དང་ཐུན་མོང་ལས་མི་འགྱང། ། འཁྲུལ་ཕྱིར་ཡུལ་གྱི་སྤྲོས་པ་བཅད།། རང་སེམས་ཆོས་སྐུ་བླ་མར་བལྟ།། འབྱུང་འཇུག་གནས་གསུམ་རླུང་ལ་བསླབ།། ཐ་མལ་ངག་གི་སྒྲ་བརྗོད་སྤོང།། ཕུང་ཁམས་སྐྱེ་མཆེད་ལྷར་ཤེས་པས།། བརྗོད་པ་སྔགས་ཀྱི་རང་སྒྲར་གྲོལ། ། ཨཱ+ོཾ་སོགས་ཡིག་འབྲུ་ཡིད་ལ་བཀྲམ།། དུས་ཀྱི་ས་མཚམས་བཅད་དུ་མེད།། བདག་ལུས་འབྱུང་བའི་གྲོང་ཁྱེར་ནི།། ཡེ་བྱུང་མཁའ་འགྲོའི་ཆོ་འཕྲུལ་ཉིད།། ཀུན་འབྱུང་ཀློང་ནས་རང་སྒྲ་སྔགས། ། ངག་ཡིད་འཁྲུལ་པ་གཏན་ནས་ཟད།། དེ་ནི་གསང་བའི་བགྲང་ཚུལ་ཏེ།། དེ་དག་གང་གི་བརྩོན་པ་ཡི།། སྐྱེས་བུ་ཐ་མལ་ལས་སད་ནས།། འབྲས་བུ་མཆོག་ལ་མྱུར་དུ་རེག། གཡོ་བ་མེད་པའི་ངང་ཉིད་ནས། ། འཁྲུལ་པ་མེད་པའི་ཏིང་འཛིན་གསལ།། ཡེངས་པ་མེད་པའི་བཟླས་སྔགས་བསྒྲུབ།། གཏང་གཞག་མེད་པར་ནུས་པ་སྨིན།། ལུས་ཉིད་ལྷ་ལ་ངག་ཉིད་སྔགས།། ཡིད་ཆོས་འཕོ་འགྱུར་མེད་པར་གྲོལ།། བླ་མ་ཡི་དམ་མཁའ་འགྲོ་ཡི། ། སྔགས་ཀྱི་བགྲང་ཚུལ་བླ་ན་མེད།། འབྲས་བུ་ཡེ་གྲུབ་གདེང་ཆེན་རྙེད།། བགྲང་ཚུལ་ཕྱི་ནང་གསང་གསུམ་དང།། དེ་ཉིད་སྔགས་ཀྱི་བགྲང་ཚུལ་ལས།། གཡོ་མེད་དོན་ཆེན་འགྲུབ་པར་འགྱུར། ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། སྔགས་ཀྱི་བགྲང་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། ཨྠི+ྀ།།། ཡང་སྤྲུལ་སེམས་དཔའི་འཁོར་ཚོགས་ཀུན། ། ཡེ་ཤེས་ལྷ་སྔགས་བསྙེན་པའི་ཚད།། བསྟན་ཕྱིར་མ་ཡེངས་གུས་པར་ཉོན།། གཙོ་འཁོར་དང་ནི་སྤྲུལ་པ་དང།། ཡང་སྤྲུལ་རྣམས་ཀྱི་བསྙེན་ཚད་ལ།། གྲངས་ཀྱི་ཚད་དང་དུས་ཀྱི་ཚད།། རྟགས་ཀྱི་ཚད་དང་རྣམ་པ་གསུམ། ། གྲངས་ཚད་གང་ཡིན་གཙོ་བོ་ཡི།། སྙིང་པོ་དག་ལ་འབྲུ་འབུམ་སྟེ།། མིང་དོན་སྔགས་ལས་དེ་བཞིན་ལས།། ས་བོན་སྲོག་སྔགས་དེ་བཅུ་འགྱུར།། འཁོར་གྱི་བསྙེན་པ་འབྲུ་ཁྲི་སྟེ།། ལས་ཀྱི་སྔགས་ལ་དེ་ལས་འགྱུར། ། གཉིས་དང་གསུམ་སོགས་ལས་དང་བསྟུན།། རང་གནད་འཁོར་གྱི་སྲོག་སྔགས་ལའང། ཁྲི་ལ་ལྔ་འགྱུར་བཟླས་པས་འགྲུབ།། འོན་ཀྱང་སྔགས་དང་རྣལ་འབྱོར་གྱི།། དགྲ་གྲོགས་ཁམས་དང་བསྟུན་པ་ཡི། ། གྲོགས་ཕྲད་འབྲིང་ལ་ནང་ཕྲད་རབ།། དགྲ་དང་ཕྲད་ན་ཐ་མ་སྟེ།། དེ་ཡིས་འགྱུར་ཚུལ་མཁས་པས་དཔྱད།། རབ་ལ་རྐྱང་པ་འབྲིང་ཁུག་པ།། ཐ་མ་དག་ནི་སྤང་བའམ།། ཡང་ན་འདུན་པ་བསྒྱུར་བས་འགྲུབ། ། ཕ་རོལ་དགྲ་ལ་རང་ཉིད་གྲོགས།། དེ་ནི་རབ་ཏུ་སྤང་བ་གཅེས།། རང་ཉིད་དགྲ་ལ་ཕ་རོལ་གྲོགས།། དེ་བྱུང་བསྟེན་པར་བཏུབ་ཙམ་ལ།། ཡང་དག་འབྲས་བུ་འགྱངས་པར་འགྱུར།། སྤྲུལ་པ་ལ་ནི་མ་ངེས་པས། ། ཡང་སྤྲུལ་དེ་བས་ངེས