CLOSE WINDOW

Gpb016.002: རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ
Wylie

།།། རྒྱ་གར་སྐད་དུ། མ་ཧཱ་ཏནྟྲ་རཱ་ཛ་ཤྲཱི་ཨ་མྲྀ་ཏ་ལ་ལི་ཏ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལོངས་སྤྱོད་ཆེན་པོའི་གནས་དམ་པར་གྱུར་པ་དེ་ཉིད་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད་དུ་གྱུར་ཏེ། ཉིད་ཀྱི་སྣང་བ་ཡོངས་སུ་མ་འགགས་པ། རྣམ་པ་སྣ་ཚོགས་དག་གིས་མངོན་པར་བསྟོད་ཅིང། ཐབས་དང་ཤེས་རབ་མཐའ་ཀུན་ནས་གྲོལ་བའི་མཛོད་བརྙེས་པས། ཡོན་ཏན་རིན་པོ་ཆེའི་བདག་ཉིད་ཀུན་ནས་སྐུ་སྣ་ཚོགས་དང། གསུང་སྣ་ཚོགས་དང། ཐུགས་སྣ་ཚོགས་དང། ཡོན་ཏན་སྣ་ཚོགས་དང། ཕྲིན་ལས་སྣ་ཚོགས་ཀྱིས་གཞན་ལས་འཕགས་ཤིང་ཆོ་འཕྲུལ་གྱི་བྱ་བ་ཐབས་མཁས་པའི་སྒོ་ཐམས་ཅད་རྣམ་པ་སྣ་ཚོགས་སུ་གསལ་བར་སྟོན་པ་དེ་ཉིད། འོག་མིན་གྱི་གནས་ལྷའི་རྒྱལ་པོའི་ཁང་བཟང་དམ་པ་ན་བཞུགས་ཏེ། འོད་ཟེར་ཀྱི་སྣང་བ་མངོན་པར་འདུ་མཛད་པ་སྣ་ཚོགས་འཕྲུལ་ཞིང། དཀྱིལ་འཁོར་ཐམས་ཅད་ཕྱོགས་ཀུན་ཏུ་རྒྱ་ཆེར་བཀོད་པར་མཛད་དོ། ། དེ་ཉིད་ཀྱི་ཚེ་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་མཐའ་ཡས་པ་ཀུན་ནས་འདུས་པ་འདི་ལྟ་སྟེ། སྙིང་པོ་རྡོ་རྗེ་ཞེས་བྱ་བ་དང། རགས་རྣམ་པར་སྣང་བ་ཞེས་བྱ་བ་དང། རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ་དང། ཆོས་ཐམས་ཅད་རྣམ་པར་དག་པའི་འཁོར་ལོ་ཞེས་བྱ་བ་དང།། མཛད་པ་རྒྱ་ཆེན་པོ་ཞེས་བྱ་བ་དང། པདྨོ་དོན་ཡོད་པ་ཞེས་བྱ་བ་དང། སངས་རྒྱས་བརྩེགས་པ་ཞེས་བྱ་བ་དང། ས་རྣམས་གནོན་པ་ཞེས་བྱ་བ་དང། འབྲས་བུ་བསྐྱེད་པ་ཞེས་བྱ་བ་དང། ལས་རྒྱུད་སེལ་བ་ཞེས་བྱ་བ་དང། བློ་གྲོས་ཆེན་པོ་ཞེས་བྱ་བ་དང། ཐམས་ཅད་སྲུང་བ་ཞེས་བྱ་བ་དང། ལས་ཀུན་བྱེད་པ་ཞེས་བྱ་བ་དང། གླང་པོའི་སྡེ་ཅན་ཞེས་བྱ་བ་དང། སྟོན་པ་གཙོ་བོ་དམ་པ་རྣམས་ཀྱིས་སྣང་བ་སྣ་ཚོགས་དག་རྣམ་པར་འཕྲོས་ཏེ། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཉེ་བར་བསྐུལ་ཅིང། དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་ཉེ་བར་གཡོ་བར་མཛད་དོ།། ཡང་དག་དོན་ནི་རྒྱ་ཆེ་ཞིང།། རོལ་པའི་བྱིན་རླབས་ཀུན་ཏུ་སྣང། ། ཐམས་ཅད་མི་གཉིས་ལས་ཀུན་པས།། རིགས་ཀྱི་དཀྱིལ་འཁོར་རྣམ་པར་བཀོད།། དེ་ཚེ་རྒྱལ་བ་དེ་དག་གིས།། དགོངས་པའི་དོན་ཀུན་མཉམ་བཞག་ནས།། རང་གི་ཡེ་ཤེས་ཇི་ལྟ་བར།། རིགས་ཀྱི་དཀྱིལ་འཁོར་ཉེ་བར་སྡུད། ། དེ་ལྟར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་ནས་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རང་རང་གི་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པས། འོག་མིན་གྱི་གནས་སུ་མངོན་པར་ལྷགས་སོ། ། དེ་དག་ཀྱང་རང་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བཞུགས་ཤིང། ཉིད་ཀྱི་ལོངས་སྤྱོད་ཐམས་ཅད་རྣམ་པར་བཀོད་པ་དང། རང་གི་གདན་ལ་ཐབས་དང་ཤེས་རབ་རོལ་པའི་ཚུལ་གྱིས་ཐམས་ཅད་ལོངས་སྤྱོད་པར་མཛད་དོ། ། བཅོམ་ལྡན་མཆོག་གི་དཀྱིལ་འཁོར་ན།། ཤིན་ཏུ་རྣལ་འབྱོར་དབང་ཕྱུག་ཚོགས།། རྒྱལ་བ་རྒྱ་མཚོ་འཁོར་དང་བཅས།། སྐལ་ལྡན་རྣམས་དང་ཐབས་ཅིག་བཞུགས། ། ཐམས་ཅད་དོན་ཀུན་སྣང་བྱེད་པས།། ཕྱག་རྒྱའི་དཀྱིལ་འཁོར་སྣ་ཚོགས་པའི།། འདི་ལྟར་སྟོན་པ་ཀུན་སྣང་བས།། ཁྱད་པར་ཆོས་རྣམས་ཀུན་ཀྱི་གཞི།། རང་གི་ཡེ་ཤེས་གནས་ལོངས་སྤྱོད།། ཐབས་མཆོག་གསང་བའི་དཀྱིལ་འཁོར་ཉིད། ། བདེ་ཆེན་དགྱེས་ལ་གསང་བའི་སྐུ།། ཀུན་ཏུ་བཟང་པོ་ཀུན་གྱི་མཆོག། སངས་རྒྱས་ཀུན་གྱི་གཙོ་བོ་ཡིས།། དཀྱིལ་འཁོར་གནས་ལོངས་སྤྱོད་པའོ།། གནས་མཆོག་ཡུམ་གྱི་དཀྱིལ་འཁོར་ན། ། གཉིས་མེད་ལྷུན་གྱིས་གནས་པའི་ཚེ།། དེ་ཚེ་ཉན་ཐོས་དགེ་འདུན་དང།། རང་རྒྱལ་ཐེག་ཆེན་མདོ་སྡེ་དང།། བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས།། ཉན་ཐོས་དགེ་འདུན་ཆེན་པོ་ཡི།། དགྲ་བཅོམ་མིང་ཡང་མེད་ནང་དུ། ། ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་ནས།། དགོངས་པའི་དོན་ཀུན་རྣམ་པར་གསལ། ཐབས་དང་ཤེས་རབ་རོལ་པའི་མཐུས།། ཡེ་ཤེས་ཆོ་འཕྲུལ་སྣ་ཚོགས་དང།། འོད་ཟེར་སྣང་བ་ཀུན་ཁྱབ་བྱེད། ། ཕྱག་རྒྱའི་ཚོགས་ཀུན་གར་བསྒྱུར་ཅིང།། འཛུམ་མདངས་གསང་སྔགས་ཚིག་བྲལ་བའི།། མི་གཉིས་ཡེ་ཤེས་ཀུན་གསལ་བའི།། ཉིད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀུན།། ངོ་མཚར་ཆོས་ཉིད་དོན་ལ་སྦྱོར། ། དཀྱིལ་འཁོར་ཀུན་མཆོག་བླ་ན་མེད།། རིགས་ཀུན་མཛད་པ་མ་འགགས་པས།། སེམས་དང་སེམས་གནས་རྣམ་པར་དག། ཞིང་ཁམས་བསམ་གྱིས་མི་ཁྱབ་པའི།། གནས་རྣམས་དེ་ཉིད་གནས་ཀུན་བཞིན། ། དེ་དག་ཡ་མཚན་ཆོས་ཀུན་དང།། ཐེ་ཚོམ་རྒྱུན་གྱིས་རྣམ་པར་འཇུག། གཅིག་ལ་གཅིག་གིས་རྗོད་བྱེད་པ།། འདི་ལྟར་སངས་རྒྱས་ཀུན་སྣང་ཞིང།། རང་གི་རྟོགས་པ་ཇི་ལྟ་བར།། དོན་མཐུན་གསང་བ་འགྲོ་བར་བྱེད། ། གནས་ཀུན་རིགས་ཀྱི་དཀྱིལ་འཁོར་གྱིས།། ཀུན་བཟང་དཀྱིལ་འཁོར་རྣམ་པར་འཕྲུལ།། མི་མཐུན་སྐུ་དང་གསུང་ཐུགས་རྣམས།། བྱ་བའི་ཡོན་ཏན་རྒྱ་ཆེར་སྣང།། དེ་དག་ཤེས་པ་ལས་འདས་པ། ། ངོ་མཚར་ཡུལ་འདི་ཇི་ལྟ་བུ།། དེ་ནས་འཁོར་གྱི་གཙོ་བོ་མཆོག། གསུང་བདག་རྡོ་རྗེ་ཆོས་ཉིད་ཀྱིས།། རང་གི་རིགས་ཀྱི་དཀྱིལ་འཁོར་དང།། རྣམ་ཀུན་སྟོན་པའི་གནས་སུ་འཁོད།། ཐེག་པ་གསང་བའི་རྒྱུད་ལྡན་པ། ། ཕྱག་ན་རྡོ་རྗེ་ལ་གཟིགས་ཏེ།། རང་བྱུང་བསྟན་པའི་གནས་རྣམས་ཀུན།། ཐབས་ཀྱི་བརྒྱུད་པས་གླེང་སློང་མཛོད།། འདི་དག་སངས་རྒྱས་ཀུན་གྱི་གནས།། དེ་ཉིད་མཐུ་ཡི་ཀུན་སྣང་བ།། ཐམས་ཅད་གསང་བའི་ཐིག་ལེ་ཉིད། ། བྱིན་རླབས་ངོ་མཚར་ཀུན་གྱི་གཞི།། བསྟན་པའི་མཐུ་ཡིས་ཕྱོགས་ཁྱབ་པ།། གསང་བའི་བདག་པོས་ཞུ་བར་མཛད།། ཐམས་ཅད་སྐུ་དང་གསུང་དང་ཐུགས།། ཡོན་ཏན་ཕྲིན་ལས་སྣ་ཚོགས་ཀུན། ། མཐའ་རྣམས་འགག་པའི་དོན་སྟོན་པས།། ཐམས་ཅད་ཐེ་ཚོམ་ཡིད་གཉིས་གྱུར།། དེ་ནས་གསང་བའི་བདག་པོ་ཡིས།། རང་གི་རིགས་ཚོགས་དཀྱིལ་འཁོར་རྣམས།། རྡོ་རྗེ་ཆོས་ཚོགས་ལྷན་ཅིག་ཏུ།། བློ་གྲོས་གསང་བའི་གནས་ཀུན་འཇུག། དེ་ཉིད་ཕྱག་རྒྱ་ཇི་ལྟ་བར།། མཆོད་པ་བཀོད་ཚོགས་རབ་འབྱམས་ཀྱིས།། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་གཙོ།། རང་གི་བྱིན་རླབས་ཡུལ་བཅས་པ།། ཀུན་ཚོགས་རྣམ་པར་མཆོད་བྱས་ཤིང། ། ཕྱག་འཚལ་འདུད་ཅིང་གསོལ་བ་འདེབས།། མགོན་པོ་དུས་གསུམ་སྒྲིབ་མེད་པའི།། ཡེ་ཤེས་དཀྱིལ་འཁོར་འབྱུང་བའི་གནས།། འདི་ལྟར་དངོས་གྲུབ་རྒྱ་ཆེན་ཚོགས།། བསྟན་པའི་སྒོ་རྣམས་གང་ལས་བྱུང། ། སངས་རྒྱས་ཀུན་གྱི་གསང་བའི་དོན།། ཆོས་ཀུན་མ་འདྲེས་འོད་གསལ་བ།། སྒྱུ་མ་ལྟ་བུར་འགག་པ་མེད།། དེ་དག་དཀྱིལ་འཁོར་ཇི་ལྟ་བུར།། ཕྱོགས་རྣམས་དུས་ཀུན་ཐམས་ཅད་ཀྱི།། སངས་རྒྱས་དཀྱིལ་འཁོར་ཞིང་དག་ལ། ། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས།། བྱིན་རླབས་བཀོད་པའི་ཡི་གེ་བཞིན།། རྣམ་འཕྲུལ་རྣམ་པར་སྤྱོད་པའི་ཚོགས།། དེ་དག་ཆོས་རྣམས་བསྟན་པའི་དུས།། ཤིན་ཏུ་རྒྱ་ཆེན་འདིར་གནས་པས། ། ངོ་མཚར་གསང་བ་ལ་ཞུགས་མཛད།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི།། རང་བཞིན་ཀུན་ཏུ་བཟང་པོ་ཉིད།། ངེས་པར་བསྟན་པའི་བྱིན་རླབས་ཀྱིས།། དགྱེས་པའི་དགའ་མདངས་རྣམ་པར་སྟོན། ། ཐམས་ཅད་རིགས་ཀྱི་དཀྱིལ་འཁོར་དུ།། བྱིན་རླབས་བྱང་ཆུབ་སེམས་སྦྱོར་ཏེ།། རང་བཞིན་བདུད་རྩི་ཆེན་པོའི་དོན།། ངེས་པའི་ཀླུང་ནས་གྲོལ་བར་མཛད།། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ།། མ་བཅོས་གདོད་ནས་རྫོགས་སངས་རྒྱས། ། ཀུན་ཏུ་བཟང་པོའི་ཐུགས་དཀྱིལ་ནས།། བྱང་ཆུབ་སེམས་ཚོགས་དཀྱིལ་འཁོར་འཆར།། དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས།། ཡེ་ནས་གཉིས་མེད་བདུད་རྩིའི་ཕྱིར།། དགོངས་པ་རྒྱ་མཚོ་མཐར་ཕྱིན་པ། ། ངེས་དོན་ཟབ་མོའི་ཚུལ་གྱིས་འཇུག། དེ་ནས་བདེ་གཤེགས་ཐམས་ཅད་ཀྱིས།། རང་སྣང་དཀྱིལ་འཁོར་ལ་དགོངས་ཏེ།། གཉིས་མེད་བདུད་རྩི་ཆེན་པོ་འདི།། རང་བཞིན་མི་གཉིས་བསྟན་པས་གྲོལ། ། དེ་ཚེ་འཁོར་གྱི་གཙོ་བོའི་མཆོག། རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས།། བླ་ན་མེད་པའི་བྱང་ཆུབ་སེམས།། ཡེ་ཤེས་མཉམ་ཉིད་ཉམས་རྙེད་ད།། རང་གི་རིག་པ་འཛིན་པའི་གནས།། རྡོ་རྗེ་གསང་བའི་གྲལ་རྣམས་འཁོད། ། མཐའ་ཡས་སྟོབས་རྣམས་ཟད་མེད་བདེ།། རྒྱལ་བ་ཀུན་གྱིས་མཆོད་བྱས་ཏེ།། རང་བཞིན་བདུད་རྩི་ཆེན་པོའི་གནས།། དུས་གསུམ་ཀུན་ཏུ་སྟོན་པར་དགོངས།། རིགས་ཚོགས་བྱང་ཆུབ་སེམས་དཔའ་རྣམས། ། བསྟན་པའི་དོན་གྱིས་ངོ་མཚར་སྐྱེས།། ཨེ་མ་ཧོ་ལྷ་ཀླུ་འགྲོ་ཚོགས་ཀུན།། རང་གི་རྟོག་པ་མཐའ་ཡས་སྣང།། ཀུན་གྱི་བསམ་པ་ཤེས་རུང་ཞིང།། ཐམས་ཅད་སྐད་རྣམས་གོ་འགྱུར་ཞིང།། ཐེག་མཆོག་སྙིང་པོ་བྱིན་རླབས་འདི། ། ཕྱོགས་རྣམས་ཀུན་ནས་སྤྱོད་པར་དཀའ།། རང་གི་དཀྱིལ་འཁོར་ཇི་ལྟ་བ།། ཀུན་ཏུ་མ་འགགས་སྒོ་མཐའ་ཡས།། རྒྱལ་བ་ཀུན་གྱི་ལམ་ཉིད་ནི།། ཐེག་ཆེན་བདུད་རྩིའི་གནས་རྒྱས་པས། ། ཕྱག་རྒྱ་གསང་སྔགས་ཟབ་མོའི་ཚོགས།། དེ་དག་མཚན་ཉིད་ཇི་ལྟ་བུ།། དེ་ཚེ་སྣང་བ་ཐམས་ཅད་ཀྱི།། དཀྱིལ་འཁོར་མ་འགགས་རྣམ་སྤྲུལ་ཞིང།། རང་བཞིན་གཉིས་མེད་བདུད་རྩིའི་མཆོག། སྒྲུབ་པའི་ཐབས་འདི་ངེས་པར་གསུངས། ། བསྟན་པའི་ཕྱོགས་རྣམས་ཀུན་སྤྱོད་པ།། བཀའ་ཡི་དམ་པ་མཆོག་གི་ལུང།། ཆོས་རྣམས་ཡེ་ནས་བདུད་རྩི་མཆོག། ངེས་པར་སྟོན་པའི་སྒོ་འདི་སྤྱོད།། སྒྲུབ་དང་བསྒྲུབ་པར་བྱ་བ་དང། ། འབྲས་བུ་ཐོབ་པར་བྱ་བའི་ཕྱིར།། གསང་སྔགས་གསང་བའི་མན་ངག་ནི།། བདུད་རྩི་དམ་པ་མཆོག་གི་ལུང།། སྙིང་པོ་བསྡུས་པའི་ངེས་དོན་འདི།། ཐམས་ཅད་བྱང་ཆུབ་འབྱུང་བའི་གནས།། ལྟ་བ་དང་ནི་སྤྱོད་པ་དང། ། དམ་ཚིག་མཆོག་ཏུ་ཕྲིན་ལས་དང།། ངེས་པར་སྒྲུབ་དང་བསྒྲུབ་བྱའི་ཕྱིར།། ཟབ་མོར་བསྡུས་པའི་ལུང་འདི་གསུངས།། བསམ་གྱིས་མི་ཁྱབ་བསྟན་པ་དང།། བརྒྱད་ཁྲི་བཞི་སྟོང་བསམ་ཡས་ཀྱང།། ཐེག་པའི་སྒོ་ནི་གསུམ་དུ་གསུངས། ། གསང་ཉིད་ཐེག་པར་འདུས་དང་བཞི།། ལྡེམ་པོར་དགོངས་དང་དོན་དམ་ཡང།། བཀྲི་བའི་དོན་དེ་སངས་རྒྱས་ཡིན།། རྣ་བརྒྱུད་བསྟན་པ་ཐུགས་བརྟོལ་ཏེ།། ཐིག་ལེ་ཆོས་སྐུར་ཁྱབ་པའི་ཕྱིར། ། ངེས་པའི་ལུང་ཡང་སངས་རྒྱས་ས།། སངས་རྒྱས་མཉམ་དང་དབྱིངས་སུ་གྲོལ།། ཡེ་ནས་གཉིས་མེད་ལྷུན་གྲུབ་པས།། གསང་བ་ཆེན་པོར་རྣམ་སྤྱོད་ཅིང།། ཐིག་ལེ་བྱང་ཆུབ་སེམས་ཀྱི་གནས། ། འདི་དག་རང་གི་རྒྱུད་བཞིན་འཇུག། གསང་སྔགས་གསང་བའི་སངས་རྒྱས་ཆེ།། བྱང་ཆུབ་སེམས་འདི་ཀུན་ཏུ་དག། རྫོགས་པའི་སངས་རྒྱས་བདེ་ཆེན་ཉིད།། མ་ལུས་མཐའ་དག་ཉིད་ཀྱི་རྒྱ།། ཡེ་ནས་བྱ་བྱེད་བྱ་མི་དགོས། ། རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ།། མི་རྟོག་སྦྱོར་བའི་ཡུལ་མེད་ན།། དེ་ལྟའི་ཡུལ་དང་རྟོག་འཛིན་གྱིས།། འཁོར་བའི་རྒྱ་མཚོར་གྱུར་པ་ཡིན།། ངེས་འབྱུང་ཆོས་སྐུ་ཆེན་པོ་ལ།། བྷ་གར་ཇི་བཞིན་བཞག་པས་ན། ། བྱང་ཆུབ་ཉིད་དེ་ལྟུང་གནས་མེད།། བུ་གཅིག་མ་རྩོལ་བདེ་བར་གནོས།། རྒྱུད་དང་ལུང་དང་མན་ངག་ཀྱང།། འབངས་དང་རྗེའུ་དང་རྒྱལ་པོའི་ཚུལ།། ཁྱད་པར་རྩལ་འཕགས་ཐག་རིང་ཡང། ། གཅིག་ལ་གཅིག་བརྟེན་གཅིག་གི་དང།། དབྱེར་མེད་ཚུལ་གཅིག་རང་བཞིན་དུ།། གཅིག་སྟེ་རྣམ་པ་ཡོངས་ཀྱི་མེད།། གཉིས་མེད་ངང་དུ་རྟོགས་གྲོལ་ན།། བདུད་རྩི་ཞེས་ནི་དེ་ལ་བྱ།། དེ་བས་སྐུ་གསུང་ཐུགས་ཀྱི་བདག། ཁམས་གསུམ་རྣམ་པར་སྤྱོད་པའི་གཞི།། སྐུ་དང་རྒྱན་དང་འཁོར་ལོ་ཡང།། ལུང་ཆེན་ཟབ་མོའི་ནང་ན་གསལ།། ལྔ་བཞིའི་ནང་དུ་འཁོར་བ་ལས།། ཡེ་ཤེས་སངས་རྒྱས་གཞན་ན་མེད། ། དབྱིངས་སུ་གྱུར་པས་མཉམ་པའི་ངང།། དེ་ནི་སངས་རྒྱས་བདེ་ཆེན་ཉིད།། བདུད་རྩི་བདེ་ཆེན་མཆོག་གི་སྐུ།། དུས་གསུམ་འགྱུར་མེད་དབྱིངས་ཀྱི་རྒྱ།། དབྱིངས་གྱུར་དག་མཉམ་ལྷུན་གྲུབ་པས།། རྣལ་འབྱོར་ཆེན་པོའི་ངང་ཚུལ་བཟང། ། ལྟ་བ་འདི་ལ་གང་གནས་པའི།། རྣལ་འབྱོར་མཆོག་གྱུར་སྐལ་བཟང་པོ།། ཅི་སྤྱོད་ཅི་བསྒོམ་ཅི་བསྒྲུབས་ཀྱང།། བདུད་རྩི་ཉིད་དེ་སྨན་གྱི་མཆོག། བདེ་གཤེགས་ཀུན་གྱི་ཐུགས་དམ་ཉིད། ། བྱིན་རླབས་ངོ་མཚར་རྒྱ་ཆེར་འབྱུང།། རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས།། སངས་རྒྱས་བདེ་ཆེན་ཉིད་ལས་བྱུང།། ཐམས་ཅད་མ་ལུས་བདུད་རྩི་འདི།། སྤྲོས་མེད་ཐིག་ལེར་གནས་པ་ལས།། མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། ། རང་ལ་མཆོད་ཅིང་རང་གིས་བཟའ།། དེ་དག་དངོས་གྲུབ་རྒྱ་མཚོའི་གཞི།། སྒྲུབ་པ་པོས་ནི་ནན་ཏན་བྱོས།། ཐམས་ཅད་རང་བྱུང་བདུད་རྩིར་གནས།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། ། སྟོན་པའི་བྱིན་རླབས་ལ་སྣང་བ།། རྣལ་འབྱོར་ཐབས་མཁས་རྣམས་ཀྱི་ཡུལ།། རང་བཞིན་ངོ་བོ་གཅིག་ཉིད་ལས།། བྱིན་རླབས་མཐུ་རྩལ་རྣམ་སྤྲོས་པས།། ཐམས་ཅད་དག་ཅིང་གྲོལ་བའི་མཆོག། བདུད་རྩི་ཆེན་པོའི་རང་བཞིན་ཏེ། ། ཐབས་མཁས་རྣམ་པར་སྤྱོད་པའི་སྒོ།། རང་བཞིན་ངོ་བོས་སྟོན་བྱེད་པའོ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ།། ཕྱི་ནང་སྣོད་བཅུད་རྣམ་དག་ཚོགས།། རང་གྲོལ་འཇུག་པའི་སྤྱོད་པ་ཡིས། ། དཀྱིལ་འཁོར་ཆེན་པོའི་གནས་མཐོང་འགྱུར།། དེ་དག་རབ་ཏུ་དབང་བསྐུར་ཞིང།། བློ་བུར་དྲི་མ་དག་པའི་མཐུས།། རང་བཞིན་ཡེ་ཤེས་གནས་རྙེད་དེ།། དམ་ཚིག་གསལ་བ་ལ་གནས་པས། ། ཐམས་ཅད་ཀུན་ཏུ་མཉམ་སྦྱོར་ཅིང།། སྒྲུབ་པའི་དཀྱིལ་འཁོར་མངོན་པར་སྤྱོད།། དེ་ནས་བསྙེན་བསྒྲུབ་ཀུན་རྫོགས་ཤིང།། ཕྱག་རྒྱའི་དཀྱིལ་འཁོར་མངོན་དུ་འགྱུར།། ཐ་དད་མིན་ལ་ཐ་དད་པའི།། བརྟན་གཡོ་མཉམ་དང་མི་མཉམ་ཚོགས། ། རབ་གྲོལ་གནས་པའི་ཆོས་ཀུན་ཉིད།། ཡེ་ཤེས་བདུད་རྩི་ཆེན་པོའི་དོན།། ཞེས་གསུངས་སོ།། དེ་ཚེ་འཁོར་ཚོགས་རྒྱ་ཆེན་པོའི།། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས།། རང་བྱུང་དོན་གྱི་བདུད་རྩི་འདི། ། གནས་རྣམས་ཀུན་ཏུ་རྒྱས་པར་རྟོགས།། བྱིན་རླབས་ངོ་མཚར་ཆེན་པོའི་ཡུལ།། མི་གཉིས་དགའ་བ་མངོན་གྱུར་ཅིང།། ཐམས་ཅད་ཆོས་ཀྱི་གནས་སྤྱོད་པའི།། ཡང་དག་དོན་ནི་སྤྱོད་པར་བྱེད། ། ཨེ་མ་ཧོ་གསང་ཆེན་ཉིད་ཀྱི་དབྱིངས།། རྣམ་གྲོལ་ཡེ་ཤེས་དཀྱིལ་འཁོར་ཉིད།། བྱང་ཆུབ་སེམས་ཉིད་རྣམ་སྤྱོད་པས།། རིན་ཆེན་བདུད་རྩི་རྒྱས་པར་སྣང།། ཕྱོགས་རྣམས་མཐའ་དག་གྲོལ་བ་ཡི།། རིགས་ཀུན་ངོ་མཚར་སྐྱེ་བའི་གནས། ། རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས།། རང་བྱུང་ཡེ་ཤེས་གནས་ཕྱག་འཚལ།། ཐམས་ཅད་མིན་ལ་ཐམས་ཅད་སྣང།། དེ་དག་ངང་གི་དཀྱིལ་འཁོར་ཉིད།། ཕྱོགས་དུས་ཀུན་ཏུ་མ་འགགས་པའི། ། ཡོན་ཏན་ཀུན་འབྱུང་གནས་ཕྱག་འཚལ།། ངོ་མཚར་ཟབ་ཅིང་རྒྱ་ཆེན་ཆོས།། རིགས་ཚོགས་ཐེག་པ་གྲངས་མེད་ཀྱིས།། དེ་དག་ཚུལ་རྣམས་ཞི་མཛད་པ།། དཀྱིལ་འཁོར་ཀུན་འབྱུང་སྟོན་པའི་མཆོག། ཁྱོད་ཉིད་བྱང་ཆུབ་སེམས་ཀྱི་ཞིང། ། གསང་ཆེན་དཀྱིལ་འཁོར་རྫོགས་པ་ཉིད། གང་ཞིག་མཐོང་བས་རྣམ་གྲོལ་ཞིང།། ཕྱག་རྒྱའི་དཀྱིལ་འཁོར་ཀུན་སྤྱོད་མཛད།། བྱིན་རླབས་ཐེག་པའི་གནས་ཆེན་འདི།། རྒྱལ་བ་ཀུན་གྱིས་བསྟན་པའི་དོན། ། ཕྱག་རྒྱའི་རོལ་པ་རྒྱ་ཆེན་པོར།། ཐམས་ཅད་འདུད་ཅིང་བསྟོད་པའི་གནས།། ཞེས་ཀུན་གྱིས་རྒྱ་ཆེར་བསྟོད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་གི་དཀྱིལ་འཁོར་མངོན་པར་འདུ་མཛད་པའི་ཏིང་ངེ་འཛིན་ལ་མཉམ་པར་སྦྱོར་ཞིང། རིགས་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ལ་འདུད་པར་གྱུར་ཏོ།། དེ་དག་གི་བསྟན་པས་ཞིང་ཁམས་དེ་ཉིད་གསལ་བར་བྱས་ཏེ། རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས་ཀྱི་བྱིན་རླབས་ཀྱི་གཟུགས་བརྙན་ལས། ། བདུད་རྩིའི་གྲོང་ཁྱེར་ཆེན་པོ་རྒྱ་ཆེར་གཟིགས་སོ།། དེའི་ཚེ་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཁ་ཅིག་ནི་ཉོན་མོངས་པའི་ཕྱོགས་ནས་རྣམ་པར་སྤྱོད་ཅིང། ཁ་ཅིག་ནི་སྙིང་པོ་ཡེ་ཤེས་ཀྱི་ཚོགས་ཀྱིས་རབ་ཏུ་གྲོལ་བར་གྱུར་ཏེ། འདི་ལྟར་གྲངས་མེད་པའི་སྣང་བ་ཀུན་ཀྱང་ཚུལ་སྣ་ཚོགས་ཀྱི་སྒོ་ནས་སྤྱད་པར་སྣང་ངོ།། གདོད་ནས་མ་བཅོས་སངས་རྒྱས་ཀུན། ། རང་གི་གནས་ན་ལོངས་སྤྱོད་མཛད།། དེ་ལ་གྲངས་མེད་རྒྱ་ཆེན་ཚོགས།། ཞིང་ཁམས་བསམ་གྱི་མི་ཁྱབ་གྲུབ།། སྐྱེ་འགྲོ་ཀུན་གྱི་གནས་སྤྱོད་དེ།། ཐ་དད་གཉིས་ཀྱི་ཆོས་སྣང་བའི།། འདི་ལྟར་ཁ་ཅིག་རྟག་པའི་རྒྱུན། ། ཉོན་མོངས་རྒྱུ་ལས་དེ་བསྐྱེད་ཅིང།། ང་རྒྱལ་ཆེན་པོས་གནས་པ་ལ།། ང་རྒྱལ་ཚོགས་བཅས་རགས་པར་སྤྱོད།། དེ་དག་གཉིས་དང་གསུམ་བཅས་པའི།། དྲེགས་པའི་མཐའ་ཀུན་དོན་དུ་གཉེར།། དེ་ཡི་རྒྱུ་དང་རྐྱེན་དག་དང། ། འབྲས་བུ་ཉིད་ཀྱིས་གནས་རྒྱས་འགྱུར།། དེ་ལས་ཉོན་མོངས་ཚོགས་བསྐྱེད་ཅིང།། ལྷ་མིན་གྲོང་ཁྱེར་ལ་སོགས་པའི།། ང་རྒྱལ་དྲེགས་པའི་མཐའ་གནས་པ།། རང་རྒྱུད་རྟག་པའི་མཐུ་དང་ལྡན། ། འགྲོ་གཞན་དེ་དག་གནས་མོས་པས།། དེ་ཉིད་བསྟན་པས་བཟུང་བར་བྱེད།། ཞིང་ཁམས་ཁ་ཅིག་གཏི་མུག་གི། ལོག་པའི་རྒྱུ་བཅས་ཀུན་སྤྱད་རྨོངས།། རྒྱུ་འབྲས་དོན་ཀུན་འཁྲུལ་པའི་མཐུས།། རྟག་ཏུ་མུན་པའི་འཇིག་རྟེན་གནས། ། དེ་དག་མཐུ་ཡིས་ཁམས་གསུམ་འདིར།། རྒྱུ་འབྲས་ཀུན་ཏུ་རྣམ་སྤྱོད་པས།། བྱོལ་སོང་འཇིག་རྟེན་ལ་སོགས་སྣང།། ཆོས་རྣམས་ཀུན་ཏུ་རབ་གསལ་བ།། དེ་དག་གཏི་མུག་ཆེན་པོས་བསྒྲིབས། ། དེ་མཐའ་བསྟན་པ་ལ་གནས་པའི།། རྨོངས་པའི་ཚོགས་རྣམས་ཀུན་ཏུ་འཇུག། རང་གི་ལས་བཅས་རྣམ་སྤྱོད་པའི།། སྡུག་བསྔལ་ཉོན་མོངས་ཚོགས་ཀྱི་རྒྱུན།། ཞིང་ཁམས་སྣང་བ་ཁ་ཅིག་ཏུ།། འདོད་ཆགས་ཉིད་ཀྱི་རྣམ་སྤྱོད་བདག། དེ་དག་ཆོས་རྣམས་ཀུན་འདོད་པར།། ཉོན་མོངས་ཚོགས་བཅས་འཕེལ་བར་བྱེད།། རང་གི་ལས་བཞིན་འཇུག་བྱེད་ཅིང།། རྟག་ཏུ་ཆགས་སྲེད་ལེན་པར་གནས།། རྒྱུ་རྐྱེན་འབྲས་བུའི་སྒོ་མཐུན་པས། ། ཡི་དྭགས་འཇིགས་རྟེན་ལ་སོགས་སྣང།། དེ་ནས་དེ་ལས་དེར་རྟོགས་པ།། བསྟན་པའི་ཚུལ་དེ་གཟུང་བར་བྱེད།། ཞིང་ཁམས་ཆེན་པོ་ཁ་ཅིག་ཏུ།། ཞེ་སྡང་ཆོས་ཀུན་རྣམ་སྤྱོད་དེ།། དེ་ཉིད་ཀུན་ནས་ཞེན་པའི་མཐུས། ། ཉོན་མོངས་ཆོས་ཀུན་སྐྱེད་པར་བྱེད།། དེ་དག་རྒྱུ་བཅས་འབྲས་བུ་ཉིད།། དམྱལ་བའི་འཇིག་རྟེན་ལ་སོགས་སྣང།། རྒྱུ་རྐྱེན་གོམས་ཤུགས་མཐར་ཕྱིན་པས།། རྟག་ཏུ་རང་གི་ལས་བཞིན་སྤྱོད། ། སྡུག་བསྔལ་སྡུག་བསྔལ་སྣ་ཚོགས་ཀྱིས།། བར་མཚམས་མེད་པར་ཀུན་ཏུ་རྨོངས།། དེ་ཉིད་རྐྱེན་གྱི་གཞན་དག་ཀྱང།། དེ་ཡི་བསྟན་པ་ལ་འཛུད་ཅིང།། ཀུན་ནས་ཉེས་པའི་བལྟ་བ་ཡིས།། མཐའ་རྣམས་ཀུན་ཏུ་རྣམ་པར་མྱོས། ། ཞིང་ཁམས་གཞན་དག་ཁ་ཅིག་ཏུ།། ཕྲག་དོག་ལས་ཀྱིས་འཁོར་གྱུར་ཏེ།། བདག་ཅག་ཆོས་ཀུན་རྣམ་བརྟགས་པས།། དེ་དག་མྱ་ངན་སྡུག་བསྔལ་བསྐྱེད།། རང་གི་ལྟ་བ་རྣམ་འཛིན་པས། ། ཐམས་ཅད་ཆོས་ལས་རབ་ཏུ་ཉམས།། ཡོན་ཏན་འདོད་པའི་དངོས་པོ་ལ།། ཀུན་ཏུ་འཛིན་པས་བདག་སྒྲུབ་བྱེད།། གཞན་རྟོགས་གནས་ཀུན་ཕྲག་དོག་ཉིད།། ཉོན་མོངས་སྡུག་བསྔལ་རྒྱུད་བཅས་པའི། ། ཡན་ལག་གཞན་ཚོགས་རྣམ་བསྐྱེད་པས།། རྟོག་པའི་ཆོས་རྣམས་རབ་ཏུ་རྒྱས།། དེ་ལས་རྩ་བ་ཡན་ལག་གོ། རྒྱུ་དང་བཅས་ཀྱི་མིང་སོགས་གནས།། རང་གི་མཐུ་ཡིས་ཀུན་ཏུ་སྣང། དུས་ཀུན་མངོན་པར་ཞེན་པའི་ཤུགས། ། གཞན་དག་བསྟན་པ་ལ་གནས་བྱེད།། མངོན་པར་འཕོ་བའི་ལས་ཀུན་གྱིས།། ལྷ་ལ་སོགས་པའི་འགྲོ་བ་ཀུན།། རང་གི་ལས་དང་ལས་ཀྱིས་འཁོར།། དེ་ལས་སྡུག་བསྔལ་ཀུན་སྣང་བས། ། ཕྱོགས་རྣམས་ཀུན་ཏུ་རྒྱས་པར་འགྱུར།། དེ་ལྟར་ཉོན་མོངས་ཚོགས་འཕེལ་ཞིང།། རྩ་བ་མངོན་བསྐྱེད་འབྱིན་བྱེད་པས།། ཡན་ལག་ཆ་ཤས་རྣམ་རྒྱས་ཏེ།། འགྲོ་གཞན་གནས་ཀུན་རྒྱས་པར་འགྲུབ།། ཁ་ཅིག་དེ་དག་ཀུན་འཛིན་ཅིང། ། ཁ་ཅིག་དེ་དག་ཆ་ལ་གནས།། ལས་ཀྱི་འཁོར་ལོ་རྣམ་རྒྱས་པ།། སངས་རྒྱས་ཉིད་ལ་འཁོར་བའི་གནས།། ཞིང་ཁམས་ཆེན་པོ་གཞན་དག་ན།། སྤྱོད་བཅས་དེ་ལས་གྲོལ་འདོད་ཅིང།། དེ་ཉིད་རྒྱུ་རྐྱེན་ལས་ཀུན་སྤྱོད། ། དེ་དག་བརྟགས་པས་གཞན་གནས་ཏེ།། དེ་དག་ཟློས་པས་གཞན་དུ་འཁྲུལ།། དེ་ཉིད་ཚུལ་ལས་གྲོལ་འདོད་པའི།། ཐབས་ཀྱིས་མ་ཟིན་གང་ཟག་དག། ཐེག་པ་དམན་པའི་ལམ་སྤྱོད་ཅིང། ། མྱ་ངན་མི་འདའ་རྟོག་ཀུན་འཛིན།། ཐབས་གཞན་ཐེག་པའི་རིམ་པ་བཞིན།། བྱང་ཆུབ་སེམས་དཔའ་རྒྱ་ཆེན་བློས།། ཞིང་ཁམས་ཆེན་པོ་རྣམ་སྦྱངས་ཤིང།། རྣམ་གྲོལ་མྱ་ངན་འདས་ལམ་བསྒྲུབ།། དེ་ནས་རིགས་རྣམས་ཀུན་གྱི་བདག། བཅོམ་ལྡན་ཀུན་ཏུ་བཟང་པོ་དཔལ།། རང་བྱུང་ཡེ་ཤེས་གདན་བཞུགས་ཏེ།། དེ་ཉིད་ཆོས་ཀྱི་ཏིང་འཛིན་གནས།། སངས་རྒྱས་ཀུན་གྱི་དགོངས་པའི་དོན།། ཐུགས་རྗེ་དྲི་མེད་སྤྱན་ལྡན་པས། ། ཞིང་ཁམས་ཆེན་པོ་བསམ་ཡས་པའི།། གདུལ་བྱའི་རྒྱུད་རྣམས་དག་པར་གཟིགས།། དེ་ཉིད་ཐུགས་ཀྱི་དཀྱིལ་འཁོར་མཆོག། ཕྱོགས་བཅུའི་སངས་རྒྱས་ཀུན་སྣང་བས།། ཞིང་ཁམས་ཆེན་པོ་བསམ་ཡས་ཀྱི། ། ཆོས་རྣམས་འོད་གསལ་མཉམ་པར་སྦྱོར།། རིགས་ཀྱི་རྒྱལ་བ་ཐམས་ཅད་ཀྱིས།། དཀྱིལ་འཁོར་འཕྲུལ་པར་གསོལ་བ་གདབ།། དེ་ལྟར་རྟོག་པའི་མཚན་གནས་པ།། རྒྱ་ཆེར་བསྟན་པས་གདུལ་འགྱུར་ཞིང།། རྒྱ་ཆེན་ཐེག་པ་སྦྱང་བའི་ཕྱིར། ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཉིད།། ཐབས་མཁས་ཀུན་ཏུ་རྣམ་སྤྱོད་མཛོད།། གཙོ་བོས་འཁོར་གྱི་ཚིག་གསན་ཏེ།། ཐུགས་རྗེས་ཕྱོགས་རྣམས་སྒྲིབ་མེད་པར།། ཆོས་རྣམས་ཐམས་ཅད་མཉམ་སྦྱོར་ཞིང། ། གཞན་དག་རྣམ་པར་བདེ་བསྐྱེད་དེ།། ངོ་མཚར་ཡུལ་ཀུན་འགྲོ་བའི་ཕྱིར།། མཐུན་པའི་དཀྱིལ་འཁོར་དོན་བཞིན་བསྟན།། དཀྱིལ་འཁོར་ཆེན་པོ་ཉམས་དགའ་བའི།། འོག་མིན་གནས་སུ་རྣམ་བཀོད་པ། ། དེ་དག་དུས་གསུམ་རྒྱལ་བའི་སྐུ།། རྡུལ་ཕྲན་གྲངས་མེད་རིགས་ཀྱི་ཚོགས།། དཀྱིལ་འཁོར་ཆེན་པོར་གྲོལ་འགྱུར་ཡང།། ཞིང་ཁམས་མཐའ་ཡས་བསམ་འདས་པའི།། འགྲོ་རྣམས་རྗེས་སུ་གཟུང་བའི་ཕྱིར། ། རང་བཞིན་བདུད་རྩིའི་དཀྱིལ་འཁོར་འདི།། ཐམས་ཅད་ཀུན་ཏུ་སྟོན་པར་མཛད།། ཡོན་ཏན་ཆེན་པོའི་བྱིན་རླབས་ལས།། སྣང་བའི་འོད་ཀྱིས་ཀུན་ཁྱབ་ཅིང།། རབ་ཏུ་སྦྱངས་པ་ཟུང་འཇུག་པ། ། སྙིང་རྗེ་ཆེན་པོའི་བདག་ཉིད་དོ།། རིགས་མཆོག་གཙོ་བོ་བཟང་པོ་ཉིད།། ཞལ་གསུམ་ཟླ་བ་མདངས་བཟང་གསལ།། གཡས་སྔོ་གཡོན་པ་དམར་བའི་བཞིན།། ཕྱག་དྲུག་རིན་ཆེན་རྒྱན་གྱིས་མཛེས།། རང་གི་གསང་སྔགས་ཀྱིས་རྫོགས་པ། ། རྡོ་རྗེ་རིན་ཆེན་པདྨ་དང།། འཆི་མེད་བདུད་རྩི་བུམ་བཅས་ཕྲེང།། ཀུན་ཏུ་བཟང་མོའི་གནས་སྦྱོར་ཞིང།། དབུ་སྐྲ་རིན་ཆེན་དབུ་རྒྱན་མཛེས།། ན་བཟའ་རྒྱན་བཅས་རྣམ་གྲོལ་བ། ། ཐབས་དང་ཤེས་རབ་སྐྱིལ་ཀྲུང་གིས།། ལྷ་ཡི་རྒྱལ་པོའི་ཁང་བཟང་གནས།། རིན་ཆེན་ཉི་ཟླ་པད་དཀྱིལ་བཞུགས།། རིན་ཆེན་འབར་བའི་ཁྲིར་བཅས་པའོ།། ཁང་པ་གྲུ་བཞི་མུ་ཁྱུད་ལྡན།། རེ་ཆའི་ཕྲེང་བ་བཟང་པོ་དང། ། འཁོར་ལོ་བཅུ་དྲུག་བར་ཁྱམས་བཅས།། སྒོ་ཁང་རྟ་བབས་ལྡན་པ་ལ།། ཏྭ་ར་ཎ་བཞི་བཀོད་པ་དང།། སྣ་ཚོགས་རྒྱན་གྱིས་ཉེ་བར་སྤྲས།། པདྨ་རྡོ་རྗེ་ཕྲེང་བ་དང།། འདོད་པའི་ལྷ་མོ་ཀུན་གྱིས་བཀླུབས། ། དེ་ནས་རིན་ཆེན་ས་གཞི་ལ།། ཁྲི་སྟེང་པད་མ་ཉི་ཟླས་བརྒྱན།། ཐམས་ཅད་རྣམ་པར་བཀོད་བྱས་ཏེ།། གནས་མཆོག་བླ་མེད་གཞན་སྣང་བའོ།། རང་གི་གསང་སྔགས་ཀྱིས་བསྐྱེད་ཅིང།། ཕྱོགས་རྣམས་ཀུན་ཏུ་སྤྲོས་བྱས་ཏེ། ། དེ་ཉིད་གདུལ་བྱའི་གནས་སུ་སྣང།། ཡེ་ཤེས་བྱིན་རླབས་ཆེ་ལས་འབྱུང།། ཀུན་ཏུ་བཟང་མོ་ཞི་བའི་མདངས།། ཞལ་གཅིག་ཕྱག་གཉིས་རིན་ཆེན་འཛིན།། དཀར་མོ་རྒྱན་རྣམས་ཀུན་གྱིས་མཛེས། ། འོད་ཟེར་སྣ་ལྔའི་འཕྲེང་བ་ཅན།། གསང་བའི་སྔགས་ཀྱིས་བསྐྱེད་བྱས་པའི།། ཡིག་འབྲུ་ཕྱག་རྒྱའི་མཚན་མ་ཀུན།། རང་གནས་འོད་ཟེར་འཕྲོ་འདུའི་སྟོབས།། རིགས་ཀྱི་དཀྱིལ་འཁོར་བཟང་པོའི་ཚོགས། ། དབུས་ཀྱི་དཀྱིལ་འཁོར་གནས་བཞུགས་པ།། འཁོར་ལོས་སྒྱུར་རྒྱལ་རིན་ཆེན་སྐུ།། བཙོ་མ་གསེར་གྱི་མདོག་འདྲ་ལས།། ཉི་མ་འབུམ་གྱི་གཟི་བརྗིད་ཅན།། ཞལ་བཞི་དཀར་དམར་སྔོ་བ་དག། ཕྲིན་ལས་བཞི་ཡི་མདངས་བཅས་པ། ། ཕྱག་རྒྱ་གཡས་ཀྱི་བཞི་དག་ན།། རིན་ཆེན་སྤུངས་པའི་བུམ་པ་དག། ཉི་མའི་དཀྱིལ་འཁོར་འཁོར་ལོ་འཛིན།། གཡོན་ན་པདྨའི་ཕྲེང་བ་དང།། འཆི་མེད་བདུད་རྩི་ཟླ་བའོ།། རིན་ཆེན་སྣ་ཚོགས་རྒྱན་གྱིས་བཀླུབས། ། རིན་ཆེན་དབྱིངས་ཀྱི་ཡུམ་དང་འཁྲིལ།། རྡོ་རྗེ་འཁོར་ལོ་པདྨ་དང།། སྣ་ཚོགས་རྒྱ་གྲམ་རྟགས་ཀྱི་རྒྱ།། ཕྱོགས་བཅུའི་འགྲོ་བའི་དོན་སྤྲོས་ཏེ།། རང་བཞིན་ཀུན་ཏུ་བཟང་པོའི་གནས། ། དབང་བསྐུར་མཚན་མ་ལས་བྱུང་བའི།། རིགས་ཀྱི་བདག་པོས་དབུ་བརྒྱན་པ།། ལྷ་མོ་ཞལ་གཅིག་ཕྱག་གཉིས་མ།། སྒྱུ་རྩལ་གུར་གུམ་བཟང་པོའི་མདོག། བདུད་རྩིའི་བུམ་བཅས་ཕྲེང་བས་མཛེས། ། སྣ་ཚོགས་དར་གྱི་ན་བཟས་བཀླུབས།། གཉིས་མེད་འཁྲིལ་བའི་བྱིན་རླབས་ཀྱིས།། རིགས་ཀྱི་དཀྱིལ་འཁོར་འཕྲོ་བར་མཛད།། རྡོ་རྗེ་སེམས་དཔའ་ཆགས་བཅས་བདག། བདེ་གཤེགས་ཐུགས་ཀྱི་རྣམ་འཕྲུལ་ཞིང། ། རང་གི་དཀྱིལ་འཁོར་གནས་བཞུགས་པ།། ཐབས་དང་ཤེས་རབ་མཉམ་པར་སྦྱོར།། དེ་བཞིན་ཕྱོགས་རྣམས་ཀུན་ཏུ་ཡང།། རང་རིགས་བྱིན་རླབས་སྔགས་ཀྱི་མཐུས།། དེ་བཞིན་གཤེགས་པ་རྣམ་སྣང་མཛད། ། འོད་ཟེར་དཔག་མེད་དོན་ཡོད་གྲུབ།། མཐིང་ག་དཀར་པོ་དམར་དང་ལྗང།། རྡོ་རྗེ་རྩེ་ལྔ་འཁོར་ལོ་དང།། པདྨ་རྒྱ་གྲམ་དྲིལ་བུས་མཚན།། རིགས་སྐུ་མངོན་པར་སྣང་བྱེད་ཅིང།། འོད་མདངས་རྒྱན་གྱི་ཕྲེང་བས་མཛེས། ། ལྷ་མོ་རྡོ་རྗེ་དབང་ཕྱུག་མ།། བདེ་གཤེགས་དབང་ཕྱུག་ཆོས་དབང་ཕྱུག། སྣ་ཚོགས་དབང་ཕྱུག་གཙོ་བཞི་དང།། ཆགས་པའི་རྒྱན་བཅས་མཉེས་འཛིན་ཅིང།། རིན་ཆེན་བུམ་བཅས་ཕྲེང་བ་འཛིན། ། མཉམ་པའི་རོལ་སྟབས་འཁྲིལ་པས་གནས།། རིགས་ཀྱི་བདེ་གཤེགས་ཆེ་རྣམས་ཀྱི།། ཞལ་གསུམ་གཡས་གཡོན་དཀར་དང་དམར།། མཐིང་ག་ལྗང་སེར་ཁྱད་པར་ཅན།། ཐ་མའི་ཕྱག་བཞི་བདུད་རྩིའི་སྣོད། ། རང་གི་གསང་སྔགས་ཕྱག་མཚན་ཀྱང།། འཕྲོ་འདུ་སེམས་དཔའ་ཆེན་པོའི་ཚོགས།། བྱམས་པ་སྟོབས་ལྡན་དགའ་བའི་དཔལ།། མྱ་ངན་མུན་སེལ་བློ་གྲོས་མཆོག། མཁས་མཛད་བརྟན་པའི་དབང་ཕྱུག་དང། ། ཆོས་ཀུན་སྐྱོང་བའི་དྲི་མེད་དཔལ།། བཟང་པོའི་རྒྱན་ཅན་ལས་སྟོབས་རྫོགས།། མི་གཡོ་ཕྱག་རྒྱའི་གཙུག་ཕུད་ཅན།། ཆོས་ཀྱི་སྙིང་པོ་གཞན་བརྩེ་བ།། དྲི་མེད་གྲགས་པ་རིན་ཆེན་ཏོག། ཞལ་གཅིག་ཕྱག་གཉིས་མཛེས་པའི་མདངས། ། རིན་ཆེན་རྒྱན་ཚོགས་ན་བཟས་མཛེས།། རང་གི་དཀྱིལ་འཁོར་གནས་རྣམས་སུ།། རིགས་ཀྱི་མཚན་མས་བརྒྱན་ཏེ་གནས།། ཤར་ན་དཀར་གསལ་རྡོ་རྗེ་ཆེ།། ལྷོ་ཕྱོགས་གསེར་གྱི་འཁོར་ལོ་ཉིད། ། ནུབ་ཏུ་དམར་སེར་པད་མ་རྒྱས།། བྱང་ན་ལྗང་སེར་རྒྱ་གྲམ་བརྩེགས།། རིགས་ཀྱི་མཚན་མ་ཀུན་སྤྱོད་ཅིང།། མཁས་མཆོག་འགྲོ་བའི་དོན་མཛད་པས།། རང་འོད་ཡུམ་དང་འཁྲིལ་སྦྱོར་ཅིང།། སྤྲུལ་པས་འགྲོ་བའི་དོན་བརྩོན་པའི། ། ཕྱི་ཡི་དཀྱིལ་འཁོར་དེ་རྣམས་སུ།། རིགས་ཀྱི་མཆོད་པའི་ལྷ་མོ་དག། རང་གི་ཕྱག་རྒྱའི་ཚོགས་རྣམས་དང། ཀུན་ཏུ་འཁྲིགས་པའི་རྣམ་པར་གནས།། སྡུལ་བྱེད་འབྲེལ་དང་སྔགས་དག་དང། ། ཡོ་བྱད་རྣམ་པར་འཕྲུལ་བྱ་བས།། རིགས་ཀྱི་དཀྱིལ་འཁོར་མཆོད་མཛད་ཅིང།། བཀོད་པ་ཀུན་ནས་རྒྱ་ཆེན་སྤྲོ།། སྒེག་མོ་ཕྲེང་བ་དབྱངས་དང་གར།། དཀར་མཐིང་དམར་དང་ལྗང་གུའི་མདོག། མེ་ལོང་ཕྲེང་བ་པི་ཝང་དང། ། གར་གྱིས་ཕྱོགས་བཅུར་མཉེས་མཛད་མ།། བདུག་སྤོས་མེ་ཏོག་མར་མེ་དྲི།། སྔོ་སེར་དམར་དང་ལྗང་གུའི་མདོག། རང་གི་མཚན་མཐུན་ཕྱག་རྒྱར་རོལ།། ཕྱོགས་རྣམས་ཀུན་ཏུ་སྤྲོ་བྱེད་པའོ། ། སྒོར་གནས་ཁྲོ་བོའི་རྒྱལ་པོ་དག། འཇིགས་པའི་ཚུལ་གྱིས་ཡུམ་དང་བཅས།། དཀར་སེར་དམར་དང་ལྗང་གུའི་མདོག། ཞལ་གཞན་དེ་ལས་རྣམ་འགྱུར་ཞིང།། ཕྱག་དྲུག་ཐོ་བ་དབྱུག་པ་དང།། པདྨ་རལ་གྲི་རྡོ་རྗེ་ཆེ། ། འཁོར་ལོ་དང་བཅས་རྣམ་པར་བསྒྱུར།། སྤྱན་གསུམ་ཁྲོ་གཉེར་འཇིགས་པའི་ཞལ།། ཕྱོགས་བཞི་འབྱུང་པོའི་གདན་སྟེང་དུ།། དུར་ཁྲོད་རྒྱན་གྱིས་རྣམ་པར་བརྗིད།། ཡུམ་བཞི་ལྕགས་ཀྱུ་ཞགས་པ་དང། ། ལྕགས་སྒྲོ་དྲིལ་བཅས་ཡབ་ལ་འཁྱུད།། དེ་དག་རང་གི་བདག་པོ་ཡིས།། དབང་བསྐུར་བྱིན་རླབས་རྫོགས་བཅས་པས།། སྤྲུལ་པའི་དཀྱིལ་འཁོར་གནས་རྒྱས་ཤིང།། དག་པའི་སངས་རྒྱས་ཞིང་དུ་སྦྱོར།། ཡོན་ཏན་གྱི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ཚུལ་སྟེ་དང་པོའོ། །།། གཞན་ཡང་རྣམ་པར་བཀོད་པ་ཡི།། ཞིང་ཁམས་གནས་གཞན་སྦྱང་བའི་ཕྱིར།། རབ་འབར་གསལ་བའི་ངོ་བོ་ཉིད།། དཀྱིལ་འཁོར་གསང་བའི་གནས་འཇུག་པས། ། ཀུན་ཏུ་སྐུ་དང་གསུང་ཉིད་དང།། ཐུགས་མཆོག་ཡོན་ཏན་ཕྲིན་ལས་ཀྱི།། བྱིན་རླབས་བསྟན་པ་ཀུན་སྤྱོད་པ།། ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད།། གསང་བའི་དོན་གྱི་རྣམ་འཕྲུལ་ཞིང། ། ཕྱོགས་རྣམས་ཀུན་ཏུ་སྟོན་བྱེད་པ།། ཡང་དག་ཆོས་སྐུ་ཆེན་པོ་ལ།། ཐུགས་རྗེའི་ཤུགས་ཀྱིས་སྣང་མཛད་པ།། དེ་དག་ཁམས་གསུམ་ཇི་ལྟ་བར།། རབ་ཏུ་སྤྲུལ་པའི་དཀྱིལ་འཁོར་ཉིད།། ཡེ་ཤེས་དབྱིངས་ལས་སྣང་བ་ཡི། ། ཁང་པ་གྲུ་བཞི་སྒོ་བཞི་མཛེས།། སངས་རྒྱས་ཐེག་པ་ཀུན་འདུས་པའི།། རིན་ཆེན་ཏ་ལའི་ཕྲེང་བས་བརྒྱན།། པདྨ་རྡོ་རྗེ་སྣ་ཚོགས་དང།། འདོད་པའི་ཡོན་ཏན་ལྷ་མོའི་ཚོགས།། རྟ་བབས་བཞི་བཅས་རིན་ཆེན་ཏོག། འཁོར་ལོས་མཚན་པའི་ཀ་བ་དང།། གདུང་མ་ཤར་བུའི་རྒྱན་གྱིས་མཛེས།། དབུས་ཀྱི་རེ་ཆེའི་གནས་ཉིད་ལ།། འཁོར་ལོའི་ཕྲེང་བས་མཛེས་བྱས་པས།། གྲུ་ཆད་བར་ཁྱམས་རྣམས་ཀྱིས་བརྒྱན།། རིན་ཆེན་སྣ་ལྔའི་ས་གཞི་ལ། ། ཇི་བཞིན་རིན་ཆེན་ཁྲི་གདན་དང།། མི་འཇིགས་སེང་གེ་ལ་སོགས་གནས།། ཉི་ཟླ་པདྨས་མཛེས་བྱས་ཤིང།། ཆུན་འཕྱང་དར་ལ་སོགས་པས་བཀླུབས།། དེ་ནས་རིགས་ཀྱི་བདག་པོ་ཉིད། ། རང་གི་དཀྱིལ་འཁོར་རྣམ་འཕྲུལ་ཞིང།། རིགས་རྣམས་མཉམ་པ་ཆེན་པོའི་ཆོས།། ཐམས་ཅད་ཆོས་ཀུན་སྦྱོར་མཛད་པའོ།། འགྲོ་རྣམས་རིགས་ཀྱི་དཀྱིལ་འཁོར་ཉིད།། གཏི་མུག་ཉིད་ཀྱིས་འཁོར་བ་ཡིས། ། བག་ཆགས་གནས་ཚོགས་ཉོན་མོངས་རྣམས།། རྒྱུ་འབྲས་ཐབས་རྣམས་སེལ་བྱེད་ཅིང།། འགྲོ་བ་མཐའ་དག་དེ་གནས་ཉིད།། ཡང་དག་ཆོས་དབྱིངས་ཡེ་ཤེས་ཆེ།། རྟག་ཏུ་རང་གི་གནས་སྤྱོད་པ།། ཐབས་ལྡན་རྣལ་འབྱོར་ཀུན་གྱི་ཡུལ། ། དེ་དག་རྒྱུ་འབྲས་སེལ་བར་མཛད།། ཕོ་བྲང་རིན་ཆེན་ཀུན་གྱིས་མཛེས། ཡོན་ཏན་གནས་ཀྱི་དབུས་བཞུགས་པ།། རང་སྔགས་ཕྱག་རྒྱས་བསྐྱེད་བྱས་ཏེ།། ཞལ་གསུམ་དཀར་སྔོ་དམར་བའི་མདངས། ། གཙོ་བོ་རྣམ་པར་སྣང་མཛད་མཆོག། ཕྱག་དྲུག་ནོར་བུ་རིན་ཆེན་བུམ།། འཁོར་ལོ་རལ་གྲི་འབར་བ་ཅན།། རྡོ་རྗེ་དྲིལ་བུས་མཚན་བྱས་པ།། རང་འོད་ཤེས་རབ་རིགས་ཀྱི་ཡུམ།། བདེ་གཤེགས་སེམས་མ་དཀར་དམར་མདངས། ། གཡས་པས་པདྨ་གཡོན་ཕྲེང་བ།། ཐབས་དང་ཤེས་རབ་མཉམ་སྦྱར་ནས།། འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་ཀྱིས།། ཡོན་ཏན་ཚོགས་འཇོམས་མངའ་བརྙེས་ཤིང། ། ཕྱོགས་རྣམས་ཐུགས་རྗེ་ཆེན་པོའི་དངོས།། ཀུན་ཏུ་ཡེ་ཤེས་འཕྲོ་མཛད་པ།། དེ་ལྟར་ཉོན་མོངས་ཁྱད་པར་དང།། ཐུན་མོང་རྟོག་ཚོགས་འདུལ་མཛད་ཅིང།། རང་གི་དཀྱིལ་འཁོར་གནས་བཞུགས་ཤིང།། རང་གི་ཡོན་ཏན་ཕྲིན་ལས་སྤྱོད། ། ཕྱོགས་བཅུར་རྣམ་སྤྲོས་དོན་བྱས་ནས།། རིགས་བདག་སྐུ་དང་གཉིས་མེད་སྦྱོར།། རིགས་ཀྱི་དཀྱིལ་འཁོར་གཞན་དག་ཀྱང།། རང་གི་ཕྱག་རྒྱ་གསང་སྔགས་མཐུས།། ཕྱོགས་རྣམས་ཀུན་ཏུ་སྤྲོས་བྱས་ཏེ། ། རང་གི་གདན་ལ་རྫོགས་པར་གནས།། མཐིང་གི་མདངས་ལྡན་མི་བསྐྱོད་སྐུ།། དཀར་དང་དམར་བའི་ཞལ་གཉིས་མཛེས།། རྡོ་རྗེ་འཁོར་ལོ་རིན་ཆེན་བུམ།། པད་སྡོང་རིན་ཆེན་ཕྲེང་བ་འཛིན། ། རིན་ཆེན་འབྱུང་ལྡན་གསེར་གྱི་མདོག། དཀར་ཞིང་དམར་ཞལ་ཕྱག་རྣམས་ན།། རིན་ཆེན་ཉི་ཟླའི་དཀྱིལ་འཁོར་དང།། པདྨ་ཨུཏྤལ་འཕྲེང་བ་འཛིན།། ཀུན་ཏུ་མཐའ་ཡས་གུར་གུམ་མདོག། མཐིང་ག་དཀར་ཞལ་ཕྱག་རྣམས་ན། ། པད་སྡོང་འཁོར་ལོ་རིན་ཆེན་མཛེས།། བདུད་རྩི་བསིལ་གཡབ་འཕྲེང་བ་འཛིན།། དོན་གྲུབ་མར་ཀ་ཏ་ཡི་མདངས།། སེར་དམར་ཞལ་གཉིས་ཕྱག་དག་གིས།། སྣ་ཚོགས་འཁོར་ལོ་རྡོ་རྗེ་བུམ། ། རིན་ཆེན་པདྨ་འཕྲེང་བ་འཛིན།། ཞི་བའི་རྒྱན་རྣམས་ཀུན་གྱིས་མཛེས།། དབུ་རྒྱན་རིན་ཆེན་ན་བཟས་བཀླུབས།། ཐར་པ་ཆེན་པོའི་གྲོང་ཁྱེར་སྐྱོང།། རང་གི་ཕྲིན་ལས་རྣམ་སྤྱོད་པ།། སེམས་མ་རྡོ་རྗེ་རིན་ཆེན་མ། ། རྡོ་རྗེ་ཆོས་མ་ལས་དང་འཁྲིལ།། དེ་དག་དཀར་སེར་དམར་ལྗང་མདོག། རྡོ་རྗེ་རིན་ཆེན་པདྨ་དང།། སྣ་ཚོགས་མཚན་མས་ཡབ་ལ་འཁྱུད།། འོད་བཅས་རྒྱལ་བས་དབང་བསྐུར་བའོ།། རིགས་ཀྱི་དཀྱིལ་འཁོར་རྣམ་འཕྲུལ་ཚོགས། ། བདེ་གཤེགས་རྡོ་རྗེ་རིན་ཆེན་ཉིད།། པདྨ་སྣ་ཚོགས་རྡོ་རྗེ་ཆེ།། འོད་ཟེར་རྣམ་ལྔའི་དཀྱིལ་འཁོར་འཕྲུལ།། དེ་བཞིན་རིགས་ཀྱི་སེམས་དཔའི་མཆོག། རང་སྔགས་ཕྱག་རྒྱས་རྣམ་བསྐྱེད་ཅིང། ། རང་གི་དཀྱིལ་འཁོར་གནས་ཀུན་ཏུ།། སྤྲུལ་པའི་རིགས་བཅས་ཚོགས་ཀྱི་གནས།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། དེ་བཞིན་ཆགས་དང་ལེགས་པ་གཉིས།། མཐིང་ག་ཞལ་གཅིག་ཕྱག་གཉིས་པ།། རྡོ་རྗེ་དྲིལ་བུས་མཚན་བྱས་པའོ། ། རྡོ་རྗེ་རིན་ཆེན་ཉི་མ་དང།། དེ་བཞིན་རྒྱལ་མཚན་བཞད་པ་དག། གསེར་མདོག་ཞལ་གཅིག་ཕྱག་གཉིས་པ།། རིན་ཆེན་མཚན་བཅས་དྲིལ་བུ་འཛིན།། ཆོས་དང་རྣོན་པོ་འཁོར་ལོ་དང། ། རྡོ་རྗེ་སྨྲ་བ་ཞེས་བྱ་དག། པདྨ་རཱ་གའི་མདངས་ལྡན་ཞིང།། པདྨའི་རྡོ་རྗེ་དྲིལ་བུས་མཚན།། རྡོ་རྗེ་ཕྲིན་ལས་གནོད་སྦྱིན་དང།། རྡོ་རྗེ་སྲུང་བ་ཁུ་ཚུར་དག། ཨིནྡྲ་ནཱི་ལའི་མདངས་ལྡན་པ།། སྣ་ཚོགས་རྡོ་རྗེ་དྲིལ་བུས་མཚན། ། རང་འོད་ཡུམ་དང་མཉམ་སྦྱོར་ཞིང།། རང་གི་ཕྲིན་ལས་རྣམ་པར་སྤྱོད།། རིགས་པའི་དཀྱིལ་འཁོར་མངོན་རྫོགས་པའི།། ཕྱག་རྒྱའི་དཀྱིལ་འཁོར་ཇི་བཞིན་ཉིད།། རང་གི་དཀྱིལ་འཁོར་གནས་བཞུགས་ཏེ། ། དགའ་བདེའི་ལོངས་སྤྱོད་རྣམ་པར་རོལ།། ཕྱོགས་རྣམས་སྤྲུལ་པ་མཐའ་ཡས་པའི།། མཆོད་པ་ཆེ་ལ་ལོངས་སྤྱོད་ཅིང།། མི་འཇིགས་བསྙེམས་པའི་སྒྱུ་རྩལ་ཅན།། དེ་དག་གནས་ཀུན་སྦྱོར་མཛད་པའོ། ། ཡེ་ཤེས་ཆེ་གནས་སྣང་བྱེད་ཅིང།། རིགས་ཀྱི་དཀྱིལ་འཁོར་ཀུན་སྣང་བར།། ལས་ཀུན་སྣང་བ་སྟོན་མཛད་པ།། ཕྱག་རྒྱའི་དཀྱིལ་འཁོར་ཇི་བཞིན་པའོ།། ཁྱད་པར་བདེ་གཤེགས་རིགས་ཀྱི་ཚོགས།། དབུས་ཀྱི་དཀྱིལ་འཁོར་ལ་ཕྱོགས་པ། ། སྒྲོན་མ་ཡེ་ཤེས་ཆོས་སྟོན་རྒྱས།། གཉིས་མེད་བྱང་ཆུབ་མཁའ་སྤྱོད་པ།། ཐམས་ཅད་དོན་ཀུན་རིགས་ཀྱིས་བརྒྱན།། དེ་དག་ཕྲིན་ལས་ཀུན་སྤྱོད་མཛད།། བདེ་གཤེགས་སྣང་གསལ་ཀུན་སྡུད་དང། ། རབ་ཆགས་དགའ་བའི་དབང་ཕྱུག་མོ།། རིགས་ཀྱི་བདེ་གཤེགས་བསྐྱེད་མཛད་ཡུམ།། ཕྱག་རྒྱའི་ཆ་ལུགས་ཀུན་གསལ་བ།། འཁོར་ལོ་རྒྱལ་མཚན་རྡོ་རྗེ་དང།། རིན་ཆེན་པདྨ་བདུད་རྩིའི་རྫས།། དཀར་མཐིང་དམར་ཞིང་ལྗང་བའི་མདོག། རང་གི་དཀྱིལ་འཁོར་གནས་ལ་བཞུགས།། ཕྱི་རོལ་ཕྱག་རྒྱ་རོལ་པའི་ཚོགས།། མཆོད་པ་མཐའ་ཡས་རྣམ་བཀོད་པའི།། སྒེག་མོ་ཕྲེང་དང་དབྱངས་གར་བཅས།། བདུག་པ་མེ་ཏོག་མར་མེ་དྲི། ། དཀར་སེར་དམར་དང་ལྗང་གུའི་མདོག། མཐིང་ག་སེར་སྐྱ་དམར་ཞིང་ལྗང།། རང་གི་ལག་ཆ་ཀུན་འཛིན་པའི།། ཚོགས་རྣམས་དཀྱིལ་འཁོར་ལ་གནས་པའོ།། སྒོ་བཞིར་ཁྲོ་བོའི་རྒྱལ་པོ་ཀུན། ། ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས།། གཤིན་རྗེ་འཇོམས་མཛད་སྟོབས་པོ་ཆེ།། རྟ་མགྲིན་བདུད་རྩི་འཁྱིལ་པ་དག། དཀར་དམར་མཐིང་ག་གཡས་གཡོན་ཞལ།། ཕྱོགས་ཀྱི་སྣང་བ་ཇི་བཞིན་འབར། ། རྡོ་རྗེ་རིན་ཆེན་པདྨ་ལ།། རྒྱ་གྲམ་བདུད་རྩིའི་སྣོད་ཐོགས་ཤིང།། ལྕགས་ཀྱུ་ལ་སོགས་ཡུམ་བཅས་རྒྱས།། རང་གི་གདུལ་བྱ་མནན་པར་མཛད།། རྒྱལ་བ་ཀུན་གྱིས་དབང་བསྐུར་ཞིང།། ཕྱག་རྒྱའི་ཆ་ལུགས་རྫོགས་པ་ལས། ། རིགས་ཀྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས།། རང་གི་ཞིང་ཁམས་རྒྱ་ཆེར་སྦྱོར།། སྐུའི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ཚུལ་ཏེ་གཉིས་པའོ།།།། དེ་ནས་རིགས་ཀྱི་བདག་པོ་ཉིད།། སངས་རྒྱས་དཀྱིལ་འཁོར་ཀུན་བཀོད་པས། ། ཕྱག་རྒྱའི་ཆ་ལུགས་གསལ་བྱས་ནས།། བདེ་གཤེགས་གསུང་གི་བྱིན་རླབས་ཀྱིས།། འདོད་ཆགས་མཐའ་གནས་དག་མཛད་ཅིང།། ཞིང་ཁམས་ཀུན་ཏུ་རྣམ་སྤྱོད་པ། ། དེ་ལྟར་ལྷག་པའི་ཕྲིན་ལས་ཀྱིས།། མཐའ་དབུས་འོད་ཀྱིས་ཁྱབ་མཛད་ཅིང།། ཐབས་ཀྱི་དཀྱིལ་འཁོར་མངོན་པར་བསྒྲུབ།། ཡེ་ཤེས་རྒྱས་པས་ཀུན་ཁྱབ་བྱེད།། དེ་ནས་གཞལ་ཡས་ཁང་ཆེན་ཏེ།། གྲུ་བཞི་པ་ལ་སྒོ་བཞི་པ། ། ཏྭ་ར་ཎ་སོགས་ལོགས་བཞི་མཛེས།། པདྨ་རྡོ་རྗེའི་ཕྲེང་བ་ཅན།། འདོད་ཡོན་ལྷ་མོ་ཀུན་ཏུ་འཁྲུགས།། ཕྱག་རྒྱ་སྣ་ཚོགས་མཆོད་པས་མཛེས།། དབུས་ནི་རེའུ་ཆ་དགུ་པ་ལ།། པདྨའི་ཕྲེང་བས་བརྒྱན་བྱས་པའི། ། ཕྱི་རོལ་པདྨ་བཅུ་དྲུག་པའོ།། གྲུ་ཆད་བར་ཁྱམས་སྒོ་ཁྱུད་མཛེས།། རིན་ཆེན་འབར་བའི་ཁྲི་སྟེང་ལ།། ཉི་ཟླ་འཁོར་ལོ་པདྨའི་གདན།། གཙོ་བོ་བདེ་ཆེན་ཆགས་པའི་རྒྱལ།། པདྨའི་གནས་ཀུན་ལས་སྤྱོད་པ། ། ཞལ་བརྒྱད་ཕྱག་རྒྱ་བཅུ་དྲུག་སྟེ།། འོད་མདངས་དམར་པོའི་རྒྱན་གྱིས་མཛེས།། པདྨ་རྡོ་རྗེ་མདའ་གཞུ་དང།། རལ་གྲི་བུམ་པ་ཕྲེང་བ་གོས།། འོད་ཟེར་སྣ་ལྔའི་ཚོགས་དག་ལས།། རིགས་ཀྱི་དཀྱིལ་འཁོར་ཀུན་སྟོན་མཛད། ། རིན་ཆེན་སྣ་ཚོགས་རྒྱན་ཆས་དང།། དབུ་རྒྱན་དར་གྱི་ན་བཟས་བཀླུབས།། འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་ཀྱིས།། རང་གི་ལོངས་སྤྱོད་ཀུན་ནས་སྦྱོང།། ལྷ་མོ་པདྨ་བདེ་ཆེན་མ།། དཀར་དམར་ཆགས་པའི་མདངས་ལྡན་པས། ། པདྨ་བདུད་རྩིས་མཚོན་བྱས་ཤིང།། ཐབས་དང་ཤེས་རབ་སྦྱོར་བར་གནས།། རྡོ་རྗེ་རྣམ་འཕྲུལ་ལ་སོགས་པའི།། ཕྱོགས་བཞིའི་དཀྱིལ་འཁོར་གནས་བཞུགས་པ།། རྡོ་རྗེ་བདེ་བ་ཆེན་པོ་དང། ། རིན་ཆེན་པདྨ་ལས་རྣམས་ཀྱི།། བདེ་ཆེན་ཡུམ་དང་གཉིས་མེད་སྦྱར།། རང་གི་སྔགས་དང་ཕྱག་རྒྱ་ཡིས།། ཕྱོགས་བཅུར་སྤྲོ་དང་བསྡུ་མཛད་ཅིང།། དཀར་མཐིང་སེར་དང་ལྗང་གུའི་མདོག།། རྡོ་རྗེ་རིན་ཆེན་འཁོར་ལོ་དང། ། རྒྱ་གྲམ་དྲིལ་བུ་བདུད་རྩིའི་སྣོད།། བུམ་པ་རིན་ཆེན་ཕྲེང་བ་དང།། བཟང་པོའི་གནས་སུ་བརྒྱན་བྱས་ལ།། ཞལ་གསུམ་གཡས་གཡོན་རྣམ་པར་བསྒྱུར།། ཆགས་པའི་རྒྱན་ཆ་ཀུན་གྱིས་བརྗིད།། རང་གི་དཀྱིལ་འཁོར་གནས་རྣམས་སུ། ། རིགས་ཀྱི་ཕྱག་རྒྱའི་ཚུལ་དུ་བཞུགས།། ཕྱི་རོལ་པདྨའི་གདན་དག་ཏུ།། བདེ་བའི་ལྷ་མོ་བཅུ་དྲུག་ཉིད།། བཀྲ་ཤིས་ལྷ་མོ་དཔལ་ལྡན་འཕྲེང།། རྒྱལ་མ་རྣམ་པར་རྒྱལ་མ་དང། ། པདྨའི་ཕྲེང་བ་ནོར་བདག་མོ།། དབྱངས་ཅན་ལྷ་མོའི་རིགས་ཀུན་མིང།། དོན་ཡོད་ནོར་བུ་དཔལ་ཆེན་མ།། པདྨའི་དབྱངས་སྒྲོགས་རིན་ཆེན་འཆང།། འོད་ཟེར་ཆེན་མོ་ནོར་གྱི་རྒྱུན།། ཀུན་ཏུ་སྣང་བའི་བསིལ་བ་མ། ། ཞལ་གཅིག་ཕྱག་གཉིས་བརྗིད་པའི་མདངས།། འོད་ཟེར་ཆ་ལུགས་ཀུན་གྱིས་མཛེས།། དཀར་མཐིང་སེར་དང་ལྗང་གུའི་མདོག། རྡོ་རྗེ་རིན་ཆེན་འཁོར་ལོ་ཆེ།། རྒྱ་གྲམ་བདུད་རྩིའི་བུམ་པ་ཅན།། རང་བྱུང་རིག་པ་དང་བཅས་པའོ། ། ཕྱི་ནས་མཆོད་པའི་ལྷ་མོ་ཀུན།། གནས་རྣམས་ཀུན་ན་རྣམ་པར་འཁོད།། སྒེག་མོ་ཕྲེང་དང་དབྱངས་མཁན་གར།། བདུག་སྤོས་མེ་ཏོག་མར་མེ་དྲི།། རང་གི་རིགས་བཅས་རྒྱན་ཀུན་དང། ། ཁ་དོག་མཚན་མར་རྣམ་པར་གནས།། སྒོ་བཞིར་ཁྲོ་བོ་རྣམ་བརྗིད་པ།། འཇིགས་པའི་མཚོན་ཆ་འཕྲེང་བས་འཁྲིགས།། རང་གི་ཡུམ་བཅས་སྐུར་སྦྱོར་ཞིང།། ལྕགས་ཀྱུ་ཞགས་བཅས་ཚོགས་སྤྲོ་མཛད། ། དེ་དག་དཀྱིལ་འཁོར་ཇི་བཞིན་པར།། ཕྱག་རྒྱའི་ཚོགས་རྣམས་སྣ་ཚོགས་འཕྲུལ།། ཞིང་ཁམས་ཆེན་པོ་སྦྱོང་མཛད་ཅིང།། རིགས་ཀྱི་དཀྱིལ་འཁོར་མངོན་པར་བསྒྲུབ།། གསུང་གི་དཀྱིལ་འཁོར་རྣམ་པར་འཕྲུལ་བའི་ཚུལ་ཏེ་གསུམ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོའི་མཆོག། རིགས་ཀྱི་དཀྱིལ་འཁོར་གཞན་སྣང་བས།། རིགས་ཀྱི་དཀྱིལ་འཁོར་ཀུན་སྦྱོང་ཞིང།། ཐབས་དང་ཤེས་རབ་རྣམ་པར་སྤྱོད།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ། ཕྱག་རྒྱ་ཆེ་མཆོག་སྟོན་པ་ཡི།། འོད་ཟེར་སྣང་བ་མཐའ་ཡས་སྒོ།། རབ་ཏུ་སྟོན་པས་རྫོགས་བྱེད་ཅིང།། དེ་གནས་འགྲོ་ཀུན་དག་པར་མཛད།། ཡང་དག་ཆོས་སྐུ་ཆེན་པོ་ལས།། ཐུགས་རྗེའི་ཤུགས་ཀྱིས་སྣང་མཛད་པ། ། དེ་དག་ཁམས་གསུམ་ཇི་ལྟ་བར།། རབ་ཏུ་སྤྲུལ་པའི་དཀྱིལ་འཁོར་ཉིད།། ཞེ་སྡང་ཉིད་ཀྱིས་འཁོར་བ་ཡི།། བག་ཆགས་སྣ་ཚོགས་ཉོན་མོངས་རྣམས།། རྒྱུ་འབྲས་མཐའ་རྣམས་སེལ་བྱེད་པའི། ། དོན་མཐུན་སྟོན་པའི་དཀྱིལ་འཁོར་ཚོགས།། རང་གི་གསང་སྔགས་ཀུན་སྤྲོས་ཏེ།། བརྟན་དང་གཡོ་བ་མ་ལུས་ཀུན།། དཀྱིལ་འཁོར་རིགས་བཅས་གཞལ་ཡས་ཁང།། ཁང་པ་གྲུ་བཞི་རྟ་བབས་རྒྱན། ། རིན་ཆེན་དྲ་བ་འཕྲེང་སོགས་ཀྱིས།། ཕྱོགས་མཚམས་ཀུན་ཏུ་རྣམ་སྤྲོ་ཞིང།། ཉི་ཟླ་ཕྲེང་བ་རྡོ་རྗེ་དང།། ནོར་བུ་པདྨ་སྣ་ཚོགས་ཀྱིས།། ཕྲེང་བ་ཀུན་གྱིས་ཡང་དག་བརྒྱན།། དེ་དབུས་རེ་ཆའི་སྟེང་རྣམས་སུ།། རྡོ་རྗེས་མཚན་པའི་ཀ་བ་དང། ། རིན་ཆེན་ཁྲི་སྟེང་མི་འཇིགས་སོགས།། ཉི་ཟླ་པདྨ་འཁོར་ལོས་བརྒྱན།། ཐབས་དང་ཤེས་རབ་གཉིས་མེད་པའི།། གསང་ཡུམ་དམ་ཚིག་ཉིད་ཀྱི་མཐུས།། དབུས་ཀྱི་དཀྱིལ་འཁོར་ལ་གནས་པ། ། གཙོ་བོ་རྡོ་རྗེ་སེམས་དཔའི་སྐུ།། དཀར་གསལ་ཞལ་གསུམ་ཕྱག་དྲུག་བརྗིད།། སྔོ་དང་དམར་གྱི་མདངས་བཅས་པ།། རྡོ་རྗེ་འཁོར་ལོ་ནོར་བུ་དང།། པད་མ་རལ་གྲི་མཛེས་པའི་ཕྱག། ཁ་དོག་ལྔ་ཡི་འོད་གསལ་བས། ། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་སྒྲོལ།། ཕྱོགས་རྣམས་ཀུན་ཏུ་སྤྲོས་བྱས་ཏེ།། གསང་སྔགས་རྫོགས་པའི་གཉིས་མེད་འགྱུར།། ཕྱོགས་རྣམས་ཀུན་ནས་དབང་བསྐུར་ཅིང།། རིགས་ཀྱི་བདག་པོས་ཉེ་བར་མཛེས། ། ཐབས་དང་ཤེས་རབ་རོལ་པའི་མཐུས།། རིགས་ཀྱི་བདེ་གཤེགས་ཐམས་ཅད་ཀུན།། སྔགས་དང་ཕྱག་རྒྱ་རྫོགས་བྱས་ཏེ།། ཕྱོགས་རྣམས་རང་གི་གནས་སུ་སྦྱོར།། ཤར་གྱི་རྣམ་སྣང་གསེར་གྱི་མདོག། ཞི་ལ་ཞལ་གསུམ་སྔོ་དང་དཀར།། ཕྱག་དྲུག་འཁོར་ལོ་སོགས་འཛིན་པ།། སངས་རྒྱས་སྤྱན་དང་འཁྲིལ་བའོ།། ལྷོ་ན་རིན་ཆེན་ཀུན་འབྱུང་རྒྱལ།། བཻཌཱུརྱ་མདོག་ཞལ་གསུམ་པ།། དཀར་དམར་རིན་ཆེན་སྣ་ཚོགས་བརྒྱན། ། ཕྱག་དྲུག་རིན་ཆེན་ལ་སོགས་ཀྱིས།། མཚན་མ་ཡུམ་བཅས་རྒྱལ་པོའི་ཚུལ།། ཡོན་ཏན་གནས་ཀུན་རྒྱས་མཛད་པའོ།། ནུབ་ཏུ་མཐའ་ཡས་དམར་གསལ་མདོག། ཞལ་གསུམ་སྔོ་དང་དཀར་བའི་བཞིན། ། པདྨའི་རྒྱན་ཆས་རྣམ་དག་མཁའ།། ཆོས་རྣམས་ཐམས་ཅད་རྫོགས་པར་བྱེད།། ཕྱག་དྲུག་པདྨ་ལ་སོགས་པའི།། མཚན་བཅས་རང་གནས་ཡུམ་དང་འཁྲིལ།། བྱང་དུ་དོན་ཡོད་ལྗང་གུའི་མདོག། ཞལ་གསུམ་དཀར་དང་དམར་བའི་ཞལ།། ཀུན་ཏུ་ཕྲིན་ལས་རྣམ་སྤྱོད་པ།། རང་གི་དཀྱིལ་འཁོར་གསལ་བར་མཛད།། ཕྱག་དྲུག་རྒྱ་གྲམ་ལ་སོགས་པའི།། རྒྱན་བཅས་ཡུམ་དང་མཉམ་པར་སྤྱོར།། རིགས་ཀྱི་བྱང་ཆུབ་སེམས་དཔའ་དག། ཕྱོགས་མཚམས་ཕྱི་རོལ་དཀྱིལ་འཁོར་ལ།། རིགས་ཀྱི་དཀྱིལ་འཁོར་མངོན་རྒྱས་པས།། གནས་ཀུན་སྤྱོད་པས་ཡོངས་སུ་བརྒྱན།། ས་སྙིང་ནམ་མཁའི་སྙིང་པོ་དང།། ཀུན་ཏུ་གཟིགས་པ་གསང་བའི་བདག། བྱམས་པ་སྒྲིབ་སེལ་ཀུན་ཏུ་བཟང།། འཇམ་དཔལ་ཆོས་ཀྱི་སེམས་དཔའ་ཆེ།། ཞལ་གཅིག་ཕྱག་གཉིས་རྒྱན་དང་བཅས།། ཡུམ་བཅས་རང་གི་གནས་སྤྱོད་ཅིང།། ཕྱག་རྒྱའི་ཚུལ་ཀུན་ཉེ་བར་མཛེས། ། དཀར་སེར་དམར་དང་ལྗང་གུའི་མདོག། དཀར་སྔོ་སེར་དང་དམར་བ་ཉིད།། འཁོར་ལོ་རིན་ཆེན་པདྨ་དང།། རྡོ་རྗེ་བུམ་པ་ཟླ་དཀྱིལ་འཁོར།། ཉེ་བའི་རིན་ཆེན་རྫས་ལྡན་པ།། བདུད་རྩི་བདུད་སོགས་རྣམ་པར་རྒྱལ། ། རིན་ཆེན་སྙེམས་མ་བཀྲ་ཤིས་རྫས།། རིགས་ཀྱི་ཕྱག་རྒྱས་དབང་བསྐུར་ཅིང།། རིགས་ཀྱི་བདག་པོས་དབུ་རྒྱན་མཛད།། ཡེ་ཤེས་བདུད་རྩིའི་བཅུད་རྒྱས་པའི།། ཕྱོགས་མཚམས་དཀྱིལ་འཁོར་ཀུན་སྤྱོད་པའོ། ། ཕྱི་ནང་མཆོད་པའི་ལྷ་མོ་རྣམས།། རང་གི་གསང་སྔགས་ཀྱིས་བསྐྱེད་ཅིང།། སྒེག་མོ་ཕྲེང་བ་གར་དང་དབྱངས།། བདུག་སྤོས་མེ་ཏོག་མར་མེ་དྲི།། ཁ་དོག་མཚན་མ་རིགས་རྣམས་ཀྱིས།། མཚན་མཐུན་ཕྱོགས་བཞིར་གནས་པ་དག། ཀུན་ཏུ་མཆོད་པ་རྣམ་སྤྲོ་མཛད།། དེ་དག་རང་གི་དཀྱིལ་འཁོར་སྦྱོར།། སྒོ་བཞིར་སྒོ་ངའི་རྒྱལ་པོ་རྣམས།། གཤིན་རྗེ་ལ་སོགས་གདན་ལ་གནས།། ཤར་དུ་གཤིན་རྗེ་འཇོམས་བྱེད་པའོ།། སྔོ་སྐྱ་ཞལ་གསུམ་དཀར་དང་དམར། ། རྡོ་རྗེ་རྩེ་གསུམ་ལྕགས་ཀྱུ་དང།། དབྱུག་པ་ཕྱག་གཉིས་ཡུམ་དང་སྦྱོར།། ལྷོ་ཕྱོགས་སྟོབས་ཆེན་རྒྱལ་པོ་ཉིད།། སེར་སྐྱ་ཞལ་གསུམ་དཀར་དང་དམར།། ཕྱག་དྲུག་རལ་གྲི་གཏུན་ཤིང་དང། ། ཞགས་པ་རིན་ཆེན་ཡུམ་དང་འཁྲིལ།། ནུབ་ཏུ་རྟ་མཆོག་རོལ་པ་ཉིད།། དམར་སྐྱ་ཞལ་གསུམ་སྔོ་དང་དཀར།། ཕྱག་དྲུག་པདྨ་རྡོ་རྗེ་དང།། ལྕགས་སྒྲོག་གྲི་གུག་ཡུམ་དང་འཁྲིལ།། བྱང་དུ་བདུད་རྩི་འཁྱིལ་པ་ཉིད། ། ཞལ་གསུམ་ལྗང་ནག་དཀར་དམར་མདངས།། ཕྱག་དྲུག་རྒྱ་གྲམ་རྩེ་གསུམ་དང།། དྲིལ་བུ་ཐོད་པ་དབྱུག་པའོ།། དེ་དག་ཁྲོ་རྟགས་འཛིན་པའི་ཚུལ།། རབ་འབར་འོད་ཟེར་ཆེན་པོས་བརྗིད། ། རང་གི་དཀྱིལ་འཁོར་ཇི་ལྟ་བུར།། རང་གི་གནས་ལ་ལོངས་སྤྱོད་མཛད།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། རིགས་ཀྱི་ལྷ་མོའི་ཚོགས་བཅས་ལས།། འདི་དག་དཀྱིལ་འཁོར་གནས་སྤྱོད་ཅིང།། རབ་འབར་ཁྲོ་བོ་བཞི་གནས་སྦྱོར། ། དེ་དག་དཀྱིལ་འཁོར་གྲངས་མེད་ཚོགས།། སྤྲུལ་བཅས་ཀུན་ཏུ་སྣང་བ་དག། གསང་སྔགས་ཕྱག་རྒྱའི་ཚོགས་སྦྱོར་བས།། ཞིང་ཁམས་རྒྱ་ཆེན་དག་པར་མཛད།། ཐུགས་ཀྱི་དཀྱིལ་འཁོར་འཕྲུལ་བའི་ཚུལ་ཏེ་བཞི་པའོ། །།། དེ་ནས་རིགས་རྣམས་བདག་ཉིད་གཙོ།། བཅོམ་ལྡན་བདེ་བ་ཆེན་པོ་ཉིད།། རང་གི་དཀྱིལ་འཁོར་གནས་སྤྱོད་ཅིང།། ཕྱོགས་རྣམས་ཀུན་ཏུ་སྤྲོ་བར་མཛད།། དུས་གསུམ་ཕྲག་དོག་ཆེན་པོའི་རྒྱུན། ། ལོག་པའི་སྟོབས་ཀྱིས་རྣམ་རྒྱས་པ།། ཀུན་ཏུ་ཕྲིན་ལས་རྣམ་སྤྱོད་པ།། ཀུན་ཏུ་གནས་ཚོགས་བསྒྲལ་བའི་ཕྱིར།། གསང་སྔགས་ཕྱག་རྒྱ་རྣམ་འཕྲུལ་ཞིང།། ཞིང་ཁམས་ཀུན་སྤྱོད་དག་པར་མཛད། ། ཡེ་ཤེས་འབར་བའི་གཞལ་ཡས་ཁང།། ཕྱོགས་བཅུ་རྒྱ་ཡོངས་མ་ཆད་པའི།། ར་བ་རྒྱན་བཅས་སྒོ་བཞི་མཛེས།། རྟ་བབས་ཕྱོགས་ཀྱིས་རྣམ་པར་ཕྱེ།། ཕྱོགས་བཅུར་ཕྱི་ནང་ཀུན་ཁྱབ་པའི།། འདོད་ཡོན་མཆོད་པས་ཀུན་ནས་འཁྲིགས། ། རིན་ཆེན་ཚོགས་སྤུངས་ཤར་བུ་དང།། དྲ་བ་དྲ་ཕྱེད་སྙན་པའི་སྒྲ།། བ་དན་རླུང་གིས་བསྐྱོན་པ་ལས།། གསུང་རབ་ཡན་ལག་ཀུན་སྒྲོགས་ཤིང།། ལེགས་པར་ཀུན་ནས་རྣམ་སྦགས་པས། ། ཉི་ཟླ་མེ་ལོང་རྒྱན་གྱིས་མཛེས།། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི།། ཕྲེང་བ་རྒྱན་བཅས་ཏོག་གིས་མཛེས།། རིན་ཆེན་སྣ་ལྔའི་ས་གཞི་ཉིད།། རེ་ཆ་དགུ་གནས་རྣམ་བྱེད་པ།། སྣ་ཚོགས་རྡོ་རྗེ་ཕོ་བྲང་ཉིད།། བཅུ་དྲུག་གྲུ་ཆད་བར་ཁྱམས་བཅས། ། རིན་ཆེན་ཁྲི་སྟེང་སེམས་ཅན་ཚོགས།། ཉི་ཟླ་རྡོ་རྗེ་རྒྱ་གྲམ་བརྩེགས།། གཙོ་བོ་རིགས་ཀྱི་བདག་པོ་ཉིད།། ཞལ་གསུམ་ལྗང་སེར་འབར་བའི་མདོག། ལྗང་དཀར་དམར་མདངས་ཞལ་གྱིས་མཛེས། ། ཕྱག་དྲུག་འཁོར་ལོ་འཁོར་བ་དང།། ཉི་ཟླ་བདུད་རྩི་ཕྲེང་བས་བརྒྱན།། རིན་ཆེན་སྣ་ཚོགས་རྒྱན་བཅས་པས།། འོད་ཟེར་སྣ་ཚོགས་ཕྲེང་བས་བརྗིད།། ཕྲིན་ལས་རྣམ་པར་སྤྲོས་པ་ཡི།། རིགས་ཀྱི་དཀྱིལ་འཁོར་ཀུན་སྟོན་མཛད། ། ཐམས་ཅད་མཐར་གནས་དག་པའི་མཐུས།། སྟོབས་ཆེན་སངས་རྒྱས་རྣམ་པར་འཕྲུལ།། ལས་ཀྱི་དབང་ཕྱུག་དཔལ་ཆེན་མོ།། དཀར་དམར་ཞལ་གཅིག་ཕྱག་གཉིས་ལྡན།། ནོར་བུ་རིན་ཆེན་བདུད་རྩིའི་སྣོད། ། སྣ་ཚོགས་རྒྱན་མཛེས་རྣམ་པར་འཁྲིལ།། ཐབས་དང་ཤེས་རབ་སྤྱོད་མཛད་ནས།། ཕྱག་རྒྱ་སྔགས་ཀྱི་བྱིན་རླབས་ཀྱིས།། ཐམས་ཅད་དཀྱིལ་འཁོར་གནས་བསྡུས་ཏེ།། རང་རིག་རྒྱལ་བའི་ལྷ་རྣམས་ཀུན། ། མཆོད་པའི་ཡན་ལག་རྫོགས་པར་བསྐྱེད།། མི་བསྐྱོད་རིན་ཆེན་འབྱུང་ལྡན་ཉིད།། མཐའ་ཡས་རྣམ་པར་སྣང་མཛད་ཉིད།། རང་གི་དཀྱིལ་འཁོར་གདན་བཞུགས་ཤིང།། མཐིང་སེར་དཀར་དམར་དཀར་པོ་ཉིད། ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པར།། དཀར་དམར་མཐིང་ག་སེར་པོ་བརྗིད།། རྡོ་རྗེ་རིན་ཆེན་པདྨ་དང།། འཁོར་ལོ་བུམ་པ་བདུད་རྩིའི་རྫས།། ཉི་ཟླ་རིན་ཆེན་ཕྲེང་བས་མཛེས།། སྣ་ཚོགས་རྒྱན་དང་གོས་ཀྱིས་བཀླུབས། ། བདེ་བ་དཔལ་ཆེན་ལྷ་མོ་རྣམས།། སྔོ་སེར་དམར་སྐྱ་ལྗང་གུའི་མདོག། རང་གི་དཀྱིལ་འཁོར་ཇི་བཞིན་པར།། འོད་མདངས་ཕྲེང་བས་གནས་སྤྱོད་ཅིང།། རིགས་ཀྱི་དཀྱིལ་འཁོར་གཙོ་མཉེས་མཛད། ། སྣ་ཚོགས་རྡོ་རྗེའི་གནས་རྣམས་ཀྱི།། ཕོ་བྲང་གདན་ལ་མངོན་ཕྱོགས་པར།། བདེ་བའི་མཁའ་འགྲོ་སེམས་དཔའ་ཆེ།། རང་གི་སྔགས་ཀྱི་རྣམ་པར་འཕྲུལ།། ཡང་དག་རྫོགས་པ་མངོན་རྒྱས་དང། ། གནས་ཀུན་རོལ་པ་མི་གཉིས་མཆོག། མཁའ་མཛོད་ཀུན་ཏུ་རྡོ་རྗེ་ཉིད།། ཉེ་བར་སྟོན་ཏེ་བདུད་རྩི་མཆོག། མི་ཕམ་བཤེས་གཉེན་གླང་པོ་སྟེ།། དཔལ་གྱི་བློ་གྲོས་ཆོས་ཀྱི་བདག། ལྷ་ཡི་དབང་ཕྱུག་ཕྲེང་བ་ཅན། ། མྱ་ངན་གནས་སྐྱོབ་འཇུག་སེལ་བ།། གར་གྱི་ཀུན་སྐྱོབ་མཉེས་པ་ཆེ།། དྲེགས་པ་འཇོམས་བྱེད་རིགས་ལྡན་མཆོག། རང་གི་དཀྱིལ་འཁོར་ཇི་ལྟ་བར།། རང་གི་གནས་ཀུན་ལོངས་སྤྱོད་མཛད།། རྡོ་རྗེ་རིན་ཆེན་པདྨ་དང། ། རྒྱ་གྲམ་རྩེ་གསུམ་བདུད་རྩིའི་སྣོད།། རིན་ཆེན་བུམ་པ་གང་བའི་རྫས།། རང་འོད་ཡུམ་དང་གཉིས་མེད་སྦྱོར།། ན་བཟའ་རྒྱན་བཅས་འོད་གསལ་འཕྲོ།། རིགས་ཀྱི་དབུ་རྒྱན་ཀུན་རྫོགས་པའོ།། ཕྱི་ནང་མཆོད་པའི་ལྷ་མོ་རྣམས། ། རིགས་ཀྱི་སྔགས་དང་ཕྱག་རྒྱ་སྟེ།། སྒེག་མོ་ཕྲེང་བ་གར་དང་དབྱངས།། བདུག་སྤོས་མེ་ཏོག་མར་མེ་དྲི།། སྐུ་མདོག་ཕྱག་མཚན་རིགས་རྣམས་ཀྱི།། ཕྱོགས་བཞི་མཚམས་དང་མཐུན་པར་གནས། ། མཆོད་པའི་ལོངས་སྤྱོད་ཀུན་སྤྲུལ་ཞིང།། གྲངས་མེད་རྡུལ་ཚོགས་བཀོད་པ་མཛད།། སྒོ་བཞིར་ཁྲོ་བོའི་རྒྱལ་པོ་དག། སྣ་ཚོགས་རྡོ་རྗེ་བྲག་རི་ལ།། རང་གི་ཕྲིན་ལས་གདུལ་བྱའི་ཚོགས།། དོན་བཞིན་མཐུན་པར་ཚར་གཅོད་ཅིང། ། མཉེས་པའི་ལྷ་མོ་ཀུན་དང་སྦྱོར།། རིགས་ཀྱི་རྒྱན་ཚོགས་ཀུན་གྱིས་བརྗིད།། གཤིན་རྗེ་འཇོམས་བྱེད་སྟོབས་པོ་ཆེ།། རྟ་མགྲིན་བདུད་རྩི་འཁྱིལ་པ་དག། དཀར་སེར་དམར་དང་ལྗང་གུའི་མདོག། རྡོ་རྗེ་རིན་ཆེན་པདྨ་དང།། འཁོར་ལོ་འབར་བས་སྐུ་བསྐྱེད་ཅིང།། རིན་ཆེན་བུམ་པ་བདུད་རྩིའི་རྫས།། འཇིགས་བྱེད་རྩ་གསུམ་དགྲ་སྟྭ་ཐོགས།། ཁྲོ་བོའི་ཆ་ལུགས་རྣམ་སྤྲུལ་པས།། སྟོང་གསུམ་སྤྲུལ་པས་འགེངས་པར་བྱེད། ། དབང་བསྐུར་བྱིན་རླབས་རྫོགས་པའི་མཐུས།། རིགས་ཀྱི་བདག་པོས་ཉེ་བར་གནས།། འདི་དག་རང་གི་གནས་ཀུན་ནས།། ཞིང་ཁམས་ཐམས་ཅད་ཁྱབ་པར་སྤྲོ།། ཕྲིན་ལས་ཀྱི་དཀྱིལ་འཁོར་འཕྲུལ་པའི་ཚུལ་ཏེ་ལྔ་པའོ། །།། དེ་ནས་ཐམས་ཅད་མཁྱེན་པའི་མཆོག། སངས་རྒྱས་ཀུན་གྱི་བདག་པོ་ཉིད།། དཀྱིལ་འཁོར་ལྔ་ཡི་གནས་སྤྲོས་ཤིང།། གྲངས་མེད་རིགས་ཀྱི་ཀུན་སྣང་མཛད། ། ལ་ལར་ཞི་དང་ཁྲོ་བོ་དང།། ལ་ལར་རྒྱས་དང་དབང་གི་ཚུལ།། གྲངས་མེད་སྐུ་རྣམས་ཀུན་སྟོན་ཅིང།། རིགས་བཞི་དཀྱིལ་འཁོར་རྒྱས་པར་མཛད།། དེ་དག་སྟོན་པས་འདུལ་མཛད་ཅིང།། ཐེག་པའི་དོན་རྟོགས་རྒྱ་ཆེན་པོ། ། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་ཇི་བཞིན་པའི།། གསང་བ་རྒྱུད་ཆེན་རྣམ་བཤད་ཅིང།། ཕྱོགས་བཅུའི་ཞིང་ཁམས་ཀུན་སྤྲོས་ཏེ།། རིགས་ཀྱིས་སངས་རྒྱས་གཉིས་མེད་མཐུས། ། རང་གི་དཀྱིལ་འཁོར་གནས་བརྒྱན་པར།། བདག་པོའི་སྐུ་དང་གཉིས་མེད་གསལ།། སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང།། དེ་ཉིད་དེ་ཚེ་འགྲོ་གནས་མཐའ་དག་ཀུན།། ཀུན་ཏུ་བསྟན་པར་འདུལ་གྱུར་ཅིང། ། ར་སཱ་ཡ་ནའི་གནས་སྤྱོད་པས།། སྐྱེ་ཤི་མཐའ་བཅད་རྣམ་པར་གྲོལ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བདུད་རྩི་རོལ་པ་ཞེས་བྱ་བ་ལས། བྱང་ཆུབ་སེམས་དེ་ཁོ་ན་ཉིད་བསྟན་ཅིང་དཀྱིལ་འཁོར་ཀུན་ཏུ་འཕྲུལ་པ་སྟེ་རིམ་པར་ཕྱེ་བ་དང་པོའོ། །།། དེ་ནས་ཀུན་ཏུ་བཟང་པོ་དཔལ།། སངས་རྒྱས་ཀུན་གྱིས་གསོལ་བཏབ་ནས།། རང་བཞིན་བདུད་རྩིའི་གནས་བཞུགས་ཏེ།། ར་སཱ་ཡ་ནའི་ཚོགས་རྒྱས་མཛད།། ཕྱོགས་བཅུའི་འཇིག་རྟེན་གནས་འདི་དག། བདེ་གཤེགས་བྱིན་རླབས་རོལ་པའི་ཚོགས།། བྱང་ཆུབ་སེམས་དཔའ་ཀུན་གྱི་སྤྱོད།། བདུད་རྩི་བཅུད་ཆེན་རྒྱས་པ་ཉིད།། ཐམས་ཅད་ཀུན་ཏུ་ཁྱབ་པ་ལས།། ཆོ་འཕྲུལ་རྨད་བྱུང་ཡུལ་ཀུན་སྣང། ། དེ་ནས་ཚངས་པའི་གཙོ་བོ་མཆོག། དུང་གི་ཐོར་ཚུགས་ཁོང་སེང་ཅན།། ཚངས་པ་ཀུན་སྒྲོལ་ཆེན་པོ་དང།། དྲང་སྲོང་ཆེན་པོ་ལྗང་སྔོན་བུ།། ཙ་ར་ཀ་དང་ནབ་སོ་སྐྱེས།། ཐ་སྐར་བུ་དང་ལྷར་བཅས་ཉིད། ། རྒྱུན་ཤེས་གནས་དང་གཡོན་ཕྱོགས་ལྷ།། ཐང་ལ་བར་དང་མེ་བཞིན་འཇུག། རྐང་གཉིས་སྤྱོད་དང་ཀ་ན་ཡ།། ཤིང་ཁྱེར་དང་ནི་ལྗང་སྔོན་བུ།། ཉི་མ་ཟླ་བ་ཀླུ་རུ་བཅས།། ཤིང་གི་ལྷ་མོ་འོད་འཆང་མ།། སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། ། འདི་ཀུན་འཁོར་དང་བཅས་པ་ཡིས།། ཀུན་བཟང་ལྷ་ལ་ཕྱག་འཚལ་ནས།། སྨན་གྱི་དབང་དང་དམ་ཚིག་མནོས།། རང་བཞིན་བདུད་རྩི་ཆེན་པོའི་མཆོག། དུས་ཀུན་འགྱུར་བ་མེད་པའི་གཞི། ། བདག་ཅག་འཇིག་རྟེན་པ་རྣམས་ལ།། གཙོ་བོས་བཀའ་གྲོས་མཛད་པར་འོས།། བཅོམ་ལྡན་ཐུགས་རྗེའི་གནས་གྱུར་ཅིང།། ནམ་མཁའ་བཞིན་དུ་ཀུན་ཁྱབ་མཛད།། ཡང་དག་སངས་རྒྱས་མ་ཐོབ་པའི། ། འཇིག་རྟེན་སྤྱོད་བཅས་རྣམ་གྲོལ་མཛོད།། ཐམས་ཅད་བདུད་རྩི་ར་སཱ་ཡན།། དངོས་གྲུབ་ཆེན་པོ་ཉེ་བའི་རྫས།། འཇིག་རྟེན་ལྷ་བཅས་འགྲོ་གནས་དག། དཀྱིལ་འཁོར་གསང་བར་དབང་བསྐུར་ཞིང།། བདུད་རྩི་དམ་ཚིག་མཆོག་འདི་ཟུང། ། དེ་དག་དུས་བཞིན་སྦྱོར་བྱེད་ཅིང།། ཀུན་ཏུ་བསྙེན་དང་ཉེ་བསྙེན་དང།། སྒྲུབ་དང་སྒྲུབ་ཆེན་བརྩོན་པ་ཡིས།། འདོད་པའི་འབྲས་བུ་སྦྱོར་བྱེད་པས།། དེ་དག་ཇི་བཞིན་གོམས་པའི་མཐུས། ། ཐམས་ཅད་ཆོས་ཀྱི་ཚུལ་རྒྱུན་སྣང།། རིགས་མཐུན་གཞན་གྱིས་མི་ཤིགས་པའོ།། དམ་ཚིག་ཆེན་པོ་རྫོགས་བྱེད་ཆོས།། ཐུགས་རྗེ་ཉི་མས་ཀུན་སྐྱོབ་མཛོད།། དེ་ནས་ཀུན་བཟང་བདེ་གཤེགས་ཀྱིས། ། ཐམས་ཅད་བདུད་རྩིའི་དོན་དགོངས་ཏེ།། ཉིད་ཀྱི་སྣང་བ་མ་འགགས་པའི།། ཆོ་འཕྲུལ་ཀུན་ཏུ་བཀོད་པར་མཛད།། དེ་ཚེ་ཐུགས་རྗེའི་རྣམ་འཕྲུལ་གྱིས།། ས་རྣམས་རབ་ཏུ་གཡོས་ནས་ནི།། སྟོང་གསུམ་འཇིག་རྟེན་གནས་ཀུན་ཏུ། ། ཐམས་ཅད་སྨན་ཆེན་བཅུད་ཀྱི་ལེན།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། དེ་དག་མ་འགགས་ལས་རྫོགས་པའོ།། དེ་ལྟར་སྨིན་པར་གྱུར་པ་ཡང།། ཐུགས་རྗེའི་རྒྱ་མཚོ་ཚད་མེད་ལས།། རྣམ་དག་འབྱུང་བའི་སྤྲིན་ཁྱབ་པས། ། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པར་འགྱུར།། སྤྲིན་ཆེན་གློག་གི་ཕྲེང་བ་དག། ཕྱོགས་བཅུར་སྒྲིབ་མེད་རྒྱུན་བཅས་པའི།། བདུད་རྩི་འདོད་པའི་ཆར་འབབ་ཅིང།། ཐམས་ཅད་ཐུགས་རྗེ་སྙོམས་པའི་མགོན། ། བསྐལ་པའི་བཅུད་རྣམས་ཚོགས་པ་ལས།། ཕྱི་ནང་འབྱུང་རྣམས་ཚིམས་པར་གྱུར།། བདུད་རྩི་རྒྱ་མཚོའི་གནས་རྒྱས་པ།། ཕྱི་ནང་མ་ལུས་བདུད་རྩི་ཀུན་བསྐྱེད་ཅིང།། རི་རབ་རྩེ་དང་རི་སུལ་ཀུན། ། སྨན་ལྗོངས་གནས་དང་ནག་ཚལ་དང།། ལྕང་ལོ་ཅན་གྱི་གནས་ཀུན་ཏུ།། ཐམས་ཅད་བདུད་རྩིའི་ཆར་གྱིས་བརླན།། བཅུད་དུ་ཐམས་ཅད་རོ་གཅིག་སྟེ།། འབྱུང་བའི་བཅུད་ལས་སྐྱེས་པ་ནི།། དཔག་བསམ་ཤིང་དང་གེལ་པའི་ཤིང། ། འཛམ་བུའི་ཤིང་རྒྱས་ཙུ་ཏའི་ཤིང།། རང་རང་རྒྱུད་ཀྱི་ཚོགས་རྣམས་དང།། ཡོན་ཏན་ཚོགས་རྣམས་འཕེལ་བར་གྱུར།། སྡོང་པོ་དང་ནི་སྡོང་ཆེན་དང།། རྩ་བ་སྡོང་བུ་ཤུན་ལྤགས་དང། ། སྙིང་པོ་ཡལ་ག་ལོ་མ་དང།། འདབ་མ་མེ་ཏོག་འབྲས་བུར་བཅས།། དེ་བཞིན་འབྲུ་ཚོགས་རྣམ་གྲངས་ཀུན།། ཐམས་ཅད་བཅུད་རྒྱས་སྨིན་པར་གྱུར།། དེ་དག་ལོངས་སྤྱོད་ཀུན་གྱི་མཆོག། སོ་སོའི་ཡུལ་དང་གནས་དག་ནས། ། མདོག་དང་དྲི་དང་རོ་དང་མཐུ།། རང་གི་ས་བོན་བདེན་གཉིས་ལས།། དེ་དག་རང་བཞིན་འབྱིན་པར་བྱེད།། དེར་གནས་སྐྱེ་འགྲོ་ཐམས་ཅད་ཀུན།། ར་སཱ་ཡ་ནའི་རྫས་ལ་སྤྱོད།། འགྲོ་བ་དྲུག་གི་གསོས་སུ་གྱུར། ། བདུད་རྩིའི་སྒོ་དག་རྣམ་པར་འཕེལ།། དེ་ནས་སྟོན་པ་ཀུན་ཏུ་བཟང།། ཉིད་ཀྱི་དགོངས་པའི་དོན་བཞིན་དུ།། འཁོར་ལྡན་ཚོགས་ལ་བཀའ་སྩལ་ཞིང།། དེ་དག་བྱིན་རླབས་ངོ་མཚར་སྐྱེད།། འཇིག་རྟེན་ཁམས་སྣང་སྣ་ཚོགས་ཀུན། ། ཐམས་ཅད་བདུད་རྩིའི་རྒྱུན་གྱིས་སྣང།། དེ་དག་ཕྱི་ནང་སྣོད་བཅུད་ཀྱི།། རྟེན་འབྲེལ་མཐུར་བཅས་ཀུན་ཚོགས་པའི།། རང་བཞིན་གཉིས་མེད་ཡེ་ཤེས་ཆེ།། དག་པའི་ཐུགས་རྗེ་ཀུན་སྤྱོད་པས། ། ཐམས་ཅད་སྨན་ཆེན་ར་སཱ་ཡན།། རྣམ་པར་འཕྲུལ་པས་གནས་ཀུན་རྒྱས།། དེ་དག་གཉིས་མེད་ཆེན་པོ་ཡིས།། སྤྱོད་བཅས་བདག་གིས་རབ་ཏུ་འགྲུབ།། རང་བཞིན་གནས་པའི་མཐུ་རྣམས་ལ། ། སྦྱངས་ཤིང་བསྒྲུབས་པའི་སྟོབས་དག་གིས།། དངོས་གྲུབ་ཆེན་པོ་མཆོག་ཐོབ་ཅིང།། བརྟེན་པར་བདུད་རྩིའི་གནས་འཕེལ་འགྱུར།། ལམ་འདིར་སྔགས་དང་ཕྱག་རྒྱ་ཡིས།། བསྙེན་བསྒྲུབ་བཞི་བཅད་རྣམ་པར་དག། དང་པོར་བསྒྲུབ་པའི་ཡུལ་གནས་ནི།། རང་གི་ཡིད་མཐུན་དབེན་པར་བརྩམ།། ཕུན་སུམ་ཚོགས་པ་བཞི་ལྡན་པས།། དབང་བསྐུར་དམ་ཚིག་མཆོག་ལ་གནས།། སྔགས་དང་ཕྱག་རྒྱ་བསྟན་པའི་མཐུས། ། ཐམས་ཅད་དོན་སྦྱོར་འབྲས་བུའི་ཚུལ།། ཕྱི་ནང་འབྱུང་བ་ལས་སྐྱེས་པའི།། བདུད་རྩིའི་རྫས་རྣམས་གང་རུང་ཞིག། དཀྱིལ་འཁོར་གཙང་མའི་གནས་བཞག་སྟེ།། རང་གི་རྟེན་འབྲེལ་ཚུལ་བཞིན་སྤྱད།། གྲུབ་པའི་དངོས་གྲུབ་ཆེན་པོ་ཉིད། ། ལས་ཀྱི་དངོས་གྲུབ་ལ་བརྟེན་པས།། ཐམས་ཅད་དོན་ཀུན་གསང་བའི་གནས།། ལས་ཀྱི་སྒྲུབ་པ་ཇི་བཞིན་དུ།། བརྟེན་པའི་སྟོབས་གྱིས་མངོན་པར་སྦྱོར།། ཐབས་དང་ཤེས་རབ་གཉིས་མེད་པའི། ། ཚུལ་འདིས་ཐམས་ཅད་འགྲུབ་འགྱུར་ཞིང།། ལས་བཅས་ཚོགས་རྣམས་དག་འགྱུར་ཏེ།། གཉིས་མེད་ཐུགས་རྗེ་ཆེན་པོའི་དབྱིངས།། ཐུན་མོང་སྦྱོར་བ་ལ་བརྟེན་པས།། མཆོག་གི་དངོས་གྲུབ་སྐྱེ་བར་འགྱུར། ། དེ་དག་ཆོ་ག་ཇི་བཞིན་མཐུས།། ཡང་དག་མཆོག་གི་འབྲས་བུ་རྫོགས།། དེ་ཚེ་བསྟན་པའི་ལུང་བཞིན་དུ།། འཇིག་རྟེན་དྲང་སྲོང་ཆེ་རྣམས་ཀྱིས།། བདུད་རྩིའི་རིག་འཛིན་མངོན་བསྒྲུབ་སྟེ།། བསྙེན་བསྒྲུབ་ཕྱག་རྒྱ་བཞིར་གནས་པས། ། ལ་ལ་ཐང་ཅིག་ཡུད་ལ་འགྲུབ།། ལ་ལ་ཉིན་ཞག་གཅིག་གིས་འགྲུབ།། ལ་ལ་ཉིན་ཞག་བདུན་གྱིས་འགྲུབ།། ལ་ལ་ཉི་ཤུ་རྩ་གཅིག་ན།། ལ་ལ་ཟླ་བ་ལོ་ཡི་དུས།། དེ་དག་ཐེ་ཚོམ་མེད་པར་འགྲུབ། ། འདི་དག་མི་ཡི་འགྲོ་གནས་བཞིན།། དུས་ཚིགས་གཞན་དུ་ངེས་མེད་བསྟན།། དེ་དག་སྨན་གྱི་མཚན་ཉིད་ནི།། རྩ་བ་སྡོང་བུ་ཡལ་ག་དང།། ལོ་མ་མེ་ཏོག་འབྲས་བུ་དང།། ཤུན་ལྤགས་མེ་ཏོག་འབྲས་བུ་སྙིང་པོར་བཅས། ། རོ་དྲུག་མཐུ་སྟོབས་ཁ་དོག་ལས།། རྩ་བ་གཅིག་ལ་ཡན་ལག་བརྒྱད།། དེ་དག་རྣམ་པར་ཕྱེ་བའི་གྲངས།། སྣ་ཚོགས་ཡོན་ཏན་སྟོང་དུ་འགྱུར།། རང་བཞིན་སྦྱར་དང་སྒྲུབ་པའི་རྫས།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང། ། བདུད་དཔུང་ངེས་པར་འཇོམས་བྱེད་པའོ།། བདུད་རྩིའི་རྒྱལ་པོ་སྨན་གྱི་མཆོག། ངེས་བསྒྲུབ་འབྲས་བུ་གསལ་བར་འགྱུར།། དྲང་སྲོང་ཆེ་རྣམས་སྟོབས་ལྡན་ཞིང།། མངོན་ཤེས་ལྔ་དང་ལྡན་འགྱུར་ཏེ། ། རིག་པའི་གནས་མཆོག་བཅོ་བརྒྱད་ཤེས།། ཚེ་ལ་དབང་བའི་རིག་འཛིན་འཐོབ། སྟེགས་བུ་ཁྲུ་གང་ཚད་མཉམ་པར།། བ་ཡི་རྣམ་ལྔ་དྲི་གཙང་ཆུ།། ཡང་དག་མཎྜལ་ཇི་བཞིན་པར།། ཁ་དོག་རྒྱན་ལྡན་རྫས་རྣམས་བཀོད། ། གཙང་མའི་གོས་སོགས་ཉེར་བརྒྱན་ཅིང།། ཁྲུས་ཀྱི་ཆོ་ག་རྣམ་གསུམ་གྱིས།། ཕྱི་ནང་ལེགས་སྦྱངས་རྫས་བསགས་ཏེ།། སྦྱང་ཞིང་བྱིན་གྱིས་བརླབ་པར་བྱ།། དབུས་ཀྱི་བུམ་པར་སྨན་གྱི་མཆོག། བདུད་རྩི་ཅོང་ཞི་རྣམ་གསུམ་དང།། སེར་སྐྱ་བ་ལས་བྱུང་བ་ཡི།། འོ་མ་ལེགས་བཙགས་སྨན་ལྡན་པ།། ཨ་ཤྭ་གན་དྷའི་ཕྱེ་མ་དག། ལེགས་པར་བསྐོལ་ཏེ་འདྲེས་པར་སྦྱང།། ལྕགས་ལས་བྱས་པའི་སྣོད་ནང་དུ། ། མངར་གསུམ་དྲི་བཅས་གདབ་པར་བྱ།། བྱིན་བརླབ་བརྟན་པས་བསྲུང་བྱ་ཞིང།། སྦྱང་ཞིང་འཕྲོ་འདུའི་སྔགས་ཀྱིས་གདབ།། ཨོཾ་བཛྲ་ཨ་མྲྀ་ཏ་སིདྡྷི་བེ་ལ་ལིག་ཙ་དྷ་ས་དྷི་ཏུ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དང་སྟོང་རྩ་བརྒྱད། ། བྱིན་རླབས་སྔགས་ཀྱི་འོད་ཚོགས་ཀྱིས།། དག་པའི་བཅུད་རྣམས་བསྡུས་བྱས་ཏེ།། བསྟིམས་ལས་དངོས་གྲུབ་རྣམ་པར་འཕེལ།། ཨོཾ་ཨ་མྲྀ་ཏ་སིདྡྷི་བི་ཙུ་ན་ཡ་སྭཱ་ཧཱ། དངོས་གྲུབ་མཚན་མ་ཀུན་སྟོན་པ།། དེ་དག་ཚུལ་བཞིན་རྣམ་པར་སྦྱོར། ། དེ་ནས་ལྷ་རྣམས་མཆོད་བྱས་ཏེ།། བྱིན་རླབས་བརྟན་པས་བཟའ་བར་བྱ།། དེ་ཡང་སྔ་དྲོའི་དང་པོའམ།། ཉི་མའི་གུང་ལ་བབ་དུས་སུ།། ཕྱོགས་རྣམས་ཁྲོ་བོས་གནས་བསྲུངས་ཤིང། ། རིགས་ཀྱི་དཀྱིལ་འཁོར་ལོངས་སྤྱོད་རྒྱས།། དོན་དམ་ཐིག་ལེ་བདེན་པ་ལས།། ཡོན་ཏན་གནས་ཀུན་སྣ་ཚོགས་སྟོན།། སྙིང་པོ་མེད་ལས་སྙིང་པོ་ཉིད།། འབྲས་བུ་རྣམ་སྨིན་རིག་འཛིན་མཆོག། དེ་དག་བྱིན་རླབས་ཕྱག་རྒྱ་སྔགས། ། དོན་བཞིན་སྤྱོད་པར་མི་ལྡན་ཡང།། བདུད་རྩི་ཟ་བའི་ཐབས་རྣམས་ཀྱིས།། ནད་མེད་ལོ་བརྒྱ་མཚོ་བར་བྱེད།། དྲང་སྲོང་ཆེན་པོ་མཆོག་རྣམས་ཀྱིས།། ཇི་ལྟར་ཕལ་པར་སྤྱོད་པ་ལས།། དེ་ཡི་ནུས་མཐུ་མཐའ་ཡས་ཚོགས། ། སྣ་ཚོགས་རྣམ་པར་སྣང་བ་བཞིན།། དེ་དག་ལེགས་པར་སྦྱར་བའི་མཐུས།། མཆོག་གི་འབྲས་བུ་སྐྱེ་བར་འགྱུར།། ནང་གི་བདུད་རྩི་རྣམ་ལྔ་དང།། ཕྱི་ཡི་སྨན་འབྲས་གསུམ་སོགས་པ། ། སོ་སོར་སྦྱོར་དང་གཅིག་བསྡུས་པའི།། བྱིན་རླབས་ངོ་མཚར་མཐའ་ཡས་ཏེ།། རང་གི་རྟེན་འབྲེལ་མཐུ་སྟོན་ཅིང།། ལས་ཀུན་མྱུར་བར་གཡོ་བར་བྱེད།། ལྷ་རྫས་དགེ་བ་ཨ་རུ་ར།། རྣམ་རྒྱལ་གསོ་བྱེད་འཕེལ་བྱེད་དང། ། སྐྱེས་བུ་བདུད་རྩི་གསེར་གྱི་མདོག། ལས་ཀུན་རྣམ་པར་སྟོན་པར་ཚོགས།། རང་གི་ཡོན་ཏན་རྫས་ལྡན་པས།། ལེགས་སྦྱར་ར་སཱ་ཡ་ནའི་མཆོག། དེ་བཞིན་མར་ནག་ལྕགས་ཕྱེ་དང།། དངུལ་ཆུ་གཟེ་མ་ལ་སོགས་པའི། ། མཐུ་དང་ངོ་བོ་མཐའ་ཡས་ཏེ།། བདུད་རྩིའི་གཙོ་བོར་དང་སྦྱར་བས།། རླུང་དང་མཁྲིས་པ་བད་ཀན་དང།། འདུས་པའི་ནད་དང་དུས་ཀྱི་དགྲ།། དུས་མིན་རྣམ་རྟོག་ཕྱི་ནང་རྐྱེན།། གཅིག་ལ་བྱེ་བྲག་མཐའ་ཡས་པ། ། དེ་དག་རབ་ཏུ་ཞི་བྱེད་པ།། ཕུང་པོའི་བདུད་དང་ཉོན་མོངས་བདུད།། ལྷ་ཡི་བདུད་དང་འཆི་བདག་བདུད།། ཐམས་ཅད་སེལ་བར་བྱེད་པ་ལ།། བདུད་རྩི་འདི་ལས་གཞན་མེད་དོ།། ཤར་ལྷོ་ནུབ་བྱང་བྱེ་བྲག་གི། ཕྲིན་ལས་སོ་སོའི་བྱེ་བྲག་བཞིན།། བྲག་ལས་འཛག་པའི་ཁུ་བ་ཉིད།། རིན་ཆེན་སྣ་ལྔའི་རྫས་བཞིན་འགྱུར།། དེ་དག་རབ་ཏུ་སྦྱར་བའི་བཅུད།། བདུད་རྩིའི་གཙོ་བོ་མཆོག་ཅེས་གྲགས། ། ཨ་རུ་རོ་མཆོག་བརྒྱ་རྩ་བརྒྱད།། གཞན་ཡང་ཉི་ཤུ་རྩ་གཅིག་སོགས།། བ་ཡི་ཆུ་སོགས་རིམ་བཞིན་དུ།། སྐམ་པོ་རློན་པའི་ཚང་ལྟ་བུར།། གཉེར་མ་སུལ་དག་དྲངས་བྱས་ཏེ།། དྲི་ཞིམ་སྨན་ཚོགས་བཅུད་དང་སྦྱར། ། བདུད་རྩིའི་རྒྱལ་པོ་ཇི་ལྟ་བར།། རིམ་བཞིན་བསྟན་པས་རྫོགས་པར་འགྱུར།། ཟངས་ལྕགས་འཁར་བའི་སྣོད་རྣམས་སུ།། བཀང་སྟེ་སྟེགས་བུའི་སྟེང་དུ་བཞག། བྱིན་རླབས་སྔགས་དང་ཕྱག་རྒྱ་ཡིས།། འོད་དང་དྲི་སོགས་འབྱུང་བར་འགྱུར། ། ལག་པ་གཡས་པ་བཏེག་སྟེ་བཀན།། མཐེ་བོང་སྲིན་ལག་མཐིལ་དུ་དགུག། ལྷ་ཡི་དངོས་གྲུབ་ཀུན་བསྡུས་ནས།། རིགས་དང་ལྡན་པས་བཏུང་བར་བྱ།། ཨོཾ་ཨ་མྲྀ་ཏ་སི་ཏི་བི་ཙཱུར་ན་ཡ་སྭཱ་ཧཱ། དེ་ཡི་ཡོན་ཏན་བརྗོད་མི་ལངས།། རྡོ་རྗེའི་སྲོག་དང་ལྡན་འགྱུར་ཏེ།། ནད་མེད་རྟག་ཏུ་དར་ལ་བབ།། གྲུབ་པའི་རིག་འཛིན་དམ་པར་འགྱུར།། སྲིད་པ་ཆགས་ནས་སྲུབ་ཤིང་གིས།། བསྲུབས་པའི་འབྲས་བུ་རིན་པོ་ཆེ། ། མེ་ཤེལ་ཆུ་ཤེལ་ཀུན་སྣང་འོད།། དེ་དག་ཐབས་དང་ཤེས་རབ་པོ།། ཚོགས་ཀྱི་དཀྱིལ་འཁོར་ལོངས་སྤྱོད་དུས།། བདུད་རྩི་འཛད་ལས་སྨོན་ལམ་སྟོབས།། རིགས་པའི་བུ་མོ་བཟང་མོ་གཉིས།། གཙང་མའི་གནས་སུ་སྐྱེས་ཤིང་རྒྱས། ། ལྷ་དང་དྲི་ཟ་གནོད་སྦྱིན་དང།། རིན་ཆེན་སྣ་ཚོགས་འབྱུང་ཁུངས་གནས།། ལེགས་ལྡན་གངས་རི་གཉན་གྱི་ཤོད།། རི་རབ་ཆུ་ཀླུང་བགེགས་བྲལ་བའི།། བདུད་རྩི་ཆེན་པོ་ར་མཉེ་བ། ། ཉེའུ་ཤིང་མཆོག་ཅེས་རབ་ཏུ་གྲགས།། གསེར་མདོག་བདུད་རྩི་ཀུན་གསལ་བ།། སྟར་བུ་མཆོག་ཏུ་གྱུར་པ་ཡིས།། ཉི་མའི་རིགས་ལས་ཀུན་སྐྱེ་ཞིང།། གཟུགས་མཛེས་ཚ་བའི་རོ་དང་བཅས།། ཚེར་གནོན་དབལ་ལས་འཁྲུངས་པ་ཡི། ། བདུད་རྩི་ཤིང་མཆོག་དྲི་དང་ལྡན།། གཟུགས་བཟང་མཛེས་པ་ཕུན་སུམ་ཚོགས།། རྒུན་འབྲུ་འབྱུང་བ་ཀུན་གྱི་བཅུད།། དེ་བཞིན་ཟླ་བ་བདུད་རྩིའི་ཆུ།། དུག་རྣམས་འཇོམས་ཤིང་སླར་ཡང་བཟློག། སྣ་ཚོགས་ནད་རྣམས་སེལ་བར་བྱེད།། ཉི་མའི་འོད་རྣམས་ཟླ་བའི་མདོག། རོ་རྣམས་རྣམ་པ་སྣ་ཚོགས་ལྡན།། ལྷ་རྫས་དགེ་བ་དབང་པོ་ལག། དེ་བཞིན་མཆོག་གྱུར་རུ་རྟ་ཉིད།། རང་གིས་དུས་བཞིན་བཅུད་རྫས་བསྐོས། ། ལེགས་སྦྱར་གཙང་མའི་གནས་དག་ཏུ།། དཀྱིལ་འཁོར་གནས་བཞག་བསྒྲུབ་པའམ།། གོང་བཞིན་ལེགས་པར་སྤྱོད་པས་བཟའ།། རྟེན་འབྲེལ་རྟེན་གྱི་མཐུ་བྱས་ལ།། ཚངས་པའི་ཚེ་དང་ལྡན་པར་འགྱུར། ། ཉི་མ་ཟླ་བའི་དངོས་གྲུབ་ཐོབ།། ར་སཱ་ཡ་ནའི་གཙོ་བོ་ཡིན།། འཇིག་རྟེན་གནས་ཀུན་རྒྱལ་བྱེད་པ།། འབྱུང་བའི་དངས་མ་ཀུན་བསགས་ནས།། མཁས་པས་གཅིག་ཏུ་སྦྱར་བར་བྱ།། དཀྱིལ་འཁོར་བཟང་པོའི་གནས་བཞག་གོ། རང་གི་སྔགས་དང་ཕྱག་རྒྱ་དང།། ཏིང་འཛིན་བརྟན་པས་བྱིན་གྱིས་བརླབ།། བདུད་རྩི་ཤིང་མཆོག་འཛམ་བུའི་ཤིང།། ལོ་མ་མེ་ཏོག་འབྲས་བུར་བཅས།། ཡོན་ཏན་བཅུད་རྫོགས་རོ་ཁ་བ། ། བཀྲ་ཤིས་དཔལ་རྣམས་རྫོགས་བྱེད་རྫས།། སེང་ལྡིང་ཡན་ལག་བརྒྱད་ལྡན་པ།། དྲི་སྣང་བཟང་པོ་སྨན་དང་སྦྱར།། དེ་བཞིན་རྩ་བ་ཡན་ལག་དང།། ལོ་མ་མེ་ཏོག་འབྲས་བུ་སོགས།། རང་གི་བཅུད་རྣམས་རྒྱས་པའི་དུས། ། དེ་ཡི་ཕྱོགས་བཞིན་མཁས་པས་གླེང།། སེ་བ་གཞོན་ནུ་སྟོབས་ལྡན་པ།། དེ་བཞིན་ཀན་ཏ་ཧ་ར་དག། ཀཎྜ་ཀ་རི་ཡིན་ནམ།། དཀྱིལ་འཁོར་གནས་སུ་ལེགས་སྤྱད་པའམ།། བཅུད་ལེན་བསྟེན་པས་བཅུ་རྫོགས་འགྱུར། ། དེ་དག་ལྷ་རྣམས་ཀུན་གྱིས་ཀྱང།། དངོས་གྲུབ་རྫས་སུ་བྱིན་བརླབས་ཏེ།། དུས་བཞིར་ཕྱག་འཚལ་མཆོད་བྱེད་ཅིང།། དངོས་གྲུབ་རྫས་སུ་ཉེ་བར་སྦྱོར།། སྟོན་ཟླ་ཐ་ཆུང་དཔྱིད་ཟླ་འབྲིང། ། ཡར་ངོའི་བརྒྱད་དང་ཉ་དུས་བཙལ།། བྱིས་པ་ལོ་དྲུག་བདུན་དུ་བརྒྱད།། གཙང་མས་ཁྲུས་བྱས་རྒྱན་གྱིས་མཛེས།། བདག་ཉིད་རྣལ་འབྱོར་དང་བཅས་པས།། ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ།། སེམས་ཅན་ཀུན་ལ་ཚད་མེད་བློས། ། ཀུན་བཟང་དཀྱིལ་འཁོར་ལ་དམིགས་ཤིང།། ཕྱག་འཚལ་མཆོད་ཅིང་བསྐོར་བྱས་ཏེ།། སྨོན་ལམ་རྒྱ་ཆེན་གདབ་པར་བྱ།། ཕྱག་འཚལ་བདུད་རྩི་མཆོག་ཁྱོད་ལ།། ཕྱག་འཚལ་བདུད་རྩི་ལས་བྱུང་བ། ། སྟོབས་དང་བཀྲ་ཤིས་འཕེལ་མཛད་ཅིང།། རབ་བྱུང་སྟོན་པའི་བཀའ་རྒྱས་ཤོག། ལྷ་མོ་ཁྱོད་ནི་དཔལ་འགྱུར་ཞིང།། ར་སཱ་ཡ་ནའི་རྫས་རྣམས་ཀུན།། དངོས་གྲུབ་མཆོག་ཏུ་ཉེར་སྤྱོད་པས།། ཚེ་དང་སྟོབས་མཆོག་རྒྱས་པར་གསོལ། ། དེ་ལྟར་རྩ་བ་ལ་སོགས་རྫས།། གང་གིས་བཅུད་རྒྱས་དེ་ཉིད་གཟུངས།། ཤུན་ལྤགས་དང་ནི་རྒྱུས་པ་བསལ།། ཐོར་ཏོ་བསྙིལ་ཏེ་གནས་སུ་སྦེད།། བླང་བྱའི་སྨན་རྣམས་གང་ཡང་རུང། ། གཙང་མའི་གནས་སུ་ལེགས་པར་བསྐམ།། འདི་དག་དཀྱིལ་འཁོར་གནས་བཞག་སྟེ།། བཅུད་ཀྱི་དམ་པ་ཀུན་བསྡུས་ལ།། རང་ཉིད་ཁྲུས་བྱས་རྒྱན་གྱིས་མཛེས།། དྲི་གཙང་མེ་ཏོག་ཕྲེང་བཅས་པས།། བདུད་རྩིའི་ལྷ་ལ་གསོལ་བཏབ་ཅིང། ། བདུད་རྩིའི་བཅུད་རྣམས་བསྡུས་ཏེ་བསྒྲུབ།། རང་ཉིད་ལྷ་ཡི་ཏིང་འཛིན་གྱིས།། བརྒྱ་སྟོང་འབུམ་སོགས་ཅི་ནུས་བཟླས།། གྲུབ་པའི་རྟགས་ཚང་གསལ་བའི་དུས།། རང་གི་ཕྱག་རྒྱ་མངོན་པར་བླང། ། བསྲུང་སྦྱང་བྱིན་རླབས་བརྟན་བྱས་ཏེ།། བ་ཡི་འོ་མ་དག་དང་སྦྱར།། བཟའ་བའམ་ཡང་ན་བཏུང་བ་དང།། ཕྱེ་མའི་མཆོག་དག་འགམ་པ་ལས།། སྔགས་ཀྱིས་ཐོག་མཐའ་རྒྱས་པར་བྱ།། ཨོཾ་ན་མ་ར་ཛ་ཨ་ཀ་ཛ་དུ་སྭཱ་ཧཱ། ། དེ་ནས་བསྙེན་དང་བསྒྲུབ་པ་དང།། སྒྲུབ་ཆེན་ལས་ཀྱི་མཐར་དབྱུང་ཞིང།། སེམས་ཅན་ཀུན་ལ་དམིགས་པའི་སྟོབས།། དཀྱིལ་འཁོར་གསལ་བས་ལོངས་སྤྱོད་དོ།། གང་ཞིག་རྫས་ལ་བརྟེན་པའི་མཐུས། ། བཅུད་ལེན་རྩལ་དུ་སྤྱོད་བྱེད་པ།། ཞག་གམ་ཟ་མའི་གྲངས་བཞིན་དུ།། སྲང་རེའི་ཆ་ནས་བསྐྱེད་ཅིང་བཟའ།། ཇི་སྲིད་བརྒྱ་རྩ་བརྒྱད་ཀྱི་བར།། འཇུ་བའི་སྟོབས་དང་སྦྱར་བར་བྱ། ། ལེགས་པར་རྫོགས་པའི་ཆ་རྣམས་ཀྱིས།། ལུས་ངག་ཡིད་གསུམ་དབང་པོ་གསལ།། ཇི་ལྟར་ལྷ་རྣམས་འཆི་མེད་ལྟར།། ཀླུ་རྣམས་ལ་ནི་སྨན་བཞིན་དུ།། ཤིང་རྣམས་ལ་ནི་ཆུ་བཞིན་དུ།། མེ་ཏོག་དག་ལ་ཉི་ཟླ་བཞིན། ། ཚེ་ལོ་ལོ་བརྒྱའི་བར་གནས་ཏེ།། བཅུ་དྲུག་མདོག་གི་གཞོན་ནུའི་སྐུ།། ནད་མེད་རྟག་ཏུ་དར་ལ་བབ།། སྟོབས་རྣམས་གང་པོ་ཆེ་མཉམ་ཞིང།། མངོན་ཤེས་ལྔ་དང་ལྡན་པར་འགྱུར།། འོ་མ་སྦྲང་རྩི་ཀ་ར་མཆོག། མར་ཁུ་དྲི་སྣ་ལྔ་དང་བཏུང།། ཞག་གཅིག་ཟོས་ན་ཡོན་ཏན་བཅུ།། བཅུ་ན་ཡོན་ཏན་བརྒྱ་འཕེལ་ཞིང།། ཉི་ཤུ་རྩ་གཅིག་ཟོས་པ་ཡིས།། རྩ་བརྒྱད་སྟོང་གི་དངོས་གྲུབ་ཐོབ།། བུད་མེད་སྟོང་ལ་ཁྱབ་པར་སྦྱོར། ། ས་བོན་མི་ཟད་འབྲས་བུ་ཡང།། བུ་ཕོར་འཕེལ་ཞིང་དཔལ་དང་ལྡན།། མི་རྣམས་ཀུན་གྱིས་མི་གསོད་པའོ།། ཟླ་གཅིག་ཟོས་པའི་ཡོན་ཏན་ནི།། ངོ་ཡང་ཟླ་བ་ཉ་རྒྱས་བཞིན།། གནོད་སྦྱིན་སྲིན་པོས་མི་འཇིགས་པས། ། ལྷ་རྣམས་ཀུན་དང་མཉམ་པར་འགྱུར།། ཟག་པ་ཟད་ནས་མཁའ་ལ་འགྲོ།། རྡོ་རྗེ་ཁྲོས་བཅས་མཁའ་འགྲོ་འདུལ།། རིག་འཛིན་གོ་འཕང་འཐོབ་འགྱུར་ཞིང།། གང་ཟག་དངོས་གྲུབ་འཕེལ་བར་འགྱུར། ། འདི་དག་རྟེན་འབྲེལ་མཐུ་ཡིན་ཏེ།། མི་མཐུན་གནས་ཀུན་སྤང་བར་བྱ།། ལུག་མིག་མེ་ཏོག་ཆེན་པོ་ནི།། ར་སཱ་ཡ་ནའི་རྒྱལ་པོ་སྟེ།། བ་ཡི་འོ་མ་དག་དང་བསྐོལ།། ཏིང་འཛིན་སྔགས་དང་ཕྱག་རྒྱ་བསྐྱེད། ། རྔུབ་ཅིང་འཐུང་པས་བ་སྤུ་ལངས།། མདོག་དང་བྱིན་རླབས་ཀུན་གསལ་ཞིང།། རྔུབ་གཉིས་འཐུངས་པས་ཡོན་ཏན་མཆོག། རིམ་དང་ནད་སོགས་ཞི་བར་འགྱུར།། མིག་རྩ་དམར་ཞིང་མདོག་ཀྱང་གཞོན། ། གླང་པོ་ཆེ་ཡི་སྟོབས་དང་མཚུངས།། ཕྱི་མ་དྲི་མར་སྐམ་པ་དང།། མ་དོ་ལ་ནི་ཁུ་བ་དག། དགྲ་ཡི་གཟུགས་བརྙན་ལ་བསྐུས་ན།། ལྷ་ཡིས་བསྲུངས་ཀྱང་འཆི་བར་འགྱུར།། ཨོཾ་སུ་ཏྲི་ཧ་ན་ཧ་ན་ཧཱུ~ཾ། མཱ་ར་ཡ་མཱ་ར་ཡ།། ཙེ་ཏ་ཡ་ཙེ་ཏ་ཡ་སུ་ཏྲི་གྲི་བ་ཕཊ།། བདུད་རྩི་ར་སཱ་ཡ་ནའི་གཙོ།། ཆུ་དག་དཀར་པོ་རུ་རྟ་ཡི།། ཕྱེ་མ་བྱས་ཏེ་བླུད་བྱས་ལ།། རྒྱལ་པོ་བུད་མེད་དབང་དུ་འགྱུར།། དེ་བཞིན་གུ་གུལ་ལ་སོགས་རྫས།། གི་ཝཾ་སྨན་དང་སྦྱར་བའི་མཐུས། ། ཐམས་ཅད་དོན་ཀུན་སྟོན་བྱེད་དེ།། ཏྲི་ཡ་ཡོ་གའི་རིག་འཛིན་འགྲུབ།། དེ་ལྟར་སྦྱོར་བ་རྒྱ་ཆེན་རྫོགས།། ཐམས་ཅད་རབ་ཏུ་སྦྱར་པའི་མཐུས།། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། ཡོན་ཏན་ཆོས་ཀུན་རྫོགས་པར་བྱེད།། རཀྟ་ཞེས་ནི་འདིར་གྲགས་པ།། ར་སཱ་ཡ་ནའི་གཙོ་བོ་སྟེ།། རྩ་བ་མེ་ཏོག་འབྲས་བུ་རྣམས།། རིགས་མཐུན་བཟང་ཞིང་དམར་བའོ།། འབྲས་བུ་སྲན་མ་མ་ཤ་ཙམ།། གྱེན་དུ་འགྲེང་བའི་སྙེ་མ་མཆོག། སྟོན་ཟླ་ར་བའི་ཉ་ལ་བཙལ།། ཁྲག་གི་ཉུང་མ་ཞེས་བྱའོ།། རློན་པའི་ཁུ་བ་བཙིར་བ་དང།། པདྨ་རཀ་ཏ་ཆ་མཉམ་བསྲེ།། ཨོཾ་ན་མོ་རཱ་ག་རཀ་ཏ་མུ་ལ་བུ་ན་སྭཱ་ཧཱ། འགྲོ་བ་དབང་བྱེད་དམ་པ་འདི། ། ཆགས་པའི་བདུད་རྩི་ཆེན་པོ་ཡིན།། མེ་ཏོག་ཐ་སྐར་གཞོན་ནུ་ཉིད།། ས་བོན་ཁུ་བ་ཀུན་འཕེལ་བྱེད།། སྙེ་མ་ཟུར་གསུམ་ཏིལ་གང་འདྲ།། རྡོ་རྗེ་བྲག་ཀྱང་འཇོམས་པར་ནུས།། བྱང་ཆུབ་སེམས་དང་རུས་པ་ཡི། ། སྦྱོར་བྱེད་སྟོབས་ཀྱིས་ཀུན་རྒྱལ་བའོ།། རུས་པ་སྲ་མཁྲེགས་རྡོ་རྗེར་འགྱུར།། ཕྱག་ན་རྡོ་རྗེའི་མཐུ་དང་མཉམ།། དབང་པོའི་ལག་དང་གནོད་སྦྱིན་ལག། ལྔ་དང་བཞི་གསུམ་བྱེ་བྲག་གིས། ། སྡོང་བུ་ཡལ་ག་མཛེས་པར་བྱེད།། སྙེ་མ་ཟུར་གསུམ་མདའ་སྒྲོ་འདྲ།། དབྱར་ཟླ་ཐ་ཆུང་ཉ་ལ་བརྐོ།། སྒྲུབ་པོའི་ལག་མཐིལ་གཡོན་དུ་བཞག། དངོས་གྲུབ་བླང་བའི་ཕྱག་རྒྱ་ཡིན།། ལུས་ལས་བྱུང་བའི་དྲི་ཆེན་དང། ། ཛཱ་ཏི་ཉུང་དཀར་ཆ་མཉམ་པས།། ཕྱི་ནང་དུག་རྣམས་སེལ་བྱེད་ཅིང།། བདུད་རྩི་ཆེན་པོའི་མཆོག་ཏུ་འགྱུར།། སྲིན་པོ་འཇོམས་བྱེད་རྣ་བ་གཉིས།། མཆོག་ཆེན་ལྔ་ཡི་རྣ་བར་སྦྱར།། སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། ། རྣ་བའི་མངོན་ཤེས་ཐོབ་པར་བྱེད།། བ་ཧུ་མིག་གི་མེ་ཏོག་དང།། མཁའ་ལྡིང་ཚོགས་ཀྱི་མིག་སྦྱར་བས།། རྡོ་རྗེ་ཨན་འཛའ་ནག་པོ་བཞིན།། མིག་གི་མངོན་ཤེས་རྫོགས་པར་འགྱུར།། ཙི་ཏྲ་ཀ་དང་སྙིང་ཞོ་ཤ། མི་མཆོག་སྙིང་དང་སྦྱར་བྱས་པས།། མངོན་ཤེས་ལྔ་ཡི་དངོས་གྲུབ་དང།། བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་སྐྱེ།། གི་ཝཾ་ཀུན་ཏུ་མ་ཉམས་པ།། གོ་རོ་ཙ་ནའི་རིགས་ཀུན་སྦྱར། དེ་དག་བན་གླང་རིགས་ཅན་གྱིས། ། དངོས་གྲུབ་ཐམས་ཅད་སྟོན་པར་བྱེད།། གོ་རོ་ཙ་ནའི་རིགས་རྣམས་དང།། ཐང་ལ་ཧ་ཡི་རྩ་བར་སྦྱར།། མདངས་ཀྱི་དངོས་གྲུབ་སྐུ་ཐོབ་ཅིང།། དུས་རྣམས་ཀུན་ཏུ་རྒྱས་པར་འགྱུར།། མེ་ཏོག་ཁ་འབར་ལྕེ་བཞི་དང། ། ལྕེ་རྣམས་ཀུན་ཏུ་སྦྱར་བྱས་པས།། དབང་པོ་ལྗགས་ཀྱི་དངོས་གྲུབ་དང།། སྤྱན་རས་གཟིགས་ཀྱི་ལས་རྣམས་འཕེལ།། མེ་ཏོག་རྨ་ལོ་འཁྲི་འཁྲི་དག། ག་ན་རིགས་གཉིས་འབྲས་བུར་སྦྱར།། ཆ་སྙོམས་བཏགས་ཏེ་ཕྱེ་མར་བྱས། ། ཟླ་བ་གཟའ་ཡིས་ཟིན་པའི་ཚེ།། ཡི་དམ་ལྷ་ལ་མཆོད་བྱས་ཤིང།། དེ་དག་ཆང་དང་སྦྱར་ཏེ་བཏུང།། སྐད་ཅིག་ཡུད་ཀྱིས་འགྲུབ་པ་སྟེ།། རྟ་མགྲིན་དབང་གི་དངོས་གྲུབ་ཐོབ།། སེམས་ཅན་རྣམས་ཀྱི་ལྕེ་དང་སྦྱར། ། ར་སཱ་ཡ་ནའི་གཙོ་བོར་འགྱུར།། སྣ་དང་རྣ་བའི་མེ་ཏོག་དང།། ལེགས་པར་སྦྱར་ཏེ་བསྒྲུབ་བྱས་པའི།། རི་ལུ་རང་གི་རྣལ་འབྱོར་ན།། ཚངས་པའི་གསུངས་དབྱངས་སྒྲོགས་པར་འགྱུར།། དུང་དང་འབྲུག་རུས་ཐ་ཀར་དང། ། སེམས་ཅན་རུས་པ་གང་རུང་སྦྱར།། ལུས་ཀྱི་རྡོ་རྗེ་མངོན་ཤེས་འཐོབ།། ར་སཱ་ཡ་ནའི་གཙོ་བོ་ཡིན།། རྒྱ་མཚོ་ལྦུ་བ་འདུས་པའི་ཆུ།། སྣ་ཚོགས་ཆུ་དང་གངས་ཀྱི་རླན།། ལན་ཚྭ་སྣ་ཚོགས་དྲི་ཆུ་རྣམས། ། རྡོ་རྗེ་ཆུ་ཡི་བདུད་རྩི་སྟེ།། ཕྲིན་ལས་འགྲོ་བའི་དོན་འགྲུབ་བོ།། དེ་དག་ར་སཱ་ཡ་ནའི་མཆོག། ཕྱི་ནང་སྣ་ཚོགས་སྦྱར་ནས་འགྲུབ།། བཅུད་ཀྱི་དམ་པ་ཀུན་བསྡུས་པའི།། བདུད་རྩི་ཆེན་པོའི་དོན་སྤྱོད་པའི། ། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན།། སྣ་ཚོགས་རྣམ་པར་བཀོད་བྱས་པ།། དེ་དག་བསྒྲུབ་པའི་རྫས་རྣམས་ཏེ།། རང་བཞིན་གཅིག་པའི་དངོས་གྲུབ་མཆོག། ཡང་དག་རྩ་བ་བརྒྱད་དང་སྦྱར།། ཕྱི་དང་ནང་གི་དབྱེ་བ་ཡིས། ། སྣ་ཚོགས་སྣང་བ་ཐ་དད་དེ།། རང་བཞིན་བདུད་རྩི་ཆེན་པོའི་རྫས།། ཡང་ན་རྩ་བ་བརྒྱད་དང་སྦྱར།། འགོའུ་ཅི་ཧྭང་དང་ལེ་ལེ་ཧྭང།། འགི་ཧྭང་ཅི་ཧྭང་ར་སཱ་ཡན།། ག་པུར་མུ་ཏིག་ལན་ཚྭ་རྣམས། ། འདི་དག་རྩ་བརྒྱད་ལ་སོགས་རྫས།། མཁས་པ་རྣམས་ཀྱིས་བསྒྲུབ་པར་བྱ།། དཀྱིལ་འཁོར་གསང་བ་ཡང་དག་གནས།། བསྙེན་བསྒྲུབ་བཞི་དང་ཕྱག་རྒྱ་བཞི།། ཐམས་ཅད་གཉིས་མེད་རོལ་པ་ཉིད།། ཕྱག་རྒྱའི་དཀྱིལ་འཁོར་ཀུན་སྤྱོད་པའོ། ། ཇི་བཞིན་བྱིན་གྱིས་བརླབས་པའི་མཐུས།། ཐམས་ཅད་བདུད་རྩི་ར་སཱ་ཡན།། དེ་དག་རིགས་རྣམས་བཀོད་པའི་རྫས།། རང་གི་དཀྱིལ་འཁོར་སྔགས་ཀྱིས་སྦྱར།། ཐམས་ཅད་རབ་ཏུ་སྦྱོར་བྱས་པས། ། ཐམས་ཅད་གནས་ཀུན་ངོ་བོར་འགྲུབ།། བདུད་རྩི་ཆེན་པོ་ལྔ་རྣམས་ལ།། རྩ་བ་ཡན་ལག་ཀུན་ལྡན་པས།། བྱེ་བྲག་རང་གི་ལས་གྲུབ་པའི།། སྦྱོར་བ་སྣ་ཚོགས་བསྟན་པ་ཡིན།། ཇི་ལྟར་རྫས་ནི་གཅིག་གཉིས་ལ། ། གྲོགས་སོགས་སྟོབས་ཀྱི་སྣ་ཚོགས་པ།། བྲེ་བྲག་སྟོབས་ཀུན་སྟོན་པར་བྱེད།། རྡོ་རྗེའི་རིགས་ཀུན་འགྲུབ་བྱེད་པའི།། བྱང་ཆུབ་སེམས་ཀྱི་ཡན་ལག་ཚོགས།། ཀླད་པ་གཞུང་པ་ཆུ་བ་དང།། བེ་ལ་གཞུང་གནས་རྒྱུ་བའི་ལམ། ། གཤེགས་ཤུལ་ཕོ་བྲང་ཚུལ་དག་གིས།། སྦས་པ་ནང་གི་གནས་སུ་བསྟན།། མིག་དང་སེན་མོ་སོ་སྐྲ་སྤུ།། མཐར་ཕྱིན་ཕྱི་ཡི་གནས་དག་གོ།། མི་ཁྱི་རྟ་དང་བ་དག་གི། འོ་མ་ནང་གི་གནས་ཡིན་ཏེ། ། གཉིས་སུ་སྱ་སྣུམ་ཁུར་མཱང་ས་དང།། ཤང་ཤང་གྲེའུ་འདྲ་ཕྱིའི་གནས།། བྱ་ཁྲི་སེང་ཁྲི་རྒྱ་སྤོས་དང།། ནཱ་ག་གེ་སར་ཨ་ཀ་རུ།། སྙིང་ཞོ་ཐ་ཀར་རྡོ་རྗེ་དབང་པོ་ལག། སྣ་འདྲེན་སྦྱར་བ་ཀུན་གྱི་སྨན།། བོང་ང་དཀར་པོ་ཤུ་དག་དཀར། ། ཡ་བག་ཀྵ་ར་ཀ་ཀོ་ལ།། འཇམ་འགྲས་ཏིལ་དཀར་སེ་འབྲུ་དང།། ཟི་ར་ཤེལ་ཚ་ཅོང་ཟི་གསུམ།། ནེའུ་ཤིང་ཐ་ཀར་རམ་ཉེ་བ།། གོ་རོ་ཙ་ན་རུས་པའི་ཚོགས།། མཚལ་བུ་ཙིཏྟ་མདོག་དཀར་ཞིང། ། མངར་བའི་རོ་མཆོག་ཚད་མཉམ་པ།། དེ་དག་བྱང་ཆུབ་སེམས་ཀྱི་སྡེ།། རང་གི་དཀྱིལ་འཁོར་ཕོ་བྲང་ངོ།། བདུད་རྩི་དྲི་ཆེན་ལས་འཕྲོས་པ།། སློབ་དཔོན་ཡུམ་དང་དྲང་སྲོང་མཆོག། རྟ་གླང་བྱ་དང་ཁྱི་རྣམས་ཀྱི། ། ནང་དང་ཕྱི་ཡི་རྫས་ཚོགས་པ།། ཆ་མཉམ་ཚད་ཀྱིས་རྣམ་པར་གཞལ།། རྡོ་དྲེག་ལྕག་རོ་ཤིང་རྩི་དང།། ཆུ་དྲེག་རྡོ་ཐལ་ཤིང་ཐལ་དང།། ལྕི་དཀར་སྡོང་རོའི་སྙིང་པོ་དག། བདུད་རྩི་སྙིང་པོ་ཕུད་དུ་སྦྱར།། སེང་གེ་ཛཱ་ཏི་ཤིང་ཚ་དང། ། རུ་རྟ་སྐྱོབ་ཕྲི་ཉུང་དཀར་དང།། ཆུ་སྲིན་སྡེར་མོ་རྭ་ཚྭར་བཅས།། སྨན་གྱི་མཆོག་ཏུ་བཤད་པ་ཡིན།། ཨ་བར་རྣམ་གཉིས་གསེར་མེ་ཏོག། གུ་གུལ་གླ་སྒང་ཡུང་བ་དང།། ཆུ་ཤེལ་བྲག་ཞུན་ཀ་ཤོ་དང། ། དཀར་སེར་རིགས་ཀུན་ཁ་བར་སྦྱར།། ཤ་ཡི་རིགས་རྣམས་རྣམ་བཀོད་པ།། ལྕེ་སྙིང་མཁལ་མ་བཤུལ་ཤ་དང།། ཡན་ལག་བཞི་ཡི་ཕྱི་དང་ནང།། ཁྱུ་མཆོག་མ་ཧེ་རྟ་རྒོད་དང།། རྐྱང་གླང་གཟིངས་ཚོགས་པའི། ། ཧ་ས་དེ་བ་ག་པུར་དང།། སུག་སྨེལ་ཕོབ་སྣ་རྟ་དང་རྐྱང།། ནི་ལོཏྤ་ལ་ཙི་ཏྲ་ཀ། ཟི་ར་ནག་པོ་ཏིལ་ནག་དང།། ཏིག་ཏ་མེ་ཏོག་ལུག་མིག་སོགས།། རོ་བསྐལ་ཁ་དོག་སྔོན་པོའི་རྫས།། རྩ་བ་ཡན་ལག་བཅུད་ཀྱི་ལེན། ། ཁྲག་གི་རིགས་ཀུན་མངོན་བསྡུས་པ།། དེ་དག་ཐུགས་རྗེ་ཆེན་པོའི་རྫས།། གློ་སྙིང་མཆིན་པ་མཚེར་པ་དང།། མཁལ་རྩ་ནང་གི་གནས་བཞིའི་ཁྲག། བླ་མའི་གཟུངས་མ་ལས་འཛག་ཅིང། ། ཕྱི་ཡི་རྩ་ཕྲན་ནས་ཕྱུང་དང།། ན་ཆུང་ཟ་ཐོག་ཐོག་མའི་རྫས།། འདབ་ཆགས་སྡེར་ཆགས་རྨིག་ཟླུམ་དང།། རྩེ་གཉིས་འཆི་ཀ་ཆུ་ལ་གནས།། ཀན་ཏ་ཀར་དང་ཙན་དན་སྨུག། སྦྲང་རྩི་གྷན་དྷ་པ་ཏྲ་དང།། རྣམ་པར་བསྒྱུར་ཏེ་རྫས་ཀྱི་མཆོག། སྐྱུ་རུ་ར་མཆོག་ཤྲི་ཤིང་སྣ།། ཁ་རོ་དང་ཁ་ལི་ཤི་དང།། དམར་ཞིང་རོ་མཆོག་སྐྱུར་བ་ཀུན།། ར་སཱ་ཡ་ནའི་རྫས་མཆོག་གོ། གཞན་ཡང་འབྱུང་ཚོགས་གནས་ལས་གྲུབ།། ཁྲག་གི་གཙོ་བོ་ཉི་ཤུ་སྟེ། ། རིགས་མཐུན་སྦྱོར་བའི་གནས་བཅས་པས།། ཆགས་པ་ཆེན་པོའི་ལས་ཀུན་འགྲུབ།། ཀུན་ཏུ་དག་བྱེད་དྲི་ཡི་ཆུ།། དམ་ཚིག་ཆེན་པོའི་རྫས་རྣམས་ལས།། མཆོག་ཆེན་ཡོངས་སུ་དག་པའི་རྫས།། མཁའ་རྩ་ལྒང་པའི་བེ་དྷ་ལ། ། རྡོ་རྗེ་ཆུ་བའི་གནས་བྱུང་བས།། ནང་གི་ལས་ཀུན་སྦས་པར་སྟོན།། སློབ་དཔོན་ཕྱག་རྒྱ་བྱིས་པ་གཙང།། དམར་སེར་པ་ལས་བྱུང་བའི་ཆུ།། ཕྱི་རོལ་རྫས་ཀྱི་དག་བྱེད་ཅིང།། གཙོ་བོ་བརྒྱད་དུ་གནས་པས་འགྲུབ། ། གངས་ཆུ་སེར་བ་ལུ་མ་དང།། ཁྲོན་པ་ཆུ་ཀླུང་རྒྱ་མཚོའི་གནས།། ཅོང་ཞི་བྲག་ལས་བྱུང་བ་དག། དེ་དག་རིགས་རྣམས་འབྱེད་པའི་རྫས།། ཐམས་ཅད་དྲི་བཅས་ཤིང་ཀུན་དང།། ལྕེ་ཕོག་ལི་ཤི་བ་ལེ་ཀ། ། ཁྱི་ལྕེ་ནིམ་བ་ཀུན་དུ་ར།། སྔོན་བུ་མི་སྡོམ་ལི་ཀ་ངུར།། ཆུ་རྩི་ལྕུམ་ལ་སོགས་པའི་རྫས།། ཁ་དོག་ལྗང་ཞིང་རོ་སྐྱུར་ཀུན།། ཕྱི་ནང་རྫས་ཀྱི་ཀུན་ཏུ་དབྱེ།། དེ་ལྟར་རིགས་མཆོག་གཙོ་བོ་ཡི།། བྱིན་རླབས་དམ་ཚིག་བཀོད་པའི་རྫས། ། རྩ་བ་བརྒྱད་ལ་ཡན་ལག་སྟོང།། སོ་སོའི་དཀྱིལ་འཁོར་ཇི་བཞིན་གནས།། ཕྱི་ནང་འབྱུང་ཚོགས་མ་ལུས་ཀྱི།། ཐ་དད་རྫས་སོགས་མཐུན་བཅས་པ།། ར་སཱ་ཡ་ནའི་སྨན་རྣམས་ཀུན།། རིགས་ཀྱི་དཀྱིལ་འཁོར་གནས་སྦྱིན་སྤྱོད། ། གཙོ་དང་འཁོར་དུ་བཅས་པ་རྣམས།། མ་ལུས་ཀུན་ཏུ་རྣམ་པར་དག། ར་སཱ་ཡ་ན་ལ་སོགས་རྫས།། ཇི་སྙེད་འབྱོར་པ་མ་ལུས་ཀུན།། དཀྱིལ་འཁོར་ཐ་མ་བསྐོར་ཏེ་བཞག། རྩ་བ་བརྒྱད་དང་ཡན་ལག་སོགས། ། རྫས་རྣམས་སེམས་དཔའ་བཅུ་དྲུག་སྟེ།། སྣོད་དབྱིངས་སེམས་མ་བཅུ་དྲུག་གོ།། མིག་དང་རྡོ་རྗེ་ཆུ་བ་དང།། སྣ་ལ་བི་དང་ཤར་དང་ལྷོ།། ལྕེ་དང་པདྨ་ནུབ་ཀྱི་ཕྱོགས། ། རྣ་བ་ཙིཏྟ་བྱང་དུ་སྟེ།། ལུག་མིག་ཐ་ཀར་རྡོ་རྗེ་དང།། སྲི་ཤིང་དབང་པོའི་ལག་པ་དང།། ཁ་འབར་རྒུན་འབྲུ་ཀ་ཤོ་ཀ། སྙིང་ཞོ་ཤ་རྣམས་ཆེད་མཉམ་པ།། ཕྱོགས་བཞི་རང་གི་གནས་བཞི་བསྐོར།། ཚད་མེད་རྫས་ཀྱིས་བརྒྱན་པར་བྱ། ། རྩ་བ་སྡོང་བུ་ཤར་གྱི་ཕྱོགས།། ཡལ་ག་ལོ་མ་ལྷོ་རུ་སྟེ།། མེ་ཏོག་ཤུན་པ་ནུབ་ཀྱི་གནས།། བྱང་དུ་འབྲས་བུ་སྙིང་པོའོ།། དེ་ལྟར་སྦྱོར་བའི་རྫས་རྣམས་ཀྱིས།། རང་བཞིན་གྲུབ་པའི་མཐུ་བཅས་པ། ། ར་སཱ་ཡ་ན་ཚོགས་རྒྱས་ཤིང།། འཇིག་རྟེན་འདིར་གནས་གཞན་ཡང་འགྲུབ།། དེ་དག་རྟེན་འབྲེལ་མཐུ་བཅས་པས།། ལམ་ཀུན་མངོན་པར་སྟོན་བྱེད་ཅིང།། སོ་སོའི་གྲོགས་སྐྱབས་རྣམས་ཀྱིས་ནི།། རྒྱལ་དང་བློན་ཚོགས་བཞིན་དུ་གནས། ། དེ་ནས་རྣལ་འབྱོར་དབང་ཕྱུག་ཚོགས།། ལྷ་ཡི་དྲང་སྲོང་རིག་འཛིན་བཅས།། ལུས་ཀྱི་ར་སཱ་ཡ་ནའི་རྫས།། ངེས་པར་སྤྱད་པས་འགྲུབ་གྱུར་ཅིང།། བདུད་རྩི་གསང་བའི་དཀྱིལ་འཁོར་དུ། ། དབང་བསྐུར་དམ་ཚིགས་ལ་གནས་པས།། བྱང་ཆུབ་སེམས་ལྡན་སྙིང་པོའི་མཆོག། ཐབས་མཁས་འགྲོ་བའི་དོན་བསྐྱེད་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ་ལས།། ར་སཱ་ཡ་ན་སྒོ་མཐའ་ཡས་པར་བསྟན་པ་སྟེ། རིམ་པར་ཕྱེ་པ་གཉིས་པའོ།།།། དེ་ནས་རྣལ་འབྱོར་དབང་ཕྱུག་ཚོགས།། གཙོར་བཅས་ལྷ་མོའི་དཀྱིལ་འཁོར་གྱིས།། རང་གི་མཆོད་པའི་ཚོགས་བཅས་པས།། ཡང་དང་ཡང་དུ་དགྱེས་པར་མཛད། ། མི་གཉིས་ཡེ་ཤེས་ཆེན་པོའི་གནས།། ཐབས་མཁས་བྱང་ཆུབ་སེམས་དཔའི་དོན།། རང་བཞིན་བདུད་རྩི་གནས་རྒྱས་མཛད།། དོན་ཀུན་གསལ་བ་རྣམ་ཀུན་ཉིད།། ཀྱེ་མ་ཧོ་སྟོབས་མཆོག་རྣམ་སྤྱོད་པས། ། རང་རིག་དཀྱིལ་འཁོར་མ་འདྲེས་ཚོགས།། ཐམས་ཅད་ཆོས་ཀྱི་གནས་སུ་སྦྱོར།། འདི་དག་ཉེ་བར་སྤྱོད་བྱེད་པས།། ལས་ཀྱི་བྱ་བ་ཇི་ལྟར་བསྒྲུབ།། བདུད་རྩི་ཆེན་པོའི་རང་བཞིན་གང།། དཀྱིལ་འཁོར་སྔགས་དང་ཕྱག་རྒྱའི་ཚོགས། ། རྣལ་འབྱོར་ཚོགས་བཅས་གྲོལ་བྱའི་ཕྱིར།། དེ་དག་ཉེ་བར་སྟོན་པའི་རིགས།། དེ་ནས་བདེ་གཤེགས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་དབྱིངས་རྒྱ་ཆེན་ཀུན།། གཉིས་མེད་གཉིས་སུ་མེད་སྦྱོར་བའི། ། ལམ་མཆོག་འབྲས་བུ་དང་བཅས་པའི།། ཐུབ་པ་གཙོ་བོས་བསྟོད་བསྟན་བཞིན།། དུས་འདིར་བཀོད་པས་རྣམ་གསལ་མཛད།། ཐམས་ཅད་བྱང་ཆུབ་སེམས་ཉིད་མཆོག། ཕྱོགས་དུས་བདུད་རྩི་ཆེན་པོའི་གཞི། ། སྣ་ཚོགས་གཉིས་མེད་ཡེ་ཤེས་ཉིད།། ཐབས་ལྡན་འཇུག་པའི་ཡན་ལག་ཏུ།། ལས་རྒྱུད་སྨིན་ཅིང་གྲོལ་བྱའི་ཕྱིར།། དཀྱིལ་འཁོར་དབང་བསྐུར་དམ་ཚིག་དང།། བསྙེན་བསྒྲུབ་སྤྱོད་དང་ཕྲིན་ལས་དག། སྤྱི་དང་ཁྱད་པར་ནས་བརྩམས་ཏེ།། རང་རྟོགས་འཇུག་པའི་དོན་བཞིན་བཤད།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་མངོན་གསལ་བྱེད།། ཕྱག་རྒྱ་སྔགས་གསལ་ལ་སོགས་པས། ། ཐབས་མཁས་འབྲས་བུ་ལ་སྤྱོད་པའོ།། ཐོག་མ་མཐའ་མ་མེད་པའི་ཚུལ།། རང་བཞིན་ཆོས་སྐུའི་སྙིང་པོ་ཉིད།། ཟབ་ཅིང་རྒྱ་ཆེ་གཉིས་མེད་པའི།། དཀྱིལ་འཁོར་གནས་ཀུན་རྫོགས་པར་སྣང།། དུས་གསུམ་མཐའ་གནས་ཀུན་གསལ་ཞིང། ། མ་འདྲེས་ཆོས་ཚོགས་བརྩོན་བྱེད་པས།། རང་གི་དཀྱིལ་འཁོར་རིགས་བཞིན་དུ།། ཞིང་ཁམས་མཐའ་དག་རྣམ་པར་སྦྱོང།། ཕྱག་རྒྱ་ཆེ་མཆོག་ཀུན་གསལ་བས།། ཆོས་ཀྱི་ཕྱག་རྒྱ་རྫོགས་སྦྱོར་ཅིང། ། དམ་ཚིག་ཀུན་གྱི་གནས་འཇུག་པས།། ལས་ཀྱི་ཕྱག་རྒྱ་རྫོགས་པར་འགྱུར།། ཡོན་ཏན་ཐམས་ཅད་སྟོན་མཛད་དབྱིངས།། རིན་ཆེན་རིགས་ཀུན་རྫོགས་པའི་ཚོགས།། རིན་ཆེན་དཀྱིལ་འཁོར་ཆེ་གནས་བཞུགས། ། ཐབས་དང་ཤེས་རབ་རིན་ཆེན་སྦྱོར།། བདེ་བ་ཆེན་པོའི་ཕྱག་རྒྱ་ལས།། རྣམ་པར་འཕྲུལ་པའི་གཞན་རྒྱུད་བཞིན།། རིགས་ཀྱི་དཀྱིལ་འཁོར་ཀུན་རྫོགས་ཏེ།། རིགས་ཀྱི་མཚན་མའི་ཕྱག་རྒྱ་རྣམས། ། བསྲུང་ཉིད་ནོར་བུ་འབར་བ་ལ།། རང་གི་སྔགས་བཅས་རྟེན་སྦྱོར་བས།། ཐམས་ཅད་དཀྱིལ་འཁོར་གནས་རྣམས་རྒྱལ།། ཨོཾ་རཏྣ་སི་མོ་རྟ། ཏ་ར་ཏ་ར། མ་ཧཱ་ཆུ་ན་སི་དི་ཧཱུཾ་སྭཱ་ཧཱ།། རྡོ་རྗེ་བཅིངས་པའི་རྒྱ་ཆེན་པོ། ། རིགས་ཀྱི་སྦྱོར་བ་ཀླུ་གསལ་བ།། ཐབས་དང་ཤེས་རབ་འོད་ཚོགས་རྣམས།། རང་གི་གནས་སུ་བརྟན་པར་བསྡུས།། དེ་དག་བྱིན་རླབས་རོལ་པའི་མཐུས།། ཐམས་ཅད་རིན་ཆེན་དམ་ཚིག་མཆོག། རྡོ་རྗེ་བསྡམས་པ་བསྟན་བྱས་པས། ། གུང་མོ་གཉིས་ནི་སྨྱུག་གུའི་ཚུལ།། རང་མཛུབ་མཐེབ་ཆེན་རྩེ་སྦྱར་བས།། ཡོན་ཏན་རིགས་ཀྱི་དཀྱིལ་འཁོར་རྫོགས།། རྡོ་རྗེ་ཁུ་ཚུར་བཅིངས་པ་ལས།། གུང་མོ་མཐེབ་ཆེན་མཐེའུ་ཆུང་དག། རྩེ་སྤྲད་བསྒྲེང་སྟེ་གཞན་རྣམས་སྦེད།། ནོར་བུ་རིན་ཆེན་ཕྱག་རྒྱ་འདིས།། དཀྱིལ་འཁོར་ཀུན་ནས་ལས་ལ་གཞུང།། ཡོན་ཏན་དཀྱིལ་འཁོར་རྣམས་ཀྱིས་རྒྱས་འདེབས་པའི་མཚན་མའོ།། བདེ་གཤེགས་གཙོ་བོ་རིགས་ཀྱི་བདག། ཕྱོགས་བཅུའི་དཀྱིལ་འཁོར་སྒྲིབ་མེད་གཞི།། མཚན་དང་དཔེ་བྱད་རྒྱན་རྫོགས་པའི།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེ།། གཙོ་བོ་འཁོར་བཅས་གནས་སྤྱོད་མཛད།། འདི་དག་འཁོར་ལོ་ཆེ་གནས་པ། ། འཁོར་ལོའི་སྐྱིལ་ཀྲུང་སྦྱོར་བའི་ཚུལ། འཁོར་ལོ་ལྟ་བུས་ཀུན་སྤྱོད་ཅིང།། རིགས་ཀྱི་འཁོར་ལོ་རྒྱས་པའི་ཚོགས།། ཕྱག་རྒྱ་མཚན་མའི་སྐུ་སྦྱོར་བས།། ཐམས་ཅད་ཕྱག་རྒྱ་ཆེན་པོའི་དབྱིངས།། གསུང་གི་དཀྱིལ་འཁོར་ལ་གནས་པའི། ། འཁོར་ལོ་ཡི་གེའི་མཚན་མས་བརྒྱན།། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཡ། སྭ་བྷཱ་བ་བི་ཤུདྡྷ་པ་རི་བ་རེ་ཧཱུཾ་སྭཱ་ཧཱ།། དམ་ཚིག་ཆེན་པོས་སྟོབས་བྱེད་པའི།། ལག་གཉིས་རྒྱབ་བསྣོལ་སོར་མོ་རྣམས། ། འཁོར་ལོའི་ཚུལ་བཞིན་རྩེ་བསྣོལ་སྦྱོར།། ཕྱོགས་རྣམས་ཀུན་ཏུ་སྐོར་བྱེད་དེ།། རིགས་ཀྱི་དཀྱིལ་འཁོར་གནས་སུ་བཞག། རྡོ་རྗེ་ཁུ་ཚུར་ལས་བྱུང་བའི།། རྩེ་མོ་གདེངས་པ་འཁོར་ལོའི་རྒྱ། ། གཡོན་པས་བསྙེམས་བཅས་དབྱིངས་སྦྱོར་ཅིང།། རང་གི་ལས་ཀུན་སྟོན་བྱེད་པའོ།། སྐུ་ཡི་དཀྱིལ་འཁོར་གནས་རྣམས་སུ།། སངས་རྒྱས་ཀུན་གྱི་སྙིང་པོ་ཉིད།། མི་གཉིས་ཡེ་ཤེས་གསུང་གི་བདག། རིགས་ཀྱི་དཀྱིལ་འཁོར་ཆེ་གནས་བཞུགས། ། ཕྱག་རྒྱ་མཚན་མ་རྒྱན་དང་བཅས།། པདྨའི་དཀྱིལ་འཁོར་གནས་རྣམས་སུ།། པདྨའི་ཚུལ་དུ་སྦྱོར་མཛད་ཅིང།། པདྨའི་རིགས་ཀུན་དག་པའི་ཆོས།། ལས་ཀྱི་ཆོས་ཀུན་སྟོན་པའོ། ། ཆོས་རྣམས་ཀུན་གྱི་ཚོགས་བཅས་པས། ཆོས་ཀྱི་དོན་ཀུན་གསལ་བར་བྱེད།། པདྨའི་སྔགས་སུ་སྦྱར་བའི་མཐུས།། གསུང་དབྱངས་ཡན་ལག་ཀུན་རྫོགས་འགྱུར།། ཨོཾ་དྷ་རྨཱ+ོ་ཤུདྡྷ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷེ་ཛྙཱ་ན་སིདྡྷི་ཧཱུཾ་སྭཱ་ཧཱ། རྡོ་རྗེ་བཅིངས་པ་བསྐྱེད་བྱ་སྟེ།། སོར་མོ་མཐའ་གཉིས་གཤིབས་ཏེ་བསྒྲེང།། པདྨའི་འདབ་མ་ཁ་འབྱེད་ཚུལ།། དམ་ཚིག་སྔགས་ཀྱི་འཕྲོ་འདུ་བཅས།། རྡོ་རྗེ་ཁུ་ཚུར་ལས་བྱུང་བའི།། གུང་མོ་མཐེབ་ཆུང་རྩེ་སྦྱར་བསྒྲེང། ། པདྨའི་འདབ་མ་དྲི་མེད་སྤྱན།། ཆོས་རྣམས་ཀུན་གྱི་གནས་ཀུན་གཟིགས།། རང་གི་ལས་བཞིན་བསྐུལ་བྱས་ཏེ།། ལས་ཀྱི་དཀྱིལ་འཁོར་དག་པར་མཛད།། གསུང་གི་དཀྱིལ་འཁོར་རྒྱས་འདེབས་པའི་མཚན་མའོ། ། བདེ་གཤེགས་དམ་ཚིག་ཐུགས་ཀྱི་མཆོག། སྐུ་རྣམས་ཡེ་ཤེས་རིགས་ཀྱི་བདག། དེ་བས་གནས་ཀུན་སྦྱོར་མཛད་པའི།། མི་བསྐྱོད་རྡོ་རྗེ་དཀྱིལ་འཁོར་ཉིད།། ཁ་དོག་རྒྱན་བཅས་ཀུན་རྫོགས་པའོ། ། གཙོ་དང་སྤྲུལ་པར་བཅས་པ་དག། རྡོ་རྗེ་དཀྱིལ་འཁོར་གནས་བཞུགས་ཤིང།། རྡོ་རྗེ་སྐྱིལ་ཀྲུང་མཉམ་སྦྱོར་བས།། རྡོ་རྗེའི་རིགས་རྣམས་གསལ་བྱས་ཏེ།། ཕྱག་རྒྱ་ཆེན་པོ་རྫོགས་པར་འགྱུར།། སྒྲ་ཡི་རྒྱུན་བཅས་ཀུན་སྤྱོད་པའི། ། ལྕེ་ལ་རྡོ་རྗེ་རྩེ་ལྔ་ཉིད།། ས་བོན་སྔགས་བཅས་འཕྲོ་འདུ་ཡིས།། ཆོས་ཀྱི་དཀྱིལ་འཁོར་མཉམ་པར་སྦྱོར།། ཨོཾ་བཛྲ་མོ་ཧ་རི་ནི་ཤུདྡྷ་ས་མཱ+ོ་ཡཱ་སྭཱ་ཧཱ།། རྡོ་རྗེ་བཅིངས་པ་ལས་བྱུང་བའི།། གུང་མོ་བསྒྲེང་སྟེ་རྩེ་སྦྱར་ཅིང། ། སོར་མོའི་མཐའ་བཞི་བཀུག་བྱས་པ།། འོད་ཟེར་སྔགས་ཀྱི་སྔགས་ཀུན་སྦྱར།། རང་གི་ཕྱག་རྒྱ་ཀུན་གྱི་གནས།། དམ་ཚིག་ཆེན་པོའི་ཡེ་ཤེས་སྦྱོར།། རྡོ་རྗེ་ཁུ་ཚུར་བསྟན་བྱས་པའི།། སོར་མོའི་རྩེ་རྣམས་ཕྱོགས་བཞིར་གདོངས། ། སྣ་ཚོགས་ལས་རྣམས་རྫོགས་བསྐུལ་ཞིང།། གསང་སྔགས་མཐུན་པའི་དོན་ཀུན་སྦྱོར།། ཐུགས་ཀྱི་དཀྱིལ་འཁོར་རྒྱས་འདེབས་པའི་མཚན་མའོ།། ཐམས་ཅད་ཀྱིས་སྟོན་མཛད་པའི། ། ཕྱག་རྒྱ་ཇི་བཞིན་རྣམ་གསལ་བས།། སྐུ་ཡི་དཀྱིལ་འཁོར་རབ་ཏུ་རྫོགས།། རིགས་ཀྱི་ཚོགས་རྣམས་འབྱུང་བའི་གཙོ།། སྣ་ཚོགས་རྡོ་རྗེའི་གནས་བཞུགས་ཏེ།། སྣ་ཚོགས་རྡོ་རྗེ་ཞབས་མཉམ་སྦྱོར།། ཐབས་དང་ཤེས་རབ་དེ་དག་བསྐུལ། ། ལས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་པའི།། རྫོགས་པའི་གསང་སྔགས་ཕྲེང་བའི་ཚུལ།། སྣ་ཚོགས་རྡོ་རྗེ་ལ་གནས་པས།། གསང་སྔགས་ཡི་གེ་ཀུན་རྫོགས་ཤིང།། གནས་ཉིད་རང་གི་མཚན་མའི་རྒྱ། ། ཨོཾ་མ་ཧཱ་སུ་ཁ་ཀར་མ་གན་དྷ་རོ་ནི་ཤ་སརྦ་ཧཱུཾ་ཕཊ། དམ་ཚིག་ཕྱག་རྒྱ་བསྟན་པ་ཡི།། འཕྲོ་འདུ་ལས་ཀུན་རྣལ་འབྱོར་པ།། དེ་དག་རྡོ་རྗེ་བསྡམས་པ་ལས།། མཐེ་བོང་བསྣོལ་ཏེ་རྩེ་སྤྲད་ཅིང། ། དེ་བཞིན་གུང་མོ་མཐེའུ་ཆུང་དག། རབ་ཏུ་སྦྱོར་བས་སྣ་ཚོགས་ཉིད།། དམ་ཚིག་དཀྱིལ་འཁོར་ཀུན་གནས་སུ།། རང་རིགས་སྔགས་ཀྱིས་བརྟན་པར་འགྱུར།། རྡོ་རྗེ་ཁུ་ཚུར་བཅས་པ་ལས།། མཐེ་བོང་མཐེབ་ཆུང་གུང་མོ་དག། ལེགས་བསྒྲེང་གཡོན་པས་ཡུམ་སྦྱོར་བས།། ལས་ཀྱི་དཀྱིལ་འཁོར་ཀུན་རྫོགས་པའི།། རིགས་བཅས་ཀུན་བསྐུལ་བར་བྱེད།། ཕྲིན་ལས་ཀྱི་དཀྱིལ་འཁོར་རྒྱས་འདེབས་པའི་མཚན་མའོ།། སྔགས་འདི་རྣམས་ཡིག་ནོར་རྒྱུན་འབྱམས་མང་བ་དཔྱད་དགོས། ཨོཾ་རཏྣ་སྭཱ་ཏཱ་བ་ད་ཁ་ར་ནིར་ཏི་སྭཱ་ཧཱ།། ཨོཾ་གུ་ཎ་བཛྲ་དྷ་ར་ཧཱི་ས་མོ་ཡ་ཧཱུཾ། ཨོཾ་བཛྲ་དྷ་ར་ཡ་མི་མ་ཧཱ་སུ་གི་སྭཱ་ཧཱ། ཨོཾ་གུ་ཎ་སུ་ཏ་ཏ་ཐཱའ་ག་ཏོ་བ་ར་ཧྲི་ཧཱུཾ། ཨོཾ་གུ་ཎ་མ་རཱ་ག་སི་ག་སན་ཏི་སྭཱ་ཧཱ། ཨོཾ་གུ་ཎ་པདྨོ་དྷ་ར་བ་ནི་ཧཱུཾ། ཨོཾ་མ་ཧཱ་སུརྱ་བི་ད་ར་སྭཱ་ཧཱ། ཨོཾ་གུ་ཎ་ཀར་མ་བ་བུརྟ་ཧཱུཾ། ཨོཾ་དྷར་མ་ད་ར་ས་མུ་ཀ་ཧཱུཾ་སྭཱ་ཧཱ། ཨོཾ་གུ་ཎ་སྭཱ་ས་ཀ་ར་བཛྲ་ཧཱུཾ། མ་ཧཱ་ཙན་ད་ནི་ཀ་ར་སྭཱ་ཧཱ། ཨོཾ་གུ་ཎ་བི་ཀྲན་བཛྲ་ཧཱུཾ། མ་ཧཱ་ཨ་ཏུ་ལ་སྭཱ་ཧཱ། ཨོཾ་གུ་ཎ་སི་བརྟ་བཛྲ་ཧཱུཾ། མ་ཧཱ་བི་དྷ་ཛ་ར་ཀ་སྭཱ་ཧཱ། ཨོཾ་གུ་ཎ་ར་བ་ས་བཛྲ་ཧཱུཾ།། མ་ཧཱ་ཏེ་ཛ་སྭཱ་ཧཱ། ཨོཾ་གུ་ཎ་ས་མོ་ཧཾ་ཙཀྲ་ཧཱུཾཾ། མ་ཧཱ་བྱ་གྲི་ས་ལ་སྭཱ་ཧཱ། ཨོཾ་གུ་ཎ་ར་ཙ་ཙ་ཏྲ་ཧཱུཾ། མ་ཧཱ་ཏེ་ཧི་སྭཱ་ཧཱ། ཨོཾ་གུ་ཎ་ཨ་མྲྀ་ཏ་ཙཀྲ་ཧཱུཾ། མ་ཧཱ་དུ་ཤ་སྭཱ་ཧཱ། ཨོཾ་གུ་ཎ་ས་ཀ་ར་ཡ་ཙ་ཏྲ་ཧཱུཾ། མ་ཧཱ་བི་ཤྭ་རི་སྭཱ་ཧཱ། ཨོཾ་གུ་ཎ་རཱ་ག་སུ་ད་པདྨོ་ཧཱུཾ། མ་ཧཱ་བི་དྷ་སྭཱ་ཧཱ། ཨོཾ་གུ་ཎ་ཀ་རོ་རྟ་པདྨ་རྟ་ཧཱུཾ། ཨོཾ་གུ་ཎ་ཁ་ཀ་པད་མོ་ཧཱུཾ། མ་ཧཱ་ན་གུད་ཐ་སྭཱ་ཧཱ། ། ཨོཾ་གུ་ཎ་སཾ་བུད་ཏ་པདྨོ་ཧཱུཾ།། མ་ཧཱ་བུ་ཏི་སྭཱ་ཧཱ། ཨོཾ་གུ་ཎ་ཙན་དྷི་ཀར་མ་ཧཱུཾ། མ་ཧཱ་གན་དྷ་ར་སྭཱ་ཧཱ། ཨོཾ་གུ་ཎ་མུ་ཏྲ་ག་ཀར་མ་ཧཱུཾ། མ་ཧཱ་སྤྱིད་ཏ་སྭཱ་ཧཱ། ཨོཾ་གུ་ཎ་མི་ལོ་ག་ཀ་ར་ཧཱུཾ། མ་ཧཱ་ཨུད་སིད་ཐྱ་སྭཱ་ཧཱ། ཨོཾ་གུ་ཎ་ཏྲི་བི་ཤྭ་ཀར་མ་ཧཱུཾ། མ་ཧཱ་ཀུ་མུ་རི་སྭཱ་ཧཱ། ཨོཾ་གུ་ཎ་ལཱ་སྱེ་ཧཱུཾ། ཨོཾ་གུ་ཎ་ས་མཱ་ལེ་ཧཱུ~ཾ།། ཨོཾ་གུ་ཎ་གཱིརྟི་ཧྲི། ཨོཾ་གུ་ཎ་ནཱི་ར་ཏི་ཨཱ། ཨོཾ་གུ་ན་དྷཱུ་པེ་ཧཱུཾ། གུ་ན་པུཥྤེ་ཏཱཾ། གུ་ཎ་ཨ་ལོ་ཀོ་ཧྲཱིཿ། ཨོཾ་གུ་ཎ་གན་དྷེ་ཨ། ཨོཾ་གུ་ཎ་ཀི་ཏ་བཛྲ་ད་ར་བ་ནི་ཧཱུཾ། མ་ཧཱ་གུ་ཎ་ཨཾ་ཀུ་ཤ་ཛཿསྭཱ་ཧཱ། ཨོཾ་རཏྣ་སི་སོ་ཏ་རཏྣ་ར་ཏི་ཧཱུཾ། མ་ཧཱ་གུ་ཎ་པཱ་ཤ་ཧཱུཾ་སྭཱ་ཧཱ། ཨོཾ་རཏྣ་པད་མ་པ་དི་ཏྱ་ཁད་ཀ་ཧཱུཾ། མ་ཧཱ་གུ་ཎ་སྥོ་ཊ་པཾ་སྭཱ་ཧཱ། ཨོཾ་རཏྣ་ཨ་མྲྀ་ཏ་སུ་ཀ་ཡ་ཀར་མ་ཧཱུཾ། མ་ཧཱ་གུ་ཎ་གན་དྷེ་ཧོ་སྭཱ་ཧཱ། ཡོན་ཏན་རིན་པོ་ཆེའི་སྔགས་རྫོགས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲི་བཻ་རོ་ཙ་ན་ཧཱུཾ། མ་ཧཱ་ར་ཏི་ས་མ་ཡ་སྟྭམ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱ་ཧཱུཾ། བཛྲ་ཏེ་ཤ་ས་མ་ཏ་སྟྭམ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་སྭཱ་བྷཱ་ཝ་ཧཱུཾ། རཏྣ་རཱ་ག་ར་ཏི་ས་མ་ཡ་སྟྭམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མི་དྷེ་ཝ་ཧཱུཾ། པདྨ་རཱ་ག་ར་ཏི་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷི་ཧཱུཾ། ཀརྨ་རཱུ་ག་ར་ཏི་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཨོཾ་རཱ་ཛ་ཧཱུཾ། ཨོཾ་བཛྲ་རཱ་ག་ཧཱུཾ། ཨོཾ་བཛྲ་སཱ་དྷཱུ་ཧཱུཾ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་ཏེ་ཛྭ་ཏྲཱཾ། ཨོཾ་བཛྲ་ཀི་ཏུ་ཏྲཱཾ། ཨོཾ་བཛྲ་ཧ་ས་ཏྲཱཾ། ཨོཾ་བཛྲ་དྷརྨ་ཧྲཱིཿ། ཨོཾ་བཛྲ་ཏཱིཀྵྞ་ཧྲཱིཿ། ཨོཾ་བཛྲ་ཙཀྲ་ཧྲཱིཿ། ཨོཾ་བཛྲ་བཱག་ཧྲཱིཿ། ཨོཾ་བཛྲ་ཡཀྵ་ཧོ། ཨོཾ་བཛྲ་ཀརྨ་ཧཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་མུཥྟི་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨོཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨོཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨོཾ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨོཾ། ཨོཾ་ཙཀྲ་ལཱ་སྱེ་ཧཱུཾ། ཨོཾ་ཙཀྲ་མཱ་ལེ་ཏྲཾ། ཨོཾ་ཙཀྲ་གིར་ཏི་ཧྲི། ཨོཾ་ཙཀྲ་ནཱིར་ཏི་ཨ། ཨོཾ་ཙཀྲ་དྷཱུ་པེ་དྷཱུ། ཨོཾ་ཙཀྲ་པུཥྤེ་པུ། ཨོཾ་ཙཀྲ་ཨཱ་ལོ་ཀེ་ཧྲཱིཿ། ཨོཾ་ཙཀྲ་གནྡྷེ་གན། ཨོཾ་ཡ་མཱན་ཏ་ཀ་ཧཱུཾ། བཛྲ་མ་ཧཱ་ཤྲཱི་ཨ་མུ་ཀ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ་ཧཱུཾ། ཨོཾ་མ་ཧཱ་རཏྣ་ས་མ་ཡ་སྭཱ་ཧཱ། ཨོཾ་ཧ་ཡ་གྲཱི་ཝ་ཧཱུཾ། མ་ཧཱ་པདྨ་བི་གར་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾཾ། མ་ཧཱ་ཀརྨ་རཾ་པ་ནི་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོའི་གསང་སྔགས་རྫོགས་སོ།། ཨོཾ་པདྨ་མ་ཧཱ་སུ་ཁ་ཀ་ར་ཀ་ར་ཧཱུཾ་དུམ་སྭཱ་ཧཱ།། མ་ཧཱ་སིདྡྷི་ཨ་ནན་ཏ་ས་མུར་སྭཱ་ཧཱ། ཨོཾ་པད་མ་ཙཀྲུ་བཛྲ་ད་ར་ནི་ཧཱུཾ། མ་ཧཱ་སིདྡྷི་གུ་རུ་རཱ་ག་སྭཱ་ཧཱ། ཨོཾ་པདྨ་སང་ག་ར་ཙ་ཏྲ། མ་ཧཱ་ས་མུ་ཀ་ཙན་དེ་ཤྭ་རི་སྭཱ་ཧཱ། ཨོཾ་པདྨ་རཏྣ་བྷན་དྷརྱ་ནི་ཤུ་ལ་ཧཱུཾ། མ་ཧཱ་སིདྡྷི་ཙཀྲུ་ནེ་སྭཱ་ཧཱ། ཨོཾ་པདྨ་དྷ་ར་ཀརྨ་སིདྡྷི་ཧཱུཾ། མ་ཧཱ་ག་ག་ན་ཨ་མ་ལ་སྭཱ་ཧཱ། ཨོཾ་པད་མ་ཧཱ་ར་ག་ཧཱུཾ། ཨོཾ་ནི་དན་དྷ་སུརྱ་ཧཱུཾ། འདི་ནང་སྔགས་མཚན་གཉིས་མ་ཚང། ཨོཾ་པད་མོ་ཀསྨ་ར་ཧཱུཾ། པད་མོ་བ་ཡང་གུ་ཧཱུཾ། ཨོཾ་པད་མ་ནཱ་ལཾ་པ་ནི་ཏྲཾ། ཨོཾ་པདྨ་གཉའ་ན་བ་མོད་ཏེ་ཏྲྀ། ཨོཾ་པདྨ་ས་ར་ཡ་ནི་ཏྲཾ། ཨོཾ་པདྨ་དྷ་མ་སོ་ཁྱ་ཧྲྀ། ཨོཾ་པདྨ་ཙནྜ་ར་ཁ་ཧྲི། ཨོཾ་པདྨ་བི་སྐ་ལ་ས་བ་ཧྲི། ཨོཾ་པདྨ་ཀརྨ་སུ་ཡ་ཧ། ཨོཾ་པདྨ་ཏ་ཐཱ་ག་ཏོ་རྟ་རེ་ཧ། ཨོཾ་པདྨ་བི་སྦུ་ཏ་མང་ག་ལ་ཧ། ཨོཾ་པད་མ་ཧ་ནན་གར་པརྟ། ཨོཾ་དྷརྨ་ཏ་ལཱ་སྱེ་ཧཱུཾ། ཨོཾ་དྷརྨ་མཱ་ལེ་ཏྲཾ། ཨོཾ་དྷརྨ་གཱིར་ཏི་ཧྲི། ཨོཾ་དྷརྨ་ནིར་ཏི་ཨ།། ཨོཾ་དྷརྨ་དྷཱུ་པེ་དྷཱུ། ཨོཾ་དྷརྨ་པུཥྤེ་པུ། ཨོཾ་དྷརྨ་ཨཱ་ལོ་ཀེ་ཧྲཱི། ཨོཾ་དྷརྨ་གནྡྷེ་གན། ཨོཾ་ཡ་མཱན་ཏ་ཀ་ཧཱུཾ། མ་ཧཱ་བཛྲ་ཨཾ་ཀུ་ཤ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ་ཧཱུཾ། མ་ཧཱ་རཏྣ་པཱ་ཤ་ཧཱུཾ། ཨོཾ་ཧ་ཡ་གྲཱི་བ་ཧཱུཾ། མ་ཧཱ་པདྨ་སྥོ་ཊ་བཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཀུནྡྷི་ལི་ཧཱུཾ། མ་ཧཱ་དྷརྨ་གྷཎྜེ་ཧོ་སྭཱ་ཧཱ། པདྨའི་རིགས་གསུང་གི་དཀྱིལ་འཁོར་རྒྱ་ཆེན་པོའི་སྔགས་རྫོགས་སོ།། ཨོཾ་ཧཱུཾ་བཛྲ་དྷྲྀག། མཱུཾ་དྷཱ་ཏྭཱི་ཤྭ་རི་ཧཱུཾ། ཨོཾ་ཛི་ན་ཛིག། ལཱཾ་གྭེ་ཥ་ར་ཏི། ཨོཾ་སྭཱ་རཏྣ་དྷྲྀག། མཱཾ་མོ་ཧ་ར་ཏི་ཏཱཾ་སྭཱ་ཧཱ། ཨོཾ་ཨཱཾ་ཨཱ་རོ་ལྀཀ་པྱཾ་རཱ་ག་ར་ཏི་ཨཱཾ་སྭཱ་ཧཱ། ཨོཾ་ཧཱ་པྲ་ཛྙཱ་དྷྲྀཀ། ཏཱཾ་བཛྲ་ར་ཏི་ཧཱ་སྭཱ་ཧཱ། ཨོཾ་ཀྵིཾ་ཧི་རཱ་ཛཱ་ཡ་ཧཱུཾ། ཏྲཱཾ་ཨཱ་གརྦྷཱ་ཡ་ཧཱུཾ། ཧྲཱིཿཔདྨ་པཱ་ད་མ་ཧཱུཾ། ཛིཾ་ཀུ་རུ་པཱ་ཎ་ཡ་ཧཱུཾ། མཻ་དྷ་རཱ་ཡ་ཧཱུཾ། ཐླྷིཾ་ནིསྶ་རཾ་བྷཱ་ཡ་ཧཱུཾ། ཧཱུཾ་ས་ར་ཛཱ་ཡ་ཧཱུཾ། མུ་ཤྲཱི་ཨཱཾ་རཱ་གཱ་ཡ་ཧཱུཾ། ཧཱུཾ་བཛྲ་ལཱ་སྱེ་ཧཱུཾ། ཧཱུཾ་བཛྲ་མཱ་ལེ་ཏྲཱཾ། ཧཱུཾ་བཛྲ་གཱིར་ཏི་ཧྲཱིཿ། ཧཱུཾ་བཛྲ་ནིར་ཏི་ཨ། ཧཱུཾ་བཛྲ་དྷཱུ་པེ་ཧཱུཾ། ཧཱུཾ་བཛ་པུཥྤེ་ཏྲཱཾ། ཧཱུཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། ཧཱུཾ་བཛྲ་གནྡྷེ་ཧོཿ། ཨོཾ་བཛྲ་ཡ་མཱན་ཏ་ཀྲྀཏ་ཧཱུཾ། མ་ཧཱ་བཛྲ་ཨཾ་ཀུ་ཤ་ཛ། ཨོཾ་རཏྣ་བིགྷྣཱཾ་ཏ་ཀྲྀཏ་ཧཱུཾ། མ་ཧཱ་རཏྣ་པཱ་ཤ་ཧཱུ~ཾ། ཧཱུཾ་པདྨ་པདྨ་ཏ་ཀྲྀ་ཏ་ཧཱུཾ། མ་ཧཱ་པདྨ་སྥོ་ཊ་བཾ། ཧཱུཾ་ཀརྨ་པྲ་ཛྙཱནྟ་ཀྲྀཏ་ཧཱུཾ། མ་ཧཱ་ཀརྨ་གྷནྜེ་ཧོ། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོའི་སྔགས་རྫོགས་སོ།། ཨོཾ་ཤྲི་བི་ཤྭ་ཙན་དྷ་མ་གུ་ཏ་ར་ཧཱུཾ་སྭཱ་ཧཱ། མ་ཧཱ་སུ་ཁ་བ་དྷ་ཤུ་ས་ན་སྭཱ་ཧཱ། ཨོཾ་བི་ཤྭ་བཛྲ་དྷ་རོད་མ་ཧཱ་རུ་པ་ནི་ཧཱུཾ། བཛྲ་སུརྱ་ཀ་མ་ལ་མ་ཀུ་ཏ་ཡ་སྭཱ་ཧཱ། ཨོཾ་བི་ཤྭ་རཏྣ་ཨ་ཀ་ཏ་སི་དྱ་ནི་ར་ཧཱུཾ། མ་ཧཱ་རཏྣ་མུ་ཤྭ་རི་སྭཱ་ཧཱ། ཨོཾ་བི་ཤྭ་པདྨ་དྷ་ར་མ་སྭ་བྷ་ཝ་ཧཱུཾ། མ་ཧཱ་པདྨ་དྷཱ་རི་ཎི་སྭཱ་ཧཱ། ཧཱུཾ་བི་ཤྭ་འབུ་ཏ་མ་བུ་དྷ་ར་ཧཱུཾ། མ་ཧཱ་ཙན་དྷེ་ཧྱ་ཤྭ་རི་སྭཱ་ཧཱ། ཨོཾ་བཛྲ་སན་ཏེ་སཾ་བ་ར་ཧཱུཾ། ཨོཾ་བཛ་རཱ་ཙ་མ་ནི་ཤྭ་ར་ཧཱུཾ། ཨོཾ་བཛྲ་དུ་ཀ་སྟིར་ཡ་ཀ་ནི་ཧཱུཾ། ཨོཾ་བཛྲ་ཨ་མུ་ཀ་ག་ལི་ཧཱུཾ། ཨོཾ་བཛྲ་ཀརྨ་ཨུ་མི་ཤྭ་ཧཱུཾ། འདི་ནང་སྔགས་ཚན་བཅུ་སྐོར་ཆད། ཨོཾ་བི་ཤྭ་ལཱ་སྱེ་ཧཱུཾ། ཨོཾ་བི་ཤྭ་མཱ་ལེ་ཏྲཱཾ། ཨོཾ་བི་ཤྭ་གཱིར་ཏི་ཧྲཱིཿ། ཨོཾ་བི་ཤྭ་ནིར་ཏི་ཨ། བི་ཤྭ་དྷཱུ་པེ་དྷུ། བི་ཤྭ་པུཥྤེ་པུ། བི་ཤྭ་ཨཱ་ལོ་ཀེ་ཧྲཱིཿ། བི་ཤྭ་གནྡྷེ་གན། ཨོཾ་བི་ཤྭ་ཨ་མུ་ཀ་ཡ་མཱན་ཏ་ཀ་ཧཱུཾ། ཨཾ་ཀུ་ཤ་ཧཱུཾ་ཛཿ། ཨོཾ་བི་ཤྭ་མ་ཧཱ་བ་ལ་ཧཱུཾ། པཱ་ཤ་ཧཱུཾ་ཏྲཱཾ། ཨོཾ་བི་ཤྭ་ཧ་ཡ་གྲཱི་བ་ཧཱུཾ། སྥོ་ཊ་བཾ་ཧྲཱིཿ། ཨོཾ་བི་ཤྭ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། གྷཎྜེ་ཧོ་ཧཱ། ལས་ཀྱི་རིགས་ཀྱི་ཕྲིན་ལས་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོའི་གསང་སྔགས་རྫོགས་སོ།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། རང་གི་ཕྱག་རྒྱ་སྔགས་དང་བཅས།། ཉི་ཟླ་པདྨ་ལ་གནས་པའི།། འཕྲོ་འདུ་གནས་གསུམ་བརྟན་པར་འགྱུར། ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཆོས་དབྱིངས་ཡེ་ཤེས་གཉིས་མེད་པའི།། ཐབས་དང་ཤེས་རབ་མཉམ་སྦྱོར་བས།། ཕྱོགས་བཅུའི་དཀྱིལ་འཁོར་མཉེས་མཛད་ཅིང།། ཡབ་ཡུམ་དགའ་བདེ་གནས་གསལ་གྲུབ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཕྱོགས་བཅུའི་དཀྱིལ་འཁོར་ཀུན་ཁྱབ་མཛད།། ཐམས་ཅད་རྣམ་པར་སྤྲུལ་པའི་ཚོགས།། ཕྱི་ནང་གསང་བ་རྒྱ་ཆེན་པོའི།། མཆོད་པ་ཀུན་གྱི་མཉེས་པར་སྤྲོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཐམས་ཅད་གཉིས་མེད་བྱང་ཆུབ་སེམས།། རང་བཞིན་སྤྲོས་བྲལ་ཡེ་ཤེས་ཆེ།། དུས་གསུམ་རྣམ་པར་གསལ་བྱེད་པའི།། དམིགས་པའི་མཚན་རྟོག་ཡུལ་ལས་འདས།། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། རང་བཞིན་བྱང་སེམས་ཐུགས་རྗེའི་དངོས།། ཁམས་གསུམ་འོད་ཀྱིས་གསལ་མཛད་པའི།། གཉིས་མེད་བདེ་བ་ཆེན་པོའི་མཆོག། ནམ་མཁའ་སྤྲིན་ལས་གློག་བཞིན་བྱུང།། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། འདི་དག་རྣམ་ཀུན་ཡེ་ཤེས་ཉིད།། ཕྱོགས་བཅུའི་དཀྱིལ་འཁོར་མཐའ་ཡས་པ།། ཐུགས་རྗེ་དཀྱིལ་འཁོར་སྒྲིབ་མེད་པའི།། མཐུ་ལས་བརྟན་གཡོ་རྣམ་པར་འཕྲུལ།། ཐམས་ཅད་དོན་ཀུན་འབྱུང་བྱེད་པའི། ། རྐྱེན་གྱི་གསང་སྔགས་ཕྱག་རྒྱ་ཉིད།། རིགས་ཀྱི་དཀྱིལ་འཁོར་རྣམ་དག་པས།། དོན་ཀུན་གསལ་བ་འདི་ཉིད་དོ།། བྷྲུཾ་བི་ཤྭ་བི་ཤུདྡྷེ་ཙཀྲ་མ་དྷ་ལ་ཀརྨ་རག་ཤ་ཧཾ། ཨོཾ་ཙིཀྵུ་མ་དྷ་ལ་ཧཱུཾ། རྡོ་རྗེ་བསྡུས་པའི་དཀྱིལ་འཁོར་གྱིས། ། རིགས་ཀྱི་སངས་རྒྱས་ཀུན་སྦྱོར་ཞིང།། ཐམས་ཅད་གཉིས་མེད་ཆོས་ཀྱི་དབྱིངས།། རང་བཞིན་མ་བཅོས་མཐའ་ལས་འདས།། སྙིང་གའི་རྟེན་ཡིག་རྣམ་སྤྲོས་པས།། ཕྱོགས་བཅུའི་རྡོ་རྗེ་མཚོན་ཆའི་ཚོགས། ། མེ་འོད་འཕྲོས་པ་རྣམ་པར་འཁྲིགས།། རྡོ་རྗེའི་ར་བ་ས་གཞི་དང།། གུར་དག་གནས་ནས་གཏམས་བྱས་པས།། ཁྲོ་བོའི་ཚོགས་བཅས་འཁྲུགས་པའོ།། རང་སེམས་ཟླ་བ་རྒྱས་པ་ལས།། འོད་ཟེར་ཡི་གེ་གནས་བྱས་པས། ། ཞིང་ཁམས་ཆེན་པོ་དག་བྱས་ཏེ།། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད།། ཐུགས་རྗེ་ཉི་མ་ལ་གནས་པའི།། འོད་ཟེར་རྣམ་གསུམ་ཀུན་གསལ་ཞིང།། ཡི་གེའི་གང་བའི་ཚོགས་བཅས་རྣམས།། བྱང་ཆུབ་སེམས་ཉིད་ཡེ་ཤེས་སྐུ། ། རྟེན་དང་བརྟེན་བཅས་འཁོར་ལོ་བཞི།། དོན་ཀུན་ཡེ་ཤེས་ཆེན་པོའི་ཚོགས།། ངོ་བོ་གཉིས་མེད་བརྟན་བྱས་པས།། རིགས་ཀྱི་ཞིང་ཁམས་ཀུན་ཏུ་སྦྱོར།། དེ་དག་གཉིས་མེད་བརྟན་པའི་མཐུས། ། མཚན་མའི་ཡི་གེ་སྔགས་དང་བཅས།། རིགས་ཀྱི་དཀྱིལ་འཁོར་གསལ་བྱེད་ཅིང།། ཕྱག་རྒྱའི་དཀྱིལ་འཁོར་རྫོགས་པར་བསྐྱེད།། སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང།། བྱིན་རླབས་བརྟན་པས་གནས་ཀུན་སྦྱོར། ། རིགས་མཐུན་རིགས་དང་འཁྲིལ་པའི་སྐུ།། ཡེ་ཤེས་རྣམ་པར་གསལ་བའི་ཡུམ།། ཆོས་རྣམས་ཐམས་ཅད་རྣམ་པར་དག། བྱང་ཆུབ་སེམས་ཉིད་གང་བྱུང་བའི།། དཀྱིལ་འཁོར་དཀྱིལ་འཁོར་གནས་ལོངས་སྤྱོད། ། དཀྱིལ་འཁོར་ཀུན་གྱི་དཀྱིལ་འཁོར་རྫོགས།། རྒྱུ་དང་འབྲས་བུ་རིགས་མཐུན་པའི།། སྤྲུལ་བཅས་ཀུན་ཏུ་རྣམ་སྤྱོད་པ།། དེ་དག་རང་བྱུང་དཀྱིལ་འཁོར་གཙོ།། ཐམས་ཅད་སྐྱོང་བྱེད་རྒྱུ་འབྲས་ཉིད། ། རྣལ་འབྱོར་ཀུན་ཏུ་སྦྱོར་བའི་མཐུས།། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་རྫོགས།། དེ་དག་དེ་ལས་དེ་སྣང་བས།། ངོ་བོ་ཉིད་ཀྱི་རང་བཞིན་ནོ།། དམ་ཚིག་དཀྱིལ་འཁོར་མཉམ་སྦྱོར་བས།། དམ་ཚིག་གསུམ་གྱི་གནས་རྫོགས་འགྱུར། ། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཤིང།། གཉིས་མེད་བརྟན་པའི་ཕྱག་རྒྱ་ཆེ།། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀ་རུ་ཎཱི་ཀ་དྲྀ་ཤྱ་ཧཾ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། བཛྲ་ས་མ་ཡ་ཧོཿ། གཉིས་མེད་སྦྱོར་བ་ཆེན་པོའི་མཆོག། ཕྱག་རྒྱ་སྔགས་ཀྱི་སྐུ་སྦྱོར་ཅིང།། དཀྱིལ་འཁོར་ལྷ་རྣམས་བརྟན་བྱས་པས།། བདུད་རྩིའི་གནས་ཆེན་དོན་སྦྱོར་གྲུབ།། ཐོག་མར་གཉིས་མེད་སྦྱར་བའི་ཚོགས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། ། གྲོལ་བའི་ཆོས་ཀུན་ལ་སྤྱོད་དེ།། དཀྱིལ་འཁོར་གསང་བས་ཡང་དག་འཇུག། ལེགས་པར་སྤྱོད་པའི་ཆོ་ག་ཡིས།། གནས་ཀུན་དག་པར་སྦྱངས་བྱས་པས།། ལྷ་དང་རྫས་མཆོག་ལྷག་གནས་ཤིང།། ཡང་དག་རྫོགས་པའི་ཆོ་གས་སྤྱད། ། མི་སྤང་བ་དང་དང་དུ་བླང།། སྤྱད་པའི་དམ་ཚིག་བཅོ་ལྔ་བསྲུང།། ཤེས་བྱ་བསྒྲུབ་ལྔ་བསྲུང་བ་གསུམ།། ཉི་ཤུ་རྩ་བརྒྱད་གཙོ་བོ་མཆོག། སྟོང་རྩ་བརྒྱད་དུ་རྣམ་སྤྲོས་པས། ། ཐམས་ཅད་དོན་ཀུན་རྫོགས་པར་རྫོགས།། རང་བཞིན་མ་བཅོས་གཉིས་མེད་ཆོས།། དེ་དག་དམ་ཚིག་ཆེན་པོའི་གཞི།། བཞི་པོ་རྫོགས་ནས་ཀུན་ཏུ་བཟང།། ཐབས་ཀྱི་ཐེག་པ་བླ་མེད་པའོ།། ཞི་རྒྱས་དབང་དང་མངོན་སྤྱོད་དང། ། མནན་བཟློག་དྲུག་གི་གཅིག་ཏུ་སྦྱར།། ཁྲུ་ཚད་བཞི་དང་ལྡན་པ་ལ།། བཞིན་བཟང་མིག་གི་དཀྱུས་ཀྱང་རིང།། སྟོད་སྨད་ཕྱེད་ལ་སྐེད་པ་ཕྲ།། ཚིགས་པ་ཟླུམ་ཞིང་སོར་མོ་རིང།། ཡོན་ཏན་འོད་ཅན་བཅུ་གཉིས་ལོན། ། ཡེ་ཤེས་རིགས་ཅན་ཡིན་པས་ན།། ཐམས་ཅད་འགྲུབ་བྱེད་གཟུངས་ཀྱི་མཆོག། བཅུ་གསུམ་རྡོ་རྗེའི་རིགས་སུ་འགྲུབ།། དགའ་ཞིང་མདོག་དཀར་སྔགས་དང་ལྡན།། བཅུ་དྲུག་སྔགས་པས་ངེས་འགྲུབ་གནས། ། རིན་ཆེན་རིགས་མཆོག་ཡིན་པར་བཤད།། ཉི་ཤུ་རྩ་གཅིག་པདྨའི་རིགས།། སྤྱན་རས་གཟིགས་དབང་རྟ་མཆོག་གནས།། ཉི་ཤུ་རྩ་ལྔ་ལ་སོགས་དག། ཀུན་ཏུ་ལས་རྣམས་སྤྱོད་མཁས་པས།། ཐོགས་མེད་བྱང་ཆུབ་སེམས་ཕྱོགས་འདྲེན། ། ལས་ཀྱི་རིགས་ཚོགས་ཐམས་ཅད་འགྲུབ།། སུམ་ཅུ་རྩ་གཉིས་ཚུན་ཆད་ཀྱི།། མཚན་ལྡན་དགེ་བའི་སེམས་འཕེལ་ཞིང།། ཡིད་འོང་གྲོགས་ཀྱི་དམ་པ་སྟེ།། དེ་བཞིན་རིགས་ཀུན་འགྲུབ་པར་བྱེད། ། བདེ་ཆེན་འདུ་འབྲལ་མེད་པའི་གཟུངས།། རིགས་རྣམས་ལྷ་མོ་གང་བསྙེན་དག། ཕྱི་ནང་ཁྲུས་བྱས་དྲི་ཡིས་བྱུག། གོས་དང་རྒྱན་གྱིས་རབ་ཏུ་མཛེས།། ཛཱ་ཏི་ཕ་ལ་གུ་རུ་རྩེ།། ཀ་ཀོ་ལ་དང་ག་པུར་དང། ། ཨ་ཀ་རུ་དང་དུ་རུ་ཀ། གི་ཝཾ་གླང་པོའི་སྤོས་རྣམས་ཀྱིས།། ལུས་དང་ཁ་སོགས་བསྒོ་བྱས་ཏེ།། རིན་ཆེན་མེ་ཏོག་ཕྲེང་བས