CLOSE WINDOW

Gpb014.009: རྒྱུད་ཕྱི་མ
Wylie

།།། !་རྒྱུད་ཕྱི་མ།། དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་དང་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྟན་པ་ལ་དངོས་པོ་ཐམས་ཅད་ཀྱིས་ཇི་ལྟ་བ་དང། དུས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཐོས་ལ་ཁོང་དུ་ཆུད་ནས་ཆོས་གཟིགས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་འོ་ཀུན་དུ་བཟང་པོ་ཡི།། སྐུ་གསུང་ཐུགས་ཀྱི་ངེས་པར་དག། རྡོ་རྗེ་གསུམ་གྱིས་ཀུན་དུ་ནི།། རྡོ་རྗེ་གསུམ་ལ་ཐུན་དུ་བཞུགས།། སེམས་ཅན་ཐམས་ཅད་དུས་གསུམ་གྱི། ། རྡོ་རྗེའི་ངོ་བོར་ཡང་དག་བྱུང།། སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ།། བྱང་ཆུབ་རྡོ་རྗེའི་གནས་ཐོབ་པའོ།། ཨེ་མའོ་འདི་རབ་ངོ་མཚར་ཆེ།། ཨེ་མའོ་ཞི་བ་དབང་པོ་འདུས།། ཨེ་མའོ་འཁོར་བ་དག་གི་རྒྱུན། ། ཨེ་མའོ་མཆོག་ཏུ་མྱ་ངན་འདས།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་དཔའ་དེ་དེ་བཞིན་ནོ། ། སེམས་དཔའ་ཆེན་པོ་དེ་དེ་བཞིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཡང་འདུས་པར་གྱུར་ནས།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་གསང་བ་དང། ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཕྱག་བྱས་ཏེ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་ཤིན་ཏུ་རྙེད་དཀའ་བ།། བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན།། རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར། ། གསང་བ་འདུས་པ་ཞེས་བྱའི་རྒྱུད།། སྦས་པ་དེ་ནི་རྟོགས་ཕྱིར་དང།། སེམས་ཅན་རྣམས་ལ་ཕན་འདོད་པས།། ཡང་དག་གསུང་པས་གང་བཤད་པ།། མགོན་པོ་ཁྱེད་ལ་གསོལ་བར་འཚལ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གང་ཞིག་སྦས་པའི་རྒྱུད་ཚིག་དེ།། དེ་དག་ཐམས་ཅད་འདྲི་འདོད་པ།། སེམས་དཔའ་ཆེན་པོ་ལེགས་སོ་ལེགས། ། ཡོན་ཏན་འབྱུང་གནས་ལེགས་སོ་ལེགས།། དེ་ནས་བྱང་ཆུབ་སེམས་དཔའ་ཀུན།། རབ་ཏུ་དགའ་བས་མིག་གདངས་ཏེ།། ཡང་དང་ཡང་དུ་ཕྱག་འཚལ་ནས།། འདི་ཡི་སོམ་ཉི་ཞུས་པར་གྱུར། ། གསང་བ་ཞེས་འདི་གང་ལ་བགྱི།། འདུས་པ་ཞེས་ནི་གང་ལ་བརྗོད།། རྒྱུད་ཀྱི་འབྲེལ་བ་ཇི་ལྟ་བུ།། རྣལ་འབྱོར་རྒྱུད་འདིར་ཅི་ལ་བགྱི།། དེ་ཉིད