་པ་མེད།། ལ་ལ་གཙོ་བོ་ཉིད་དང་མཉམ།། ལ་ལ་བརྒྱ་སྟོང་འགྲུབ་པའང་སྲིད།། ཅི་ཕྱིར་སྤྲུལ་པ་ཡིན་ཕྱིར་རོ།། དུས་ཀྱི་བསྙེན་ཚད་བསྟན་པ་ནི།། རང་རང་ལས་ཀྱི་འཕེན་པ་དང།། དུས་གནད་འཁོར་དང་ཡོ་བྱད་དང། ། གནས་ཀྱི་ཁྱད་པར་ལ་སོགས་དང།། བརྩོན་འགྲུས་དང་ནི་དབང་པོའི་ཁྱད།། རབ་འབྲིང་ཐ་མའི་ཁྱད་པར་ལས།། ལ་ལ་བདུན་ཞག་ལ་སོགས་དང།། དེ་བཞིན་ལ་ལ་ཟླ་བ་བདུན། ། ལ་ལ་ལོ་བདུན་ལ་སོགས་དང།། ཇི་སྐད་སྐལ་བ་དམན་པས་ཀྱང།། དུང་ཕྱུར་དག་གི་དུས་ཚད་ལས།། ཉི་ཁྲི་དེ་བཞིན་མཚན་ཁྲི་ཡིས།། བཅུ་གཅིག་ལོ་ལ་འབྲས་བུ་འབྱུང།། ལ་ལ་བདུན་ཕྲག་བདུན་འདས་ནས། ། ཐུན་མོང་ལས་ཀྱི་བྱ་བ་འགྲུབ།། དེ་བཞིན་ཉིན་ཞག་ཕྲུགས་གཅིག་སྟེ།། སྐྱ་རེངས་ཁ་སྤྲོད་ལས་ལ་འཇུག། མདོར་ན་དུས་ཀྱི་ཚད་རྣམས་ལ།། འཕོ་འཇུག་གནས་སྟོངས་ཁྱད་པར་གྱིས།། ཕྱི་ནང་རྟེན་འབྲེལ་ཉིད་དང་བསྟུན། ། ཕྱི་དུས་དང་ནི་ནང་གི་དུས།། རྩ་དང་རླུང་གི་ཁྱད་པར་ལས།། འཇུག་པའི་ཐིག་ལེ་གྲངས་སུ་བཅད།། དེ་ཤེས་པ་ཡིས་དུས་མི་འགྱང།། གཙོ་བོས་མཆོག་དོན་སྟེར་བར་བྱེད། ། དེ་ལ་དུས་གནད་བསྲིང་བར་བྱ།། འཁོར་གྱི་ཐུན་མོང་ལས་གྲུབ་པས།། དེ་ལ་དུས་ཚད་གྲངས་ཚད་སྦྱར།། ཡང་འཁོར་སྤྲུལ་དང་ཡང་སྤྲུལ་གྱི།། བསྙེན་པའི་དུས་ཚད་གཟུང་དུ་མེད། ། དེ་ཡི་མཚན་ཉིད་མཁས་པས་བརྟག། རྟགས་ཀྱིས་བསྙེན་ཚད་བཟུང་བ་ནི།། རབ་ལ་དངོས་དང་འབྲིང་ལ་ཉམས།། ཐ་མ་རྨི་ལམ་དག་ལ་འབྱུང།། མཆོག་ལ་ཆོས་ཀྱི་སྐུ་ཡི་རྟགས།། འབྲིང་ལ་ལོངས་སྤྱོད་རྫོགས་སྐུའི་རྟགས། ། ཐ་མ་ལ་ནི་སྤྲུལ་སྐུའི་རྟགས།། རབ་ལ་མཆོག་རྟགས་འབྲིང་པོ་ལ།། ཐུན་མོང་ཡེ་ཤེས་གྲུབ་རྟགས་དང།། ཐ་མ་ལ་ནི་ཐུན་མོང་གི། ལས་ཀྱི་འབྲས་བུ་འབྱུང་བའི་རྟགས།། གོ་རིམ་མ་ལོག་རིམ་པར་འབྱུང། ། རྟེན་ཅན་རྟེན་ལ་རྟེན་མེད་རྟེན།། ཡང་དག་དོན་རྟེན་ལ་སོགས་པ།། རྟགས་ཀྱིས་བསྙེན་པ་ཚད་ཕེབ་འགྱུར།། ལྷག་དང་ཆད་དང་ནོར་བ་དང།། འཁྲུལ་པར་འབྱུང་དང་གོ་ལོག་དང།། ལོག་པའི་རྟགས་རྣམས་འབྱུང་བ་སྟེ། ། ནུས་མེད་བརྡ་ངན་དུ་མ་དང།། རྣལ་འབྱོར་ལུས་ངག་ཡིད་གསུམ་པོ།། ཉམས་ཤིང་རྒུད་པ་དུ་མ་འབྱུང།། དེ་བྱུང་མཁས་པས་ལུགས་འབྱུང་དང།། ལུགས་བཟློག་སྔགས་ཀྱི་འཁྲུལ་འཁོར་བཅས། ། དྲག་པོའི་ལས་ལ་གཟུད་པར་བྱ།། སྐོང་དང་བཤགས་དང་གཏོར་མའི་ལས།། མེ་དང་མཆོད་སྦྱིན་ལས་ལ་འབད།། གྲངས་ཀྱི་ཚད་ལ་གྲངས་ཚད་བཟུང།། དུས་ཀྱི་ཚད་ནི་དུས་གནད་དབབ།། རྟགས་ལ་རྟགས་རྣམས་ངོ་ཡིས་བཟུང། ། དེས་ནི་བསྙེན་པ་མཐར་ཕྱིན་ནས།། སྔགས་རྣམས་གཏན་ལ་ཕེབས་ནས་ཀྱང།། ཡེ་ཤེས་ལྷ་དང་མཇལ་བར་འགྱུར།། དེ་བརྙེས་ལས་ཀྱི་འབྲས་བུ་འབྱུང།། འཇིག་རྟེན་དྲེགས་པའི་ལྷ་འདྲེ་ནི། ། ངང་གིས་བཀའ་ཉན་བྲན་དུ་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། སྔགས་ཀྱི་ཚད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ཨྠི+ྀ།།། རང་བྱུང་རིག་པའི་འཁོར་རྣམས་ཉོན། ། བརྩོན་འགྲུས་ལྡན་པའི་སྔགས་པ་ཡིས།། ལྷ་སྔགས་ཚད་ལ་ཕེབས་པའི་རྟགས།། སྔགས་ཀྱི་དྲོད་རྟགས་འབྱུང་ཚུལ་ནི།། ལེགས་པར་བཤད་ཀྱིས་ཡིད་ལ་བཟུང།། མཆོག་གི་རྟགས་དང་ཐུན་མོང་རྟགས། ། ལས་ཀྱི་ཁ་བསྒྱུར་རན་པའི་རྟགས།། དེ་ལས་གཞན་པ་ལོག་མིན་རྟགས།། ངེས་མེད་ངེས་པ་ཅན་གྱི་རིགས།། དང་པོ་མཆོག་གི་དྲོད་རྟགས་ནི།། ལུས་དངོས་ལྷ་རུ་ཀྲོང་གིས་སོང།། འཁྲུལ་པ་ཟད་ནས་ཡེ་ཤེས་བརྙེས། ། རྣམ་པར་སྨིན་པའི་ལུས་དག་ནས།། འགྱུར་མེད་གཡུང་དྲུང་རྡོ་རྗེའི་སྐུ།། སྐྱེ་བ་མ་འཕོས་གྲུབ་པ་དང།། རང་བསྒྱུར་སྒྲ་ཡི་མངོན་ཤེས་ཐོབ།། ཆོས་རྣམས་མ་བསླབས་ངང་གིས་ཤེས།། གཞན་གྱི་ཤེས་པ་སྒྱུར་བར་བྱེད། ། སྐད་ཅིག་ལག་པ་བརྐྱང་བསྐུམ་ལ།། ཞིང་ཁམས་དཔག་མེད་ཉུལ་བ་དང།། སྤྲུལ་པ་དུ་མར་འགྱེད་པར་ནུས།། བསྐྱེད་སྡུད་ཆོ་འཕྲུལ་དཔག་མེད་འགྱེད།། རང་ལ་རང་དབང་ཐོབ་པ་ཡིས། ། རྒྱལ་བ་རྣམས་ཀྱི་དགོངས་པ་ལོན།། སྣང་སྲིད་ཆོས་ལ་རང་བྱན་ཚུད།། ཡེ་ཤེས་སྣང་བ་ལྷུག་པར་འཆར། དེ་སོགས་རྣམ་གྲངས་བརྗོད་ལས་འདས།། ཐུན་མོང་རྟགས་ལ་གྲངས་མང་ཡང། ། རྗེས་སུ་འཛིན་པ་དངོས་གྲུབ་སྟེར།། དངོས་གྲུབ་ཉེ་བར་ཐོབ་པའི་རྟགས།། རྣམ་པ་གསུམ་ལ་འདུས་པ་སྟེ།། ལྷ་ཡི་རྗེས་སུ་འཛིན་པའི་རྟགས།། ཡེ་ཤེས་སྣང་བ་ལྷུག་པར་འཆར།། གང་དང་གང་གི་སྔགས་བཟླས་པས། ། སྤྲོ་ཞིང་རིག་པ་དངས་པ་དང།། རྟགས་དང་མཚན་མ་ཤུགས་ལས་འབྱུང།། བག་གྲོ་ཉམས་དགའ་རིག་པ་འུར།། སྐྱོ་དུབ་མེད་པར་བསྒྲུབ་ལ་བརྩོན།། བྱིན་ཕེབ་རྫས་ལ་གཟི་བརྗིད་འབར།། དེ་བྱུང་རྗེས་སུ་འཛིན་པའི་རྟགས། ། ཐང་ལྷོད་མེད་པར་བསྒྲུབ་ལ་འབད།། དངོས་གྲུབ་སྟེར་བའི་བྲོད་རྟགས་ནི།། དངོས་ཉམས་རྨི་ལམ་ལ་སོགས་དང།། གཞན་གྱི་བརྡ་ལ་བརྒྱུད་ནས་ནི།། བཟའ་བཏུང་ལ་སོགས་སྟེར་བའི་ཚུལ། ། རྒྱན་དང་ཆ་ལུགས་སྩལ་བར་འགྱུར།། དངོས་གྲུབ་ཉེ་བར་ཐོབ་རྟགས་ནི།། ཕྱི་ནང་གཞན་རྐྱེན་འཚེ་དོགས་མེད།། གཞན་གྱི་ཡིད་འོང་བཀུར་སྟི་དང།། ཕུ་དུང་དུ་མ་བྱེད་པ་འབྱུང།། བློ་བདེ་བག་ཕེབ་ཡིད་སྨོན་འགྲུབ། ། ཕ་རོལ་བསྒོ་བའི་བཀའ་ལ་ཉན།། ངག་ལ་ནུས་པ་འབར་བ་དང།། ལུས་སྟོབས་ཡང་རྩལ་རྫུ་འཕྲུལ་སྟོན།། ཕྱི་ནང་འབུ་སྲིན་སྲོག་ཆགས་མེད།། ཡིད་འོང་གཞོན་ཤ་ཆགས་པར་འགྱུར།། མདོར་ན་རྣལ་འབྱོར་ལུས་ངག་ཡིད། ། གཏན་ལ་ཕེབས་ཤིང་ཡོན་ཏན་འབར།། བདེ་ལེགས་ཡོན་ཏན་དཔལ་དང་ལྡན།། ཐུན་མོང་ལས་རྣམས་གང་བརྩམ་འགྲུབ།། གཞན་གྱིས་སྨོན་ཅིང་ཡིད་དགའ་བྱེད།། ཆོ་རོལ་སྤྱོད་པ་གང་སྤྱད་ཀྱང། ། གནད་དུ་འགྲོ་ཞིང་གཞན་དོན་འབྱུང།། རང་སྣང་ཆོས་དང་མཐུན་པར་འགྱུར།། འཇིག་རྟེན་ལོག་སྤྱོད་གཏན་ཚིགས་བྲལ།། འཁྲུལ་པའི་བག་ཆགས་མ་ལུས་སངས།། ཟས་ནོར་ལོངས་སྤྱོད་ལ་སོགས་པ། ། མི་འདོད་བཞིན་དུ་དབང་མེད་འདུ།། ཉོན་མོངས་ལ་སོགས་འཇིག་པ་བྲལ།། མདོར་ན་རང་དང་གཞན་གྱི་དོན།། རྩོལ་བ་མེད་པར་ཤུགས་ལས་འབྱུང།། ལས་ཀྱི་ཁ་བསྒྱུར་རན་རྟགས་ནི།། ཆུ་བོ་རྒྱས་དང་ལོ་ཏོག་སྨིན། ། གཞན་གྱི་དེད་དཔོན་བྱེད་པ་དང། ཁྲོམ་ཆེན་འདུས་དང་དམག་དཔུང་གཡོ།། ཉི་མ་སྤྲིན་གྱིས་འཁྲུགས་པ་དང།། གོ་བདར་བསོ་སྒྲ་འདེབས་པ་དང།། མེ་ཆེན་མེ་འབར་དུད་པ་འཁྲིགས།། ཆར་སྤྲིན་འཁྲིགས་ཤིང་གློག་དམར་འབྱིན། ། མེ་ཏོག་ཁ་འབུས་ལྡུམ་ར་གང།། དཀྱིལ་འཁོར་རྒྱན་མེད་བཀྲག་འོད་འབར།། ཌཱཀྐིས་ལས་ལ་སྐུལ་མ་འདེབས།། དེ་ལྟར་རིམ་པ་གང་བྱུང་ཡང།། ལས་ཀྱི་ཁ་བསྒྱུར་རན་པའམ། ། སྔགས་ཀྱི་ཤམ་བུ་གདགས་རན་རྟགས།། དེ་ལས་གཞན་གྱི་ལོག་རྟགས་ནི།། བསྒྲུབ་ལ་བར་ཆད་བྱེད་པ་ཡི།། བདུད་ཀྱི་ཆོ་འཕྲུལ་དུ་མ་དང།། མི་དང་མི་མིན་ལ་སོགས་པའི།། ཐོ་མཚམས་གླགས་ལྟ་སྣ་ཚོགས་བྱེད། ། དངོས་ཉམས་རྨི་ལམ་ལ་སོགས་པ།། རྣལ་འབྱོར་ལུས་ངག་ཡིད་གསུམ་ལ།། མི་རུང་ལྟས་དང་ཆོ་འཕྲུལ་རྣམས།། མི་འདོད་བཞིན་དུ་འབྱུང་འགྱུར་ཞིང།། བསྒྲུབ་གཡེལ་དམ་སེལ་ལ་སོགས་པའི། ། མི་འདོད་ལོག་དགུ་དུ་མ་འབྱུང།། དེ་སོགས་ངེས་མེད་ངེས་པ་ཅན།། རེ་རེ་ཙམ་ལ་ངེས་པ་མེད།། ཡང་ཡང་བསྟུན་ན་ངེས་པ་སྟེ།། རང་བབས་གནད་ཀྱི་ཟིན་པ་གཅེས།། ཅི་བདེར་འཇོག་པ་མན་ངག་ཡིན། ། མདོར་ན་སྔགས་ལ་བརྩོན་པ་ཡིས།། གནས་སྐབས་མཐར་ཐུག་ལ་སོགས་ལ།། མཆོག་དང་ཐུན་མོང་འབྱུང་བ་ཡི།། དྲོད་བརྟགས་དཔག་ཏུ་མེད་པ་འབྱུང།། ཡང་ཡང་གཏན་ལ་ཕེབས་ནས་ནི།། རྟགས་རྣམས་གང་ཡང་མི་འབྱུང་བར། ། དངས་སངས་ཆེན་པོ་ཉིད་དུ་འགྱུར།། རྟགས་མེད་རྟགས་ཀྱི་རྒྱལ་པོ་ཡིན།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས།། སྔགས་ཀྱི་དྲོད་རྟགས་འབྱུང་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ། ། ཨྠི+ྀ།།། སེམས་དཔའ་ལ་སོགས་འཁོར་རྣམས་ཉོན།། སྔགས་བཟླས་དག་དང་མ་དག་པའི།། སྐྱོན་དང་ཡོན་ཏན་རྣམས་མང་ཡང།། དང་པོ་མ་དག་སྐྱོན་ཅན་ནི།། བཟླས་པ་ཡུན་དུ་འབད་གྱུར་ཀྱང། ། ནུས་པ་མི་འབྱུང་ངལ་བའི་རྒྱུ། སྒྲ་ནོར་སྒྲ་