་བརྒྱན།། རས་འཇམ་དར་སྟན་ལ་སོགས་པས།། ཕྱོགས་རྣམས་ཀུན་ཏུ་རྣམ་པར་བཀླུབས། ། གསེར་གྱི་རྣ་ཆ་གདུབ་སྐོར་དང།། དོ་ཤལ་དཔུང་རྒྱན་སེ་མོ་དོ།། རིན་ཆེན་སྣ་ཚོགས་རྒྱན་རྣམས་ཀྱིས།། རིགས་ཀྱི་ལྷ་མོའི་ཚུལ་བཞིན་བརྒྱན།། ཇི་བཞིན་བདེ་བའི་སྟན་དག་ལས།། གཡོན་ཕྱོགས་དག་ཏུ་གཞག་པར་བྱ། ། བསྙེན་པ་དང་ནི་ཉེ་བསྙེན་དང།། སྒྲུབ་པ་དང་ནི་སྒྲུབ་ཆེན་པོའི།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། འཕང་དུ་སོར་བཞིའི་ཚད་དུ་སྟོན།། བདུད་རྩི་ལྔ་སོགས་རྫས་ཀྱིས་བྱུག། ཤ་ཆེན་གུ་གུལ་སྤོས་ཀྱིས་བདུག། དཀྱིལ་འཁོར་དེ་ལ་མངོན་ཕྱོགས་ཏེ།། ཐབས་དང་ཤེས་རབ་གསལ་བར་བསྒོམ།། སྤྱི་བོར་ཨོཾ་དཀར་འོད་ལྡན་པ།། ཟླ་བའི་དཀྱིལ་འཁོར་གནས་སུ་བཞག། ལྕེ་ལ་ཨཱཿདམར་པདྨའི་དཀྱིལ། ། ཐུགས་ཀའི་ཉི་མར་ཧཱུཾ་མཐིང་ག། ལྟེ་བར་སྭཱ་སྔོན་རིན་ཆེན་ལ།། རྐང་མཐིལ་ཧཱ་ལྗང་འོད་འབར་གནས།། པཾ་ལས་པདྨའི་མཁའ་དཀྱིལ་དུ།། གྲུ་གསུམ་མེ་འོད་འབར་འདྲ་བསམ།། ཉི་མ་ལ་གནས་རྡོ་རྗེ་ཉིད། ། ཧཱུཾ་ཨོཾ་སྭཱ་ཡིས་རྣམ་མཛེས་པའོ།། ཉོན་མོངས་ལྔ་རྣམས་སྦྱོང་བ་དང།། སྡུག་བསྔལ་ལྔ་རྣམས་ཚར་བཅད་ཕྱིར།། ལག་གཡས་གཞན་གྱིས་མི་ཐུབ་པ།། གཡོན་པ་རོ་ལངས་ཆེན་མོ་སྟེ།། དེ་ཡི་ཁ་ལ་ཁྲོ་གཉེར་ཅན། ། རལ་པ་གཅིག་མ་པདྨ་ལའོ།། གཡས་སུ་སྔགས་དང་ཁྲོ་མོ་བཞི།། སྔགས་དང་ཕྱག་རྒྱ་བརྟན་པར་སྦྱོར།། ཨོཾ་ཨཱཾ་ཧཱུཾ་སྭཱ་ཧཱ། ཡང་དག་དོན་གྱི་བདུད་རྩི་འདིས།། ཐམས་ཅད་གནས་ཀུན་སྦྱོར་མཛད་ཅིང། ། རིགས་ཀྱི་དཀྱིལ་འཁོར་མངོན་པར་སྦྱོར།། དོན་ཀུན་གསང་བ་སྟོན་བྱེད་པའི།། ཐབས་དང་ཤེས་རབ་དཀྱིལ་འཁོར་ཚོགས།། རང་བཞིན་ལྷ་མོ་རྒྱན་བཅས་པ།། མཛད་པ་བཅུ་གཉིས་འཕྲོ་འདུ་དང།། ཕྲིན་ལས་རྣམ་བཞི་ཀུན་གསལ་བྱེད། ། མར་མེའི་ཕྲེང་བ་ཇི་བཞིན་དུ།། ཆོས་རྣམས་ཐམས་ཅད་བདུད་རྩིའི་དབྱིངས།། ངེས་པར་བསྟན་པའི་དོན་ཆེན་འདི།། རིགས་ཀྱི་རྒྱལ་བས་ཀུན་ནས་སྦྱོར།། ཕྱག་རྒྱ་ཆེན་པོ་བཞི་ཡི་བདག། གཉིས་མེད་མཉམ་པར་སྦྱོར་བྱས་ཏེ།། ལྷ་ཡི་བདུད་དང་ཕུང་པོའི་བདུད།། ཉོན་མོངས་བདུད་དང་འཆི་བདག་བཅོམ།། ཐབས་དང་ཤེས་རབ་སྣ་ཚོགས་རྒྱུད།། དོན་རྟགས་གཉིས་མེད་ཡེ་ཤེས་ཉིད།། བདུད་རྩི་གསང་བའི་གནས་འཇུག་པས། ། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན།། མཁའ་ལས་སེམས་འཕྲེང་སྤྲོ་ཞིང་བསྡུ།། བྱང་ཆུབ་འཁོར་བ་མྱ་ངན་འདས།། བདུད་རྩི་ཆེན་པོའི་མཁའ་དབྱིངས་སུ།། སངས་རྒྱས་སེམས་ཅན་མཉམ་པར་སྦྱོར། ། སྟོང་གསུམ་ཆོས་རྣམས་སྣ་ཚོགས་ཀྱི།། མཚན་མར་བསྟན་པ་ཐམས་ཅད་ཀུན།། བདེ་ཆེན་ཉིད་ལས་གཞན་མ་ཡིན།། སངས་རྒྱས་ཀྱིས་ཀྱང་རྙེད་མི་འགྱུར།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན། ། བྱང་ཆུབ་སེམས་སུ་རྣམ་དག་པས།། སྐྱེ་མེད་ཡེ་ཤེས་ཡུམ་གྱི་དབྱིངས།། གཉིས་མེད་བདུད་རྩི་ཆེན་པོའི་མཆོག། ཡབ་ཡུམ་བདེ་བའི་ངང་དུ་གསལ།། འདི་ནི་སྙིང་པོ་བྱང་ཆུབ་སེམས།། ལུས་ཀུན་ཡོངས་སུ་འཁྱུད་པ་ཡིས། ། རྡོ་རྗེ་པདྨོ་གདན་བྱས་ཏེ།། བྱང་ཆུབ་འཁོར་བ་འཕེལ་བའི་རྒྱུན།། རང་སྣང་རྣམ་དག་བྱང་ཆུབ་སེམས།། ཕུལ་བས་དོན་ཀུན་རྫོགས་པ་ཉིད།། ཡོན་ཏན་ཕྲིན་ལས་རྨད་དུ་བྱུང།། ཨོཾ་བོ་དྷི་ཙིཏྟ་རཱ་ག་པཱུ་ཛ་ཧོ། ། བྱང་ཆུབ་སེམས་ཀྱི་དབང་བསྐུར་ཞིང།། དངོས་གྲུབ་ཆེན་པོའི་རྫས་ཀུན་སྦྱོར།། དཀྱིལ་འཁོར་བསྒྲུབ་པའི་གནས་དག་ཏུ།། མཚན་ལྡན་ཐོད་པར་རྫས་བསགས་ཏེ།། རིགས་ཀྱི་དཀྱིལ་འཁོར་གསལ་བྱས་པས། ། ར་སཱ་ཡ་ནའི་གནས་རྒྱས་འགྱུར།། ཐབས་ཀྱི་ཐེག་པ་མ་ལུས་ཀུན།། བདུད་རྩི་ཆེན་པོའི་གནས་འཇུག་པས།། ཡང་དག་ཡེ་ཤེས་སྦྱོར་བའི་སྟོབས།། དོན་ཀུན་གསལ་བར་སྟོན་པ་པོ།། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི། ། དོན་འདི་བསྟན་པའི་གནས་དགོངས་ཏེ།། མི་གཉིས་ཡེ་ཤེས་དཀྱིལ་འཁོར་གནས།། གསང་བའི་རྒྱུད་ཆེན་སྟོན་པར་མཛད།། དེ་ཚེ་རྣལ་འབྱོར་དབང་ཕྱུག་ཚོགས།། ཐབས་མཁས་བྱང་ཆུབ་སེམས་བཅས་པས། ། སྐུ་གསུང་ཐུགས་ཀྱི་བསྟན་པ་དག། སྣ་ཚོགས་འབྱོར་ཞིང་བཟུང་བར་བྱེད།། དགའ་མགུ་ཡི་རང་གུས་པ་ཡིས།། བདུད་རྩིའི་གནས་རྣམས་མངོན་པར་བསྟོད།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ་ལས། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་དུ་ཡང་དག་པར་སྦྱར་བའི་རིམ་པར་ཕྱེ་བ་གསུམ་པའོ།།།། དེ་ནས་ཞིང་ཁམས་ཐམས་ཅད་ཀུན།། རྒྱལ་བའི་བསྟན་པས་འདུལ་བའི་ཕྱིར། ། བློ་གྲོས་མཆོག་རྣམས་གྲོལ་མཛད་ཅིང།། ཐམས་ཅད་རིགས་བཅས་ཡང་དག་སྦྱོར།། དེ་ཚེ་ཉོན་མོངས་དྲེགས་པའི་སྟོབས།། ལས་ཀྱི་མཐུ་རྣམས་ཀུན་རྒྱས་པའི།། འགྲོ་བའི་གནས་ཆེན་བདག་པོ་དག། རང་གི་སྡེ་བཅས་ཀུན་ནས་རྨོངས།། ཉོན་མོངས་ལས་རྣམས་རྒྱུ་དང་རྐྱེན།། འབྲས་བུའི་བྱ་བ་ཐ་དད་ཀྱིས།། བདག་དང་གཞན་རྣམས་ཀུན་སྤྱོད་ཅིང།། དུག་གསུམ་ཉོན་མོངས་བདེ་བའི་མཐུས།། མེ་དཔུང་རི་བོ་མུན་པའི་ཚོགས། ། འཐོར་བྱེད་ཆུ་རླུང་རྦ་རླབས་ཀྱིས།། ཁམས་གསུམ་ཀུན་གྱི་གནས་བཅོམ་སྟེ།། རྩ་བ་ཡན་ལག་ཉོན་མོངས་རྒྱུན།། གྲོགས་ཀུན་སྤྱད་པས་རབ་ཏུ་རྒྱས།། རང་གི་སྡེར་བཅས་དཔུང་རྣམས་ཀྱིས། ། རིག་སྔགས་སྦྱོར་བས་ཕྱོགས་བཅུར་སྤྲོས།། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས།། ཡང་དག་ཐུགས་རྗེ་ཆེན་པོའི་ཐུགས།། ལྷ་མོའི་དཀྱིལ་འཁོར་མཆོད་པའི་ཚོགས།། ཕྱོགས་རྣམས་ཀུན་ནས་སྤྲོས་མཛད་ཅིང། ། མི་གཉིས་ཀུན་ཏུ་བཟང་པོ་ལ།། ཕྱོགས་རྣམས་ཀུན་ནས་གསོལ་བ་འདེབས།། ཐབས་དང་ཤེས་རབ་གཉིས་མེད་པས།། ཡེ་ཤེས་ལྷ་ཚོགས་ཐུགས་རྗེའི་བདག། རིགས་ཀུན་དཀྱིལ་འཁོར་སྟོན་མཛད་པ། ། ཁྱོད་ཀྱི་ཐུགས་རྗེས་བཟོད་ལགས་སམ།། ཁམས་གསུམ་དྲེགས་བྱེད་གནས་ཚོགས་འདི།། ཐབས་ཀྱིས་སྒྲོལ་བས་མི་འདུལ་ཞིང།། ཉོན་མོངས་ཀུན་སྤྱོད་གནས་རྒྱས་པས།། དུས་འདིར་ཡང་དག་ཐུགས་རྗེའི་མཐུས། ། ཤུགས་ཀྱིས་བསྒྲལ་བའི་དུས་ལ་བབ།། ཐབས་མཁས་མི་གཉིས་ཐུགས་རྗེའི་གནས།། དཀྱིལ་འཁོར་འཕྲུལ་པའི་དོན་ཀུན་གྱིས།། དེ་དག་མཐའ་ཡས་ལས་རྒྱུད་དག། ངེས་པའི་གནས་གཞན་རྒྱུད་བྲལ་ཞིང། ། མངོན་སྤྱོད་ཕྲིན་ལས་སྤྱོད་པར་འཚལ།། དེ་ནས་སངས་རྒྱས་ཀུན་ཏུ་བཟང།། ཆོས་དབྱིངས་ཡེ་ཤེས་ལས་བཞེངས་ཏེ།། རིགས་ཀྱི་དཀྱིལ་འཁོར་ཀུན་སྟོན་ཅིང།། ཡང་དག་ཐུགས་རྗེ་ཆེན་པོའི་མཐུས། ། ཁྲོ་བོའི་དཀྱིལ་འཁོར་མངོན་པར་མཛད།། ཞལ་གསུམ་ཕྱག་རྣམས་བཅོ་བརྒྱད་པའི།། དཔའ་བོ་མཐིང་ནག་འཇིགས་པའི་གཟུགས།། དུར་ཁྲོད་ཀུན་གྱི་རྒྱན་གྱིས་བརྗིད།། ཁྲོས་པའི་ཆ་ལུགས་ཀུན་སྟོན་པའོ། ། དཀར་སེར་དམར་དང་ལྗང་གུ་ལས། ཁ་དོག་འགྱུར་བའི་ཞལ་རྣམས་བརྗིད།། རྡོ་རྗེ་རལ་གྲི་པདྨ་ཕྲེང།། གྲི་གུག་འཁོར་ལོ་དགྲ་སྟྭ་དག། བདུད་རྩི་གཡས་ཀྱི་ཕྱག་ན་བསྣམས།། ཐོད་པ་ཞིང་དབྱུག་མི་མགོ་དང། ། རྒྱུ་ཞགས་གཡང་གཞི་མཆེ་བ་སྦྲུལ།། སྡིགས་མཛུབ་གཞུ་དང་དབྱུག་པ་གཡོན།། རང་འོད་ཡུམ་ལ་འཁྱུད་པའི་ཕྱག། རིགས་ཀྱི་བདག་པོས་དབང་བསྐུར་ཞིང།། གནས་ཀུན་ཕྱག་རྒྱའི་དཀྱིལ་འཁོར་རྒྱན། ། ཕྱོགས་བཅུར་འགྲོ་བའི་དོན་སྤྲོས་ཏེ།། ཡེ་ཤེས་བྱིན་རླབས་ཆེན་པོའི་གནས།། གཞལ་ཡས་ཁང་ཆེན་སྒོ་བཞི་པའི།། འཁོར་ལོ་འབར་བའི་ལྟེ་བ་ལ།། རིན་ཆེན་དྲེགས་བྱེད་གདན་ཚོགས་གནས། ། གཉིས་མེད་ཕྱག་རྒྱ་ཆེན་པོ་ཡིས།། ཕྱོགས་མཚམས་ཐམས་ཅད་སྤྲུལ་བྱས་ཏེ།། རིགས་ཀྱི་ཁྲོ་བོ་རྣམ་སྤྲུལ་པས།། ཕྱོགས་བཅུའི་བགེགས་རྣམས་འགུག་པར་བྱེད།། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཧཱུཾ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཨ་ཨ། ། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ།། གྲྀ་ཧྞ་གྲྀ་ཧྣ་ཧཱུཾ།། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུཾ་ཨཱ་ན་ཡ་ཧོ།། བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཁྲག་འཐུང་ཐུགས་ཀྱི་གསང་བ་ཉིད།། གསང་སྔགས་ཕྱག་རྒྱའི་ཚོགས་སྤྲོས་པས། ། ཕྱོགས་བཅུའི་བགེགས་རྣམས་འཇོམས་བྱེད་པའོ།། ཁྲོ་བོའི་རྒྱལ་པོ་འཇིགས་པའི་གཟུགས།། དཔལ་ཆེན་ཡེ་ཤེས་རྣམ་སྤྲུལ་ལྟར།། ཞིང་ཁམས་ཀུན་ཏུ་ལས་མཛད་པའོ།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ།། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་པདྨ་ཀུཎྜ་ལི་ཧཱུཾ། ཨོཾ་བཛྲ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ། སརྦ་དུཥྟཱན་ཕཊ།། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་ར་ཨཱའ་ཛྙཱ་པ་ཡ་ཏི། ཀཱ་ཡ་བཱ་ཀ་ཙིདྷ་བཛྲ་ཀཱི་ལ་ཡ་ཧཱུཾ། དཀར་དང་སེར་དང་དམར་པོ་དང།། ལྗང་གུ་སྔོ་སྐྱ་གསེར་གྱི་མདོག། ལེ་བརྒན་ལྗང་སྔོན་མཐིང་ག་དང།། དམར་སྐྱའི་མདོག་ལ་ཞལ་གསུམ་པ།། ཕྱག་དྲུག་མཚོན་ཆའི་ཚོགས་བསྣམས་ཤིང།། ཐོ་བ་རྡོ་རྗེ་པདྨ་དང།། རལ་གྲི་དབྱུག་པ་ཞགས་པ་ཉིད།། གཏུན་ཤིང་སྣ་ཚོགས་རྡོ་རྗེ་དང། ། རྡོ་རྗེ་སྡིགས་མཛུབ་རྩེ་གསུམ་ཚོགས།། རང་གི་ཡུམ་བཅས་རྣམ་པར་སྦྱོར།། ཐོད་སྦྲུལ་ཉི་ཟླ་རིན་ཆེན་ཚོགས།། དུར་ཁྲོད་རྒྱན་རྣམས་ཀུན་གྱིས་འཇིགས།། རིགས་ཀྱི་ལྷ་མོ་དང་བཅས་པའོ།། སྤྲུལ་པས་ཕྱོགས་བཅུ་ཀུན་ཏུ་གང། ། འོད་འཕྲོས་མེ་འོད་མཚོན་ཆའི་ཚོགས།། བགེགས་ཀྱི་རྒྱལ་པོ་ཀུན་བཀུག་པའི།། ཆུང་མ་གཡོག་དང་བྲན་བཅས་དང།། རང་གི་གནས་ཀུན་བསྡུས་བྱས་ཏེ།། འཇིགས་པའི་མཚོན་ཆས་ཐམས་ཅད་འཇོམས། ། བརྒྱ་བྱིན་གཤིན་རྗེ་ལ་སོགས་པའི།། འཇིགས་པའི་ཚོགས་བཅས་ངུ་འབོད་ཅིང།། ཉེས་པ་སྤྱད་པའི་ཚོགས་དྲན་ཞིང།། རང་གི་དཀྱིལ་འཁོར་གནས་སུ་འཁོད།། དེ་དག་སྤྲུལ་པ་ཡང་སྤྲུལ་དང། ། རིགས་ཀྱི་སྡེ་དཔུང་ཚོགས་བཅས་པས།། ཁྲོ་རྒྱལ་རྣམས་ལ་སྐྱབས་གསོལ་ཞིང།། སྔགས་དང་ཕྱག་རྒྱ་འབུལ་བར་བྱེད།། དཀྱིལ་འཁོར་གསང་བར་དབང་བསྐུར་ཏེ།། དམ་ཚིག་བསྟན་པའི་དབང་གཏད་ཅིང། ། ཕྱོགས་ཀྱི་བགེགས་རྣམས་འདུལ་མཛད་པ།། དམ་བཅས་ཕྲིན་ལས་བཞིན་དུ་སྤྱོད།། དེ་ཚེ་ཕྱོགས་བཅུའི་སྣང་བ་ཡི།། རྣམ་རྒྱལ་གཤིན་རྗེའི་གཤེད་པོ་དང།། རྟ་མགྲིན་ཁྲོ་བོ་བདུད་རྩི་འཁྱིལ། ། དབྱུག་སྔོན་མི་གཡོ་མགོན་པོ་དང།། འདོད་པའི་རྒྱལ་པོ་སྟོབས་པོ་ཆེ།། ཧཱུཾ་མཛད་པདྨ་འཁྱིལ་བ་ལ།། རང་གི་དམ་ཚིག་བསྟན་བྱེད་ཅིང།། རང་གི་ལུས་ཀྱང་གདན་དུ་འབུལ།། དེ་དག་ཐུགས་རྗེ་ཆེན་པོ་ཡིས། ། བདེ་བའི་ཡེ་ཤེས་བསྐྱེད་མཛད་ཅིང།། རྣམ་པར་སྒྲོལ་བའི་དཀྱིལ་འཁོར་དུ།། རང་གི་རིགས་ཀྱི་སངས་རྒྱས་འགྲུབ།། འཇིག་རྟེན་ཀུན་ལ་ཕན་གདགས་ཕྱིར།། ལས་སྐྱེས་གཟུགས་ཀྱི་གནས་མཛད་ཅིང། ། གསང་སྔགས་གསང་བའི་དཀྱིལ་འཁོར་དུ།། བགེགས་དང་འབྱུང་པོ་གཟིར་བར་མཛད།། བརྒྱ་བྱིན་ཚོགས་བཅས་གཤིན་རྗེ་དང།། ཀླུ་དང་གནོད་སྦྱིན་ཚོགས་ཀྱི་གདོན།། མེ་ཡི་བདག་པོ་སྲིན་པོ་རྒྱལ།། རླུང་དང་དབང་ལྡན་མཚམས་ཀྱི་བགེགས། ། ཉི་མ་ཟླ་བ་གཟའ་སྐར་དང།། ས་བདག་ལྷ་མོ་ལྷ་མིན་དང།། སྡེ་དཔུང་བློན་པོ་དམག་དཔུང་བཅས།། དེ་དག་རྗེས་སུ་འཇུག་བྱེད་དེ།། རང་གི་རྒྱལ་པོའི་རང་བཞིན་གནས། ། ཡང་དག་དོན་གྱི་སྟོན་བྱེད་ཅིང།། རིགས་ཀྱི་དཀྱིལ་འཁོར་གནས་རྒྱས་པས།། མ་འོངས་དོན་ཕྱིར་སྒྲུབ་པར་མོས།། དེ་དག་རྩོམ་པའི་དཀྱིལ་འཁོར་ཆེ།། འདྲེན་པའི་པདྨའི་དཀྱིལ་འཁོར་ལ།། ས་བོན་མཚན་མ་སྔགས་དང་བཅས། ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་མ་ཧཱ་སི་དི་ད་ར་ཧཱུཾ།། རྡོ་རྗེ་བསྡམས་པ་ལས་བྱུང་བའི།། གུང་མཛུབ་སྲིན་ལག་རྩེ་གསུམ་བསྒྲེང།། མཐེ་བོང་མཐེའུ་ཆུང་བསྣོལ་ཏེ་བསྡམས།། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིས། ། དཀྱིལ་འཁོར་གནས་ཀུན་བརྟན་བྱེད་ཅིང།། སྦྱཽར་བཅས་དམ་ཚིག་སྔགས་ཀྱིས་འགྲུབ།། རྡོ་རྗེ་ཁུ་ཚུར་བཅིངས་པ་ལས།། ལག་གཉིས་རྩེ་གསུམ་གཡས་དང་གཡོན།། ལས་རྣམས་མ་ལུས་ཀུན་སྦྱོར་བའི། ། ཕྱག་རྒྱ་གསང་བ་སྔགས་དང་བཅས།། དེ་ནས་འདྲེན་བྱེད་གཙོ་བོའི་མཆོག། བདུད་ཀྱི་རྒྱལ་པོའི་ཚོགས་འདུས་ཏེ།། ཚངས་པ་ཁྱབ་འཇུག་ལྷ་ཆེན་དང།། རྒན་བྱེད་གནས་བཅུའི་བདག་པོའི་ཚོགས། ། མཐུ་དང་རྫུ་འཕྲུལ་སྐུ་སྟོན་ཅིང།། སྡེ་དཔུང་དམག་བཅས་ཀུན་ཏུ་རྒྱུག། དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས།། བདེ་ཆེན་གཙོ་ལ་གསོལ་བཏབ་ཅིང།། དེ་དག་གནས་ཚོགས་ཞི་བྱེད་པའི།། དཀྱིལ་འཁོར་སྤྲུལ་པ་ཀུན་ནས་སྟོན། ། འབར་བའི་དཀྱིལ་འཁོར་གྲུ་བཞིའི་དབུས།། གཙོ་བོ་རྣམ་པར་སྤྲུལ་བྱས་ཏེ།། ཐམས་ཅད་འོད་བཅས་སྣང་བའི་མཐུས།། དཀྱིལ་འཁོར་གདན་ལ་ལེགས་པར་གནས།། རིན་ཆེན་འབར་བའི་ཁྲི་སྟེང་ན། ། ཉི་ཟླ་པདྨ་འཁོར་ལོར་བཅས།། གཙོ་བོ་ཆེ་མཆོག་ཧེ་རུ་ཀ། སྐུ་མདོག་སྨུག་ནག་འབར་བ་ལ།། ཉི་ཤུ་རྩ་གཅིག་ཞལ་ལྡན་ཅིང།། བཞི་བཅུ་རྩ་གཉིས་ཕྱག་གིས་མཛེས།། འཇིགས་པའི་ཆ་ལུགས་ཁྲོ་བོའི་བཞིན། ། ཞབས་བརྒྱད་རོལ་པའི་རིགས་རྣམས་སྐུ།། དཔལ་ཆེན་ཡང་དག་གདན་ལ་བཞུགས།། རྒྱུ་ཡི་ཧེ་རུ་ཀས་བརྒྱན་ཏེ།། ཞལ་གསུམ་ཕྱག་དྲུག་དཀར་བའི་མདོག། སྔོ་དང་དམར་བའི་ཞལ་གཉིས་མཛེས། ། རྡོ་རྗེ་འཁོར་ལོ་རིན་ཆེན་དང།། པདྨ་ཐོད་པ་བུམ་པའི་རྫས།། རིན་ཆེན་སྣ་ཚོགས་རྒྱན་དང་གོས།། གཙོ་བོའི་ཞལ་རྣམས་སྣ་ཚོགས་མདོག། འོད་བཅས་རིན་ཆེན་སྣ་ལྔའི་མདངས།། ཕྱག་རྣམས་ཞི་དང་ཁྲོ་བོ་ཡི། ། དཀྱིལ་འཁོར་གདན་བཅས་སྤྲུལ་ཚོགས་འཛིན།། ཁྲོ་མོ་དབྱིངས་ཀྱི་ཡུམ་ཆེན་མོ།། སྔོ་ནག་ཞལ་དགུ་ཕྱག་བཅོ་བརྒྱད།། ཞབས་བརྒྱད་རིགས་ཀྱི་ཁྲོ་བོ་གནོན།། སྒཻག་ལ་སོགས་པའི་གར་གྱིས་མཛེས།། དེ་དག་ཁ་དོག་སྣ་ཚོགས་པ། ། འོད་འཕྲོ་ཕྱག་རྒྱའི་མཚན་མ་དག། དབྱིངས་དང་ཡེ་ཤེས་མཉམ་པར་སྦྱོར།། རིགས་ལྔ་ཁྲག་འཐུང་ཆེན་པོ་རྣམས།། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ།། སྔོ་ནག་དཀར་སེར་དམར་དང་ལྗང། ། རང་གི་ཕྱག་རྒྱའི་མཚན་མ་ནི།། རིགས་ཀྱི་ཡུམ་བཅས་རྣམས་ལ་སྦྱོར།། ཁྲོ་བོ་ཆེན་པོ་བཅུ་གནས་སྦྱོར།། འཁོར་གྱི་མཁའ་འགྲོ་ཕྲ་མེན་དག། ཞལ་གཅིག་ཕྱག་གཉིས་འཇིགས་བྱེད་གཟུགས།། འཇིགས་པའི་རྒྱན་ཆ་ཀུན་གྱིས་མཛེས། ། རང་གི་རིགས་ཚོགས་སྤྲུལ་པར་བཅས།། སྒོ་བཞིའི་ཁྲོ་བོའི་རྒྱལ་པོ་དག་དཀྱིལ་འཁོར་ཀུན་ནས་ལོངས་སྤྱོད་པའོ།། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སྟྭཾ་ཧཱུཾ་ཛ་ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། ཨཱ་ར་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ཛ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ཛ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ཛ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ཛ།། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་སྟྭཾ་ཛ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ། ཧ་ལ་ཧ་ལ་མ་ཧཱ་ཛྭ་ལ་ཕཊ། ཨོཾ་བཛྲ་གོའུ་རཱི་ཧ། ཨོཾ་བཛྲ་ཙོའུ་རཱི་ཧ། བཛྲ་ཕྲ་མོ་ཧཱ་ཧ། བཛྲ་བེ་ཏཱ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་སིདྷ་མུ་ཁ་ཧེ། བཛྲ་བྱ་གྷྲཱི་མུ་ཁ་ཧེ། བཛྲ་སྲྀཾ་ག་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁ་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏང་ཛ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་མུ་ཁེ་ཧཱུཾ་ཕཊ། བཛྲ་ལོ་ཀ་བཾ་ཧཱུཾ་ཕཊ། བཛྲ་བ་ྷསྨི་ས་ལ་ཡ་བ་ཏུ་ཧོ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཧ་ལ་ཧ་ལ་ཧ་ལ་ཕཊ་ཕཊ་ཕཊ། ཡེ་ཤེས་འབར་བའི་དཀྱིལ་འཁོར་གྱི།། ཕྱོགས་བཅུའི་གནས་ནས་ཀུན་སྤྲོས་ཏེ།། ཁམས་གསུམ་དྲེགས་བྱེད་ཚོགས་རྣམས་ཀུན།། རང་གི་གནས་སུ་བརྒྱལ་བར་མཛད། ། ཀུན་ནས་འཇིགས་པའི་ང་རོ་དང།། ཞུམ་ཚིག་སྒྲ་རྣམས་འདོན་བྱེད་ཅིང།། སྡེར་བཅས་དཔུང་དང་མགོན་མེད་པ།། ཉེ་བར་དམན་པའི་གནས་སུ་འཁོར།། དེ་ཚེ་ཆེ་མཆོག་དཀྱིལ་འཁོར་ཚོགས། ། ཕྱོགས་བཅུ་ཀུན་ཏུ་རྣམ་སྤྲོས་པས།། ཞིང་ཁམས་བསམ་གྱིས་མི་ཁྱབ་པའི།། དྲེགས་བྱེད་ཚོགས་ཀུན་བཅོམ་བྱས་ཏེ།། རང་གི་རྒྱུ་འབྲས་དྲན་རྫོགས་བསྐྱེད།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ། གཉིས་མེད་རྡོ་རྗེ་ཆེན་པོ་འདི།། ཕྱོགས་བཅུའི་དཀྱིལ་འཁོར་གནས་གསལ་བ།། འགྲོ་རྣམས་ཉོན་མོངས་གནས་སུ་སྦྱངས།། ཉེ་བར་སྦྱོར་བའི་རྐྱེན་རྣམས་ཀྱིས།། བདུད་རྩི་ཆེན་པོའི་གནས་རྒྱས་སོ། ། འདི་དག་ཉེ་བར་སྤྱོད་པའི་མཐུས།། རང་གི་དོན་ཀུན་གསལ་བར་བྱེད།། དེ་ནས་སངས་རྒྱས་ཐམས་ཅད་དང།། བྱང་ཆུབ་སེམས་ཀུན་ཡི་རང་སྟེ།། མ་འོངས་རྣལ་འབྱོར་དོན་གྱི་ཕྱིར།། ངོ་མཚར་རྨད་བྱུང་ཉེ་བར་ཞུས། ། རང་གི་དཀྱིལ་འཁོར་ཇི་བཞིན་དུ།། རང་གི་སྒྲུབ་པ་ཆེན་པོ་ཀུན།། དེ་དག་ཉེ་བར་བསྒྲུབ་པ་ཡི།། བསྙེན་བསྒྲུབ་ཕྱག་རྒྱའི་ཚོགས་འཇུག་པ།། ཕྲིན་ལས་ཀུན་ཏུ་བསྟན་བྱེད་པའོ།། ཐབས་དང་ཤེས་རབ་གཉིས་མེད་པའི། ། ཕྱག་རྒྱ་ཆེན་པོ་གསལ་བྱས་པས།། ལྗགས་ལ་ས་ནུ་ཧེ་རུ་ཀ། མཚན་མ་ཡི་གེ་རབ་སྦྱོར་ཞིང།། སྙིང་པོ་ཕྱག་རྒྱ་སྔགས་དང་བཅས།། ཨོཾ་ཤྲཱི་མ་ཧཱ་ཀཱ་ཡ་སུ་ཁ་ཧེ་རུ་ཀ་སི་ཏ་དྷ་ར་ཛྙཱ་ན་གར་བྷ་ཧཱུཾ། ། རྡོ་རྗེ་བཅིངས་པ་བསྟན་བྱས་ཏེ།། བྷ་ག་ཆེ་དང་ལིངྒ་ཆེ།། ཡང་དག་སྦྱོར་བ་དགའ་མཛད་པ།། པདྨ་ལ་གནས་རྡོ་རྗེ་ཉིད།། དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིས།། རིགས་ཀྱི་དཀྱིལ་འཁོར་བསྟན་པར་མཛད།། རྡོ་རྗེ་ཁུ་ཚུར་ལས་བྱུང་བའི། ། ཐབས་དང་ཤེས་རབ་སྐུར་སྟོན་པའོ།། དེ་ནས་བདུད་དང་དྲེགས་བྱེད་རྣམས།། ཕྱོགས་རྣམས་ཀུན་ནས་སྡུད་བྱེད་ཅིང།། སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་གྱིས།། རང་རང་གནས་སུ་ངེས་པར་བསྒྲལ། ། ཡེ་ནས་རྒྱུ་ཉིད་དག་པ་ལ།། ང་དང་བདག་ཏུ་བཟུང་བའི་བློས། འཁོར་བའི་གནས་ཀུན་རྣམ་པར་འཕྲུལ།། ཁམས་གསུམ་དེ་དག་བསྒྲལ་བའི་ཞིང།། ཨོཾ་མ་ཧཱ་ཨ་ཙ་ལ་ས་མ་ཡ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང།། ཆོས་ཀྱི་སྐུ་ལས་བཞེངས་ནས་ཀྱང།། མི་རྟོག་ཐུགས་རྗེ་ཆེན་པོ་ཡིས།། ཁམས་གསུམ་ལས་ཀུན་རྣམ་པ་བཞི།། འཚེ་བའི་བདག་པོ་ཚེ་དང་སྲོག། ཐུགས་རྗེ་ཆེ་དང་ཤེས་རབ་དང། ། ཐབས་ལ་མཁས་པའི་བྱིན་རླབས་ཀྱིས།། འགྲོ་བ་མཐའ་དག་སྦྱོང་བར་མཛད།། བདུད་དང་གཤིན་རྗེ་འཁོར་བཅས་ཀུན།། གཉིས་མེད་རོལ་པའི་ཕྱག་རྒྱ་ཡིས།། ཐམས་ཅད་ཅིག་ཆར་བསྒྲལ་བྱས་ཏེ། ། རིགས་ཀྱི་དཀྱིལ་འཁོར་ཆེ་གནས་སྦྱོར།། ཨོཾ་སྭ་བྷཱ་བས་ཀ་ར་དྷེ་དྷ་ས་སི་སྟྭཾ། མ་ཧཱ་ཀ་རུ་ཎི་ཧཱུཾ་ཛ་ཛ། དྲེགས་བྱེད་རྣམས་ཀྱི་རྣམ་ཤེས་དག། ངེས་པར་གཟུགས་ལ་བབས་ནས་ནི།། མཁའ་འགྲོའི་ཞལ་ནི་ནུབ་ཏུ་བསྟན། ། ཕྱག་རྒྱ་བཞི་ཡིས་འགྲུབ་པར་བྱེད།། གནས་ཀྱི་སྒོ་འདི་སུ་ཡིས་གཅོད།། སེམས་ཀྱི་བདག་པོས་བཅད་དམ་ཅི།། གཟུང་འཛིན་རྐང་ལག་བསྣོལ་བའི་ཚོགས།། ཡུལ་ལས་འདས་པའི་དོན་གྱི་དབྱེ།། ཨོཾ་ཀ་ཏ་ཀ་རི་ཀན་དྷ་ཀན་པྲ་བེ་ཤ་ཕཊ། འབྱུང་བའི་སྒོ་རྣམས་བཅད་བྱས་ནས།། བདེ་གཤེགས་ཐུགས་རྗེ་ཁྱབ་པར་མཛད།། དྲེགས་བྱེད་མ་རུངས་ལྷ་ཆེན་རྣམས།། སེམས་ཀྱི་སྒོ་བཅད་རྣམ་འབྱེད་ཅིང།། རྡོ་རྗེ་འབར་བ་སྤུ་གྲི་ཡིས། ། ཉོན་མོངས་རྒྱུན་བཅས་གཅོད་བྱེད་ཅིང།། སེམས་ཀྱི་གནས་ཀུན་གཟུང་བར་མཛད།། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་གཉིས་སུ་བརྐྱང།། ཏ་ཀི་རྔམ་བརྗིད་འབར་བ་ཡིས། ། ཞབས་ཀྱིས་དཀྱིལ་འཁོར་ཀུན་མནན་ཅིང།། བགེགས་དང་འབྱུང་པོ་གཟིར་བའི་ཚུལ།། རྡོ་རྗེ་དྲག་པོ་རྟ་སྐད་བཅས།། ཨོཾ་མ་ཧཱ་ས་མ་ཡ་ཀི་ཤ་ཙི་ཏ་ཛྭ་ལ་ཧཱུཾ་ཕཊ། ཁམས་གསུམ་ནས་བྱུང་སེམས་ཅན་གནས། ། རྡོ་རྗེ་སྐུ་ཡི་ཁྱད་པར་གྱིས།། འོད་ཟེར་ཚུལ་དུ་བསྡུས་ནས་ནི།། དེ་དག་བདག་གི་ལུས་ལ་གཟུད།། སྤྲོ་བ་རྡོ་རྗེ་སྣ་ཚོགས་ཀྱིས།། སྐུ་གནས་ཡེ་ཤེས་མཆོག་ཏུ་སྦྱོར།། ཐར་པའི་ལམ་འབྱེད་དཀྱིལ་འཁོར་འདིར། ། སྐལ་ལྡན་བློ་ལ་འཇུག་པ་ལྟར།། དྲེགས་བྱེད་ལྷ་ཆེན་ཚོགས་སོགས་ནས།། རང་བཞིན་བདེ་ཆེན་གནས་སུ་སྦྱོར།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ།། ཐུགས་རྗེ་ཆེན་པོས་ཀུན་སྒྲོལ་ཞིང། ། ཞིང་ཁམས་གནས་ཀུན་རྣམ་དག་སྦྱོར།། ཆོས་ཉིད་སྐྱེ་འགག་མེད་པ་ལས།། བདེ་བར་གཤེགས་པ་འགྲོ་བའི་ཆོས།། གཉིས་མེད་དབྱིངས་སུ་གཅིག་པའི་རྒྱ།། སྐུ་ཡི་ངོ་བོ་མཉམ་པ་ཉིད། ། ཐམས་ཅད་སྙིང་པོ་བྱང་ཆུབ་སེམས།། མ་སྐྱེས་པ་ན་འགག་པ་འཇིག། བདག་ཉིད་མེད་ན་མཉམ་པའི་སྐུ།། ཐུགས་རྗེ་ཆེན་པོ་ཅིར་མི་མཛད།། ཡེ་ནས་དེ་ལྟར་གནས་བཞིན་དུ།། སེམས་ཅན་མ་རིག་རྨོངས་པའི་བློས། ། བདག་དང་གཞན་དུ་སོ་སོར་འཛིན།། རྟག་ཆད་མཐའ་རྣམས་མ་སྤངས་པས།། འཁྲུལ་པས་བསྟན་པའི་ཕུང་པོ་ལྔ།། ལོག་རྟོག་ཕྱིན་ཅི་ལོག་གིས་བཅིངས།། ཉོན་མོངས་སྡུག་བསྔལ་རྒྱུ་བསགས་ཏེ། ། འཁོར་བའི་འབྲས་བཅས་ཀུན་ཏུ་སྤྱོད།། མྱ་ངན་འདས་སོགས་མཐར་ཕྱིན་པས།། ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱུན།། དག་དང་མ་དག་གཉིས་ཀྱི་ཆོས།། བདེ་འགྲོའི་ལམ་ལ་སྒྲིབ་བྱེད་རྣམས།། རྟོག་པའི་མཚན་མ་ཀུན་སྦྱོང་པའི། ། མི་རྟོག་ཡེ་ཤེས་སྙིང་པོའི་ཆོས།། ཨོཾ་མ་ཐ་མ་ཐ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་ཏཱིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཡེ་ཤེས་འབར་བའི་མེས་བསྲེགས་ཏེ། ། མཚན་མེད་སྟོན་པས་རྣམ་པར་དག། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་འགྱེད།། གསུང་གི་མཐའ་ཡས་སེམས་ཅན་སྒྲོལ།། ཐུགས་མཆོག་ཚད་མེད་བཞི་དང་ལྡན། ། ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ།། ཚེ་དཔག་མེད་པས་དབང་བསྐུར་ཏེ།། ཡང་དག་ཉིད་ལས་ཡང་དག་སྒྲོལ།། ཡང་དག་སྒྲོལ་ནས་བདེ་ཆེན་ཐོབ།། མི་ལྡོག་རིགས་ཀྱི་དཀྱིལ་འཁོར་དུ།། རྒྱལ་བའི་ཞིང་ཁམས་རྣམ་པར་དག། ཨོཾ་ཨཱཾཿཧཱུཾ་སྭཱ་ཧཱ།། ལས་བཞི་ཡེ་ཤེས་ལྕགས་ཀྱུ་ཡིས།། འགྲོ་གནས་གསང་བར་ཧཱུཾ་གིས་བསྡུས།། བྱིན་རླབས་ཡེ་ཤེས་ལྷུན་གྲུབ་པའོ།། སངས་རྒྱས་ཞིང་ཁམས་རབ་འབྱམས་ཀྱི།། བདེ་གཤེགས་ཕོ་བྲང་ཀུན་སྤྲུལ་ཞིང། ། རྫུ་འཕྲུལ་ཡན་ལག་ཀུན་ལྡན་པས།། འཕགས་ལམ་བརྒྱད་ཚོགས་གནས་ཀུན་སྒྲོལ།། རིགས་ཀྱི་སངས་རྒྱས་ཀུན་གཤེགས་ཏེ།། ཆོས་ཀྱི་འཁོར་ལོ་ལ་སོགས་སྤྱོད། ། འཇིག་རྟེན་ལྷར་བཅས་གཙོ་བོ་དང།། ཉན་ཐོས་རང་རྒྱལ་དགྲ་བཅོམ་རྣམས།། ས་བཅུའི་བྱང་ཆུབ་སེམས་དཔའི་ཚོགས།། ཕྱག་འཚལ་ཡང་དག་མཆོད་ཅིང་བསྟོད།། སྟུག་པོ་བཀོད་པའི་ས་འདས་ནས། ། རང་གི་རིགས་ཀྱི་དཀྱིལ་འཁོར་རྒྱལ།། སྟོང་གསུམ་མ་ལུས་སྟོན་བྱས་པས།། འབུམ་གྱི་ཆར་ཡང་མི་ཕོད་དེ།། སྐྱེས་བུ་ཆེན་པོའི་རྣལ་འབྱོར་གྱིས།། བསྒྲལ་བ་འབའ་ཞིག་སྙིང་རྗེའི་མཆོག། བདུད་དང་དབང་ཕྱུག་སྙིང་རྗེ་དག། ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས།། རོ་ཡི་ཉལ་ཐབས་གན་རྐྱལ་ཏེ།། འཛམ་གླིང་ལྷོ་ཡི་རྒྱལ་ཁམས་སུ།། བོར་ནས་ས་གཞིར་གྱུར་པ་ནི།། དུར་ཁྲོད་ཆེན་པོ་བརྒྱད་དུ་གྲགས།། མགོ་ནི་ལྷོ་ཕྱོགས་གནས་སུ་བསྟན། ། ལག་གཉིས་གཡས་དང་གཡོན་དུ་བརྐྱང།། མགོ་དང་ལུས་གཉིས་ཡན་ལག་ཀུན།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། རང་བྱུང་སྤྲུལ་པའི་ལྷ་མོ་གནས།། དེ་དག་བྱིན་རླབས་ཁྱད་པར་མཐུས། ། མཆོད་རྟེན་ཤིང་ལ་སོགས་པར་སྣང།། འདི་ལྟར་ས་གཞི་དེ་དག་ཀུན།། བཀྲ་ཤིས་ཐུགས་རྗེ་ཡ་མཚན་ཅན།། ཆོས་དང་དངོས་གྲུབ་འབྱུང་བའི་གནས།། ཆོ་འཕྲུལ་རོལ་པར་རབ་བསྟན་པའོ།། དེ་ཡི་ལུས་སྙིང་མ་ག་དྷཱ། མ་མོ་ཆེན་མོ་ཀོའུ་རི་གནས།། མཁས་ཤིང་སྙིང་སྟོབས་ཆེ་བའི་ཡུལ།། ཁྱད་པར་ཆོས་ཀྱི་ཚོགས་རྒྱས་ཤིང།། མཆོད་རྟེན་བདེ་བྱེད་གཞོན་ནུ་ཉིད།། མགོ་ནི་ལྷོ་ཡི་ཕྱོགས་གནས་པའི།། དུར་ཁྲོད་ཆེན་པོ་རབ་སྣང་བྱེད། ། སིངྒའི་ཡུལ་གྱི་གླིང་ཕྲན་དག། མ་མོ་ཆེན་མོ་ཙོའུ་རི་གནས།། མཐོང་ཐོས་རྣམ་པའི་འཕྲུལ་བག་ཅན།། མཆོད་རྟེན་རི་བོ་ཏ་ལ་ཡིན།། ལག་པ་གཡས་པ་ཤར་ལྷོ་མཚམས།། དུར་ཁྲོད་ཆེན་པོ་བལ་པོའི་ཡུལ། ། མ་མོ་ཆེན་མོ་པུཀྐ་སཱི།། ལྷག་པར་ཟས་ཀྱི་ལོངས་སྤྱོད་ཆེ།། མཆོད་རྟེན་ཁྲི་དེ་ཀ་ར་སྟེ།། རབ་ཏུ་སྤྲུལ་པ་སྣང་བྱེད་པའོ།། ལག་པ་གཡོན་པ་ལྷོ་ནུབ་མཚམས།། དུར་ཁྲོད་ཆེན་པོ་སཱ་ལའི་ཡུལ།། མ་མོ་ཆེན་པོ་གྷསྨ་རཱི། ། ཕྱག་ན་རྡོ་རྗེ་དབང་གི་གནས།། མཐུ་དང་རྫུ་འཕྲུལ་མཐའ་ཡས་པས།། བྱང་གི་མཆོད་རྟེན་མངོན་འཕགས་པ།། རྐང་པ་གཡས་པ་བྱང་ཤར་མཚམས།། དུར་ཁྲོད་ཆེན་པོ་ལི་ཡི་ཡུལ།། མ་མོ་ཆེན་མོ་ཙནྡ་ལཱི། ། མེ་དང་ཆུ་ཡི་རྫུ་འཕྲུལ་ཅན།། མཆོད་རྟེན་མིང་ནི་མྱུ་གུའི་ཚོགས།། མ་མོ་སྔགས་རྣམས་ཀུན་འགྲུབ་གནས།། རྐང་པ་གཡོན་པ་ནུབ་བྱང་མཚམས།། དུར་ཁྲོད་ཆེན་པོ་ལི་ཡི་ཡུལ།། མ་མོ་ཆེན་པོ་སྨྲ་ཤ་ནཱི།། བདེ་སྐྱིད་ལྡན་པ་ཕུན་སུམ་ཚོགས། ། མཆོད་རྟེན་མིང་ནི་ཀ་ནི་ཀ། མཁའ་འགྲོའི་ཚོགས་ཀུན་རྒྱུ་བའི་གནས།། མཚན་མའི་གནས་ཏེ་བྱང་ཕྱོགས་གནས།། དུར་ཁྲོད་ཆེན་པོའི་ཨཽ་ཌིའི་གནས།། མ་མོ་ཆེན་མོ་བེ་ཏཱ་ལཱི།། འབྱོར་པའི་ལོངས་སྤྱོད་ལྔ་དང་ལྡན།། དངོས་གྲུབ་ཅན་ཡང་དེ་ན་མང།། མཆོད་རྟེན་ཆོས་ཀྱི་འཁོར་ལོའོ།། དེ་ཡི་ནང་ཁྲོལ་ཐམས་ཅད་ཀུན།། དུར་ཁྲོད་ཆེན་པོའི་ནུབ་ཕྱོགས་སྤངས།། རྒྱ་མཚོ་གླིང་གི་གནས་ཆེན་པོ། ། ལང་ཀ་པུ་རི་སྲིན་པོའི་ཡུལ།། མ་མོ་ཆེན་མོ་པྲ་མོ་ཧ།། རིན་ཆེན་ནོར་དང་དཔག་བསམ་ཤིང།། འབྱོར་པའི་ལོངས་སྤྱོད་ཀུན་དང་ལྡན།། མཆོད་རྟེན་གྲུབ་པའི་དངོས་གྲུབ་ཅན།། ཐམས་ཅད་ཀུན་ལ་དབང་བསྒྱུར་བའོ། ། དེ་ལྟར་སྒྲོལ་བའི་དཀྱིལ་འཁོར་འདིར།། འདས་པའི་དུས་ན་སྔོན་བྱུང་བ།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། རང་གི་རིགས་བཅས་དཀྱིལ་འཁོར་ཉིད།། དུས་གསུམ་རྒྱལ་བའི་བཀའ་བཞིན་དུ། ། བྱིན་རླབས་བརྟན་པས་ཀུན་སྤྱོད་ཅིང།། སྔགས་མཆོག་བདུད་རྩི་བསྒྲུབ་པའི་ཕྱིར།། དམ་རྫས་བརྒྱད་རྣམས་བསྟན་པར་བྱ།། སངས་རྒྱས་ཀུན་ཏུ་འགྲུབ་བྱེད་པའི།། དམ་ཚིག་ཆེན་པོ་མཆོག་གི་རྫས།། པྲ་ཛྙཱ་ཀི་ཤ་ཙིཏྟ་ཛྭ་ལ་ཧཱུཾ་ཕཊ། མ་ནུ་ད་ར་མ་ཤ། ཨུ་མ་ད་ར་མ་མ་ཧཱ་མཾ་ཏྲཾ། ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཨེ་ཧྱེ་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ།། ཀ་ར་པ་ཏ་ནི་ཧཱུཾ་ཕཊ།། ཐུགས་རྗེ་ཆོས་ཀྱི་དཀྱིལ་འཁོར་འདིར།། དུར་ཁྲོད་བདག་པོ་ཀུན་འདུས་ཏེ། ། མཆོད་རྟེན་གཙོ་དང་རིགས་བཅས་རྣམས།། རང་གི་སྙིང་པོ་འབུལ་བར་བྱེད།། དྲག་པོའི་ཆུང་མ་དབང་ཕྱུག་ཚོགས།། ཉི་ཤུ་རྩ་བརྒྱད་གཡོག་དང་བཅས།། དཀྱིལ་འཁོར་ཆེན་པོར་དབང་ཐོབ་ནས།། དམ་བཅས་ལས་བཞིན་རྣམ་པར་བཀོད། ། དེ་ནས་བཅོམ་ལྡན་ཀུན་ཏུ་བཟང།། རིགས་རྣམས་ཐམས་ཅད་ཞི་བྱེད་པས།། དཀྱིལ་འཁོར་ཐམས་ཅད་རབ་བསྡུས་པའི།། སྐུ་ནི་སྨུག་ནག་འབར་བ་ལ།། ཕྱག་རྒྱ་མཚོན་ཆ་སྣ་ཚོགས་ཐོགས། ། རབ་ཏུ་འཇིགས་པའི་དཀྱིལ་འཁོར་ལས།། རིགས་ཚོགས་སྤྲུལ་པ་ཕྱོགས་བཅུར་འགྱེད།། བདུད་ཚོགས་དྲེགས་བྱེད་ཆུང་མར་བཅས།། ཐུགས་རྗེས་རིག་འཛིན་དབང་བསྐུར་ནས།། དམ་ཚིག་བསྟན་པ་ལ་གནས་མཛད། ། ཕྱོགས་རྣམས་ཀུན་ནས་སྨྲས་པའི་ཚིག། རང་གི་དམ་བཅས་བསྡམ་པར་བྱེད།། རྡོ་རྗེ་འབར་བའི་མེ་དཔུང་གིས།། བསྐལ་པའི་མེ་རྣམས་འཇོམས་བར་བྱད།། འཇིགས་ཚུལ་རྔམ་པའི་ཁྱད་པར་ཅན། ། དབུ་མ་རྩུབ་པའི་ཚིག་སྒྲོགས་ཤིང།། ཕྱག་ན་འཇིགས་པའི་མཚོན་ཆ་ཐོགས།། ཞི་བ་ཕྱག་སྟོང་སྤྱན་སྟོང་ཚོགས།། འཇིག་རྟེན་ཁམས་ཀུན་སྤ་བཀོང་བྱེད།། ཁྲོ་གཉེར་རབ་ཏུ་འབར་བའི་སྐུས།། འཇིག་རྟེན་དྲེགས་ཚོགས་སྨོས་ཅི་དགོས། ། སྒེག་པ་དཔའ་བ་འཇིགས་སུ་རུང།། རྒོད་དང་གཤེ་དང་འཇིགས་པར་བྱེད།། སྙིང་རྗེ་རྔམས་དང་ཞི་བར་སྟོན།། འབར་བའི་མཚོན་ཆ་སྣ་ཚོགས་ཅན།། འཇིག་རྟེན་ཐལ་བར་བརླག་མཛད་པའི། ། ཨེ་མ་ཧོ་ཆེ་མཆོག་ཧེ་རུ་ཀ། ཁྲོ་རྒྱལ་ཁྲོ་ལ་སྐྱབས་སུ་མཆི།། ཐུགས་རྗེས་ནན་ཏན་མི་གཟུང་ངམ།། གལ་ཏེ་བཀའ་ལྟར་མ་བགྱིས་ན།། མགོ་ལུས་སྙིང་དག་བརྒྱར་འགས་ཤིང།། རབ་ཏུ་འབར་བས་བསྲེག་པར་མཛོད། ། དེ་ནས་དེ་དག་ཐམས་ཅད་ཀྱིས།། ཆེ་མཆོག་འབར་བའི་དཀྱིལ་འཁོར་ཉིད།། རྗེས་སུ་བསྒྲུབ་པའི་དོན་ཕྱིར་ཞུས།། ཡང་དང་ཡང་དུ་གསོལ་བཏབ་སྟེ།། ཨེ་མ་ཧོ་སྟོན་པ་ཁྱོད་ཉིད་ཀྱིས། ། ཡང་དག་མཛད་པ་རྒྱ་ཆེན་པོ།། རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་ཕྱིར།། ཐུགས་རྗེ་དག་པར་བསྟན་པར་མཛོད།། འདི་དག་སྔོན་དུས་ཅི་བཞིན་དུ།། སྟོན་པས་བསྟན་པའི་དོན་གསལ་མཛད།། དཀྱིལ་འཁོར་ཆེན་པོར་འབར་བ་ཡི། ། ཁང་པ་གྲུ་བཞི་སྒོ་བཞིས་བརྒྱན།། སྣ་ཚོགས་རིན་ཆེན་རྟ་བབས་ཚོགས།། ཉི་ཟླ་མེ་ཏོག་ཕྲེང་བས་བརྒྱན།། འདོད་པའི་ཡོན་ཏན་ལྷ་མོའི་སྤྲིན།། རྡོ་རྗེ་རིན་ཆེན་བ་དན་ལས།། སྙན་པའི་དྲིལ་བུ་ཕྱོགས་བཅུར་སྒྲོགས། ། ར་བ་རྡོ་རྗེ་པདྨས་བརྒྱན།། ཕོ་བྲང་དཀྱིལ་འཁོར་དབུས་གནས་པ།། དུར་ཁྲོད་འབར་བའི་གཞལ་ཡས་ཁང།། དུས་གསུམ་དཀྱིལ་འཁོར་རྒྱ་ཆེན་ཚོགས།། ཕྱོགས་བཅུ་ཀུན་ནས་འཁྲིགས་པ་ཡིས། ། ཞིང་སྦྲུལ་ཐོད་པའི་ཕྲེང་བས་བརྒྱན།། མཚོན་ཆ་སྣ་ཚོགས་མེ་འོད་འབར།། དབུ་ཡི་དཀྱིལ་འཁོར་ཕྱོགས་དང་མཚམས།། རིན་ཆེན་སྣ་ལྔའི་མདངས་བཅས་པར།། རེའུ་ཆ་བརྒྱད་པའི་ཕྲེང་བས་མཛེས། ། འཁོར་ལོ་པདྨ་རིན་ཆེན་དག། ཀ་བའི་ཆ་བརྒྱད་ཕྱོགས་དང་མཚམས།། ཀུན་ནས་ཡོངས་སུ་བསྐོར་བ་ཡི།། གྲུ་ཆད་བར་ཁྱམས་སྒོ་ཁྱུད་ཅན།། དར་དང་མེ་ཏོག་རིན་ཆེན་ཚོགས།། དུར་ཁྲོད་རྫས་རྣམས་སྣ་ཚོགས་ཀྱིས། ། རང་གི་གནས་བཅས་ཏྭ་ར་ཎ།། པ་ཏྲའི་འཕྲེང་བས་ཀུན་བཀླུབས་པའི།། རྣམ་མཛེས་འཇིགས་པའི་ཚོགས་ཀྱིས་བརྒྱན།། འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དབུས།། ཀུན་བཟང་ཡབ་ཡུམ་རོལ་པའི་མཐུས། ། སེམས་ཅན་སྣ་ཚོགས་ཕྱོགས་དང་མཚམས།། རང་གི་ཕྱོགས་སྐྱོང་རྒྱལ་པོ་ཚོགས།། གནས་རྣམས་ཀུན་ནས་ལེགས་བཀུག་སྟེ།། དཀྱིལ་འཁོར་བརྟན་པའི་གནས་སུ་བཀོད།། གསང་སྔགས་མཐུ་ལས་རབ་འཕྲུལ་པའི། ། ཡེ་ཤེས་ཁྲོ་བོ་བཅུ་པོ་རྣམས།། ཡུམ་དང་གཉིས་མེད་སྦྱོར་མཛད་ཅིང།། རང་གི་ཕྲིན་ལས་ཀུན་བསྐྱེད་པས།། ཕྱོགས་བཅུའི་དཀྱིལ་འཁོར་གསལ་བར་བྱེད།། རིན་ཆེན་ཀ་བ་མཆོག་བརྒྱད་ཀྱིས།། ཉི་ཟླ་པདྨའི་དཀྱིལ་འཁོར་ལ། ། རིགས་ཀྱི་བདེ་གཤེགས་ཡུམ་དང་བཅས།། ཕྱོགས་མཚམས་དབུས་སུ་བརྟན་གྱུར་པའི།། སྤྲུལ་པ་ཡང་སྤྲུལ་དཀྱིལ་འཁོར་ཚོགས།། སྐུ་མདོག་མཚན་མ་རིམ་བཞིན་བཀོད།། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་ལ། ། ཞབས་བཞི་བརྐྱང་བསྐུམ་འབར་བའི་སྟབས།། འཇིགས་བྱེད་རྒྱན་ཆའི་ཆ་ལུགས་དང།། ཁྲོ་བོ་འབར་བའི་གར་བཅས་པས།། རིན་ཆེན་ཉི་ཟླའི་གདན་བཞུགས་པའོ།། ཀྲོ་དྷཱི་ཤྭ་རི་དབྱིངས་ཀྱི་ཡུམ། ། སྐུ་མདོག་སྔོ་ནག་དབུ་དགུ་པ།། བཅོ་བརྒྱད་ཕྱག་བཅས་ཞབས་བརྒྱད་མཛེས།། བདེ་གཤེགས་རིགས་ལྔ་ཧེ་རུ་ཀ། ཡུམ་བཅས་གནོན་ཐབས་གར་གྱིས་བཞུགས།། ཁྲོ་མོ་དབྱིངས་ཀྱི་དབང་ཕྱུག་དང།། ཆེ་མཆོག་ཁྲོ་བོ་མཉམ་སྦྱོར་བས། ། ཉི་ཤུ་རྩ་གཅིག་བཞི་བཅུ་གཉིས།། ཞབས་བརྒྱད་སྨུག་ནག་འཇིགས་པའི་ཚུལ།། རིན་ཆེན་རྒྱན་ཚོགས་ཆས་རྣམས་དང།། དུར་ཁྲོད་གནས་ཀྱིས་རྣམ་པར་བརྗིད།། ཕྱི་རོལ་མ་ཚོགས་མཁའ་འགྲོ་རྣམས། ། རང་གི་དཀྱིལ་འཁོར་གནས་ཀུན་ཏུ།། སྤྲུལ་པ་ཡང་སྤྲུལ་ཚོགས་བཅས་འཁོད།། ཕྲ་མེན་སྒོ་བ་ཁྲོ་བོའི་ཚོགས།། ཕྱོགས་རྣམས་ཀུན་ཏུ་ཁྱབ་པ་ཡི།། དཀྱིལ་འཁོར་རྫོགས་པ་ཆེན་པོར་སྦྱོར། ། རིགས་རྣམས་ཀུན་གྱི་དབང་བསྐུར་ཞིང།། བྱིན་རླབས་སྐུ་གསུང་ཐུགས་ཀྱི་བདག། དཀྱིལ་འཁོར་བདུན་གྱི་བརྗིད་པའི་སྐུ།། སྦྱོར་བ་བརྒྱད་ཀྱི་བདག་ཉིད་ཅན།། རབ་ཏུ་རྫོགས་པར་གསལ་བྱས་ཏེ། ཞིང་ཁམས་ཆེན་པོ་སྤྲོ་མཛད་ཅིང།། ཕྱག་རྒྱ་ཆེར་གནས་རྣལ་འབྱོར་བས།། སངས་རྒྱས་ཀུན་གྱི་བདག་ཉིད་དོ།། ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང།། རྒྱུད་དྲུག་གནས་པའི་སངས་རྒྱས་རྣམས།། སྡུད་པའི་སྦྱོར་བས་ཀུན་སྡུས་ནས། ། མི་ལྡོག་དབྱིངས་སུ་ཡང་དག་ཉིད།། རིགས་ཀྱི་དཀྱིལ་འཁོར་ཀུན་གསལ་བས།། ཐིག་ལེ་ཆེན་པོར་དབང་བསྐུར་མཛད།། ཟླ་གསང་དབུས་ན་བྱང་ཆུབ་སེམས།། རྫོགས་སངས་རྒྱས་ལ་སོམ་ཉི་མེད། ། ཤ་ཆེན་བཤང་གཅི་ཁུ་བ་དང།། བདེར་གཤེགས་ལྔ་ཡི་ས་བོན་གྱིས།། རྣམ་པར་དྲི་ཆེན་སྣང་བར་མཛད།། ཕྱི་རོལ་ཆེན་པོ་ལྔ་དག་པས།། ནང་གི་རྒྱུ་འབྲས་ཡེ་ནས་དག། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། ། མི་བསྐྱོད་བྱང་ཆུབ་སེམས་ཉིད་དེ།། དམིགས་མེད་ཡེ་ནས་དག་པས་ན།། མཱཾ་སཱ་རིན་ཆེན་འབྱུང་ལྡན་གཙོ།། མཉམ་དང་མི་མཉམ་དབྱེར་མེད་དངོས།། སྣང་བ་རཀྟ་མཐའ་ཡས་ཐུགས།། སྐྱེ་འགག་མེད་པ་ཡེ་ནས་དག། དོན་ཡོད་དྲི་ཆུ་ལས་གྲུབ་པ།། ཀུན་ཀྱང་གཙང་ཞིང་དྲི་མ་མེད།། ཐམས་ཅད་མ་ལུས་སངས་རྒྱས་ལྔ།། མ་ལུས་རྫོགས་པའི་ཡེ་ཤེས་ཉིད།། མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ།། དེ་ཕྱིར་སྨན་ཆེན་བཅུད་ཀྱི་མཆོག། བདུད་རྩི་ཞེས་ནི་དེ་ལ་བྱ།། རྟོགས་པའི་ཀློང་དུ་སུ་འདྲིས་པ།། མི་ཞེས་བྱ་བ་སངས་རྒྱས་ཡིན།། བཅོམ་ལྡན་འདས་ནི་གུད་ན་མེད།། འབྱུང་བ་ལྔ་ལས་རྒྱུད་ལྔ་རྒྱུ།། སྤྲུལ་པ་རིགས་ལྔའི་སངས་རྒྱས་ཉིད། ། རང་གི་ལུས་ལ་བསྡུས་པའི་ཕྱིར།། སྐུ་གསུམ་རྡོ་རྗེའི་དབང་ཐོབ་ནས།། སྒྲུབ་པའི་རྫས་སུ་རྣམ་པར་སྤྱོད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་འདུད་རྩི་རོལ་པ་ལས་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་པ་སྟེ། རིམ་པར་ཕྱེ་བ་བཞི་པའོ།།།། དེ་ནས་རྣལ་འབྱོར་དབང་ཕྱུག་གཙོ།། རིགས་ཀྱི་དཀྱིལ་འཁོར་ཀུན་འདུས་ཤིང།། ཐབས་དང་ཤེས་རབ་སྤྲུལ་སྤྱོད་པས།། དེ་དག་དཀྱིལ་འཁོར་མཉེས་པར་མཛད། ། དེ་ཚེ་འཁོར་གྱི་བྱང་ཆུབ་སེམས།། རྡོ་རྗེ་ཆོས་ཀྱིས་བསྐུལ་མཛད་ཅིང།། ཡང་དག་རྫོགས་པའི་ཐབས་འདི་དག།། དཀྱིལ་འཁོར་གནས་ཀུན་འཇུག་པར་དགོངས།། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། ། བདེ་ཆེན་བསྟན་པའི་ཐུགས་རྗེ་ཡིས།། སྒྲུབ་པ་གསང་བའི་ལས་ཀུན་དག། བྱིན་རླབས་མཐུ་ཡིས་སྟོན་པར་མཛད།། སྔོན་དུ་ཡུན་རིང་ཚོགས་བསགས་པའི།། རྣལ་འབྱོར་ཆེན་པོའི་ལས་ཐབས་ཀུན། ། ཡོན་ཏན་རིགས་རྣམས་ཀུན་ལྡན་པའི།། མདངས་དགའ་མཆོག་ཏུ་གྱུར་པར་བསྔགས།། དད་ཅིང་རྒྱ་ཆེན་ཤེས་རབ་ཀྱིས།། བརྩོན་པས་ཡང་དག་སྒྲུབ་པར་བྱེད།། དེ་ཉིད་ཡང་དག་བསྟན་པའི་སྣོད།། རྣལ་འབྱོར་ཆེན་པོའི་མཚན་ཉིད་ལྡན། ། ཡང་དག་བླ་མས་དབང་བསྐུར་ཅིང།། ཡང་དག་དམ་ཚིག་ལ་གནས་པས།། ཡང་དག་སྔགས་དང་ཕྱག་རྒྱའི་ཚོགས།། ཡང་དག་བསྒྲུབ་པ་བརྩོན་པར་བྱ།། བདེ་བ་ཆེན་པོའི་ས་གཞི་དག། ཀུན་ནས་རྣམ་པར་བརྒྱན་པའི་གནས།། ཉེས་པའི་ཚོགས་བྲལ་མདངས་ལྡན་པ།། བར་ཆད་བགེགས་ཀྱིས་གནོད་མེད་པར།། ཕྱི་ནང་ཚུལ་བཞིན་སྦྱང་པ་དང།། བསྐྲད་དང་བསྲུང་དང་བྱིན་གྱིས་བརླབས། ། ཡང་དག་ཡེ་ཤེས་བརྟན་འགྱུར་བའི།། ས་གཞི་ཟབ་མོ་བྱིན་བརླབས་པའི།། མཆོད་དང་གཏོར་མ་རྒྱ་ཆེན་ཚོགས།། དེ་དག་སྔགས་དང་ཕྱག་རྒྱའི་མཐུས།། ཉེས་པར་སྤྱོད་པའི་ལས་རྣམ་དག། ཐམས་ཅད་དངོས་པོར་གྲུབ་བྱེད་པའོ། ། རི་རྩེ་ཉམསས་དགའ་མདངས་བཟང་བའི།། ཡིད་འོང་གནས་སུ་འདུག་ནས་ནི།། བྱིན་བརླབས་མཚམས་བཅད་བརྟན་པར་གནས།། ལྷ་ཡི་ཚོགས་བཅས་ཐུན་མོང་དང།། ཁྱད་པར་རྣམ་པར་རོལ་པ་ཡི། ། བདེ་གཤེགས་བྱིན་རླབས་ལྷ་མོར་བཅས།། མང་དུ་འདུས་ནས་ཀུན་མཉེས་མཛད།། དཀྱིལ་འཁོར་བཟང་པོའི་གནས་བརྒྱན་ཏེ།། རིགས་རྣམས་བཀོད་པ་ཀུན་སྤྲུལ་ཞིང།། ལྷག་པའི་ལྷར་བཅས་མ་འདྲེས་རྣམས། ། རང་གི་ཕྲིན་ལས་མཐུ་ལས་འཕྲུལ།། ཡེ་ཤེས་དཀྱིལ་འཁོར་དགུག་བྱ་སྟེ།། ཆོ་གའི་ཡན་ལག་ཀུན་རྫོགས་པས།། སྟ་གོན་གནས་མཆོག་བཀྲ་ཤིས་པར།། རིགས་ཅན་དཀྱིལ་འཁོར་བརྟན་པར་གནས། ། རྫས་ཀྱི་ཚོགས་ཀུན་སྦྱངས་པ་དང།། བྱིན་རླབས་འདོད་པའི་དོན་བཞིན་དུ།། ཐམས་ཅད་ལོངས་སྤྱོད་ཡོན་ཏན་ལྔ།། དཀྱིལ་འཁོར་གནས་ཀྱི་དོན་བསྒྲུབ་པའི།། ཐམས་ཅད་རྒྱན་དང་ཁྲུས་རྣམས་ཀྱིས།། ཕྱི་ནང་ཉེ་བར་མཛེས་བྱས་ཏེ། ། ཕྱག་འཚལ་སྡིག་བཤགས་ལ་སོགས་རྒྱུད།། དེ་ཀུན་བསྟན་པས་རྣམ་པར་དག། རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་ཆེ།། ཤེས་རབ་ཕྱག་རྒྱ་འཁོར་རྣམ་གསུམ།། སེམས་བསྐྱེད་སྡོམ་པ་ལ་གནས་ཤིང། ། དབང་དང་དམ་ཚིག་རྟོགས་བྱས་ཏེ།། བྱ་བ་ཆེན་པོར་ལས་མཐའ་ཕྱིན།། དཀྱིལ་འཁོར་མདའ་གང་གྲུ་བཞི་ལ།། དྲི་སྣ་ལྔ་ཡི་བྱུག་པས་བརྒྱན།། ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད།། རེའུ་ཆ་བརྒྱད་པའི་གཞུང་བཞིན་བལྟ། ། དེ་ཡི་རྩེ་མོ་བརྒྱད་ལ་ཡང།། ཡིད་བཞིན་ནོར་བུ་འབར་བ་བྲི།། དཀྱིལ་འཁོར་དབུས་སུ་དགོད་པའི་རྫས།། སྲིད་གསུམ་བྷན་དྷ་བཟང་འཁོར་ཡུག། ཡེ་ནས་མ་བཅོས་རང་བཞིན་སྣོད། ། དཔལ་དང་ལྡན་པའི་སྣོད་བཞག་ལ།། གནས་དེ་ཉིད་དུ་དགོད་པའི་སྨན།། ཡེ་ནས་རང་བྱུང་བདུད་རྩི་ལྔ།། ཤ་ཆེན་བཤང་གཅི་ཁུ་བ་ཁྲག། དག་པའི་རྒྱུ་དེ་བདུད་རྩི་དངོས།། སྟོང་ལས་སྦྱོར་བས་ཡེ་ནས་དག། ཕོ་བྲང་རིན་ཆེན་གཞལ་ཡས་ཁང།། གྲུ་བཞི་སྒོ་ཁྱུད་རྟ་བབས་རྒྱན།། ཕྱོགས་རྣམས་ཀུན་ཏུ་གསལ་བ་ཡི།། རིན་ཆེན་ཁ་དོག་རྣམ་ལྔ་ལ།། བ་དན་དྲིལ་བུས་རྣམ་པར་བཀླུབས།། དྲ་བའི་ཚོགས་རྣམས་རྣམ་པར་འབྲེལ། ། སྣ་ཚོགས་རྡོ་རྗེའི་ས་གཞི་ལ།། འཁོར་ལོ་ཉི་ཟླ་པདྨས་བརྒྱན།། གྲུ་ཆད་བར་ཁྱམས་སྒོ་ཁྱུད་དང།། འདོད་ཡོན་ལྷ་མོ་འཁྲིགས་པའོ།། དཀྱིལ་འཁོར་ཆེན་པོའི་གནས་རྣམས་སུ།། ཀུན་བཟང་ཡེ་ཤེས་གསང་བའི་སྔགས། ། ཨཱ་ལི་ཀཱ་ལི་གསང་བའི་རྒྱུན།། ཡིག་འབྲུ་འོད་ཕུང་ཕྱག་རྒྱའི་ཚོགས།། རིགས་ཀྱི་དཀྱིལ་འཁོར་ཀུན་བདག་ཉིད།། འཕྲོ་འདུ་བསྟན་པའི་དོན་སྤྱོད་པའོ།། བདུད་རྩིའི་དཀྱིལ་འཁོར་ཀུན་རྒྱས་པའི། ། གཙོ་བོ་ཞལ་གསུམ་ཕྱག་དྲུག་པ།། ལྗང་སེར་དཀར་དང་དམར་བས་མཛེས།། དབུ་རྒྱན་རིན་ཆེན་སྨན་རྣམས་དང།། ན་བཟའ་ཀུན་གྱིས་རྣམ་པར་བཀླུབས།། རྡོ་རྗེ་རྒྱ་གྲམ་བདུད་རྩིའི་སྣོད།། ནོར་བུ་རིན་ཆེན་པདྨ་དང། ། རྩེ་གསུམ་བེ་ཅོན་མཚན་མ་ཐོགས།། མཚན་དཔེ་ཆ་ལུགས་ཡུམ་རྣམས་དང།། ཞི་དང་ཁྲོ་བཅས་གཉིས་ཀའི་ཚུལ།། རང་འོད་ཡུམ་དང་མཉམ་སྦྱོར་ཏེ།། ཕྱག་རྒྱའི་དཀྱིལ་འཁོར་རིགས་རྣམས་སྤྲོ། ། དབང་བསྐུར་རིགས་གྱི་བདག་པོས་བརྒྱན།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང།། འོད་ཚོགས་སྤྲུལ་པ་ཀུན་སྤྱོད་པའོ།། ཐབས་དང་ཤེས་རབ་གཉིས་མེད་པའི།། དཀྱིལ་འཁོར་གསལ་བ་ལ་གནས་ཏེ།། རང་སྔགས་ཕྱག་རྒྱའི་ཚོགས་རྣམས་ཀྱིས། ། ཕྱོགས་བཅུའི་བདུད་རྩི་རྫོགས་པར་མཛད།། རྡོ་རྗེ་རིན་ཆེན་པདྨ་དང།། བདེ་གཤེགས་རིགས་ཀྱི་ཁྲོ་རྒྱལ་བཞི།། དཀར་སྔོ་དམར་དང་སེར་བའི་མདོག། ཞལ་གསུམ་གཡས་གཡོན་རྣམ་པར་འགྱུར། ། རྡོ་རྗེ་རིན་ཆེན་པདྨ་དང།། འཁོར་ལོ་བདུད་རྩི་བུམ་པ་ཉིད།། རྒྱ་གྲམ་རལ་གྲི་དགྲ་སྟྭ་དང།། རིན་ཆེན་ཕྲེང་བཅས་ཡུམ་དང་འཁྲིལ།། ཕྱི་རོལ་མཆོད་པའི་ལོངས་སྤྱོད་རྒྱན།། ལྷ་མོས་གནས་ཀུན་མཛེས་བྱས་པས། ། རྒྱ་ཆེར་རྣམ་པར་སྤྲོ་ཞིང་བསྡུ།། ཕྱོགས་བཅུ་ཀུན་ནས་འཁྲིགས་པའོ།། སྒོ་སྲུང་རིགས་ཀྱི་ཁྲོ་བོ་དག། ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་རྒྱན།། དཀར་སེར་དམར་དང་ལྗང་གུའི་མདོག། ཐོ་བ་དབྱུག་པ་པདྨ་དང། ། རྩེ་གསུམ་བདུད་རྩི་བུམ་པ་ཉིད།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། སྣ་ཚོགས་རྡོ་རྗེའི་ཕྲེང་བ་འཛིན།། སངས་རྒྱས་ཀུན་གྱིས་དབང་བསྐུར་བའི།། རིགས་བཅས་མཚན་མས་མཛེས་བྱས་པའོ། ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཀརྨ་ཀྲོ་དྷཱི་ཤྭ་རི་སྭཱ་ཧཱ། ཨོཾ་བི་ཤྭ་བཛྲ་ཧེ་རུ་ཀ་ཧཱུཾ། ཀརྨ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྭཱ་ཧཱ། ཨོཾ་བི་ཤྭ་རཏྣ་ཧེ་རུ་ཀ་ཧཱུཾ། ཀརྨ་རཏྣ་ཀྲོ་དྷཱི་ཤྭ་རཱི་སྭཱ་ཧཱ། ཨོཾ་བི་ཤྭ་པདྨ་ཧེ་རུ་ཀ་ཧཱུཾ། ཀརྨ་པདྨ་ཀྲོ་དྷཱི་ཤྭ་རཱི་སྭཱ་ཧཱ། ཨོཾ་བི་ཤྭ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀརྨ་ཙཀྲ་ཀྲོ་དྷཱི་ཤྭ་རཱི་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བཛྲ་ཀྲོ་དྷ་ཧཱུཾ། བཛྲ་ཨཾ་ཀུ་ཤ་སྭཱ་ཧཱ།། ཨོཾ་ཨ་མྲྀ་ཏ་རཏྣ་ཀྲོ་དྷ་ཧཱུཾ། རཏྣ་པཱ་ཤ་ཧཱུཾ། ཨོཾ་ཨ་མྲྀ་ཏ་པདྨ་ཀྲོ་དྷ་ཧཱུཾ།། པདྨ་སྥོ་ཊ་བེ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བུདྡྷ་ཀྲོ་དྷ་ཧཱུཾ། བུདྡྷ་གྷཎྜེ་ཤྭ་རཱི་སྭཱ་ཧཱ།། རིགས་རྣམས་རྫོགས་པའི་དཀྱིལ་འཁོར་དག། ཕྱག་རྒྱ་བཞི་ཡིས་བསྟན་པར་གནས།། བདུད་རྩི་འཁྱིལ་པའི་རིགས་ཀུན་གྱི།། བདུད་རྩི་མཚན་མ་རྒྱ་གྲམ་བཅས། ། གསུང་གི་གནས་སུ་གསལ་བྱས་པའི།། པདྨ་ལ་གནས་སྣ་ཚོགས་མཚན།། ས་བོན་སྔགས་ཀྱིས་བརྒྱན་པ་དག། འོད་འཕྲོས་གསུང་གི་དཀྱིལ་འཁོར།། ཨོཾ་ཨ་མྲྀ་ཏ་ཀརྨ་སིད་ཏི་ས་མོ་གྷ་གྷ་ཧཱུཾ། རྡོ་རྗེ་བཅིངས་པ་བསྟན་བྱས་པའི། ། གུང་མོ་མཐེ་བོང་མཐེའུ་ཆུང་རྣམས།། ནང་དུ་རྩེ་སྤྲད་སྙིང་གར་བཞག། གནས་ཀྱི་དཀྱིལ་འཁོར་གནས་ཀུན་སྦྱོར།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། བཅངས་སྟེ་སོར་མོ་སོ་སོར་གདེངས།། སྣ་ཚོགས་རྡོ་རྗེ་འབྱུང་བའི་ཚུལ། ། གཞན་རྣམས་ཀུན་ནས་བསྐུལ་བར་བྱས།། བཏག་དང་བཙག་དང་གཞལ་བ་དང།། ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ།། འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་ཡིས།། སྟོང་གསུམ་ཁྱབ་པས་དོན་བྱས་ཏེ། ། བཅུད་ཀྱི་དམ་པ་ཀུན་བསྡུས་ནས།། དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར།། མུ་ཏིག་དཀར་པོ་དྲི་མེད་ལྟར།། བཀའ་བཞིན་བསྟན་པའི་དངོས་གྲུབ་དག། རིགས་རྣམས་ཕྱག་རྒྱ་སྔགས་ཀྱིས་སྦྱར།། དེ་ནས་འཇམ་དཔལ་རྣོན་པོ་ཉིད། ། རང་གི་འཁོར་ཚོགས་སྡེར་བཅས་པས།། སངས་རྒྱས་ཀུན་ལ་ཕྱག་འཚལ་མཆོད།། དེ་དག་བསྟན་པའི་གནས་སུ་འཁོད།། དངོས་གྲུབ་ཆེན་པོའི་དཀྱིལ་འཁོར་ཉིད།། ཐབས་དང་གསང་བའི་ཕྱག་རྒྱ་མཆོག། མཚན་མ་རྟགས་བཅས་གསལ་བ་དག། བྱིན་རླབས་མཐུ་ཡིས་གསལ་བ་དང།། གཉིས་མེད་དངོས་གྲུབ་མཉམ་སྦྱོར་པས།། རིགས་ཀུན་འབྲས་བུ་ཇི་ལྟར་འགྲུབ།། དེ་ནས་ཀུན་ཏུ་བཟང་པོ་ཉིད། ། རང་གི་དཀྱིལ་འཁོར་གནས་བཞུགས་ཏེ།། སྣང་བའི་ཚོགས་ཆེན་ཀུན་ཁྱབ་པས།། ཕྱོགས་བཅུའི་དཀྱིལ་འཁོར་བསྡུ་བར་མཛད།། དཀྱིལ་འཁོར་ཀུན་ནས་གྲུ་བཞི་པའི།། ཁང་པ་གྲུ་ཆད་སྒོ་ཁྱུད་བཅས། ། བར་ཁྱམས་རྟ་བབས་ར་བ་དང།། རིན་ཆེན་རྒྱན་རྣམས་ཀུན་གྱིས་མཛེས།། དབུས་ཀྱི་དཀྱིལ་འཁོར་ཟླ་གམ་གྱི།། རིན་ཆེན་པདྨའི་གདན་རྣམས་སུ།། ཕྱོགས་བཅུའི་དཀྱིལ་འཁོར་དབང་མཛད་པའི།། རྟ་མགྲིན་རོལ་པ་རྣམ་པར་བརྗིད། ། ཞལ་གསུམ་ཕྱག་དྲུག་དབང་གི་སྐུ།། དམར་དང་མཐིང་ག་དཀར་པོའི་ཞལ།། གཡས་ན་པདྨ་རལ་གྲི་བུམ།། གཡོན་ན་འཁོར་ལོ་རྡོ་རྗེ་འཕྲེང།། རྟ་མགྲིན་ལྗང་གུ་ཞལ་གདངས་པ། ། ཁ་ཊྭཱཾ་རྩེ་གསུམ་ཕྱག་རྒྱས་མཚན།། སྣ་ཚོགས་རྒྱ་གྲམ་པདྨོའི་ཕྲེང།། རིན་ཆེན་རྒྱན་བཅས་གོས་ཀྱིས་བཀླུབས།། ཁྲོ་མོ་མི་ཕམ་རོ་ལངས་དང།། ཁྲོ་གཉེར་རལ་པ་གཅིག་མ་དག། དཀར་སེར་དམར་དང་ལྗང་གུའི་མདོག། སྣ་ཚོགས་རྡོ་རྗེ་པདྨ་དང།། རྩེ་གསུམ་རཀྟ་བདུད་རྩིའི་སྣོད།། ཕྱོགས་བཞི་ཐབས་དང་ཤེས་རབ་ཀྱི།། སྙོམས་འཇུག་ཤེས་རབ་བཞི་ཡི་ཚུལ།། བདེ་གཤེགས་རིགས་ཀྱི་དབུ་རྒྱན་དང། ། བྱིན་རླབས་ཆ་ལུགས་ཀུན་རྫོགས་པའོ།། ཨོཾ་ཧྲཱིཿཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་མྲྀ་ཏ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་རཏྣ་ཨ་མྲྀ་ཏ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཨ་མྲྀ་ཏ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཀརྨ་ཨ་མྲྀ་ཏ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།། དེ་དག་དཀྱིལ་འཁོར་རྣམ་སྤྲོས་པས།། ཡེ་ཤེས་བདུད་རྩི་ཀུན་བསྡུས་ཏེ།། དངོས་གྲུབ་ལས་རྣམས་དབང་མཛད་ཅིང།། ཐུགས་རྗེ་ཆགས་པས་ཀུན་བཀོད་མཛད།། རིགས་ཀྱི་དཀྱིལ་འཁོར་བརྟན་བྱས་པས། ། ཕྱག་རྒྱ་ཆེན་པོ་རྫོགས་པའི་མཐུས།། ཕྱི་རོལ་མཆོད་པའི་ཚོགས་རྣམས་དང།། སྒོ་སྲུང་ཁྲོ་བོ་ཡབ་ཡུམ་བཅས།། རྡོ་རྗེ་བསྡམས་པ་ལས་བྱུང་བའི།། རྟ་མགྲིན་ཕྱག་རྒྱས་ཕྱོགས་བཅུ་ནས།། དངོས་གྲུབ་ཚོགས་རྣམས་བརྟན་པར་བྱེད། ། གུང་མོ་མཐེབ་ཆུང་རྩེ་སྦྱར་ཏེ།། སྲིན་ལག་བསྣོལ་བ་མིག་གི་ཚུལ།། མཛུབ་མོ་མཐེ་བོས་ལེགས་མནན་ལ།། དམ་ཚིག་མཆོག་གི་གནས་ཀུན་བཞག། རྡོ་རྗེ་ཁུ་ཚུར་ལས་བྱུང་བའི། ། སྲིན་ལག་མཐེ་བོང་རྩེ་སྦྱར་ཞིང།། ཉི་ཟླ་གསལ་བའི་སྔགས་དང་བཅས།། ལས་ཀྱི་ཕྱག་རྒྱ་ཀུན་སྤྱོད་པའོ།། ཨོཾ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་པདྨ་དྷ་ར་ཎི་སིདྡྷི་ཧཱུཾ། གསང་བཅས་ལག་པའི་ཕྱག་རྒྱ་ཡིས།། གཞུང་བཞིན་པདྨའི་འཕྲོ་འདུ་བྱ། ། དེ་དབུས་ཀླུ་བདག་ས་བོན་གྱིས།། དངོས་གྲུབ་པདྨ་བླང་བར་བྱ།། དགུག་པའི་སྔགས་ཀྱིས་བསྟན་ནས་ནི།། ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས།། བར་ཆད་མེད་པའི་འཕྲོ་འདུ་བྱ།། ཡང་དག་བདུད་རྩིའི་དཀྱིལ་འཁོར་ཉིད། ། ཨོཾ་གྱི་ཡེ་ཤེས་ལས་བྱུང་ཞིང།། ཨཱཾ་གིས་མེས་བསྲེགས་ཐལ་བར་གྱུར།། ཧཱུཾ་གིས་བདུད་རྩི་རྣམ་པར་དག། གསལ་ནས་འབྱུང་འཇུག་ལྷན་ནེ་པོས།། རྟགས་དང་མཚན་མ་བདུན་གྱིས་འབྱུང། ། འོད་དང་དུ་བ་དྲི་དང་སྒྲ།། ལྷ་མོའི་གཟུགས་ཀྱང་སྟོན་པར་འགྱུར།། མང་དུ་སྟོན་ན་གྲུབ་རྟགས་ཡིན།། དེ་ལ་ཡ་མཚན་སྐྱེ་མི་བྱ།། མཚན་མ་འདི་དག་མ་བྱུང་ན།། བསྐང་གསོ་ཆོ་ག་རྒྱ་བསྐྱེད་དོ། ། སྤོགས་ཐབས་བསྐྱེད་པ་རྩལ་ཤུགས་འབྱུང།། དམ་ཚིག་ཆེན་པོ་བསྐང་བའི་ཕྱིར།། རྫས་རྣམས་དག་ཀྱང་བཀང་ལ་བཞག། དེ་ནས་མཆོད་ཅིང་དངོས་གྲུབ་བླང།། སློབ་མ་ལ་ཡང་དབང་བསྐུར་རོ།། བླ་མ་ལུང་ལྡན་དེ་དག་གིས། ། ཚིགས་སུ་བཅད་པ་འདི་བརྗོད་དོ།། དོན་དམ་མ་སྐྱེས་རྣམ་དག་སེམས་ཀྱི་དབྱིངས།། དག་དང་མ་དག་མི་རྟོག་རྟོག་ལས་འདས།། དུས་གསུམ་གཅིག་པའི་སྐུ་བསྟན་ཕྱི་བཤོལ་མེད།། དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་འདི། ། སུ་འདོད་སྦྱིན་གྱིས་ད་ལྟ་འདི་ལ་ལོངས།། བསྐལ་པར་སྒྲིབས་དང་གཏི་མུག་མུན་པ་ལ།། སྤྲིན་མཐོང་ཉི་ཤར་ཁུད་པར་དྲོ་བ་བཞིན།། བདུད་རྩིའི་རྒྱལ་པོ་དབང་ཆེན་འདི་བྱིན་པས། ། རིག་འཛིན་རྒྱལ་པོའི་གཙོ་བོའི་གོ་འཕང་ཐོབ།། རྣམ་པ་ཀུན་གྱིས་ངེས་པར་ཆོས་ལ་སྦྱོར།། ཚེ་དང་དངོས་གྲུབ་ཡིད་དུ་འོང།། བགེགས་རྣམས་ཀྱི་བྱས་ལ་སོགས་ཏེ།། ནད་དང་བྲལ་ནས་ཅི་འདོད་པའི། ། ཡོན་ཏན་རྩ་བརྒྱད་འདི་ཡིས་འཐོབ།། དེ་ནས་འཇམ་དཔལ་ལ་སོགས་པའི།། བྱང་ཆུབ་སེམས་ཚོགས་ཡི་རང་སྟེ།། སྟོན་པའི་བཀའ་ལ་གུས་བསྐྱེད་ཅིང།། ཡང་དག་སྙིང་པོ་མྱུར་དུ་བཟུང།། ཡུལ་ཀུན་གསང་བའི་བདག་པོ་ཉིད། ། ཕྱག་རྒྱ་འཁོར་ལོ་ཚོགས་གྱུར་ཅིང།། མཛད་སྤྱོད་རྒྱ་ཆེན་གནས་བསྒྲུབ་པའི།། རྟོག་པའི་དོན་ཀུན་ཡང་དག་ཞུས།། དེ་ཚེ་རིགས་ལྔའི་བདེ་གཤེགས་ཀྱིས།། ཡང་དག་དོན་འདི་རྣམ་པར་བཤད། ། ཚངས་དང་དྲང་སྲོང་གཙང་མ་ཟ།། དེ་དག་གྲོལ་བར་ངས་མ་བཤད།། ཀླུ་དང་བྲམ་ཟེ་གཙང་མའི་རྫས།། དེ་ཀུན་གྲོལ་བར་ངས་མ་གནང།། བྱོལ་སོང་རྩཝ་མཆོག་ཟ་བ་ཡང།། ཇི་སྲིད་འཚོ་བའི་བར་དུ་ཟ། ། དེ་དག་གྲོལ་བར་ངས་མ་བཤད།། རྣལ་འབྱོར་ཐབས་དང་ལྡན་པས་ནི།། ཆོས་སྐུ་ཞི་བས་མཐའ་དག་ཞི།། རིགས་ལྔ་ཁ་དོག་སྐུར་སྣང་བས།། རབ་ཏུ་བརྟགས་པས་གྲོལ་བར་འགྱུར།། རང་བཞིན་ཡེ་ནས་དག་པའི་རྫས། ། མཉམ་པའི་དབྱིངས་སུ་དག་རྟོགས་ན།། གཉིས་མེད་དོན་གྱིས་ཟིན་པ་ཉིད།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། དངོས་དང་དངོས་མེད་རྟོག་པའི་མཚན།། གཙང་དང་མི་གཙང་རྟོག་པའི་མཚན། ། མཁས་པས་གཉིས་ལ་གནས་མི་འགྱུར།། བདུད་རྩི་ཆེན་པོའི་ངོ་བོ་ཉིད།། བྱང་ཆུབ་སེམས་ནི་དཀར་བས་ན།། དྲི་མེད་རྣམ་དག་ཡེ་ཤེས་སྐུ།། རཀྟ་ཆགས་མེད་དམར་བས་ན།། ཆོས་རྣམས་ཀུན་སྤྱོད་པདྨའི་སྐུ། ། ཤ་ཆེན་ཡིད་བཞིན་རིན་ཆེན་སྔོ།། སྣ་ཚོགས་འབྱུང་གནས་མཉམ་པའི་སྐུ།། དྲི་ཆེན་གསེར་མདོག་སྣང་མཛད་དེ།། མངོན་བྱུང་སྤྲུལ་པ་ཆོས་ཀྱི་སྐུ།། དྲི་ཆུ་དག་བྱེད་ལྗང་གུའི་མདོག། ཀུན་ཏུ་དོན་ཡོད་ལས་རབ་སྐུ། ། སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི།། ཀུན་གྱི་ལུས་ལ་གནས་པ་ཉིད།། དྲི་ཆེན་དྲི་ཆུ་རཀྟ་དང།། ཤ་ཆེན་སེམས་བཅུད་འདི་དག་ཀུན།། སེམས་ཅན་རྟོག་པ་ཟློག་པའི་ཕྱིར།། གཙོ་བོར་དང་དུ་བླང་བར་བྱོས།། གཙང་སྨེ་མེད་པར་ཀུན་གྱིས་སྤྱོད། ། གཉིས་མེད་མཉམ་པའི་བདུད་རྩི་འགྲུབ།། ཐེ་ཚོམ་མེད་པར་དངོས་གྲུབ་ཐོབ།། རྣམ་གྲོལ་སྐྱེས་བུ་ཆེན་པོ་དག། ཚེ་འདིར་དངོས་གྲུབ་མངོན་དུ་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ་ལས། དངོས་གྲུབ་ཀྱི་དཀྱིལ་འཁོར་ཉེ་བར་བསྒྲུབ་པའི་ཚུལ་ཏེ། རིམ་པར་ཕྱེ་བ་ལྔ་པའོ།།།། དེ་ནས་བདུད་རྩིའི་སྙིང་པོ་ཉིད།། ངེས་པའི་ལུང་གིས་སྒྲུབ་བྱེད་པ། ། དོན་ཀུན་གསང་བ་བསྟན་པའི་གནས།། ཟབ་མོའི་རྒྱུད་འདི་ངེས་པར་གསུངས།། དང་པོ་ཕུན་སུམ་ཚོགས་པའི་གནས།། དགེ་ཞིང་བར་ཆད་མེད་པའི་གཞི།། ཕྱི་ནང་རྒྱན་རྣམས་ཀུན་གྱིས་མཛེས། ། དབེན་ཞིང་སྨན་རྣམས་ཀུན་རྫོགས་པའི།། ཉེ་བར་སྤྱོད་པའི་གནས་དག་ཏུ།། བསྒྲུབ་པའི་དཀྱིལ་འཁོར་རྒྱ་ཆེན་བརྩམ།། ཕྱི་ནང་གདོན་ཀུན་བསྲུང་བའི་ཕྱིར།། གསང་སྔགས་ཏིང་འཛིན་ཕྱག་རྒྱ་དང། ། སྨན་རྫས་ལག་ཆ་ཕུན་སུམ་ཚོགས།། གནོད་བྱེད་བར་ཆད་དགྲ་བགེགས་བཟློག། དེ་ནས་སྒྲུབ་པའི་ཡོ་བྱད་དང།། དམ་རྫས་གསང་བ་ཀུན་བསག་ཅིང།། འཚོ་བ་ཟས་ཀྱི་རྫས་རྣམས་དང།། དཀྱིལ་འཁོར་རྒྱན་བཅས་ཕུན་སུམ་ཚོགས། ། མཆོད་དང་གཏོར་མ་རྒྱ་ཆེན་རྣམས།། ཉེ་བར་བཀོད་པའི་གནས་སུ་བརྒྱན།། ཕྱི་ནང་གསང་བའི་ལྷ་དག་ལ།། ཇི་བཞིན་ཉེ་བར་དེར་གནས་ཏེ།། ས་གཞི་རབ་ཏུ་སྦྱངས་བྱས་ནས། ། ཚེས་གྲངས་ཡར་ངོའི་བརྒྱད་ལ་བརྩམ།། བཀྲ་ཤིས་སྔ་དྲོ་ལ་སོགས་དུས།། དཀྱིལ་འཁོར་ཆེན་པོ་བརྩམ་བྱ་ཞིང།། བ་ཡི་རྣམ་ལྔ་དྲི་ལྔ་དང།། བདུད་རྩི་ལྔ་ཡིས་ཉེ་བར་བྱུག། བསྙེན་བསྒྲུབ་སོ་སོའི་བྱེ་བྲག་བཞིན། ། སྒྲུབ་རྫས་མཁས་པས་དབྱེ་བར་བྱ།། མཚན་ལྡན་ཐོད་པ་ལྔ་རྣམས་སུ།། ཚིལ་ཆེན་མེ་མར་གཏམས་བྱས་ཏེ།། རས་ཀྱི་སྡོང་བུ་བརྒྱ་བརྒྱས་བརྒྱན།། མེ་མར་ལྔ་བརྒྱ་བལྟམས་ནས་ནི།། ཕྱོགས་རྣམས་ཀུན་ནས་བྱིན་དབབ་སྟེ། ། བསྙེན་བསྒྲུབ་དོན་ཆེན་གསང་བ་བརྩམ།། ཕྲིན་ལས་བཞི་ཡི་སྦྱིན་སྲེག་དང།། ལས་བཞིའི་སྦྱོར་བ་མཆོག་ཀུན་བྱ།། ཞི་བའི་ཚེ་ནི་བྱང་དུ་བལྟ།། དབང་གི་དུས་སུ་ནུབ་ཕྱོགས་ཏེ།། མངོན་སྤྱོད་ཚེ་ན་ལྷོ་ཕྱོགས་སུ། ། རྒྱས་པའི་ལས་ཀུན་ཤར་བལྟས་བརྩམ།། སོ་སོའི་གདན་ལ་གནས་པར་བྱ།། ཤར་གྱི་དཀྱིལ་འཁོར་སྟེང་དག་ཏུ།། སྒྲུབ་རྫས་ཐམས་ཅད་གཞག་པར་བྱ།། ལྷོ་ཡི་དཀྱིལ་འཁོར་སྟེང་དག་ཏུ།། མར་མེ་ལྔ་བརྒྱ་སྨོས་པ་གཞག། ནུབ་ཀྱི་དཀྱིལ་འཁོར་གནས་བརྒྱན་པར།། སྒྲུབ་མཆོག་ཡབ་ཡུམ་གནས་པར་བྱ།། བྱང་གི་དཀྱིལ་འཁོར་སྟེང་དག་ཏུ།། ཁམས་གསུམ་དག་པའི་རྫས་རྣམས་བཞག། དབུས་ཀྱི་དཀྱིལ་འཁོར་དབུས་དག་ཏུ། ། རིན་ཆེན་པདྨའི་ཁྲི་སྟེང་ལ།། བྲམ་ཟེ་བཀྲ་ཤིས་གཙང་མའི་རྫས།། ཡིད་འོང་མཚན་མའི་སྣོད་རྣམས་བཞག། ཡེ་ཤེས་ལྔ་ལྡན་རི་མོས་བརྒྱན།། རྡོ་རྗེ་ཐོད་པ་དབུས་སུ་སྟེ།། སྐུ་གསུམ་ལྷུན་གྲུབ་ཚོགས་རྫོགས་པའི། ། འཁོར་ལོའི་ཐོད་པ་ཤར་གྱི་ཕྱོགས།། མི་ཤིགས་མཛོད་ལྡན་ཀུན་འབྱུང་བའི།། དཀྱིལ་འཁོར་ཐོད་པ་ལྷོ་ཡི་རྫས།། སྲིད་གསུམ་ཡོངས་བསྒྲལ་རྣམ་དག་ཉིད།། པདྨའི་ཐོད་པ་ནུབ་ཀྱི་ཕྱོགས།། ཆོ་འཕྲུལ་རྟགས་ཀུན་ལས་ཉིད་རྫོགས། ། སྣ་ཚོགས་ཐོད་པ་བྱང་དུ་བཞག། མི་འགྱུར་བརྟན་པའི་རྡོ་རྗེ་དག། དངོས་གྲུབ་གསོལ་བྱང་རྟེན་དུ་བཞག། མི་ཤིགས་མཛོད་ལྡན་རྡོ་རྗེ་དང།། ཁམས་གསུམ་རྣམ་དག་རྡོ་རྗེ་དང། ། ཉོན་མོངས་གནས་སྦྱོང་རྡོ་རྗེ་དང།། མཚན་མ་སྤྲོས་བྲལ་རྡོ་རྗེ་དང།། ཐོད་པ་ཡིད་འོང་མཚམས་བཞི་རུ།། རིགས་མཐུན་པདྨའི་གདན་ལ་དགོད།། ཡོན་ཏན་ཚོགས་རྫོགས་རྡོ་རྗེ་དང།། བཀྲ་ཤིས་མཚན་ལྡན་རྡོ་རྗེ་དང། ། མི་འགྱུར་སྲ་བརྟན་རྡོ་རྗེ་དང།། དཔལ་ལྡན་འཇོམས་བྱེད་རྡོ་རྗེ་དང།། པདྨ་ཅན་དང་དུང་ཅན་དང།། བན་གླང་ཅན་དང་རི་མོ་ཅན།། མཚམས་དང་སྒོ་གནས་པདྨ་ལ།། རིགས་ཀྱི་རྫས་རྣམས་བཀོད་པར་བྱ། ། ཡང་ན་བྷན་དྷ་དཔལ་ལྡན་རྫོགས།། ཟླུམ་ལ་འཁྱིལ་བས་པདྨ་འདྲ།། དབུས་ན་བུ་ག་གཅིག་ཡོད་པ།། འདི་དག་བདུད་རྩི་མཛེས་པའི་སྣོད།། ནང་དུ་ཧྲཱིཿཞེས་བྲི་བར་བྱ།། ཕྱི་རོལ་པད་འདབ་སྔགས་དང་བཅས། ། སྙིང་པོ་ཚིམས་བྱེད་བཅུད་ཀྱི་མཆོག། གཙོ་བོ་ལྔ་དང་འབྲས་བུ་ལྔ།། དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན།། འདི་དག་རབ་ཏུ་བསྐྱབ་པའི་ཕྱིར།། མང་པོ་འདུས་པས་མཐུ་བྱིན་ཆེ།། ཡང་དག་རྩ་བརྒྱད་སྟོང་དུ་སྦྱར། ། གཙོ་བོ་ལྔ་དང་སྦྱོར་བའི་སྨན།། ཨ་མྲ་རྒུན་འབྲུ་པ་ན་སེ།། ན་ལེ་གེ་སར་ཨ་ག་རུ།། འདི་དག་ནང་གི་འབྲས་བུ་ལྔ།། ཤ་ལྔའི་ཡོན་ཏན་རྩལ་རྫོགས་དག། དབང་པོ་ལྔ་ཡི་གཟུགས་དང་སྦྱར།། དེ་ཡི་འཕྲལ་དུ་དགོས་པ་ཡང། ། ཤིང་ཐོག་རྒུན་འབྲུ་ཀ་ཀོ་ལ།། ཨ་མྲ་པ་ན་བུམ་ཤ་རི།། དྲི་ནི་ཆེན་པོ་སྣ་ལྔ་དང།། ཆ་ཡི་གྲངས་སུ་མཉམ་སྦྱར་ཏེ།། ནཱ་ག་གེ་སར་ཤིང་ཚ་དང།། སུག་སྨེལ་གྷནྡྷརྦྷ་དྲ་དང།། ཀུན་ཏ་རེ་ཏ་དྲི་ཡི་མཆོག། རྒྱ་སྤོས་ཛ་ཏི་ཕ་ལ་དང།། ག་པུར་ཙན་དན་ལི་ཤི་དག། དྲི་ཡི་རྒྱལ་པོ་སྤོས་མཆོག་སྟེ།། རང་གི་རིགས་བཞིན་དགོད་པར་བྱ།། ཨ་ཀ་རུ་དང་དུ་རུ་ཀ། པོག་དང་སྦྲང་རྩི་ལྕེ་པོག་དག། གསེར་དངུལ་ཟངས་ལྕགས་དུང་རྣམས་ཀུན། ། བརྡར་ཞིང་ཞིབ་ཏུ་བཏགས་ཏེ་སྦྱར།། དེ་དག་རབ་ཏུ་ཆ་བསྙམས་ཤིང།། རང་གི་མཐུ་བཅས་སྦྱོར་བས་འགྲུབ།། བཏག་བཙག་ལས་ཀྱི་དཀྱིལ་འཁོར་དུ།། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སྦྱར། ། ཨོཾ་ཨ་མྲྀ་ཏ་ཧ་ན་ཧ་ན་ཨ་མྲྀ་ཏ་མུ་ས་ལ་སྭཱ་ཧཱ།། ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་གྱིས།། བར་གཅོད་བགེགས་རྣམས་ཚར་གཅོད་ཅིང།། གནས་དང་རྣལ་འབྱོར་སྒྲུབ་པའི་རྫས།། ཐམས་ཅད་འབྱོར་པས་བརྟན་པར་བྱ། ། རིགས་ལྔ་རྩ་བའི་དཀྱིལ་འཁོར་ཉིད།། རིགས་ཀྱི་དཀྱིལ་འཁོར་ཇི་ལྟ་བར།། སྐུ་གསུང་ཐུགས་ཚོགས་བསྒྲུབ་པའི་གནས།། ཏིང་འཛིན་བསྟེན་པས་གསལ་བར་འགྱུར།། བདུད་རྩི་ཁྲོལ་བུའི་རིགས་དཀྱིལ་འཁོར། ། དེ་ཉིད་སྔགས་དང་ཕྱག་རྒྱ་དང།། འོད་ཟེར་མཐུ་ཡིས་སྦྱོར་བྱེད་ཅིང།། རང་གི་དཀྱིལ་འཁོར་ཉིད་དུ་གནས།། བཏག་བཙག་ཕྲིན་ལས་གསལ་བའི་ཚོགས།། བདུད་རྩིའི་དཀྱིལ་འཁོར་འཇུ་འདུལ་བཅས། ། རིགས་ཀྱི་འཁོར་ལོས་སྦྱོར་བའི་མཐུ།། སྤྲིན་ལས་བདུད་རྩི་གནས་ཆེན་འགྲུབ།། དེ་ནས་དཔལ་ཆེན་ཧེ་རུ་ཀ། དུར་ཁྲོད་བདག་པོ་ཆེན་པོ་ནི།། ཆེ་མཆོག་ཤིན་ཏུ་མི་བཟད་པའི།། རིགས་རྣམས་སངས་རྒྱས་རྣམས་ཀྱིས་བརྒྱན། ། སྐུ་ནི་སྨུག་ནག་འབར་བ་ལ།། ཉི་ཤུ་རྩ་གཅིག་ཞལ་གྱིས་མཛེས།། བཞི་བཅུ་རྩ་གཉིས་ཕྱག་གི་ཚོགས།། རིགས་ཀྱི་སངས་རྒྱས་ཁྲོ་བོ་དང།། ཞི་བའི་དཀྱིལ་འཁོར་ཡུམ་བཅས་རྣམས། ། ཕོ་བྲང་གདན་དང་བཅུད་དུ་ལྡན།། ཁམས་གསུམ་དག་པའི་དཀྱིལ་འཁོར་གྱིས།། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་བརྒྱན།། མཁའ་མཉམ་ཀློང་གི་དཀྱིལ་འཁོར་སྦྱོར།། གསང་བ་མཆོག་གི་དཀྱིལ་འཁོར་རྫོགས། ། སྐུ་གདུང་འབར་བའི་དཀྱིལ་འཁོར་ལ།། བདུད་རྩི་ཟབ་མོའི་དཀྱིལ་འཁོར་ཉིད།། ཕྲིན་ལས་མཚམས་གྱི་དཀྱིལ་འཁོར་གནས།། མཁའ་འགྲོ་རོལ་པའི་ཚོགས་དང་བཅས།། ཡང་དག་བདུད་རྩི་གསང་ཆེན་བསྒྲུབ། ། ཕྱག་རྒྱ་ཀུན་ཏུ་བཀོད་པའི་ཚུལ།། གར་དབང་དགྱེས་མཆོག་དཀྱིལ་འཁོར་ལ།། མཁའ་འགྲོའི་དཀྱིལ་འཁོར་སྣ་ཚོགས་པས།། ཐམས་ཅད་གཉིས་མེད་བྱང་ཆུབ་སེམས།། རང་བྱུང་བདུད་རྩིའི་དཀྱིལ་འཁོར་ཉིད། ། རིན་ཆེན་འབར་བའི་དཀྱིལ་འཁོར་ལས།། ཐབས་ཤེས་འོད་འཕྲོ་དཀྱིལ་འཁོར་འཆར།། རྣམ་དག་ཆོས་ཉིད་དཀྱིལ་འཁོར་དུ།། ཚོགས་ཆེན་ཡོངས་རྫོགས་དཀྱིལ་འཁོར་རྒྱས།། རྟ་མགྲིན་དབང་གི་དཀྱིལ་འཁོར་གྱིས། ། དངོས་གྲུབ་བདུད་རྩིའི་དཀྱིལ་འཁོར་རྫོགས།། རྒྱུ་འབྲས་མཐུན་པར་སྦྱང་བ་ཡང།། རིགས་ཚོགས་འབྲས་བུའི་དཀྱིལ་འཁོར་ཉིད།། གསང་བ་ཡུམ་གྱི་ཚོགས་རྣམས་ཀུན།། ཕྱོགས་བཞི་དག་ཏུ་དགོད་བྱ་སྟེ། ། ཡང་དག་ཚུལ་བཞིན་བྱིན་གྱིས་བརླབ།། ཉི་ཟླའི་འོད་བཞིན་གསལ་བར་སྤྲོ།། གཉིས་མཉམ་གཉིས་སུ་མཉམ་སྦྱོར་བས།། དུག་གསུམ་སྐུ་གསུམ་གནས་སུ་སྒྲོལ།། ཡངས་ཤིང་རྒྱུད་ལ་གོམས་པ་དང། ། ཆོས་སྐུ་ཞི་བའི་ཏིང་ངེ་འཛིན།། ཡོན་ཏན་ཚོགས་དང་ལྡན་པ་ལ།། ངེས་པར་དབང་ཐོབ་དམ་ཚིག་གནས།། འབྱུང་བ་བཞི་ལས་བསྐྱེད་པའི་ཡུམ།། མཚན་མཆོག་བཟང་པོ་བདུད་རྩི་གཉིས།། ཆ་ལུགས་རྫོགས་པར་མ་འདྲེས་གསལ། ། ཟླ་གསང་དཀར་དམར་ཀླུང་དཀར་ལྕི།། རབ་སྦྱངས་གསལ་བའི་གྲོགས་ལྡན་པ།། མ་དང་སྲིང་མོ་རྣལ་འབྱོར་མ།། བཙལ་ནས་བསྒྲུབ་པ་ཆེན་པོ་བྱ།། དྲི་སྦྱར་སྤོས་ཆུས་མགོ་ལུས་བཀྲུ། ། དཀྱིལ་འཁོར་གནས་སུ་ཉེ་བར་སྦྱང།། འཛག་པའི་བདུད་རྩི་ར་སཱ་ཡན།། ཆགས་ཆེན་སྦྱར་བའི་སེམས་དང་བཅས།། ཁྱད་པར་བདུད་རྩི་གནས་ཀུན་ཏུ།། རབ་ཏུ་རྒྱས་པས་ཀུན་འགྲུབ་འགྱུར།། མཚན་དང་ལྡན་པའི་ཐོད་པ་རུ། ། གསང་སྔགས་ཕྱག་རྒྱ་འཕྲོ་འདུས་སྦྱང།། བདུད་རྩི་དམ་པའི་གནས་ཉིད་དུ།། ཀུན་བྱེད་ཐམས་ཅད་གསང་བ་ཡིན།། སློབ་མ་དཔལ་བརྟུལ་གཙང་སྦྲ་ཅན།། སྐྱོན་དྲུག་རྣམ་པར་སྤངས་པ་ཡི། ། མི་ཕྱེད་བ་ནི་དགུ་དང་ལྡན།། དམ་ཚིག་ཐམས་ཅད་མ་ཉམས་རྫོགས།། ལུས་སྲོག་བུ་དང་ཆུང་མ་དང།། རིན་ཆེན་སྣ་ཚོགས་རྫས་རྣམས་དང།། སྲིང་མོ་ཤིན་ཏུ་བརྒྱན་པ་དག། སློབ་དཔོན་བླ་མ་མཆོག་ལ་འབུལ། ། དེ་དག་རབ་ཏུ་སྦྱངས་པ་ཡིས།། ཉུང་ཡང་བདུད་རྩིའི་གྲངས་བཞིན་དུ།། རབ་ཏུ་བརྟགས་ཤིང་བསལ་བྱས་པས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ།། བདུད་རྩིའི་རྒྱ་མཚོ་གནས་ཆེན་འདིས།། རང་བྱུང་དོན་ཀུན་རྫོགས་བྱེད་པས། ། རེ་དོགས་མཚན་མའི་མཐའ་སྤངས་ཏེ།། དོན་བཞིན་རིགས་ཀྱི་དངོས་གྲུབ་བླང།། དེ་ཚེ་ཕྱི་ནང་གསང་བ་དང།། མ་དག་པ་རྣམས་མཚམས་བཅད་དོ།། ལས་ཀྱི་གཙོ་ནི་བསྐང་བྱས་ཏེ། ། སྦྱང་དང་མཚམས་དང་གསལ་བྱས་འགྲུབ།། ཉི་ཟླ་པདྨ་ཡང་དག་གནས།། རིགས་མཐུན་དཔའ་བོ་འབྲུ་ལྔའོ།། འཕྲོ་འདུ་མཚན་མ་སྐུ་ཡི་ཚོགས།། གནས་ལྔ་དག་ཏུ་བསམ་པར་བྱ།། འདི་དངོས་ཕྱི་མ་རབ་འབྱམས་མཆོག། དངོས་གྲུབ་རབ་འབྲིང་ཐ་མ་ཀུན།། མ་ཐོབ་པར་དུ་མི་གཏང་བཟུང།། བཏང་ན་བར་ཆོད་ཆེན་པོར་འགྱུར།། གསང་སྔགས་བདུད་རྩིའི་གནས་ཆེན་འདིར།། མི་གཉིས་མཉམ་པར་བསྒྲུབ་པར་བྱ། ། དེ་དག་ཐེ་ཚོམ་རྣམ་སྤངས་པས།། རིགས་ཀྱི་དཀྱིལ་འཁོར་བརྟན་བྱས་ཏེ།། སྔགས་དང་ཕྱག་རྒྱ་ཉེ་བར་སྦྱར།། བདེ་བ་ཆེན་པོའི་ཚོགས་རབ་རྒྱུས།། ཨོཾ་ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་སིདྡྷི་ཨ་མྲྀ་ཏ་སིདྡྷི་ཧྲཱིཿསྭཱ་ཧཱ། གནས་ལྔ་དག་ཏུ་བསམ་པར་བྱ།། སྤྱི་གཙུག་དབུས་སུ་ཟླ་གམ་སྟེ།། དེ་ནི་ཨོཾ་དཀར་འོད་ལྡན་པ།། འོད་ཟེར་རྣམ་ལྔ་འཕྲོ་འདུའི་རྒྱ།། བདེ་གཤེགས་རྣམ་པར་སྣང་མཛད་གཙོ།། རིགས་ཀྱི་ཕྱག་རྒྱའི་ཚུལ་བཞུགས་པའི། ། ལྕེ་ཡི་པདྨ་ཧྲཱིཿདམར་པོ།། འོད་ཟེར་རྣམ་ལྔའི་མདངས་དང་བཅས།། མཐའ་ཡས་ཆོས་ཀྱི་གསུང་ལྡན་པ།། མཉམ་པའི་ཕྱག་རྒྱའི་ཚུལ་བསྟན་པའོ།། དེ་ནས་བསྒྲུབ་པའི་རྣལ་འབྱོར་ཀུན།། སྙིང་གའི་ཉི་དཀྱིལ་ཧཱུ~ཾ་མཐིང་ག། རིན་ཆེན་སྣ་ལྔའི་ཟེར་དང་བཅས།། ཐུགས་མཆོག་མི་བསྐྱོད་རྡོ་རྗེ་སེམས།། རྡོ་རྗེ་དྲིལ་བཅས་ས་གནོན་མཛད།། ལྟེ་བའི་ཉི་མར་སྭཱ་སེར་པོ།། འོད་ཟེར་སྣ་ལྔའི་འཕྲོ་འདུ་ལས།། ཡོན་ཏན་རིན་ཆེན་འབྱུང་ལྡན་ཉིད། ། ཡིད་བཞིན་རིན་ཆེན་སྦྱིན་པའི་རྒྱ།། གསང་གནས་ཉི་མར་ཧ་ལྗང་གུ།། འོད་ཟེར་སྣ་ལྔའི་ཕྲེང་བར་བཅས།། ཕྲིན་ལས་དོན་ཡོད་གྲུབ་པའི་སྐུ།། སྐྱབས་སྦྱིན་སྣ་ཚོགས་རྡོ་རྗེའི་རྒྱ།། ཕོ་བྲང་དཀྱིལ་འཁོར་རེ་ཆའི་གནས། ། ཕུང་པོའི་དཀྱིལ་འཁོར་ཇི་བཞིན་པའོ།། རིགས་ལྔ་གཙོ་བོ་ཡུམ་བཅས་ཀུན།། རང་བྱུང་བདུད་རྩིའི་དཀྱིལ་འཁོར་ཉིད།། ཡེ་ཤེས་ལྔ་ལས་དེར་སྣང་བའི།། ཉི་ཤུ་རྩ་ལྔའི་འཕྲོ་འདུ་ལས། ། ཁམས་གསུམ་འགྲོ་བའི་དོན་མཛད་ཅིང།། སླར་འདུས་བདུད་རྩིའི་གནས་སུ་ཐིམ།། ཕོ་བྲང་དཀྱིལ་འཁོར་གདན་རྣམས་སུ།། སྨན་ཉིད་ཕྱག་རྒྱ་གསལ་གྱུར་ནས།། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས།། རིགས་ཀྱི་དཀྱིལ་འཁོར་གནས་སྦྱོར་ཅིང། ། རིགས་གནས་ཁ་དོག་ལས་ཀུན་དག། དེ་དག་མཚན་མར་གསལ་བར་གནས།། ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་ཀྱིས།། རིན་ཆེན་བདུད་རྩི་གནས་སྤྱོད་མཛད།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། ། འབར་བ་བྱང་ཆུབ་སེམས་ཉིད་སྦྱོང།། སྭཱ་སྔོན་རིན་ཆེན་འོད་འབར་བས།། ཤ་ཆེན་བདུད་རྩིའི་གནས་དག་མཛད།། དམར་པོ་ཧྲཱིཿལས་པདྨར་གྱུར།། ཆགས་པའི་རཀྟ་སྦྱོང་བྱེད་པའོ།། ཧཱ་ལྗང་རྡོ་རྗེ་རྒྱ་གྲམ་ལས། ། དག་པའི་དྲི་ཆུ་བདུད་རྩིར་གྱུར།། ཡང་དག་གོམས་པས་སྤྲོ་དང་བསྡུ།། ཡུན་རིང་བརྟན་པས་ཀུན་ཏུ་སྦྱོར།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། རིགས་རྣམས་རྩ་བའི་སྙིང་པོ་ཡིས།། བདེ་གཤཻགས་ཀུན་གྱི་གནས་སྦྱོར་ཞིང། ། རིགས་བཅས་ཞིང་ཁམས་ཐམས་ཅད་ཀུན།། བདུད་རྩི་གསང་ཆེན་རྒྱ་མཚོ་ཉིད།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཋ། ཡེ་ཤེས་ལྔ་ཡི་འོད་འབྱུང་བར།། བསྡུས་པས་བདུད་རྩི་རྣམ་པར་དག། ཐམས་ཅད་གཉིས་མེད་བྱང་ཆུབ་སེམས། ། རིགས་ལྔའི་དཀྱིལ་འཁོར་མངོན་སངས་རྒྱས།། མ་སྐྱེས་བྱང་ཆུབ་སེམས་ཀྱི་དབྱིངས།། དུག་གསུམ་ཉོན་མོངས་རྩད་ནས་གཅོད།། ཡོན་ཏན་ཚོགས་ཀུན་དབང་སྡུད་ཅིང།། དམ་བཅས་འཇིག་རྟེན་མ་ལུས་སྒྲོལ། ། བདུད་རྩི་གསང་བའི་དཀྱིལ་འཁོར་ཉིད།། ཕོ་བྲང་འབར་བའི་གཞལ་ཡས་གནས།། བདུད་རྩི་རྩ་བ་གྲོགས་དང་སྐྱབས།། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན།། རྣམ་པར་མི་རྟོག་ཆོས་ཀྱི་སྐུ། ། དེ་དག་ལོངས་སྤྱོད་ཡོན་ཏན་རྣམས།། མ་འགགས་རྣམ་པར་འཕྲུལ་པའི་སྐུ།། ཐམས་ཅད་གཅིག་ཏུ་རྫོགས་པའོ།། ཕྱག་རྒྱའི་རིགས་ཀྱི་དཀྱིལ་འཁོར་ཉིད།། ཕྲིན་ལས་སོ་སོ་ཀུན་གསལ་བ།། སྤྲུལ་པའི་ཕྲེང་བ་རྒྱུན་མི་ཆད། ། གསང་སྔགས་ཡི་གེ་འཁོར་ལོའི་ཚུལ།། ཕྱག་རྒྱའི་ཚོགས་རྣམས་སྣ་ཚོགས་པས།། རང་རིག་དཀྱིལ་འཁོར་སྦྱང་མཛད་གསལ།། ཨོཾ་ནི་ཆོས་ཀྱི་རང་བཞིན་ཏེ།། ཐམས་ཅད་ཐབས་དང་ཤེས་རབ་ཚོགས། ། སྐྱེ་མེད་དབྱིངས་ལས་མ་གཡོས་པས།། ཡུམ་གྱི་མཁའ་ནས་འགྱུར་བ་མེད།། ཨཱ+ོཾ་ནི་གསུང་གི་རང་བཞིན་ཏེ།། སྐྱེ་བ་མེད་ལས་སྐྱེ་བའི་ཚུལ།། ཏིང་འཛིན་རྣམ་གསུམ་འབྲེལ་པའི་ཚུལ།། ལྷུམས་ནས་བལྟམས་པ་ཉིད་དུ་བལྟམས། ། ཧཱུཾ་ནི་ཐུགས་ཀྱི་རང་བཞིན་ཏེ།། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན།། གཉིས་མེད་ཡེ་ཤེས་རྣམ་སྤྲུལ་པས།། གཞོན་ནུ་རོལ་པ་ཇི་བཞིན་མཛད།། སེམས་གནས་ཀུན་གྱི་གཞིར་གྱུར་ཅིང། ། ཐམས་ཅད་བསྐྱེད་པའི་ཡུམ་ཉིད་དེ།། དབྱིངས་དང་ཡེ་ཤེས་འབྲེལ་པའི་རྒྱ།། རིགས་ཀྱི་ལྷ་མོའི་ཚོགས་བཅས་པའི།། གཡོ་བས་ཀུན་ཏུ་བསྐྱེད་མཛད་ཅིང།། ཀུན་ཏུ་སྟོན་པའི་གནས་ལྡན་པས།། འཁོར་དང་མྱང་ངན་འདས་པར་སྦྱོང། ། རབ་ཏུ་བྱུང་བའི་ཚུལ་འཛིན་པའི།། དྲུག་པས་ཀུན་ཏུ་སྡུད་མཛད་ཅིང།། རྣམ་རྟོག་དྲི་མ་འཁྲུ་བར་བྱེད།། དོན་ཀུན་གསང་བ་བསྟན་པའི་སྒོས།། དཀའ་ཐུབ་ཆེན་པོ་མཐར་ཕྱིན་པའོ། ། བདུན་པ་ཀུན་ཏུ་སྣང་བྱེད་ཅིང།། ཐམས་ཅད་བསྲེགས་པའི་མཐུ་ལྡན་པས།། རྣམ་རྟོག་རི་བོའི་བདུད་ཚོགས་ཀུན།། ཐུགས་རྗེ་ཉི་མས་བསྡུ་བར་མཛད།། བརྒྱད་པ་བྱང་ཆུབ་སེམས་ཉིད་ཀྱིས།། སྐྱེ་མེད་དབྱིངས་སུ་རྣམ་དག་ཅིང། ། སངས་རྒྱས་ཀུན་གྱི་རྣལ་འབྱོར་པས།། ཡང་དག་རྫོགས་པའི་རྣལ་འབྱོར་ཉིད།། དགུ་བས་དུག་གསུམ་རྩད་ནས་གཅོད།། ཐུགས་རྗེ་རྣམ་དག་ཡེ་ཤེས་ཚོགས།། སྐུ་གསུང་ཐུགས་ཀྱི་མཛད་པ་དག། ཆོ་འཕྲུལ་ཀུན་ཏུ་མ་འགགས་པའོ།། ཕྲ་ཞིང་གཏིང་དཔག་མེད་པའི་ཆོས།། ཟབ་ཅིང་རྒྱ་ཆེ་འགྲོ་ལ་སྟོན།། སྐྱེ་མེད་དབྱིངས་སུ་ཟད་མེད་དེ།། ཆོས་ཀྱི་འཁོར་ལོ་བསྐོར་པའི་ཚུལ།། ཧྲཱིཿབཅས་དབང་དུ་སྡུད་པའི་སྔགས། ། བརྟན་གཡོའི་དངོས་བཅས་མ་ལུས་ཀུན།། ཐམས་ཅད་བདུད་རྩི་ཆེན་པོར་བསྒྱུར།། སྐྱེ་མེད་དབྱིངས་བྲལ་མྱ་ངན་འདས།། ཕྱོགས་བཅུར་སྔགས་ཀྱིས་སྤྲོ་བྱེད་ཅིང།། འབྱུང་ཚོགས་དམ་རྫས་ཡབ་ཡུམ་སྐུ། ། རང་བཞིན་གཉིས་མེད་ཕྱག་རྒྱ་ལས།། སྤྲུལ་པའི་སྐུ་སྟོན་སྐུ་གདུང་བགོས།། ཐབས་དང་ཤེས་རབ་སྦྱོར་བའི་རྒྱ།། སླརའདུས་བདུད་རྩི་གསང་བའི་གནས།། འབྱུང་བའི་རྒྱུ་ནི་ཡབ་ཡུམ་མཁའ། ། འདི་དག་དོན་ཀུན་སྐྱེ་ཤི་མེད།། རྣམ་རྟོག་མཚན་མ་ཀུན་སྦྱོང་བ།། ཐབས་དང་ཤེས་རབ་རྣམ་བཀོད་པའོ།། ལག་པ་གཡོན་པའི་དཔུང་པས་ཀྱང།། མཐེ་བོང་སྲིན་ལག་སྦྱོར་བའི་བར།། ཐབས་ཤེས་དཀྱིལ་ན་ཡི་གེ་ཧྲཱིཿ། ། གསང་བའི་མཚན་མ་བསྟན་བྱས་ནས།། མཛུབ་མོ་གུང་མོ་མཐེའུ་ཆུང་བརྐྱང།། སྔགས་ཀྱི་ཕྲེང་བ་འོད་བཅས་ཀྱིས།། སྒྲུབ་པའི་རྫས་རྣམས་བྱིན་བརླབས་པས།། དཀྱིལ་འཁོར་སྦྱོར་བ་བརྟན་པར་འགྱུར། ། ཏིང་འཛིན་མེ་དང་འདྲ་བ་ལ།། བཟླས་བརྗོད་རླུང་དང་འདྲ་བས་བསྐུལ།། ལེ་ལོ་ཉམས་སྤངས་གཡེང་བ་ཡི།། གླལ་དང་སྦྲིད་པས་བར་མི་བཅད།། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། ཨོཾ་ཨཱཿཧཱུཾ། ཛཿཧཱུཾ་བཾ་ཧོཿ། ། ཨ་མྲྀ་ཏ་པྲཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ་ཨ་ཨ། རང་བཞིན་བདུད་རྩི་གནས་རྣམས་ནས།། རིགས་ཀྱི་དཀྱིལ་འཁོར་ཀུན་བསྡུས་ཏེ།། དེ་དག་གསང་བའི་གནས་སུ་བཞུགས།། ཕྱག་རྒྱའི་དཀྱིལ་འཁོར་རྟག་པར་གནས། ། གཉིས་མེད་གདོད་ནས་དག་པ་སྟེ།། སྐུ་གསུང་བདུད་རྩིའི་གནས་རྒྱས་ཤིང།། རིགས་ཀྱི་དཀྱིལ་འཁོར་ཡང་དག་སྦྱོར།། ཕྱག་རྒྱ་རོལ་པའི་ཚུལ་སྟོན་པའོ།། དེ་ནས་འཁོར་གྱི་གཙོ་བོ་དག། ཀུན་ཏུ་ལོངས་སྤྱོད་མཉེས་པའི་ཚོགས། ། རང་གི་དཀྱིལ་འཁོར་རྣམ་དག་པའི།། བདུད་རྩིའི་གནས་ཀུན་ལོངས་སྤྱོད་ཉིད།། དེ་ཚེ་དགའ་མགུ་དད་པ་ཡིས།། རིགས་ཀྱི་དཀྱིལ་འཁོར་རྣམ་པར་བསྟོད།། ཨོཾ་ནམ་མཁའི་མཚན་ཉིད་ཡེ་ཤེས་ཏེ། ། མཚན་ཉིད་སྣ་ཚོགས་ནམ་མཁའ་བཞིན།། བྱ་དང་བྱེད་ཚོགས་རྣམ་པར་གྲོལ།། བདུད་རྩིའི་རྒྱལ་མཆོག་ཕྱག་འཚལ་བསྟོད།། ཨཱ+ོཾ་ཆུ་ཟླ་བཞིན་དུ་མ་འགགས་གསལ།། ཐམས་ཅད་རྟོག་པ་ཡོངས་སུ་སྤངས། ། དུག་ཏུ་འཛིན་མེད་རྣམ་པར་སྤངས།། བདུད་རྩིའི་དཀྱིལ་འཁོར་ཕྱག་འཚལ་བསྟོད།། དུས་གསུམ་སངས་རྒྱས་ཆོས་དབྱིངས་གནས།། ཡེ་ཤེས་ཆེན་པོས་ཀུན་སྐྱོབ་མཛད།། སྤྲོ་བ་མེད་ཅིང་འགག་པ་མེད། ། བདུད་རྩིའི་དབྱིངས་ལ་ཕྱག་འཚལ་བསྟོད།། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཉིད།། དོན་ཀུན་བྱ་བའི་གནས་རྫོགས་པའི།། མཛད་པ་ཆེན་པོ་ལྷུན་གྱིས་གྲུབ།། དཀྱིལ་འཁོར་ཀུན་ལ་ཕྱག་འཚལ་བསྟོད། ། ཅེས་བསྟོད་དོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ་ལས། དཀྱིལ་འཁོར་གསང་བའི་བདུད་རྩི་བསྒྲུབ་པའི་ཆོ་ག་སྟེ། རིམ་པར་ཕྱེ་བ་དྲུག་པའོ།།།། དེ་ནས་བྱང་ཆུབ་སེམས་རྣམས་ཀྱིས། ། གར་གྱི་གནས་ཆེན་རྒྱས་བཀོད་པར།། ཐབས་དང་ཤེས་རབ་གཉིས་མེད་པའི།། ཕྱག་རྒྱ་རོལ་པས་བསྐུལ་བར་མཛད།། དེ་ནས་བྱང་ཆུབ་སེམས་དཔའི་མཆོག། གསང་བའི་བདག་པོ་ལ་སོགས་པས། ། རིགས་ཀྱི་དཀྱིལ་འཁོར་ཀུན་བཟུང་སྟེ།། ཐམས་ཅད་སྟོན་པས་གསང་བའི་ཡུམ།། དེ་དག་གསལ་བར་འགྲུབ་བྱེད་པའི།། བདུད་རྩི་གནས་རྣམས་འབྱུང་བར་མཛད།། སངས་རྒྱས་ཀུན་གྱི་དབང་བསྐུར་ཉིད། ། བདུད་རྩིའི་གནས་ལས་འབྱུང་བ་འདི།། དག་པའི་དཀྱིལ་འཁོར་བསྒྲུབ་པའི་ཐབས།། ཡང་དག་རྒྱ་ཆེར་གསོལ་བ་འདེབས།། དེ་བཞིན་འགྲོ་རྣམས་མ་ལུས་ཀུན།། ཐབས་ཀྱིས་བདུད་རྩིས་སྦྱོང་བྱེད་པའི། ། ཆོ་གའི་རིགས་འཛིན་ཀུན་གྱི་ལམ།། ཕྱག་རྒྱའི་སྔགས་དམ་བཅས་པ་ཡི།། ཐབས་ལྡན་ཡན་ལག་རྫོགས་པའི་གཞི།། དེ་དག་གསང་བའི་གནས་འཇུག་པའི།། དོན་ཀུན་རྒྱ་ཆེར་གསོལ་འདེབས་ཤིང།། ཡང་དག་ཡེ་ཤེས་བརྟན་པར་གནས། ། དེ་ནས་སྟོན་པ་ཐམས་ཅད་གཟིགས།། ཡེ་ཤེས་ཆེན་པོའི་གནས་རྒྱས་པའི།། གཉིས་མེད་ཕྱག་རྒྱས་མཉམ་སྦྱོར་ཞིང།། གསང་བའི་བདུད་རྩི་འདི་བསྟན་ཏོ།། ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། ། དྲང་སྲོང་ཆེན་པོའི་སྒྲུབ་ལུགས་དང།། ཕྲ་མེན་མ་ཡི་སྦྱོར་ལུགས་དང།། རྩི་སྨན་འཁྲུངས་པའི་རྒྱལ་ཁམས་དག། ཤིང་དང་ནགས་ཀྱི་ལྷ་མོའི་གནས།། རི་བོའི་ལྗོངས་དང་ཙན་དན་དྲི།། སྟོན་པའི་གནས་རྣམས་བསྒྲུབ་པའི་ཕྱིར། ། དུག་རྣམས་བདུད་རྩིར་སྦྱོར་བར་བྱ།། རྩ་བ་ལ་སོགས་ཡལ་གར་བཅས།། བཅུད་ལེན་རྩལ་རྫོགས་མ་ལུས་ཀུན།། རིགས་དང་སྦྱོར་བའི་མཐུ་བཞིན་དུ།། ཚང་པར་བསགས་ནས་བསྒྲུབ་པར་བྱ། ། རི་བོ་ནགས་འདབ་ཆུ་ངོགས་དང།། བྲག་ཕུག་སྟོང་ཡུལ་ཐིབ་པོ་དག། ཕྲིན་ལས་སོ་སོའི་ལས་ཀུན་གྱི།། བསྒྲུབ་པའི་གནས་སུ་མངོན་པར་བསྔགས།། བསྒྲུབ་པའི་གནས་ཀུན་དག་པའི་ཕྱིར།། ས་གཞི་རབ་ཏུ་བརྟག་པར་བྱ། ། འཇམ་ཞིང་སྣུམ་ལ་རྣ་གམ་ཅན།། མི་སྡུག་སྲིན་པོའི་གཟུགས་སོགས་མེད།། ཚ་སྒོ་ཐ་བའི་སྐྱོན་སོགས་བྲལ།། མ་ཞེས་མ་གས་ཉམ་པོ་ལ།། ཕྱི་ནང་རྒྱན་གྱིས་མཛེས་བྱས་པས།། བསྒྲུབ་པའི་གནས་མཆོག་བཟུང་ཞིང་འཇམ། ། ཕྱི་རོལ་སྲུང་མ་ཀུན་བསྡུས་ཏེ།། ཕྱོགས་བཅུར་གཏོར་མས་མཉེས་པར་བྱ།། དེ་དག་རང་གི་ཕྲིན་ལས་བཞིན།། བསྒོས་པའི་གནས་ཀུན་བརྟན་པར་འགྱུར།། རྟེན་གྱི་ཕུར་པ་བཅུ་པོ་དག། ཡེ་ཤེས་ཁྲོ་བོའི་སྐུར་བསྒོམས་ཏེ།། ཕྱོགས་བཅུར་ངེས་པར་བཀོད་བྱས་པས།། གནས་ཀུན་ས་གཞི་དག་པར་འགྱུར།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོདྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གརྫ་གརྫ་ཧཱུཾ་ཕཊ། ཨོཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བིན་དྷ་བིན་དྷ་ཧཱུཾ་ཕཊ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་ཧཱུ??ཾ་ཕཊ། ཨོཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཕྱོགས་རྣམས་ཀུན་ཏུ་བསྲུང་བྱས་ཏེ།། གནས་སོགས་རབ་ཏུ་བྱིན་བརླབས་ནས། ། དཀྱིལ་འཁོར་ཀུན་ནས་གནས་རྒྱས་མཆོག། དྲི་ལྔ་ལྡན་དང་བདུད་རྩི་ལྔས།། ལེགས་པར་ཕྱུགས་ཏེ་བརྟན་པར་བརྩམ།། ཕྱོགས་བཞིའི་དཀྱིལ་འཁོར་དག་དང་བཅས།། རས་སྐུད་སྣ་ལྔ་འབྲེལ་ལ་སོགས། ། ལེགས་པར་བྱིན་བརླབས་བསྒྲིལ་བྱས་ཏེ།། ཐབས་དང་ཤེས་རབ་མཉམ་སྦྱོར་བས།། སྟེང་འོག་བཅུ་དྲུག་ཆ་བགོས་ཏེ།། དེ་ལ་ཐིག་ལེ་བཅུ་དྲུག་དགོད།། ཐོད་པ་མཚན་ལྡན་མ་ཉམས་པ།། ཉ་ཕྱིས་རུས་སྦལ་སྣོད་ཀྱང་རུང། ། དཀྱིལ་འཁོར་གནས་ཀུན་ཕྱོགས་བཞག་སྟེ།། བདུད་རྩི་སྣ་གྲངས་བརྒྱ་རྩ་བརྒྱད།། བཏག་བཙག་གཞལ་ཅིང་བརྟན་བྱས་པ།། འཁོར་ལོ་འབར་བའི་དབུས་སུ་བཞག། ཕྱོགས་མཚམས་སྣོད་རྣམས་མ་ནོར་བར། ། རང་གི་གདན་ལེགས་གནས་པ་རུ།། རིགས་དང་ཁ་དོག་མཐུན་པའི་རྫས།། ཕོ་བྲང་གནས་ཀུན་བརྒྱན་བྱས་ཏེ།། དར་སྣ་ལྔ་ཡི་ཁ་རྒྱན་ཅན།། ར་སཱ་ཡ་ན་ལ་སོགས་རྫས།། ཇི་སྙེད་འབྱོར་པ་མ་ལུས་ཀུན། ། དཀྱིལ་འཁོར་སྟེང་དུ་བཀོད་དེ་བཞག། དེ་བཞིན་དར་གྱི་ཐིག་ཡོལ་གྱིས།། ཕྱོགས་རྣམས་མཐའ་ཡས་བསྐོར་བར་བྱ།། ཕྱི་རོལ་གྲཝ་བཞིར་མདའ་བཞི་ལ།། སྲད་བུ་སྣ་ལྔ་ཕྲེང་བས་བརྒྱན།། མེ་ལོང་བཞི་དང་དར་སྣ་བཞི། ། རལ་གྲི་བཞི་དང་ཕུར་བུ་བརྒྱད།། དངོས་གྲུབ་རྫས་རྣམས་མཐའ་ཡས་པས།། དཀྱིལ་འཁོར་འཁོར་བར་བསྐོར་ཏེ་བཞག། ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ།། རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས། ། དེ་ཉིད་བྱང་ཆུབ་སེམས་ཀྱི་རྒྱུན།། ཕྱོགས་རྣམས་ཀུན་ཏུ་སྤྲོ་བར་བྱ།། འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དག། བྱང་སེམས་སྤྲུལ་པས་རིམ་བཞིན་བསྐྱེད།། ཨེ་ཡཾ་ཁཾ་ལཾ་རཾ་དང་མཾ།། བཾ་སུ་བྷྲཱུཾ་གྱིས་གནས་ཁྱབ་པར། ། རང་གི་དཀྱིལ་འཁོར་ཇི་བཞིན་ཉིད།། དབྱིངས་མདོག་མཚན་མ་རྒྱན་དང་བཅས།། ནམ་མཁའི་དབྱིངས་ཀྱི་ཚད་མཉམ་པའི།། ཁང་པ་གྲུ་བཞི་སྒོ་དང་བཅས།། རྟ་བབས་རྒྱན་ཚོགས་ཀུན་གྱིས་བརྗིད། ། ཕོ་བྲང་རིན་ཆེན་འཁོར་ལོའི་གདན།། ཤར་བུ་དོ་ཤར་ཕྲེང་བས་མཛེས།། དབུས་སུ་བྱང་ཆུབ་སེམས་ཆེན་པོ།། ཤར་དུ་རྡོ་རྗེ་དྲི་ཆེན་ཏེ།། ལྷོ་རུ་མཱཾ་ས་སྣ་ཚོགས་པའོ།། ནུབ་ཏུ་པདྨ་རཀྟའི་ཚོགས།། བྱང་དུ་དྲི་ཆུ་སྣ་ཚོགས་པའོ། ། འདི་དག་རིམ་བཞིན་གནས་དག་ཏུ།། ཆོ་ག་ཀུན་གྱིས་རྣམ་པར་སྦྱང།། དེ་བཞིན་སྐུ་གསུང་ཡོན་ཏན་དང།། ཕྲིན་ལས་དཀྱིལ་འཁོར་སོ་སོའི་གཞུང།། བདུད་རྩིའི་ཕྱོགས་རྣམས་དབུས་གནས་སུ། ། རང་གི་དམ་ཚིག་རྫས་བཞིན་དགོད།། རིགས་ཀྱི་གཙོ་བོ་ཡབ་ཡུམ་དང།། རིགས་ཀྱི་དཀྱིལ་འཁོར་དབང་བསྐུར་ལྡན།། གཉིས་མེད་སྦྱོར་བའི་བྱིན་རླབས་ཀྱིས།། བྱང་ཆུབ་སེམས་ཀྱི་དངོས་གྲུབ་དབབ།། རང་གི་གར་ཐབས་ཕྱག་རྒྱ་དང། ། གླུ་དབྱངས་སྔགས་ཀྱི་བཟླས་བརྗོད་ཀྱིས།། ཡེ་ཤེས་དཀྱིལ་འཁོར་ཀུན་བསྐུལ་ཅིང།། གཉིས་མེད་བདུད་རྩིའི་གནས་རྒྱས་པའི།། བྱང་ཆུབ་སེམས་འདི་ཡེ་ཤེས་རང་བཞིན་ཏེ། ། དྲི་མེད་རིན་ཆེན་ཆར་བཞིན་དབབ་པ་ལས།། འགྲོ་བ་ཀུན་བསྐྱེད་ཡིད་བཞིན་ནོར་བུའི་ཚུལ།། གདོད་ནས་དག་པ་བདུད་རྩིའི་རང་བཞིན་ལ།། གཉིས་མེད་སྦྱོར་བས་རྡོ་རྗེའི་རིགས་ཆེན་ཀུན།། མེ་ལོང་ཡེ་ཤེས་དེ་ཉིད་ཡིན་པར་བཤད། ། མཚན་ལྡན་བྷན་དྷའི་ཤེལ་ཕོར་དུ།། བྱང་ཆུབ་སེམས་ཀྱི་རིགས་རྣམས་ཀུན།། གསང་བའི་རྡོ་རྗེ་ཕྱག་རྒྱས་མནན།། འཕྲོ་འདུ་སྔགས་ཀྱི་བཟླས་བརྗོད་བྱ།། ཨོཾ་ཨཱཿཧཱུཾ། བཛྲ་ས་ཏྭ་ཧཱུཾ། སརྦ་ཨེ་ཧོ་ཤུདྷེ་ཨ་མྲྀ་ཏ་སུ་ཁ་མ་ཧཱ་ཡོ་ག་ཙིཏྟ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨཀྵོ་བྷྱ་བཛྲ་དྷཱ་ཏྭཱི་ཤྭ་རཱི་ས་མ་ཡ་སྟྭཾ།། གཉིས་མེད་བསྡུས་པས་བྱང་ཆུབ་སེམས།། རིགས་ཀྱི་དཀྱིལ་འཁོར་རྣམ་དག་པའོ།། ཕྱོགས་བཞི་རང་གི་དཀྱིལ་འཁོར་གྱིས། ། དེ་ཉིད་དངོས་གྲུབ་སྐུལ་བྱེད་ཅིང།། སོ་སོའི་རྫས་རྣམས་མཐའ་ཡས་པ།། རིགས་ཀྱི་ཕོ་བྲང་གནས་སུ་བཞག། སེམས་ཅན་རྣམས་ནི་གནས་ལ་ཆགས།། འཁྲུལ་པའི་བདག་ཉིད་གཙང་མར་འཛིན། ། དོན་གྱིས་འདི་དག་སུན་དབྱུང་སྟེ།། རང་བཞིན་བདུ་རྩིའི་དབྱིངས་སུ་སྦྱོར།། བསོད་ནམས་ཐམས་ཅད་དང་བྲལ་བའི།། ཡི་དྭགས་སྐམ་ཐག་ཆད་པ་ཡང།། རང་ལུས་གཏོང་བར་མི་ཕོད་ན།། ལྷ་ལ་སོགས་པའི་བདག་ཉིད་ཀྱིས། ། ལུས་ཅན་རྣམས་ལ་སྨོས་ཅི་དགོས།། རང་བྱུང་བདུད་རྩི་སྟོན་པ་ཉིད།། ལྷས་ཀྱང་ལྷ་ཡི་བདག་ཉིད་བཟའ།། མི་ལ་སོགས་པ་དེ་བཞིན་དུ།། རྣལ་འབྱོར་རྟོགས་པ་དཔྱད་ཅིང་བཟའ།། དེ་ལྟར་བདག་གཞན་མི་འབྱེད་པས། ། བླང་དོར་མེད་པར་གྲོལ་བ་ཡི།། ཐམས་ཅད་མཉམ་ཉིད་ཡེ་ཤེས་སྐུ།། རིན་ཆེན་རིགས་མཆོག་དངོས་གྲུབ་འགྲུབ།། ཨོཾ་ཨཱ་ཧཱུཾ། མ་ཧཱ་མཱཾ་ས་ས་མ་ཡ་ར་གོུ྅ཧཾ། རཏྣ་སྭ་བྷཱ་ཝ་རཏྣ་ར་ཏི་ས་མ་ཡ་སྟྭཾ། རཱ་ག་རཀྟ་པད་མ་བྱུང།། སྨད་པས་མི་གཙང་རྫས་འདི་དག། ཆགས་ཡུལ་བདེ་བའི་གནས་ཡིན་ཏེ།། ཐབས་དང་ཤེས་རབ་དམ་ཚིག་འགྲུབ།། པདྨ་རིགས་ཀྱི་དམ་ཚིག་འགྲུབ།། སོ་སོར་རྟོགས་པའི་ཡེ་ཤེས་ཉིད། ། ཨོཾ་ཨཱཿཧཱུཾ་པདྨ་རཀྟ་མཱུ་ལ་ཨ་མྲྀ་ཏ། ཨ་མྲྀ་ཏ་དྷེ་ལྦ། རཱ་ག་ར་ཏི་ས་མ་ཡ་སྟྭཾ། སུ་ཁ་ཧྲཱིཿ། ཀུན་འབྱུང་ཆགས་པ་གུར་གུམ་ཆུ།། རྡོ་རྗེ་དྲི་ཆུ་ཡིན་པ་སྟེ།། ཆུ་ལས་མ་བྱུང་གང་ཡང་མེད།། དེ་བཞིན་བདུད་རྩི་བཅུད་ཀྱི་མཆོག། ལས་ཀྱི་རིགས་ཀྱི་དམ་ཚིག་འགྲུབ།། བྱ་བ་ནན་ཏན་ཡེ་ཤེས་འགྲུབ།། ཨོཾ་ཨཱཿཧཱུཾ། ཨ་མོ་ག་སིདྷཱི་ཨ་མྲྀ་ཏ་ཀུཎྜ་ལི། བཛྲ་ར་ཏི་ས་མ་ཡ་སྟྭཾ། སྨད་པ་མི་གཙང་སྙིགས་མ་འདི།། རྟོག་པ་དེ་ཉིད་སྙིགས་མ་ཡིན། ། ཆེ་མཆོག་འཛིན་པའི་བདུད་རྩི་སྟེ།། གདོད་ནས་དག་པའི་རང་བཞིན་པས།། བདེ་གཤེགས་ཀུན་གྱི་ཐུགས་དམ་ཉིད།། གཉིས་མེད་སྐུ་རུ་སྦྱར་བས་ན།། ཐབས་དང་ཤེས་རབ་འབྲེལ་པའི་གཞི།། ཆོས་དབྱིངས་ཡེ་ཤེས་དམ་ཚིག་འགྲུབ། ། ཨོཾ་བཻ་རོ་ཙ་ན་མོ་ཧ་ར་ཏི་ས་མ་ཡ་སྟྭཾ།། མ་ཧཱ་ཡོ་ག་ཨ་ཏི། པ་ར་ན་བ་ལིནྟ་ཨ་མྲྀ་ཏ་ཨཾ་ཏི་སྟ་ཨ་ཏི་སྟ་ཨཾ།། དེ་ནས་བསྒྲུབ་པའི་རྣལ་འབྱོར་ཀུན།། ཐལ་སྦྱར་སྔར་གྱི་གནས་ནས་ལངས། ། དབུས་ཀྱི་སྣོད་མཆོག་མཚན་ལྡན་རྫས།། ཤེས་རབ་སྦྱངས་པའི་ཕྱག་རྒྱས་བླངས།། ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱིས།། སངས་རྒྱས་ཀུན་གྱི་ཆོས་ཉིད་འདི།། སྙིང་པོ་ཆོས་ཀྱི་དོན་ལས་འབྱུང།། བྱང་ཆུབ་སེམས་དཔའི་གནས་འདི་ཡིན། ། སྨད་པར་བྱ་བའི་རྫས་ལྔ་པོ།། གཅིག་ལ་ཡོན་ཏན་ལྔ་ལྔའམ།། གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ།། ཐམས་ཅད་གཉིས་མེད་སྦྱོར་བའི་མཆོག། དམ་ཚིག་ཆེན་པོ་བཅོ་ལྔ་ལས། ། ཡན་ལག་ཉི་ཤུ་རྩ་བརྒྱད་དོ།། སྣོད་བཅུད་དབུས་སུ་བསྡུས་ནས་ནི།། བཅུ་དྲུག་སྙིང་པོ་བསྟན་པར་བྱ།། ཐབས་དང་ཤེས་རབ་ལྡན་པ་ལས།། སེམས་དཔའ་སེམས་མའི་ཚོགས་སུ་བལྟ།། རྩ་བ་བརྒྱད་དང་ཡན་ལག་བརྒྱད། ། དེ་བཞིན་ཡན་ལག་རྫས་གཞན་རྣམས།། བཅུད་རྣམས་ཐབས་ཀྱི་ཕྱག་རྒྱ་སྟེ།། སྣོད་རྣམས་ཤེས་རབ་དབྱིངས་ཀྱི་ཡུམ།། འཁོར་ལོ་རྩིབས་བཟང་བཅུ་དྲུག་དག། རིགས་ཀྱི་པདྨ་གདན་ཚོགས་གནས། ། ཕྱག་རྒྱ་ཐིག་ལེ་བསྟན་འགྱུར་བའོ།། སུམ་ཅུ་རྩ་གཉིས་མཚན་ལྡན་པ།། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན།། རྡོ་རྗེ་དབྱིངས་ཚོགས་དཀྱིལ་འཁོར་རྫོགས།། རྒྱུ་ཡང་གསང་ལ་འབྲས་བུའང་གསང། ། རིགས་ལྔ་གསལ་བའི་དཀྱིལ་འཁོར་ལ།། མཛོད་ལྡན་དཔལ་གྱི་ཕྱག་རྒྱ་དང།། མཁའ་འབྱེད་རྡོ་རྗེའི་ཕྱག་རྒྱ་ནི།། འཁོར་ལོ་ཕོ་བྲང་དབུས་སུ་བཞག། བདུད་རྩི་ལྔ་དང་རྩ་བ་བརྒྱད།། མིག་དང་རྣ་བ་སྣ་དང་ལྕེ། ། མཚན་མ་རྣམ་ཤེས་ཡུལ་དང་བཅས།། ཐམས་ཅད་མཐུ་ཡིས་སྦྱོར་བྱེད་ཅིང།། འདུས་མ་བྱས་པའི་རྡོ་རྗེ་སྟེ།། དགོངས་པ་འདུས་པ་སེམས་པ་ཉིད།། རྡོ་རྗེ་སེམས་དཔའ་རབ་སྦྱོར་བ།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་ཧཱུཾ། གསང་ཆེན་རིགས་ཆེན་ཚུར་འདུས་པས།། ཐམས་ཅད་གཉིས་མེད་རྡོ་རྗེ་འཆང།། ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ། ར་སཱ་ཡ་ན་སྟ་ན་ཛ་ཡ་སིདྷི་ཧཱུཾ་ཧྲཱི་ཋ། མ་སྐྱེས་དོན་གྱི་སྙིང་པོ་ལས། ། ཡང་དག་ཡེ་ཤེས་སྦྱར་བའི་མཐུས།། རིགས་མཆོག་གསང་བའི་དཀྱིལ་འཁོར་རྫོགས།། གཉིས་མེད་ལྷུན་གྲུབ་གསང་བའི་སྐུ།། རིགས་རྣམས་གཅིག་ཏུ་སྦྱོར་བྱས་ཏེ།། ཡེ་ཤེས་བདུད་རྩིའི་གནས་རྒྱས་འགྱུར། ། རིགས་ཀྱི་བདུད་རྩི་གནས་ལྡན་པ།། དེ་དག་སྔགས་དང་ཕྱག་རྒྱ་ཡིས།། གནས་ཀུན་རིགས་ཀྱི་དཀྱིལ་འཁོར་ཆེ།། དེ་དག་སྦྱོར་བས་བརྟན་བྱས་ཏེ།། དེ་ཉིད་རིགས་ལྔའི་བཟླས་བརྗོད་ཀྱིས།། བདུད་རྩིའི་ཕོ་བྲང་གནས་ཀུན་རྫོགས། ། འབྲུ་རྣམས་ལ་ཡང་ཆང་མེད་དེ།། ཆུ་ལ་ཆང་གི་རང་བཞིན་མེད།། མཁས་པས་འབྲུ་བཅུད་རྩི་སྦྱར་བས།། མཉམ་ཉིད་སྦྱར་བས་ཆང་དུ་འགྱུར།། མི་གཙང་བ་ལ་རྟོག་མེད་དེ།། གཙང་བ་དངོས་པོའི་རིགས་མ་གྲུབ། ། མཁས་པས་གཉིས་མེད་དོན་སྦྱར་ན།། ཐམས་ཅད་གཉིས་མེད་གཙང་བའི་རྫས།། མན་ངག་ཅན་གྱི་སྒྲུབ་པ་པོས།། མཉམ་པ་ཉིད་ཀྱི་དོན་འགྲུབ་འགྱུར།། རྟ་དང་མི་ལ་སོགས་པ་ཡི། ། ཇི་ལྟར་འོ་མར་གྱུར་པ་ལ།། མཁས་ལྡན་ཆེན་པོས་རབ་སྦྱར་ནས།། ཡོན་ཏན་ཞོ་དང་མར་དུ་སྣང།། དེ་བཞིན་རྫས་རྣམས་སྦྱོར་བའི་མཐུས།། མཉམ་ཉིད་ཡོན་ཏན་མར་ལྟར་འགྲུབ།། དཔེར་ན་གསེར་ཚོགས་རིན་ཆེན་དག། སོ་སོ་ནས་ཀྱང་རང་བཞིན་གྱིས།། ཁ་དོག་མཚན་ཉིད་མ་འདྲེས་གསལ།། ཡོན་ཏན་རྫས་ཀུན་དེ་ལྟ་བུ།། དེ་བས་མཉམ་སྦྱར་གཉིས་སྦྱོར་བས།། དེ་བཞིན་རྫས་ཚོགས་སྦྱར་བའི་མཐུས།། རང་གི་ཡོན་ཏན་རིན་ཆེན་ཉིད། ། གཉིས་མེད་མཉམ་སྦྱོར་བླ་ན་མེད།། ཆུ་རྣམས་སྣ་ཚོགས་ཐ་དད་ཀྱང།། རྒྱ་མཚོར་ཕྱིན་པས་ལན་ཚྭའི་རོ།། དེ་བས་ཐམས་ཅད་བསྡུས་པ་ལ།། ཆོས་ཀྱི་དབྱིངས་སུ་རོ་གཅིག་གོ།། འབྱུང་བའི་ཐུགས་རྗེ་རྣམ་དག་པས། ། སྨན་ལྔ་བདུད་རྩིར་རྣམ་པར་དག། འགྲོ་བ་ཀུན་གྱི་གསོས་སུ་འགྱུར།། དངོས་པོ་མེད་ལས་དངོས་གྲུབ་གཞི།། བྱང་ཆུབ་སེམས་ཀྱི་ཕྲིན་ལས་ལས།། གང་ལྟར་དམིགས་པ་བཞིན་དུ་འགྲུབ། ། ཨོཾ་ཨ་མྲྀ་ཏ་ཛ་གད་བྲ་བ་སྭཱ་ཧཱ། ཨོཾ་བི་ཛ་ཡ་སྭཱ་ཧཱ། ཨོཾ་རཏྣ་མངྒལ་སྭཱ་ཧཱ། ཨོཾ་མཱ་མ་ཀཱི་ཀྲོ་དྷཱི་ཤྭ་རཱི་སྭཱ་ཧཱ། དེ་ནས་དམ་པ་རིགས་བརྒྱ་ཡི།། སྔགས་དང་ཕྱག་རྒྱས་དབང་བསྐུར་ཏེ།། ཐམས་ཅད་རིགས་ཀྱི་དཀྱིལ་འཁོར་རྣམས། ། རྒྱ་ཆེ་སྤྲུལ་པས་རྣམ་པར་གནས།། ཡེ་ཤེས་བྱིན་རླབས་ཆེན་པོའི་མཐུས།། ཕྱོགས་བཅུའི་དཀྱིལ་འཁོར་མཉམ་པར་སྦྱོར།། རབ་བྱུང་གདོད་ནས་དག་པ་ཡི།། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན།། ར་སཱ་ཡ་ན་ལ་སོགས་རྫས། ། རྩ་བ་འབུམ་ཕྲག་ཡངས་པ་བཅུད། གཉིས་མེད་བདེ་ཆེན་ལས་བྱུང་བའི།། བྱང་ཆུབ་སེམས་ཚོགས་རྡོ་རྗེ་ཉིད།། ཤ་ཆེན་མཆོད་པ་རིན་པོ་ཆེ།། ཟས་མཆོག་ཚེ་ཡི་དྲི་ཆེན་པོ།། པདྨ་མེ་ཏོག་ཡང་དག་ལྡན། ། རྡོ་རྗེ་ཆུ་སྟེ་བདུད་རྩིའི་མཆོག། ག་བུར་ཤེལ་གྱི་པོག་ཕོར་དྲི།། རིན་ཆེན་མེ་ལྟར་འབར་བའི་ཚོགས།། ཡོན་ཏན་འབུམ་ཕྲག་ཡངས་པའི་བཅུད།། རིགས་ལྔ་དམ་ཚིག་ལྔ་ཡི་དངོས།། ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། ། རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར།། དུག་ལྔ་སེལ་བའི་བདུད་རྩི་སྟེ།། ཐམས་ཅད་གཉིས་མེད་རྣལ་འབྱོར་ཆེ།། མ་ལུས་འདུས་པའི་ཐིག་ལེ་ཆེ།། སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར། ། གཅིག་ཏུ་དཔའ་བོའི་རོ་རྣམས་དང།། གཉིས་སུ་མེད་པར་མཉམ་སྦྱར་ནས།། དུས་གསུམ་སངས་རྒྱས་ཐམས་ཅད་དང།། རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད།། དེ་ནས་ཤེས་རབ་ཡུམ་རྣམས་ཀྱིས།། ངོ་མཚར་དབྱངས་འདིས་བསྐུལ་བར་བྱེད། ། ངོ་མཚར་རྨད་དུ་བྱུང་བའི་ཆོས།། ནམ་མཁའ་དང་ནི་མཉམ་པའི་ཆོས།། རྣམ་པར་མི་རྟོག་རྟོག་ལས་འདས།། ཀུན་རྫོབ་ཙམ་དུ་བསྟན་པ་མཚར།། ཐབས་དང་ཤེས་རབ་གཙོ་གཟུངས་ཀུན། ། རང་བྱུང་སྔགས་དང་ཕྱག་རྒྱའི་ཚོགས།། ཁྲོ་བོ་ཆེན་པོའི་ཆ་ལུགས་ཀྱིས།། དུར་ཁྲོད་རྒྱན་ཆས་མཚོན་ཐོགས་ཏེ།། ཕྱོགས་བཅུའི་བགེགས་རྣམས་ཚར་གཅོད་ཅིང།། དཀྱིལ་འཁོར་གནས་ཀུན་བསྲུང་བར་བྱ། ། བསྙེན་དང་ཉེ་བའི་བསྙེན་པ་དང།། སྒྲུབ་དང་སྒྲུབ་ཆེན་རིམ་བཞིན་དུ།། ཕྱག་རྒྱ་བཞི་དང་རྣལ་འབྱོར་པའི།། བསྒྲུབ་པའི་དཀྱིལ་འཁོར་བསྟན་པར་གྱུར།། ཕྱོགས་བ་ཅུའི་ཁྲོ་བོའི་ཚོགས་རྣམས་ཀྱིས། ། སྟེང་འོག་གནས་ཀུན་བསྲུང་བྱས་ནས།། རིགས་ལྔ་རྩ་བའི་དཀྱིལ་འཁོར་དུ།། བདུད་རྩི་ཁྲོ་བོ་བསྙེན་པའི་གནས།། ཞི་བའི་དཀྱིལ་འཁོར་ཇི་བཞིན་པར།། འཕྲོ་འདུས་མཚན་རྟགས་གསལ་བར་སྦྱོར། ། ཐབས་དང་ཤེས་རབ་གནས་བཞག་སྟེ།། སྦྱངས་ཤིང་བྱིན་རླབས་བརྟེན་བྱེད་པའི།། བདུད་རྩི་འཁྱིལ་བའི་ལྷ་རྣམས་ཀྱིས།། བཏག་བཙག་གནས་ཀུན་ཆ་བསྙམས་ནས།། ཉེ་བའི་བསྙེན་པ་གསལ་བྱས་ནས། ། ཞི་ཁྲོ་སྦྱོར་བའི་ཏིང་འཛིན་དང།། དེ་དག་ཁྲོ་བོའི་དཀྱིལ་འཁོར་གྱིས།། ཁྱད་པར་མངོན་པར་འདུ་བྱས་ཏེ།། ཕྱག་རྒྱ་གར་དང་བརྡའ་རྣམས་དང།། གསང་སྔགས་བྲོར་བཅས་གནས་ཀུན་སྦྱང།། གུ་གུལ་ཐལ་ཆེན་ཉུང་དཀར་དང། ། འཇིགས་བྱེད་ཕུར་པ་མཚོན་ཆར་བཅས།། རིགས་ཀྱི་དབང་བསྐུར་བྱིན་བརླབས་ཤིང།། ཐམས་ཅད་ལས་ཀུན་ཚུལ་གྱིས་སྦྱར།། བསྙེན་པའི་དབྱངས་སྒྲོགས་གླུ་ལེན་ཅིང།། བྱིན་དབབ་ཆེན་པོའི་ཡོན་ཏན་བརྗོད། ། ཨོཾ་བཛྲ་ཨ་མྲྀ་ཏ་ས་མ་ཡོ་གི་ནཱི་ཧཱུཾ། ཨོཾ་ཛཾ་མ་ཡ་ཧཱུཾ། ཨོཾ་མ་ཧཱ་བཛྲ་ཨ་མྲྀ་ཏ་མ་ཧཱ་ཏ་སུ་ཀ་ཏི། ཨོཾ་བཛྲ་ཨེའུ་ཤུད་དྷེ། ཤྲི་ཏི་པ་རྦ་ཤོ་ད་ཡ། ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུཾ། ཡང་དང་ཡང་དུ་སྔགས་རྣམས་དང། ། ཡིག་འབྲུ་འོད་དང་བཅས་པ་བསྟིམ།། ཕྱི་ནང་ཚོགས་ཀྱི་འཁོར་ལོ་དང།། ཕྱི་ནང་མཆོད་པ་གཏོར་མ་དང།། ཕྱི་ནང་སྦྱིན་བསྲེག་ལས་ཀུན་དང།། ཕྱི་ནང་ལོངས་སྤྱོད་ལྷག་མའི་ཚོགས།། རང་གིག་དཀྱིལ་འཁོར་ཚུལ་བཞིན་དུ། ། སྦྱོར་བ་ཀུན་ནས་རྫོགས་པར་སྤྱད།། རང་གི་དམ་ཚིག་གསོ་བྱས་ཏེ།། དབང་བསྐུར་བྱིན་བརླབ་གསོལ་གདབ་ཅིང།། ཡང་ཡང་དཀྱིལ་འཁོར་གནས་འཇུག་པས།། སློབ་མའི་ཚོགས་རྣམས་གཟུང་བར་བྱ། ། དེ་དག་བྱང་སེམས་མཆོག་བསྐྱེད་ཅིང།། བདག་གཞན་དམིགས་པའི་གནས་དག་པས།། ཐམས་ཅད་དོན་དུ་རྫོགས་བྱེད་ཅིང།། སྐུ་གསུང་ཐུགས་ཀྱི་གནས་ལྡན་འགྱུར།། ཐོག་མར་ཕྱི་ནང་དབང་རྫོགས་པས། ། སྒྲུབ་པའི་དཀྱིལ་འཁོར་གནས་འཇུག་ཅིང།། ཡང་དག་བདུད་རྩི་དངོས་གྲུབ་གནས།། གཉིས་མེད་བརྟན་པར་དབང་བསྐུར་རོ།། དེ་དག་རང་གི་དམ་ཚིག་བཞིན།། རང་སྔགས་ལྷ་ཡི་འཕྲོ་འདུ་ཡིས། ། དུས་ཀུན་བཟུང་ཞིང་སྤེལ་བར་བྱེད།། སྒྲུབ་པ་ཆེན་པོའི་དུས་དག་ཏུ།། རྟ་མགྲིན་དབང་གི་དཀྱིལ་འཁོར་གྱིས།། དངོས་གྲུབ་གནས་ཀུན་དབང་མཛད་དེ།། རིགས་ཀྱི་ཕྱག་རྒྱ་གསང་བའི་ཚོགས།། ཐབས་དང་ཤེས་རབ་གཉིས་མེད་པའི། ། མཛད་པ་བཅུ་གཉིས་འཕྲོ་འདུ་ཡིས།། བདུད་རྩིའི་ཕོ་བྲང་ཡོངས་སུ་རྒྱས།། རིགས་ཀྱི་དཀྱིལ་འཁོར་གསལ་གྲུབ་ཅིང།། དེ་གནས་རིམ་འཇུག་འཁོར་ལོའི་ཚུལ།། དངོས་གྲུབ་ཐམས་ཅད་དབང་མཛད་དེ། ། དུས་ཀུན་བརྟན་པར་གནས་པའོ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་བནྡྷ་བནྡྷ་ཧྲཱིཿཋ། ཧཱུཾ་དཔལ་ལྡན་རྡོ་རྗེ་རིགས་འཆང་བ།། ཐུགས་ཀྱི་དཀྱིལ་འཁོར་རབ་སྤྲོ་བས། ། རྡོ་རྗེའི་དཀྱིལ་འཁོར་རིགས་བཅས་པ།། ཐུགས་དམ་དབང་གིས་ཉེ་བར་བསྐུལ།། དམ་ཚིག་ཚུལ་བཞིན་གཤེགས་ནས་ཀྱང།། གྲུབ་པའི་དངོས་གྲུབ་མཆོག་རྣམས་སྩོལ།། ཨོཾ་བཛྲ་ཙིཏྟ་པཉྩ་ཨ་མྲྀ་ཏ་ཧཱུཾ། རིགས་ཀྱི་དཀྱིལ་འཁོར་ཕྱོགས་རྣམས་ཀྱི།། འཁོར་ལོ་རིན་ཆེན་པདྨ་ལས།། སྐུ་དང་ཡོན་ཏན་གསུང་ཕྲིན་ལས།། དངོས་གྲུབ་གསོལ་གདབ་བསྐུལ་བྱས་པས།། དངོས་གྲུབ་ཐམས་ཅད་མཉམ་སྦྱོར་བས།། རིགས་ཀྱི་དཀྱིལ་འཁོར་བརྟན་པར་གནས། ། ཨོཾ་བུདྡྷ་རཏྣ་པདྨ་བྷི་ཤྭ་པཉྩ་ཨ་མྲྀ་ཏ་ཨོཾ་ཧྲཱིཿོཾ་ཧཾ། ཐམས་ཅད་ཡེ་ཤེས་མཉམ་སྦྱོར་བས།། ཐབས་ལྡན་ཕྱག་རྒྱ་ཀུན་གྱི་སྐུ།། བྷ་གའི་དཀྱིལ་འཁོར་ལོངས་སྤྱོད་རྫོགས།། སྐུ་གསུང་ཐུགས་ཀྱི་བྷ་ག་དང། ། ཐུགས་ཀྱི་དཀྱིལ་འཁོར་གསུམ་སྦྱོང་ཞིང།། སྣ་རྩེ་འོད་ཀྱི་ཐིག་ལེ་ལས།། ཁ་དོག་སྣ་ལྔའི་ཕྲེང་བ་དང།། གནས་ཀུན་འཁོར་ལོའི་ཚུལ་དུ་སྦྱར།། རིགས་ཀྱི་ཡིག་འབྲུ་ཕྱག་མཚན་དང། ། སྐུ་དང་རྒྱན་དང་སྤྲུལ་པར་བཅས།། དཀྱིལ་འཁོར་ཀུན་གྱི་གནས་རྒྱས་ཏེ།། ཡང་དག་བདུད་རྩི་གསང་བའི་མཆོག། ཨོཾ་ནམ་མཁའི་མཐའ་ཀླས་ཆོས་དབྱིངས་མཐའ།། མ་ཆགས་སྤྱན་མངའ་སྒྲིབ་མེད་ཐུགས། ། རྡོ་རྗེ་སྙིང་པོའི་ཚོགས་བཅས་རྣམས།། ཐམས་ཅད་ཀུན་ནས་གཟིགས་སུ་གསོལ།། ཨོཾ་གཉིས་མེད་ཡེ་ཤེས་མཉམ་པའི་དབྱིངས།། དུས་ཀུན་དགེ་བའི་བཤེས་གཉེན་ཚོགས།། ཁྱོད་ཀྱི་ཐུགས་རྗེས་གནས་བསྒྲལ་ཞིང། ། ཡང་དག་ཡེ་ཤེས་བརྟན་པར་མཛོད།། ཅེས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱིས་གསོལ་བ་བཏབ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ་ལས། བསྙེན་བསྒྲུབ་ཆེན་པོའི་གནས་ལ་འཇུག་པའི་ཚུལ་བསྟན་པ་སྟེ། རིམ་པར་ཕྱེ་བ་བདུན་པའོ།།།། དེ་ནས་རིགས་ཀུན་གྱི་བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བ་དེ་ཉིད་རང་གི་དཀྱིལ་འཁོར་དག་པར་མཛད་པས། ཆོས་ཐམས་ཅད་གཉིས་སུ་མེད་པར་མཉམ་པ་ཆེན་པའི་ཚུལ་གྱིས་སྦྱོར་ཞིང་བཞུགས་པ་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལ་རྣོན་པོས་བསྟན་པའི་དོན་བསྡུ་བར་གསོལ་བ་བཏབ་པའོ། ། ཐམས་ཅད་ཀུན་ནས་དག་པ་ཡི།། རིན་ཆེན་བདུད་རྩིའི་དོན་རྒྱས་པ།། རང་བྱུང་སངས་རྒྱས་ཀུན་གྱི་ལམ།། དེ་དག་གསང་ཆེན་སྙིང་པོའི་མཆོག། ནམ་མཁའ་ལྟ་བུར་གནས་གྱུར་ཅིང།། བྱང་སེམས་ཐིག་ལེའི་གནས་རྫོགས་པ། ། ངོ་མཚར་སྐུ་གསུང་ཐུགས་ཀྱི་རྒྱ།། ཐམས་ཅད་མཁྱེན་པས་བསྟན་མཛད་པའོ།། འདི་དག་བསྙེན་པ་སྒྲུབ་པ་དང།། གྲུབ་དང་ཡང་དག་གྲུབ་པའི་མཐུས།། བྱིན་རླབས་ཡུལ་ཀུན་སྦྱོར་བྱེད་པའི། ། ཐམས་ཅད་ཆོས་ཉིད་གནས་རྣམས་དག། ཀུན་ཏུ་བཟང་པོའི་རང་བཞིན་དུ།། ཐམས་ཅད་མཁྱཻན་པས་ལུང་སྟོན་མཛད།། བྱང་སེམས་རྡོ་རྗེ་ཀུན་ཏུ་བཟང།། དུས་གསུམ་འདུ་འབྲལ་མེད་པའི་མཆོག། ཡུམ་གྱི་ཚུལ་ཆེན་མཁའ་ཀློང་ན།། དགོངས་པ་ཆོས་དབྱིངས་ཞི་བ་ཉིད།། དེ་ཚེ་རིགས་ལྔའི་བདེ་གཤེགས་དང།། གསང་བའི་ཡུམ་ཆེན་ཚོགས་རྣམས་དང།། བྱང་ཆུབ་སེམས་དཔའི་འཁོར་རྣམས་དག། སེམས་དཔའི་ཚོགས་བཅས་མ་ལུས་ལ།། གཉིས་མེད་བདུད་རྩིའི་དཀྱིལ་འཁོར་འདིར།། ཉེ་བར་བསྡུས་ཏེ་གནང་བར་མཛད།། ནན་ཏན་གྱིས་ནི་བརྩོན་འགྲུས་བྱོས།། ཐེ་ཚོམ་མེད་ན་ཉེ་བར་འགྲུབ།། བདུད་རྩི་ཆེན་པོ་རྣམ་ལྔ་འདི། ། རང་བཞིན་དང་པོ་ངོ་བོ་དག། མཐུ་དང་བྱིན་རླབས་བསམ་མི་ཁྱབ།། མི་བརྗེད་རྒྱུན་གྱི་ཏིང་ངེ་འཛིན།། རང་གི་དཀྱིལ་འཁོར་གནས་རྣམས་དག། རིགས་ཀྱི་དཀྱིལ་འཁོར་ཆེན་པོར་སྦྱོར། ། བདུད་རྩི་དམ་པ་ངེས་པའི་བཅུད།། ཡང་དག་ཡེ་ཤེས་གོམས་པ་ཡིས།། ཕྱག་རྒྱ་གསང་བའི་གནས་ཀུན་རྫོགས།། བྱང་ཆུབ་སེམས་ཀྱི་རང་བཞིན་དུ།། ཕྱི་ནང་ཆོས་ཀུན་མཉམ་སྦྱོར་ཅིང།། ངེས་པའི་སངས་རྒྱས་དམ་པའི་གཞི། ། རང་གི་མཐུ་ཡིས་ཀུན་སྣང་བས།། གཉིས་མེད་བདུད་རྩིའི་རང་བཞིན་ཆེ།། གདོད་ནས་ལྷུན་གྱིས་གྲུབ་པར་གནས།། དེ་དག་རྣལ་འབྱོར་མཆོག་རྣམས་ཀྱིས།། ངེས་པར་ཡེ་ཤེས་མཉམ་སྦྱར་བས། ། ཤེས་རབ་ཆེན་པོ་ངེས་བྱས་ཏེ།། བདུད་རྩི་གསང་བའི་གནས་ཀུན་མཐོང།། རང་གི་བྱང་ཆུབ་སེམས་དཀྱིལ་འཁོར།། ཐམས་ཅད་ཀུན་ཏུ་གསལ་བར་འཆར།། གཉིས་མེད་ཡེ་ཤེས་བརྟན་པ་ལས།། དུས་ཀུན་འཇུག་པའི་ཏིང་ངེ་འཛིན། ། དེ་ལས་དེ་སྣང་རྒྱ་ཆེན་པོ།། ཐམས་ཅད་དཀྱིལ་འཁོར་རྣམ་པར་སྤྱོད།། བསྙེན་དང་ཉེ་བའི་བསྙེན་པ་དང།། སྒྲུབ་དང་སྒྲུབ་ཆེན་བཅུ་དྲུག་ཚོགས།། ཏིང་འཛིན་ཕྱག་རྒྱའི་གནས་མཐུན་པས། ། རིགས་ཀུན་བདུད་རྩིའི་གནས་རྒྱས་སྤྱོད།། དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང།། ཡོན་ཏན་ཚོགས་རྣམས་ཀུན་རྫོགས་ནས།། ངེས་པའི་བྱང་ཆུབ་སེམས་དཔའ་ཉིད།། དམ་ཚིག་གནས་ཀུན་འཇུག་པར་བྱེད། ། ཐབས་མཁས་ཐུགས་རྗེའི་རྒྱུ་མཐུན་པས།། རིགས་ཀྱི་རྣལ་འབྱོར་ཀུན་བཟུང་བའི།། ཐབས་ལྡན་འཇུག་པའི་ཡན་ལག་རྫོགས།། དེ་དག་དོན་གསུམ་གསང་བའི་ཚུལ།། ཐོག་མའི་དབང་བསྐུར་ཇི་ལྟ་བར། ། རབ་རྒྱས་འབྲས་བུ་དྲི་མ་མེད།། ཡེ་ཤེས་ཆེན་པོའི་རྣལ་འབྱོར་པས།། དེ་དག་ཤེས་རབ་མཐུ་ཡིས་འགྲུབ།། སྨིན་ཅིང་གྲོལ་བར་བྱེད་པའི་ལམ།། ཕྱག་རྒྱ་རྫོགས་པའི་འབྲས་བུ་ཉིད།། ཀུན་ཏུ་སྐུ་གསུང་ཐུགས་རྣམས་དང། ། ཡོན་ཏན་ཕྲིན་ལས་མཐུ་བཅས་པས།། ཞིང་ཁམས་ཡོངས་སུ་དག་པ་ཡི།། དཀྱིལ་འཁོར་གསང་ཆེན་སྙིང་པོར་སྦྱོར།། དེས་བསྒྲུབ་མན་ངག་གསུམ་དུ་སྣང།། དེ་ལ་བདུད་རྩི་དཀྱིལ་འཁོར་ཚོགས། ། རྒྱ་ཆེན་སྤྲུལ་པ་བསམ་ཡས་པའི།། ཐབས་མཁས་དོན་ཀུན་སྤྱད་པའི་ཚོགས།། ཐབས་དང་ཤེས་རབ་མཉམ་སྦྱོར་བས།། ཆོས་ཀུན་བདུད་རྩིར་སྒྲུབ་བྱེད་ཅིང།། རང་གི་དཀྱིལ་འཁོར་གསང་བར་སྣང། ། བདེ་ཆེན་འབྲས་བུ་ལ་སྤྱོད་པའི།། རྒྱུད་ཀྱི་རྒྱལ་པོ་གསང་ཆེན་མཆོག། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག། སྔོན་མེད་ངོ་མཚར་རོལ་པའི་ཚོགས།། བདུད་རྩི་རོལ་པ་ཞེས་བྱ་བའི།། དོན་འདི་ཡང་གསང་རྨད་དུ་བྱུང། ། སངས་རྒྱས་ཀུན་གྱི་དགོངས་མཛད་དེ།། ཡེ་ནས་གནས་པའི་ཆོས་རྣམས་ཀུན།། ཐབས་དང་ཤེས་རབ་གསལ་བྱེད་ཅིང།། ཕྱག་རྒྱའི་ཚོགས་རྣམས་གཏན་ལ་འབེབས།། ཐམས་ཅད་བདུད་རྩི་རིག་པའི་རྒྱུད། ། སངས་རྒྱས་ཀུན་འབྱུང་དཀྱིལ་འཁོར་གནས།། བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས།། དུས་ཀུན་བསྟན་པས་གཉིས་མེད་སྦྱོར།། དེ་ནས་བྱང་ཆུབ་སེམས་དཔའ་མཆོག། འཇམ་དཔལ་ལ་སོགས་ཚོགས་རྣམས་ཀྱིས། ། རིགས་ཀྱི་བདེ་གཤེགས་དཀྱིལ་འཁོར་ལ།། ཕྱོགས་རྣམས་ཀུན་ནས་འདུས་པས་མཆོད།། ཨེ་མ་འོ་སངས་རྒྱས་ཀུན་ཏུ་བཟང།། གསང་ཆེན་ཐིག་ལེ་ཉིད་ལ་རྫོགས།། མ་རིག་མུན་སེལ་ཡེ་ཤེས་སྒྲོན། ། དཔའ་བོ་ཁྱོད་ལ་སྐྱབས་སུ་མཆི།། རང་བྱུང་དྲི་མེད་བདུད་རྩི་འདི།། སངས་རྒྱས་ཀུན་གྱིས་བསྔགས་པའི་མཆོག། མི་ཤེས་དྲི་མ་ཀུན་བཅོམ་མཛད།། ངེས་པ་དོན་ལ་ཕྱག་འཚལ་ལོ།། ཨོཾ་ཡོན་ཏན་དཀྱིལ་འཁོར་རབ་རྫོགས་ཉིད། ། ཀུན་གསལ་སྣང་བྱེད་དྲི་མ་མེད།། རིན་ཆེན་རིགས་ཀུན་སྐྱོང་མཛད་མཆོག། མཉམ་ཉིད་ཡེ་ཤེས་ཕྱག་འཚལ་བསྟོད།། མི་བསྐྱོད་རྡོ་རྗེའི་རིགས་རྒྱལ་པོ།། ཐུགས་རྗེའི་ཉི་མས་ཀུན་གསལ་ཞིང། ། ཐམས་ཅད་ཆོས་ཀྱི་གནས་རྫོགས་མཛད།། སྒྲིབ་སྦྱོང་དཀྱིལ་འཁོར་ཕྱག་འཚལ་བསྟོད།། ཕྱོགས་བཅུ་བཀོད་པ་མཐའ་ཡས་རྣམས།། ཐམས་ཅད་མ་འདྲེས་དོན་ཀུན་རྫོགས།། བདེ་གཤེགས་སྐུ་ཡི་བྱིན་རླབས་སྟོན། ། ཆོས་དབྱིངས་ཡེ་ཤེས་ཕྱག་འཚལ་བསྟོད།། ཆོས་ཀུན་རྣམ་དག་པདྨའི་དབྱིངས།། ཡང་དག་ཀུན་གསལ་ཐེག་པའི་མཆོག། གསང་སྔགས་མ་འདྲེས་མཐའ་ཡས་པའི།། རྣམ་རྟོག་ཡེ་ཤེས་ཕྱག་འཚལ་བསྟོད། ། ཐབས་མཁས་བདུད་རྩིའི་དཀྱིལ་འཁོར་ཉིད།། ཇི་ལྟར་དོན་ཀུན་སྣ་ཚོགས་ལྟར།། དེ་དག་ཕྲིན་ལས་ཀུན་སྤྱོད་མཛད།། དོན་གྲུབ་ཡེ་ཤེས་ཕྱག་འཚལ་བསྟོད།། ཨོཾ་ཡེ་ཤེས་སྟོབས་རྒྱན་བྱམས་པའི་སྐུ།། ཉོན་མོངས་རྩ་བྲལ་འཇམ་དཔལ་ཉིད། ། མི་ཤེས་དྲེགས་སེལ་སྤོས་གླང་པོ།། ཟག་མེད་རྒྱལ་མཚན་ཡེ་ཤེས་ཏོག། ཕུན་ཚོགས་དབང་བསྐུར་བཟང་སྐྱོང་ཉིད།། མཐའ་ཡས་འདྲེན་མཛད་རྒྱལ་པོའི་བློ།། ཚད་མེད་བློ་གྲོས་མི་ཟད་པ། ། སྣ་ཚོགས་ཆོས་འབྱེད་སྤོབས་པ་བརྩེགས།། མི་སྣང་སྟོབས་དཔལ་མཐུ་ཆེན་ཐོབ།། རྣམ་པར་སྣང་མཛད་ངན་སོང་སྦྱོང།། ངེས་པར་ཚོགས་འཇོམས་མུན་སེལ་བློ།། འཁྲུལ་པ་བླུན་གཅོད་དྲ་བའི་འོད། ། མུན་པ་འཇིགས་བྱེད་ཟླ་འོད་གཞོན།། ཡེ་ཤེས་ཀུན་གསལ་འོད་དཔག་མེད།། རིན་ཆེན་ཆར་འབེབས་ནམ་མཁའི་མཛོད།། དྲི་མ་རྣམ་བསལ་སྒྲིབ་ཀུན་སེལ།། རིགས་མཆོག་སེམས་དཔའ་ཆེ་རྣམས་ལ། ། གཉིས་མེད་གུས་པས་ཕྱག་འཚལ་ལོ།། ཨོཾ་བྱང་ཆུབ་བརྟན་རྫོགས་རྡོ་རྗེ་སེམས།། གསལ་བར་སྣང་བྱེད་རྒྱལ་པོའི་སྟོབས།། ཐམས་ཅད་གནས་ཀུན་ཆགས་པའི་ཚུལ།། དོན་ཀུན་རྫོགས་པ་ལེགས་པ་ཉིད། ། འདོད་འབྱུང་ཡོན་ཏན་རིན་ཆེན་ཚོགས།། ཕྱོགས་བཅུར་ཁྱབ་བྱེད་ཉི་མའི་འོད།། ཐེག་པའི་མཐུར་བཅས་རྒྱལ་མཚན་གཙོ།། རབ་དགའ་མགུ་བའི་བཞད་མོ་ཆེ།། དངོས་ཀུན་རྣམ་དག་པདྨའི་ཚོགས།། ཡུལ་རྟོག་གཅོད་པའི་མཚོན་ཆ་རྣོ། ། དཀྱིལ་འཁོར་རྫོགས་པའི་འཁོར་ལོ་ཉིད།། རྣམ་གྲོལ་ཡེ་ཤེས་སྔགས་བཅས་སྒྲ།། ཕྲིན་ལས་ཐམས་ཅད་རྫོགས་བྱེད་ཅིང།། འཇིགས་པའི་ཚོགས་རྣམས་ཟ་བར་བྱེད།། ཕྱག་རྒྱའི་བསྲུང་བ་བརྟན་བྱས་པས། ། རབ་ཏུ་བསྡུས་པའི་མི་ཤིགས་པ།། སྲས་མཆོག་རིགས་ཀྱི་སེམས་དཔའ་ལ།། གཉིས་མེད་གུས་པས་ཕྱག་འཚལ་བསྟོད།། ཨོཾ་སངས་རྒྱས་ཀུན་གྱི་བཀྲ་ཤིས་བཟང།། དཔལ་ཚོགས་ཡོན་ཏན་ཕྲེང་བས་བརྒྱན། ། ཁམས་སུམ་ལས་ཀུན་རྣམ་པར་འཇོམས།། ཆོས་ཀུན་མཚན་མས་རྣམ་དག་པའོ།། མ་འདྲེས་རྫོགས་མཛད་པདྨའི་ཕྲེང།། ས་གསུམ་གྲུབ་པའི་ནོར་བདག་མོ།། ཡང་དག་གླུ་ཡི་དབྱངས་སྙན་ཅན། ། ལྷ་མོའི་རིགས་ཀུན་མཐར་ཕྱིན་མཛད།། བརྩེ་བའི་དབང་ཕྱུག་དོན་ཡོད་རིན།། སྐུ་གསུམ་འཇུག་མཛད་དཔལ་ཆེན་མོ།། གསང་སྔགས་པདྨའི་འཕྲེང་འཛིན་སྔགས།། རིན་ཆེན་འབྱུང་གནས་མཛོད་ཆེན་མོ། ། ཀུན་ཏུ་བརྩེ་མེད་འོད་ཟེར་ཅན།། ཉེ་བར་གནས་སྔོན་ནོར་གྱི་རྒྱུན།། ཕྱག་རྒྱ་ཆེ་མཆོག་སྣང་མཛད་པས།། བྱང་ཆུབ་མཆོག་གི་བསིལ་བའི་རྒྱུན།། ལྷ་མོ་བདེ་ཆེན་དཔལ་ལྡན་མའི།། རིགས་མཆོག་གཟུངས་རྣམས་ཕྱག་འཚལ་བསྟོད། ། ཨོཾ་ཐེག་ཆེན་སྙིང་པོ་རྡོ་རྗེ་སྟེ།། མཁས་མཛད་ཡོན་ཏན་དཔག་ཏུ་མེད།། ཀུན་ཏུ་གཟིགས་པའི་ཐུགས་རྗེའི་བདག། གསང་བ་མཆོག་གི་གནས་འཛིན་ཅིང།། མགོན་པོ་མི་ཕམ་དྲི་མ་མེད། ། སྒྲིབ་པ་རྣམ་སེལ་གྲོལ་བའི་ཆོས།། མ་ལུས་ཀུན་ཏུ་བཟང་པོ་ཉིད།། ཤེས་རབ་རྩེ་གཅིག་འཇམ་པའི་དབྱངས།། རིགས་ཀྱི་ཡུམ་བཅས་བཅུ་དྲུག་ལ།། གཉིས་མེད་གུས་པས་ཕྱག་འཚལ་ལོ།། ཨོཾ་ནམ་མཁའ་དྲི་མེད་ཀུན་མཁྱེན་མཛོད། ། ཕྱོགས་བཅུར་སྣང་མཛད་རྡོ་རྗེའི་སྐུ།། ཐུགས་རྗེའི་སྒོ་རྣམས་ཉེ་བར་སྟོན།། ཡེ་ཤེས་བདུད་རྩིས་ཁྱབ་མཛད་པས།། རིགས་མཆོག་མི་ཕམ་བཤེས་གཉེན་བཅས།། དཔུང་ཚོགས་གནོན་པའི་མཐུ་ལྡན་པ། ། སྡོམ་པའི་རྒྱ་མཚོ་བློ་གྲོས་དཔལ།། མི་གནས་རྡོ་རྗེའི་ཆོས་ཀུན་བདག། འཇིགས་བྱེད་སྟོབས་ཅན་ལྷའི་དབང་ཕྱུག། ཕྱི་ནང་གནོན་པའི་ཕྲེང་བས་བརྒྱན།། འཁོར་ཞི་མྱ་ངན་འདས་སྐྱོབ་ཅིང། ། ཐབས་དང་ཤེས་རབ་འཇུག་སེལ་བ།། གར་སྟབས་སྣ་ཚོགས་ཀུན་བསྐྱོད་ཅིང།། སྟོན་པའི་གཙོ་བོ་མཉེས་བྱེད་ཚེ།། མ་ལུས་དྲེགས་པའི་ཚོགས་ཀུན་འཇོམས།། སྣ་ཚོགས་ཕྲིན་ལས་རིགས་ལྡན་མཆོག། རབ་ཏུ་རྒྱས་པའི་སེམས་དཔའ་ཆེ། ། གཉིས་མེད་གུས་པས་ཕྱག་འཚལ་བསྟོད།། ཨོཾ་དག་ཅིང་རང་བཞིན་དྲི་མེད་སྐུ།། ཚུལ་མང་གསལ་བའི་ཕྲེང་བ་ཉིད།། ཀུན་ཏུ་ཆོས་ཀྱི་དབྱངས་སྒྲོགས་ཤིང།། གར་ཐབས་ཀུན་བསྐྱོད་དགྱེས་པར་མཛད། ། དྲི་ཞིམ་ཚིམས་བྱེད་ཕྱོགས་བཅུར་ཁྱབ།། རང་བཞིན་བལྟས་མཛེས་ཀུན་ཏུ་སྣང།། མི་གཉིས་ཡེ་ཤེས་གསལ་མཛད་ཅིང།། བྱང་ཆུབ་སེམས་ཀྱི་དངོས་གྲུབ་དག། ཁྱད་པར་མཆོད་པའི་ཚོགས་རྣམས་ལ། ། གཉིས་མེད་གུས་པས་ཕྱག་འཚལ་བསྟོད།། ཨོཾ་ཐུགས་རྗེ་ཡེ་ཤེས་འགུགས་པའི་མཆོག། བྱམས་གནས་ཀུན་ལ་ཡང་དག་བཞུགས།། གསང་སྔགས་དགའ་བས་བསྟེན་པར་བྱེད།། ཐབས་ཀུན་མཁྱེན་པའི་བཏང་སྙོམས་བརྟན། ། རྔམ་པའི་ཚུལ་འཛིན་ཁྲོ་བདག་ཚོགས།། སྒོ་བཞིའི་དཀྱིལ་འཁོར་ཕྱག་འཚལ་བསྟོད།། ཨོཾ་བདེ་ཆེན་དབྱིངས་ཀྱི་དབང་ཕྱུག་ལས།། རབ་ཆགས་ཐུགས་རྗེ་ཀུན་གྱི་གཟུགས།། མཐའ་ཡས་ནམ་མཁའི་དཀྱིལ་འཁོར་ཉིད། ། དོན་རྣམས་སྤྲུལ་པས་ཀུན་སྟོན་མཛད།། ཉམ་ངའི་གནས་མེད་འདུལ་བྱེད་པའི།། རྡོ་རྗེ་ཡེ་ཤེས་དབུ་རྒྱན་འཛིན།། ཐམས་ཅད་རྣམ་པར་སྤྲོ་ཞིང་སྡུད།། ཕྱག་རྒྱའི་དཀྱིལ་འཁོར་གང་མཛད་ཅིང། ། མི་རྟོག་རྣམ་ཀུན་སྦྱང་མཛད་ཅིང།། ས་གསུམ་གནས་རྣམས་བསྲེག་པར་བྱེད།། ཐམས་ཅད་ཀུན་ནས་མཁས་པ་ཡི།། རང་བཞིན་དྲི་མེད་གསལ་བའི་མཛོད།། ཐ་དད་རྣམ་པའི་འོད་གསལ་ཅིང། ། དངོས་གྲུབ་ཕྲིན་ལས་ཀུན་སྤྱོད་མཛད།། བྱ་བ་ཆེན་པོ་དོན་བསྒྲུབ་པའི།། འདོད་པའི་དོན་ཀུན་འདིས་འགྲུབ་མཛོད།། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས།། སྙིང་པོ་གསང་ཆེན་ངེས་པ་འདིས།། རིགས་མཆོག་རྣལ་འབྱོར་དབང་ཕྱུག་ཀུན། ། ངེས་པར་སྒྲོལ་བའི་ཚིག་བསྙེམས་པོ།། ཕྱོགས་བཅུའི་དཀྱིལ་འཁོར་རྒྱ་ཆེན་པོ།། རབ་ཏུ་རྫོགས་པའི་སྐུ་གསུང་ཐུགས།། དོན་ཀུན་གསུངས་པ་རྫོགས་པའི་རྒྱུད།། དེ་དག་གནས་ཀུན་ཚུལ་གྱིས་འཇུག། ཐབས་དང་ཤེས་རབ་ཐེག་པའི་མཆོག། སེམས་ཅན་ཀུན་གྱི་སེམས་ཉིད་དེ།། རང་བཞིན་ཀུན་ཏུ་རྫོགས་པའི་དོན།། བདག་པོས་དབང་བསྐུར་ཡེ་ཤེས་ཆེ།། ཇི་ལྟར་སྣང་བ་སྣ་ཚོགས་ཀུན། ། རང་གི་མཐུ་ཡིས་རྣམ་གྲོལ་ཅིང།། མི་ཤིགས་ཡུལ་ཀུན་ལས་འདས་པའི།། ཕྱག་རྒྱ་གསང་བའི་དཀྱིལ་འཁོར་ཉིད།། ཐབས་དང་ཤེས་རབ་རོལ་བའི་ཚུལ།། དུས་ཀུན་རྒྱུན་གྱི་རྣམ་པར་གནས།། ཀུན་ཏུ་འགྲོ་ཞིང་འདུག་པ་དང། ། དེ་བཞིན་སྤྱོད་ལམ་ཐམས་ཅད་དུ།། གཉིས་མེད་གཉིས་སུ་སྣང་བའི་ཆོས།། ཕྱག་རྒྱའི་དཀྱིལ་འཁོར་མ་འགགས་པའོ།། རྟག་ཏུ་སེམས་ཅན་ཐམས་ཅད་ལ།། བྱམས་སོགས་ཉེ་བར་སྦྱར་བྱས་ཏེ། ། ཕ་རོལ་ཕྱིན་པའི་ཚུལ་རྣམས་ཀྱིས།། བསོད་ནམས་ཡེ་ཤེས་མཆོག་ཏུ་བསྟེན།། དཀྱིལ་འཁོར་ཐམས་ཅད་རྫོགས་པར་སྦྱོར།། དེ་དག་ཚུལ་གྱིས་ཉེ་བར་སྣང།། བདག་བཅས་ཆོས་ཀུན་ཡོངས་རྟོགས་པས། ། བདག་མེད་མྱ་ངན་འདས་པའི་མཆོག། ཕྱི་རོལ་གནས་ལ་མངོན་ཞེན་པའི།། འགྲོ་རྣམས་ཀུན་ཏུ་འཁྲུལ་པས་འཁོར།། དེ་དག་རང་གི་ཆོས་ཉིད་ཀྱིས།། བདུད་རྩིའི་དཀྱིལ་འཁོར་གནས་ལོངས་སྤྱོད། ། ཕྱག་རྒྱ་གསང་གསུམ་སྔགས་ཀྱི་མཐུས།། རིག་འཛིན་གནས་མཆོག་དེ་དག་ལས།། རྟོགས་ལྡན་ལམ་གྱི་རིམ་པ་བཞིན།། མངོན་པར་འཕགས་པའི་འབྲས་བུ་ཉིད།། ངེས་པར་སངས་རྒྱས་ཀུན་གྱི་དངོས། ། ཚེ་འདིར་ཉེ་བར་བསྒྲུབ་པའི་དོན།། རིམ་བཞིན་ཅིག་ཅར་འཇུག་པའི་ཚུལ།། བདུད་རྩིའི་དཀྱིལ་འཁོར་རྒྱས་མཛད་པའོ།། དེ་ནས་དཀྱིལ་འཁོར་ཀུན་འབྱུང་བའི།། བདུད་རྩིའི་གནས་ནི་རྒྱས་པ་ཉིད།། དེ་བཞིན་གཤེགས་པས་སྦྱོར་མཛད་ཅིང། ། བྱང་ཆུབ་སེམས་རྣམས་ཀུན་སྤྱོད་པའོ།། སྣང་བ་མེད་ལས་སྣ་ཚོགས་ཆོས།། བདུད་རྩིའི་དཀྱིལ་འཁོར་ཀུན་འབྱུང་ཞིང།། མཉམ་ཉིད་ཡེ་ཤེས་ཟག་པ་མེད།། བདེ་བ་ཆེན་པོའི་གནས་བཞུགས་པའོ། ། བདུད་རྩི་ཆེན་པོའི་དཀྱིལ་འཁོར་ལས།། ཕྱི་ནང་འབྱུང་ཚོགས་བསམ་ཡས་ཀུན།། རིགས་ཀྱི་སྤྲུལ་པས་རྣམ་བཀོད་ཅིང།། བྱིན་རླབས་མཐུ་ཡིས་གསང་བའི་མཆོག། ཁ་དོག་དབྱིབས་དང་མཚན་མ་མེད། ། འགྲོ་བ་མེད་ཅིང་བྱ་བ་མེད།། རྩོལ་བ་མེད་ཅིང་བརྟེན་པ་མེད།། བདུད་རྩི་ཆེན་པོར་བརྗོད་དུ་མེད།། ཉོན་མོངས་དུག་བཅས་དུག་གཞི་བཅོམ།། དྲི་མེད་དག་པའི་བྱང་ཆུབ་སེམས།། སངས་རྒྱས་ཀུན་གྱི་སྤྱོད་ཡུལ་འདི། ། ངེས་པའི་དོན་ལ་མཉམ་པར་སྦྱོར།། ནམ་མཁའི་མཚན་ཉིད་སངས་རྒྱས་ཀུན།། ཕྱི་ནང་བདུད་རྩིའི་རང་བཞིན་ཏེ།། དེ་དག་རྣམ་པར་སྤྲུལ་བྱས་ནས།། ཐམས་ཅད་དོན་ཀུན་མཚན་མར་འཛིན། ། དེ་བཞིན་རྟོགས་པས་གྲོལ་བའི་ཕྱིར།། རང་བཞིན་ཉེ་བར་སྦྱངས་པའི་སྟོབས།། ཐམས་ཅད་སངས་རྒྱས་ཚོགས་རྣམས་ཀྱིས།། བདུད་རྩི་ཆེན་པོའི་དོན་བཤད་འཚལ།། དུས་རྣམས་ཀུན་ཏུ་བཟུང་བ་དང། ། གཞན་ལ་རྒྱ་ཆེར་སྟོན་བྱེད་པ།། དེ་ཉིད་རྡོ་རྗེ་ཀུན་ཏུ་བཟང།། སྲས་གྱི་དམ་པར་རབ་བསྔགས་པའོ།། དེ་ནས་བྱང་ཆུབ་སེམས་དཔའི་ཚོགས།། ཕྱོགས་རྣམས་ཀུན་ནས་འདུས་པ་དང།། ལྷ་ཀླུ་གནོད་སྦྱིན་མི་ལ་སོགས། ། རྣལ་འབྱོར་དྲང་སྲོང་ཆེ་རྣམས་ལ།། སངས་རྒྱས་ཀུན་གྱིས་བསྟན་པའི་དོན།། ཉེ་བར་གདམས་པས་སྟོན་པར་མཛད།། དེ་ཉིད་བསྟན་པའི་རྒྱུད་ཆེན་འདི།། ཐམས་ཅད་གཅིག་ཏུ་བསྡུས་པའི་མཆོག། བྱང་སེམས་འཇམ་དཔལ་རྣོན་པོ་དང། ། གསང་བདག་རྡོ་རྗེ་ཆོས་ལ་གཏད།། དུས་གསུམ་ཐམས་ཅད་མཁྱེན་པའི་མཆོག། སངས་རྒྱས་ཀུན་གྱི་གསང་བའི་མཛོད།། བདུད་རྩི་རོལ་པའི་རྒྱུད་ཆེན་འདི།། དད་བརྩོན་གུས་པར་གཟུང་བར་གྱིས། ། ཇི་སྙེད་ཆོས་རྣམས་ཐམས་ཅད་ཀྱི།། ཡོན་ཏན་བརྗོད་པའི་དཔེ་ཀུན་ཀྱིས།། སྣ་ཚོགས་ཕྱོགས་རྣམས་བཀང་བྱས་ཏེ།། དེ་དག་བགྲང་ཞིང་ཤེས་ཀུན་ཀྱང།། ཡང་དག་དོན་འདི་མཚོན་པ་གང། ། ཇི་ལྟར་ནམ་མཁའི་དཀྱིལ་འཁོར་དང།། རྒྱ་མཚོ་ཆེན་པོའི་གནས་རྣམས་དག། ཀུན་ཏུ་རྟོགས་པར་ནུས་གྱུར་ཀྱང།། ཡང་དག་དོན་འདི་དཔེ་ལས་འདས།། ནོར་བུ་རིན་ཆེན་མཐའ་ཡས་སྒོ།། གྲངས་མེད་སྟོང་གསུམ་བཀང་བྱས་པས། ། ཡོན་ཏན་ཆེན་པོའི་ཕྱོགས་ཆ་ཡང།། ཚད་གཟུང་སྟོན་པར་མི་ནུས་སོ།། དུས་ཀུན་འཕེལ་དང་འགྲིབ་མེད་པའི།། བདུད་རྩི་གསང་བའི་དཀྱིལ་འཁོར་ཉིད།། དུས་གསུམ་སྟོན་པས་གྲོལ་བྱེད་པ། ། དེ་དག་བྱིན་རླབས་མཐའ་ཡས་ཏེ།། ངོ་བོ་ཉིད་ཀྱི་མཐུ་དག་དང།། རང་བཞིན་བདག་ལ་གནས་པའི་ཆོས།། གསང་སྔགས་ཕྱག་རྒྱའི་ཏིང་འཛིན་དང།། དཀྱིལ་འཁོར་རྒྱུད་རྣམས་གཟུང་བར་བྱོས། ། རི་ལུ་ལྕགས་གསུམ་དཀྲིས་པ་དག། དངོས་གྲུབ་ཀུན་གྱི་དོན་ཕྱིར་བཅངས།། སྤྱི་གཙུག་མགུལ་ལ་སོགས་པར་གནས།། ཕྱག་རྒྱས་བསྲུང་ཞིང་བསྟོད་པར་བྱ།། ཞེས་རྒྱ་ཆེར་གསུངས་སོ།། དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་དང། བྱང་ཆུབ་སེམས་དཔའི་ཚོགས་ཀུན་དང། ལྷ་དང་མི་ལ་སོགས་པ་རྣམས་ཤིན་ཏུ་དགའ་ཞིང་གུས་པའི་སྒོ་ནས། ངོ་མཚར་གྱི་ཚིག་གིས་བསྟོད་ཅིང། ཕྱག་འཚལ་ཞིང་མཆོད་པས་ཞིང་ཁམས་ཐམས་ཅད་གང་བར་སྤྲུལ་ཏེ། སྟོན་པ་དང་བདུད་རྩིའི་སྙིང་པོ་གཉིས་སུ་མེད་པར་སྤྱི་བོས་བླངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ་ལས། ཉེ་བར་བསྡུས་པའི་ཚུལ་བསྟན་པ་སྟེ་རིམ་པར་ཕྱེ་བ་བརྒྱད་པའོ། །།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ་ལས། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་བདུད་རྩི་ཉེ་བར་བསྡུས་པའི་ཚུལ་གྱིས་བསྟན་པ་སྟེ། ཐམས་ཅད་རྫོགས་པའི་གནས་འཇུག་པ་རྫོགས་སོ། ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང། བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།།

CLOSE WINDOW