མ་དག་པ་དང།། ཤེད་མེད་ཟུར་མ་ཐོན་པ་དང།། ཧ་ཅང་རིང་དང་ཐུང་བ་དང།། དྲགས་ཐལ་ཡང་ནི་ཞན་ཐལ་དང།། དལ་བྲེལ་མ་སྙོམས་ཡ་མ་ཟུང། ། ལ་ལ་ཤུབ་བུར་བཟླས་རྒྱུ་ལ།། སྐད་ངར་སྐྱེས་པའི་བཟླས་ནོར་དང།། ལ་ལ་འཛབ་དབྱངས་ལྟ་བུ་ལ།། ཤུབ་བུའི་བཟླས་པ་བྱེད་པ་དང།། དེ་སོགས་བྱེ་བྲག་མ་ཕྱེད་པར།། ནོར་ར་རེས་ཀྱི་བཟླ་ལུགས་ཀྱིས། ། ཡོན་ཏན་མི་འཕེལ་སྐྱོན་གྱི་རྒྱུ།། གསང་སྔགས་ཐམས་ཅད་གསང་ཐབས་བཟླས།། རིག་སྔགས་ཀློག་པའི་ཚུལ་དུ་སྟེ།། གཟུངས་སྔགས་གང་ཡང་ལྡན་པ་ལ།། དེ་དག་གསུམ་ལ་དབྱེ་བའི་ཚུལ།། བཟླས་ཚུལ་ཡུན་གྱི་སྐབས་དང་བསྟུན། ། གཞན་ཡང་བཟླས་ཚུལ་རིམ་པ་རྣམས།། ཡུལ་དང་ཡུལ་ཅན་ཁྱད་པར་དང།། རིགས་འདྲ་རིགས་མིན་སྤང་དང་བླང།། དེ་ཡི་རྒྱུ་མཚོན་ཤེས་པར་བྱ།། སྔགས་ལ་དམ་སེལ་ཞུགས་པ་དང། ། ལྷག་པ་སྐྱོན་ཅན་སྐྱོན་མེད་གཉིས།། ཟློས་པ་གང་ཡང་སྐྱོན་མེད་དེ།། མ་ཟློས་ལྷག་པ་སྐྱོན་དུ་འགྱུར།། ཆད་ན་གང་ཡང་སྐྱོན་ཅན་ནོ།། བྲེ་མོ་དང་འདྲེས་བཟླས་པ་ལ།། ནུས་རྟགས་ཡུན་གྱིས་འགྱངས་པར་འགྱུར། ། གཉིད་རྨུགས་འདྲེས་པའི་བཟླས་པ་ནི།། བགེགས་ཀྱི་བར་ཆད་འཇུག་པའི་རྒྱུ།། ལོག་འདོད་བསམ་པའི་བཟླས་པ་ནི།། བྱང་ཆུབ་ལམ་དུ་འགྲོ་མི་སྲིད།། ལམ་གྱི་འཆུགས་སོ་མེད་པ་ཡི།། བཟླས་པ་ཡིད་བཞིན་ནོར་བུ་ཡིན། ། འདོད་འབྱུང་དབང་གི་རྒྱལ་པོ་སྟེ།། སྔགས་ཀྱི་རྣལ་འབྱོར་པས་ཤེས་བྱ།། ཡོན་ཏན་ལྡན་པའི་བཟླས་པ་ནི།། སྔགས་ལ་ནོར་འཁྲུལ་མེད་པ་དང།། སྒྲ་ལ་ཆད་ལྷག་མེད་པ་དང།། བཟླ་ལུགས་རང་རང་གཞུང་དང་མཐུན། ། རིང་སར་རིང་དང་ཐུང་སར་ཐུང།། དེ་བཞིན་དྲག་སར་དྲག་པ་དང།། དེ་བཞིན་དལ་དང་བྲེལ་ལ་སོགས།། རིགས་དང་རིགས་མཐུན་འཕྲོད་པ་ཡིན།། བཟླས་ཚུལ་ཡོན་ཏན་མཐའ་ཡས་བསྐྱེད། ། སོ་སོའི་རྟགས་དང་ནུས་པ་དང།། ཅི་འདོད་དངོས་གྲུབ་འབྱུང་བར་འགྱུར།། སྤྱི་དང་བྱེ་བྲག་གང་ལ་ཡང།། གསང་ནས་སྔགས་བཟླས་བསྒྲུབ་པ་ཡིས།། སྟོབས་འབྱིན་ཡང་དག་ལས་ལ་སྦྱོར། ། མ་གསང་འཆལ་ཞིང་གང་གཡེལ་བ།། སྟོབས་མེད་ནུས་པ་མི་འབྱུང་ཕྱིར།། དེ་དང་དེ་ཡི་བྱེ་བྲག་རྣམས།། མཁས་པས་ལེགས་པར་དཔྱད་དེ་འབད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། སྔགས་བཟླས་པ་དག་དང་མ་དག་པའི་སྐྱོན་ཡོན་བསྟན་པའི་ལེའུ་སྟེ་བཅུ་པའོ།། ཨྠི+ྀ།།། ཡང་དག་སྤྲུལ་པའི་འཁོར་རྣམས་ཉོན།། སྔགས་ཀྱི་བསྒྲུབ་ཚུལ་བཤད་པར་བྱ།། རླུང་དང་མེ་ཡི་སྡེ་ཚན་དང། ། ཆུ་དང་ས་ཡི་སྡེ་ཚན་དང།། དེ་བཞིན་ནམ་མཁའི་སྡེ་ཚན་དང།། བསྡོམ་དང་ཕྲལ་བའི་རྣམ་པ་ཅན།། རེ་རེ་ལ་ཡང་ལྔ་ལྔ་ལས།། ཕྲལ་བའི་སྡེ་ལ་རེ་རེའོ།། སྡོམ་ལ་རླུང་གི་སྡེ་ཚན་ལ། ། ཀ་ནི་རླུང་གི་རླུང་ཡིག་གོ།། ཁ་ནི་རླུང་གི་མེ་ཡིག་སྟེ།། ག་ནི་རླུང་གི་ཆུ་ཡིག་སྟེ།། བྷ་ནི་རླུང་གི་ས་ཡིག་ཡིན།། ང་ནི་རླུང་གི་ནམ་མཁའ་ཡི།། ཡི་གེ་ཡིན་པར་ཤེས་པར་བྱ།། དེ་བཞིན་ཙ་ཚ་ཛ་ཛྷ་ཉ།། མེ་ཡི་རླུང་མེ་ཆུ་ས་མཁའ།། པ་ཕ་བ་བྷ་མ་དང་ལྔ། ། ཆུ་ཡི་རླུང་མེ་ཆུ་ས་མཁའ།། ཏ་ཐ་ད་དྷ་ན་དང་ལྔ།། ས་ཡི་རླུང་མེ་ཆུ་ས་མཁའ།། ཊ་ཋ་ཌ་ཌྷ་ཎ་ལྔ་ཡང།། ནམ་མཁའི་རླུང་མེ་ཆུ་ས་མཁའ།། ཕྲལ་བའི་སྡེ་ཚན་ཡི་གེ་ནི།། ཡ་ར་ལ་ཝ་རྣམ་པ་བཞི། རླུང་མེ་ས་ཆུའི་ཡི་གེ་སྟེ།། ཤ་ནི་མེ་ཡི་ཡི་གེ་སྟེ། ཁ་ནི་སྒྱུར་བྱེད་སྤྱི་ལ་སྙོམས།། ས་ནི་ས་ཡི་ཡི་གེ་ལ།། ཧ་དང་ཨ་ནི་ནམ་མཁའ་ཡི།། ཡི་གེ་ཡིན་པར་ཤེས་པར་བྱ།། ཀྵ་ནི་ནུས་པ་སྐྱེད་པ་ཡིས།། ཡི་གེ་ཡིན་པས་ཀུན་ལ་སྙོམས། ། ཡ་སྟ་ཐམས་ཅད་ས་རུ་བསྡུ།། ཞབས་ཀྱུ་ཆུ་ལ་འགྲེང་བུ་མེ།། གུ་གུ་ནམ་མཁའི་ཁོང་དུ་བསྡུ།། ན་རོ་རླུང་ལ་ང་རོ་རྣམས། ལྔ་ལྡན་ཡིན་པས་མཁའ་ཁྱབ་མཁའ།། མེ་ཆུ་གཉིས་པོ་དགྲ་གཤེད་ལ།། དེ་བཞིན་ས་རླུང་དགྲ་གཤེད་ཡིན། ། མེ་རླུང་གཉིས་དང་ས་ཆུ་འཕྲོད།། ནམ་མཁའ་ཀུན་ཁྱབ་ཀུན་ལ་སྙོམས།། དེ་ལས་གཞན་ཡང་འབྱུང་བའི་སྡེ།། སྤྱི་མཐུན་དགྲ་གྲོགས་བསྐོར་བར་བྱ།། ནང་བསྡེབ་ནང་དང་ནང་འཕྲད་ནི། ། སྲོག་ཡིག་ཡིན་པར་ཤེས་པར་བྱ། ཁོང་ནས་བྱུང་དང་རྐན་ནས་བྱུང།། སོ་དང་རྐན་དང་ལྕེ་རྩ་དང།། མཉམ་པར་འབྱུང་དང་སྣ་ནས་འབྱུང།། མཆུ་ནས་འབྱུང་དང་བཅས་སྦྱོར་དང།། རིང་དང་ཐུང་དང་སྦོམ་པ་དང། ། ཕྲ་དང་ལྡིར་དང་ཡང་ལྕི་སྟེ།། སྟོང་པའི་ཡི་གེ་ལ་སོགས་པ།། རླུང་མེ་ཆུ་ས་ནམ་མཁའ་རྣམས།། རྐྱང་དེད་དང་ནི་ཁུག་པ་དང།། གཉིས་སྦྱོར་གསུམ་སྦྱོར་བཞི་སྦྱོར་དང།། ལྔ་སྦྱོར་བསྡེབ་ཀྱི་རིམ་པ་རྣམས། ། རང་རང་ཁམས་ཀྱི་རིགས་དང་ནི།། འབྱུང་བའི་ནང་མཐུན་བསྡེབ་པ་རྣམས།། མ་བུ་དང་ནི་དགྲ་གྲོགས་སྤྲད།། མ་དང་བུ་ཕྲད་བཟང་པོ་ལ།། དགྲ་དང་གྲོགས་ཕྲད་འབྲིང་པོ་སྟེ།། དགྲ་གཤེད་འདོམ་ན་ཐ་མ་སྟེ། ། རིང་དུ་སྤངས་ནས་གནས་བསྒྱུར་བྱ།། ནང་ཕྲད་ཕལ་ཆེར་བཏང་སྙོམས་བྱེད།། དགྲ་གྲོགས་མ་བུའི་བསྡེབ་རྣམས་ནི།། རིགས་མི་མཐུན་དང་རིགས་མཐུན་དང།། གཅིག་གྲོགས་གཅིག་གིས་བྱེད་པ་དང། ། གཅིག་དགྲ་གཅིག་གིས་བྱེད་པ་དང།། གཅིག་རྐྱེན་གཅིག་གིས་བྱེད་པ་ཡི།། རྒྱུ་མཚན་ཐམས་ཅད་ཤེས་པར་བྱ།། འབྱུང་བསྡེབ་གནད་རྣམས་མ་འཆུགས་ཤིང།། རང་རང་ཁམས་དང་བསྟུན་གྱུར་ན།། ནུས་སྟོབས་འབར་ནས་ལས་མྱུར་འགྲུབ། ། དེ་ནས་དེ་ཡི་བསྡེབ་ལོག་ན།། སྔགས་ཀྱི་ནུས་པས་རང་གཤེད་བྱེད།། ཚེ་དང་སྲོག་ལ་གཟན་པ་དང།། དབང་ཐང་ལོངས་སྤྱོད་འཇོམས་ལ་སོགས།། ཉེས་པ་དུ་མ་འབྱུང་བར་འགྱུར། ། དེས་ན་སྔགས་ཀྱི་བསྒྲུབ་ཚུལ་རྣམས།། གོ་རིམ་མ་ལོག་ཤེས་པ་ཡིས།། ཨོཾ་དང་ན་མོ་ལ་སོགས་པའི།། ཐོག་མའི་ཡི་གེ་གནད་ཆེ་ཞིང།། དེ་ནས་རིམ་བཞིན་དབུ་རྟེན་དང།། གཞུང་གི་སྔགས་འབྲུ་བསྡེབ་དང་བསྟུན། ། མཐའ་བརྟེན་དག་ལ་ངེས་པ་མེད།། སྭཱ་ཧཱ་ཧཱུཾ་ཕཊ་ལ་སོགས་པ།། གང་ཡང་ལས་ཀྱི་ཤུགས་ལྟར་སྦྱར།། དཀར་སེར་དམར་དང་ལྗང་གུ་དང། ཁ་དོག་སྡེབས་སུ་བསྟན་པ་ཡང།། དཀར་པོ་ཆུ་ལ་དམར་པོ་མེ། ། སེར་པོ་ས་ལ་ལྗང་གུ་རླུང།། ནམ་མཁའ་དག་ནི་སྔོ་དང་མཐིང།། དེ་བཞིན་མཆུ་སྦྱོར་སྔགས་དང་མཚུངས།། ཕྱོགས་དང་དབྱིབས་ཀྱི་རྣམ་པ་ཡང།། ཤར་ལྷོ་ནུབ་བྱང་དབུས་དང་ལྔ།། རླུང་མེ་ཆུ་ས་ནམ་མཁའོ། ། དེ་དང་དེ་ཡི་རིགས་མཐུན་རྣམས།། ལྷ་དང་ལྷ་མོ་ལ་སོགས་དང།། བསྡེབ་ཀྱི་ཡི་གེ་སྤྲད་ནས་ནི།། མཐུན་ཕྱོགས་བསྒྲུབ་ལ་མི་མཐུན་སྤང།། དེས་མཚོན་མིང་གི་རྣམ་གྲངས་ཀྱང།། ཡི་གེ་འབྱུང་བའི་དགྲ་གཤེད་བརྩི། ། མཐུན་ཕྱོགས་གདགས་ལ་མི་མཐུན་དོར།། དག་དང་མ་དག་ཁྱད་པར་ལས།། ནུས་པ་འཕེལ་དང་མི་འཕེལ་གྱིས། ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར།། མཁས་པས་མཚན་ཉིད་གཏན་ལ་དབབ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། ། སྔགས་ཀྱི་བསྒྲུབ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ཨྠི+ྀ།།། ཡང་འདུས་སེམས་དཔའི་འཁོར་ཚོགས་ཉོན།། ལྷ་དང་དེ་ཡི་བསྒྲུབ་སྔགས་དང། ། བརྩོན་པར་བྱེད་པའི་རྣལ་འབྱོར་རྣམས།། སྔགས་ཀྱི་དམ་ཚིག་ལྡན་པ་གཅེས།། སྔགས་ཀྱི་རླུང་གི་སྡེབ་སྦྱོར་དང།། ལྕེ་དང་མགྲིན་པ་སྣ་དང་ནི།། སོ་དང་རྐན་མཆུ་རྣམས་ལས་འབྱུང།། སྐྱེ་མེད་ཡི་གེ་ཁོང་ནས་ཏེ། ། དེ་ལྟར་དེ་ཡི་དམ་ཚིག་ཏུ།། བཟའ་བཏུང་ཟས་དང་བརྗོད་པ་ངག། སྐྱོན་གྱི་རྣམ་པ་གང་ཡང་སྤང།། དེ་ཡང་རི་སྒོག་གཞག་ལྔ་ཉམས།། རླུང་གི་སྒོག་པས་ཞག་དགུ་ཉམས།། ལྕེ་ཡི་དབང་པོས་ཉེས་གཅིག་ཉམས། ། སྒ་གཡེར་ཟ་ཐུག་ཁུ་བ་ཡིས།། ཞག་གསུམ་ཉམས་པར་འགྱུར་བ་ཡིན།། བྱིན་གྱིས་མ་བརླབས་ཤ་དང་ཆང།། ཞག་ལྔའི་བར་དུ་ཉམས་པར་འགྱུར།། མདོར་ན་དྲི་ངན་དཀུ་བའི་རིགས། ། བཟའ་དང་བཏུང་བ་གང་ཡིན་ཀྱང།། ཞག་མང་སྔགས་ཀྱི་ནུས་པ་གསོད།། དེ་ཕྱིར་དེ་དག་སྤང་བར་བྱ།། རྫུན་དང་ཕྲ་མ་ལ་སོགས་པ།། ངག་གི་མི་དགེའི་ལས་རྣམས་ཀྱིས།། སྔགས་ཀྱི་ནུས་པ་གཏན་བརླག་གམ། ། མཐའ་ཡང་ཡུན་རིང་འགྱངས་པར་འགྱུར།། དེས་ན་དེ་དག་གང་ཡང་སྤང།། བཟླས་བརྗོད་སྔགས་ལ་བརྩོན་པའི་ཚེ།། ཕུས་གདབ་འཇིག་རྟེན་བྲེ་མོ་ཡིས།། སྔགས་ཀྱི་ནུས་པ་ཉམས་པས་སྤང། ། དམིགས་པའི་ལས་སྔགས་མ་གཏོགས་པ།། མཆིལ་སྣབས་ཁ་ཆུ་ལ་སོགས་པ།། འགྲུལ་ལམ་ན་བོར་ནུས་པ་གསོད།། ཡང་ན་ཁོང་དུ་བཏང་བའམ།། གཙང་མའི་གནས་སུ་དོར་བར་བྱ།། སྨ་བ་བཅད་དེ་སྔགས་ལ་བརྩོན། ། ཁྱད་པར་དམ་ཚིག་ཉམས་པ་དང།། དམེ་ཕོ་དམ་ལོག་ལ་སོགས་པའི།། མི་གཙང་རིགས་དང་ངག་མི་བསྲེ།། བསྲེས་ཤིང་སྔགས་བཟླས་ཉམས་པར་འགྱུར།། དེ་དང་དེ་ཡི་རིགས་རྣམས་དང། ། སྔགས་ལ་གཅེས་པའི་དམ་ཚིག་རྣམས།། གསང་བ་འོས་པ་གསང་བ་དང།། དེ་བཞིན་གསང་བར་གཉེར་གཏད་དང།། གསང་ཚིག་གང་ཡང་གསང་ཐུབ་གཅེས།། སྔགས་ཀྱི་ནུས་རྟགས་ཐོན་པ་ཡི།། རྟགས་དང་མཚན་མ་ཅི་བྱུང་ཡང། ། ཤིན་ཏུ་གསང་བར་བྱེད་པ་ནི།། དམ་ཚིག་ཡིན་ཕྱིར་ཐུབ་པར་བསྲུང།། གཞན་ཡང་སྔགས་ལ་གཅེས་པ་ཡི།། སྤྱི་དང་བྱེ་བྲག་དམ་ཚིག་རྣམས།། གོ་རིམ་མ་ལོག་ཐུབ་པ་གཅེས།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། སྔགས་ཀྱི་དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ཨྠི+ྀ།།། བཅོམ་ལྡན་དཔག་མེད་རྒྱལ་པོ་ལ།། སེམས་དཔའ་རྣམས་ཀྱིས་གསོལ་བའི་དོན། ། བརྩེ་བར་དགོངས་ནས་རབ་གསུངས་པ།། ཨེ་མ་ཨེ་མའོ་ངོ་མཚར་ཆེ།། དགའ་ཞིང་སྤྲོ་བས་མངོན་པར་བསྟོད།། ཡང་དག་སྔགས་ཀྱི་དོན་གང་ཡིན།། གཏན་ཚིགས་གོ་རིམ་གང་ལགས་པ། ། བདག་སོགས་གདུལ་བྱར་གྱུར་པ་ཡི།། རང་རང་ཇོ་དང་གང་འཚམས་པའི།། ཡེ་ཤེས་ལྷ་དང་དེ་ཡི་འཁོར།། འཇིག་རྟེན་འདས་དང་མ་འདས་པའི།། སྲོག་གནད་རབ་ཏུ་བསྐུལ་བའི་དོན།། འབྲུ་དང་ཡི་གེ་ལ་སོགས་པའི། ། གཡོ་བ་མེད་པར་རབ་སྣང་བ།། ལེགས་སོ་ལེགས་སོ་ལེགས་པར་གསུངས།། དགའ་ཞིང་སྤྲོ་བས་རྗེས་ཡི་རང།། ལྷ་དང་མི་དང་ལྷ་མིན་དང།། ཀླུ་དང་དྲི་ཟ་ལ་སོགས་པའི།། དགའ་ཞིང་སྤྲོ་བའི་གླུ་བླངས་ཏེ། ། ཨ་ལ་བཅོམ་ལྡན་མངོན་པར་བསྟོད།། སྔ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། ཨྠི+ྀ།།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་གིས། ལྗགས་ཀྱི་པདྨ་ལ་བཀྲམ། དུང་གི་ཚེམས་བར་ནས་བཤར། མགུལ་གྱི་བུམ་པ་ནས་དྲིལ།། ཐུགས་ཀྱི་དཔལ་བེའུ་ནས་བཏོན་པའི་རྒྱུད་ཀྱི་རྒྱལ་པོ་རིན་ཆེན་འབྲུག་སྒྲ་ཞེས་བྱ་བ་རྫོགས་སོ། །།། ས་མ་ཡ། རྒྱ་རྒྱ་རྒྱ། སྦས་རྒྱ། གཏེར་རྒྱ། གཏད་རྒྱ། ཨྠི+ྀ། དྷ་ཐིམ། སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །། ཨུ་རྒྱན་གསང་བ་བརྡའི་སྐད་དུ།། རྒྱ་གར་སྐད་དུ། གྷུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ཙིཏྟ་ཏནྟྲ་ག་ག་ནཱ་བརྟྟ་བིསྟཱ་ར་ནཱ་མ།
CLOSE WINDOW