་རྣམ་པ་དུ་རུ་བཤད།། དེ་བཞིན་གསང་བ་རྣམ་པ་དུ།། གསང་ཆེན་ཞེས་ནི་གང་ལ་བགྱི། ། དམ་པ་རྣམ་པ་དུ་ཞིག་མཆིས།། བྱང་ཆུབ་སེམས་ཞེས་གང་ལ་བགྱི།། དེ་བཞིན་རིག་པའི་སྐྱེས་བུ་ཅི།། བཛྲ་དྷྲྀཀ་ཅེས་ཅི་ལ་བགྱི།། དེ་བཞིན་ཛིན་ཛིཀ་ནི་གང།། དེ་ལ་རཏྣ་དྷྲྀཀ་ནི་གང། ། དེ་བཞིན་ཨཱ་རོ་ལིཀ་ནི་ཅི།། པྲ་ཛྙཱ་དྷྲྀཀ་ཅེས་གང་ལ་བགྱི།། རིགས་འདིར་དེ་བཞིན་གང་ཞིག་ལགས།། མོ་ཧ་ཞེས་ནི་གང་ལ་བགྱི།། དྭེ་ཥ་ཞེས་བྱ་འདིར་གང་ལགས།། རཱ་ཀ་ཞེས་ནི་ཅི་ལ་བགྱི།། བཛྲ་སྔགས་ནི་གང་ལ་བགྱི། ། ར་ཏི་ཞེས་འདིར་གང་ལ་བགྱི།། ཕུན་སུམ་ཚོགས་པ་གང་ཞིག་ལགས།། ཡ་མཱནྟ་ཀྲྀཏ་དོན་ནི་གང། དེ་བཞིན་པྲ་ཛྙཱནྟ་ཀྲྀཏ་ཅི།། པད་མཱནྟ་ཀྲྀཏ་མིང་ཅི་ལྟ།། དེ་བཞིན་བིགྷྣནྟ་ཀྲྀཏ་ཅི།། ཀུན་དུ་སྤྱོད་པ་གང་ཅི་ལགས། ། དེ་བཞིན་སྔགས་ཀྱི་སྤྱོད་པ་གང།། འདིར་ནི་བཟླས་པ་གང་ཞིག་ལགས།། རྒྱས་བཏབ་པ་ཞེས་གང་ལ་བགྱི།། ཆོས་འབྱུང་པ་ནི་ཇི་ལྟར་བསྒོམ།། དེ་བཞིན་སྡོམ་པ་ཇི་ལྟ་བུ།། ཞེ་སྡང་གཏི་མུག་འདོད་ཆགས་ཆོས། ། སེམས་ཅན་དོན་མཛད་ཇི་ལྟ་བུ།། དཀྱིལ་འཁོར་ཞེས་ནི་གང་ལ་བགྱི།། ཕྱག་རྒྱའི་དགོད་པ་ཇི་ལྟར་ལགས།། འདིར་ནི་མེ་ཏོག་ཅི་ཞིག་ལགས།། མཆོད་རྟེན་ཞེས་ནི་གང་ལ་བཤད།། ཡེ་ཤེས་འཁོར་ལོ་ཇི་ལྟར་ཤེས། ། འདིར་ནི་གནས་ཤེས་གང་ལ་བཤད།། མགོན་པོ་བསྐུལ་བ་ཇི་ལྟ་བུ།། གཏོང་བ་དག་ཀྱང་ཇི་ལྟ་བུ།། ཇི་ལྟར་དེ་རྣམས་སྤྱན་དྲང་བགྱི།། བཅིང་བ་འདིར་ནི་ཇི་ལྟ་བུ།། དབང་བསྐུར་བ་ནི་ཇི་ལྟར་སྩལ། ། དེ་བཞིན་རེག་པའི་བརྟུལ་ཞུགས་གང།། བདུད་རྩི་ལྔ་རྣམས་ཅི་ལྟར་བཟའ།། དེ་བཞིན་དཔའ་བོ་ལྔ་གང་ལགས།། དངོས་གྲུབ་ཐ་མལ་ཇི་ལྟ་བུ།། དེ་བཞིན་མཆོག་ཀྱང་ཇི་ལྟ་བུ།། དེ་ལ་ཐབས་ནི་རྣམ་པ་དུ། ། དེབཞིན་ཐབས་བྱུང་ཇི་ལྟ་བུ།། རྣལ་འབྱོར་རྡོ་རྗེ་ཅན་ཀུན་གྱི།། བཀའ་ནི་ཇི་ལྟར་བསྒོ་བར་བགྱི།། ལས་ཀྱི་མཆོག་གི་ཚོགས་རྣམས་ནི།། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་ཞུས་པའི་ཚིག་ཉེ་བར་གསན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ལ་དམིགས་པར་མཛད་ནས་སྐད་ཅིག་ཅང་མི་གསུང་བར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེ།། སྙིང་རྗེའི་བདག་ཉིད་རབ་དགའ་ནས།། རྫོགས་པའི་སངས་རྒྱས་བདེ་བར་གཤེགས།། མགོན་ལ་ཡང་དང་ཡང་རབ་བསྐུལ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལུས་ངག་ཡིད་ནི་རྡོ་རྗེ་ཡིས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ།། བཞག་ནས་བྱང་ཆུབ་སེམས་དབང་པོ།། ཞུས་པ་རྒྱ་ཆེན་མཉན་པར་གྱིས། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་རྗེས་སུ་གསུངས་པའི་བཀའ་སྤྱི་བོས་རབ་ཏུ་མནོས་ཏེ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། ། བདེ་བར་གཤེགས་པ་ལེགས་སོ་ལེགས་སོ་ཞེས་གསོལ་ནས། རང་རང་གི་ལུས་དང་ངག་དང་ཡིད་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་དམིགས་ཏེ་ཅང་མི་སྨྲ་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རང་རང་གི་ཐུགས་རྡོ་རྗེ་ཆེན་པོ་ལ་དམིགས་པར་བྱིན་གྱིས་བརླབས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་རྣམས་ལ་ཞུས་པ་དེ་དག་གསུང་གཅིག་གིས་བཀའ་སྩལ་པ། སྐུ་གསུང་ཐུགས་ནི་རྣམ་པ་གསུམ།། གསང་བ་ཞེས་ནི་བསྟན་པ་ཡིན།། སངས་རྒྱས་ཐམས་ཅད་ཅེས་བྱ་བ།། ཚོགས་པ་འདུས་པ་ཡིན་པར་བཤད།། ལྔ་པ་དང་ནི་དགུ་པ་དང། ། བཅུ་བདུན་པ་དང་བཅུ་གསུམ་པ།། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས།། བསྟན་པ་དག་ནི་སྒྲུབ་ཆེན་ཡིན།། བཞི་པ་དང་ནི་བཅུ་དྲུག་པ།། བརྒྱད་པ་དེ་བཞིན་བཅུ་གཉིས་པ།། སློབ་དཔོན་སྤྱི་ཡི་ལས་དང་ནི། ། དངོས་གྲུབ་བརྟུལ་ཞུགས་སྡོམ་པ་ཡིན།། དྲུག་པ་དང་ནི་གཉིས་པ་དང།། བཅུ་པ་དང་ནི་བཅུ་བཞི་པ།། དྲག་སྤྱོད་རྗེས་སུ་ཆགས་པ་དང།། ཉེ་བར་སྒྲུབ་པའི་སྡོམ་པའོ།། བདུན་པ་དང་ནི་གསུམ་པ་དང། ། བཅུ་གཅིག་པ་དང་བཅོ་ལྔ་པ།། དངོས་གྲུབ་ཞིང་དང་མཚན་མ་ནི།། བསྙེན་པ་སྒྲུབ་པའི་སྡོམ་པའོ།། དེ་བཞིན་གཤེགས་པ་ཀུན་གྱི་ལས།། ཚར་གཅོད་ཕན་འདོགས་སྤྱོད་པ་དག། གདུལ་དཀའ་འདུལ་དང་ཞི་བ་ཡི། ། སེམས་ཅན་རྣམས་ཀྱི་འཇུག་པའོ།། བསྐྱེད་པའི་རིམ་དང་འབྲེལ་པ་ཡི།། བསྙེན་པ་རྡོ་རྗེའི་ཆོ་ག་བཞི།། ཐུན་མོང་དངོས་གྲུབ་འབྲེལ་པ་ཡིན།། མཆོག་ཏུ་གྱུར་པའི་གཞུང་ཉིད་དོ།། དཀྱིལ་འཁོར་བརྟུལ་ཞུགས་འབྲེལ་པ་ཡི། ། གཞུང་ནི་སློབ་དཔོན་ཕུན་ཚོགས་པའོ།། བླ་མས་སྔགས་ཀྱི་ལམ་གྱིས་ནི།། སློབ་མ་ཡོངས་སུ་སྨིན་བྱ་བ།། བརྟུལ་ཞུགས་བཟང་དང་དབང་བསྐུར་བ།། རང་གི་སློབ་མ་བདག་ཉིད་ཆེ། ། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས།། བསྟན་པས་ཡོངས་སུ་གྲོལ་བ་ཡིན།། ཐབས་དང་ཤེས་རབ་སྙོམས་འཇུག་པ།། རྣལ་འབྱོར་ཞེས་ནི་བཤད་པ་ཡིན།། གང་ཞིག་དངོས་མེད་ཤེས་རབ་སྟེ།། ཐབས་ནི་དངོས་པོའི་མཚན་ཉིད་དོ། ། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས།། རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ།། གཞི་དང་དེ་བཞིན་རང་བཞིན་དང།། མི་འཕྲོགས་པ་ཡིས་རབ་ཕྱེ་བ།། རྣམ་པ་རང་བཞིན་རྒྱུ་ཡིན་ཏེ།། དེ་བཞིན་མི་འཕྲོགས་འབྲས་བུའོ། ། གཞི་ནི་ཐབས་ཤེས་བྱ་བ་སྟེ།། གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ།། རིགས་ནི་ལྔ་དང་གསུམ་དག་དང།། ངོ་བོ་ཉིད་གཅིག་རིགས་བརྒྱའོ།། བྱང་ཆུབ་རྡོ་རྗེ་བཅས་གསུངས་པ།། དེ་ནི་ཕྱི་མའི་རྒྱུད་དུ་འདོད། ། དེ་ཉིད་རྣམ་པ་ལྔ་རུ་བཤད།། གསང་བ་རྣམ་པ་གསུམ་དུ་བཤད།། ལྷག་པའི་ལྷ་ནི་གསང་ཆེན་ཏེ།། དམ་པའི་རིགས་ནི་རྣམ་པ་བརྒྱ།། ཐོག་མ་ཐ་མ་མེད་ཞི་བ།། དངོས་དང་དངོས་མེད་ཟད་པའི་གཙོ། ། སྟོང་ཉིད་སྙིང་རྗེ་མི་ཕྱེད་པ།། བྱང་ཆུབ་སེམས་ཞེས་བྱ་བ་ཡིན།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། མི་ཕྱེད་དབྱེ་བའི་ངོ་བོ་ཉིད།། རིགས་དང་ལྷན་ཅིག་ལྡན་པས་ན།། རིག་པའི་སྐྱེས་བུ་ཞེས་བརྗོད་དོ།། རྒྱུ་ལྔ་རང་ནི་འབྲས་བུ་ལྔ། ། རྡོ་རྗེ་ཞེས་ནི་བཤད་པ་ཡིན།། འཆང་བ་འཛིན་ཞེས་གྲགས་པ་སྟེ།། རྣམ་ཤེས་རྡོ་རྗེ་འཛིན་དུ་འདོད།། བཛྲ་དྷྲྀཀ་ནི་རྣམ་ཤེས་ཡིན།། ཡོད་དང་མེད་དང་དབུས་ལས་འདས།། འབྱུང་དང་འབྱུང་ལས་གྱུར་ལས་བྱུང། ། སེམས་ཅན་ཀུན་གྱི་ལུས་ཡིན་ཏེ།། སྐྱེ་ལས་རྒྱལ་བ་ཛི་ན་ཛིཀ། དོན་རྣམས་ཐམས་ཅད་འབྱུང་བས་ན།། སེམས་ནི་རིན་པོ་ཆེ་ཞེས་བྱ།། ཚོར་བ་པོ་ཡིས་ངེས་ཚོར་བས།། ཚོར་བ་རཏྣ་དྷྲྀཀ་ཏུ་འདོད། ། མཚན་གཞི་མཚན་ཉིད་དངོས་པོ་ཡིས།། ཀུན་ལ་ཀུན་གྱིས་ཐམས་ཅད་དུ།། དགའ་བའི་མཚན་ཉིད་མཚན་གཞི་ནི།། ཨཱ་རོ་ལིཀ་ཅེས་བཤད་པ་ཡིན།། རྣམས་ཤེས་རབ་མཐར་ཕྱིན་བྱེད་པ།། གང་ཡིན་དེ་ནི་ཤེས་རབ་སྟེ། ། འདུ་བྱེད་སེམས་པས་འཛིན་པ་ན།། པྲ་ཛྙ་དྷྲྀཀ་ཅེས་བྱ་བར་བཤད།། རིགས་ནི་རྒྱུད་ཅེས་བྱ་བར་བཤད།། རྒྱུད་ནི་ཐོག་མ་ཞེས་བརྗོད་དེ།། མི་འཇིགས་སྐྱེ་བ་མེད་གང་ཡིན།། མགོན་པོ་དེ་ནི་ཡིན་པར་བཤད། ། རྒྱུ་འབྲས་གཉིས་ལ་སྡང་བས་ན།། རྣམ་ཤེས་ཞེ་སྡང་ཡིན་པར་བཤད།། བེམས་པོ་བཅིངས་པའི་རང་བཞིན་པས།། གཟུགས་ནི་གཏི་མུག་ཅེས་བྱར་བཤད།། བདག་ཏུ་རློམ་པའི་ངོ་བོ་བས། ། ཚོར་བ་དྲེགས་པ་ཡིན་པར་བཤད།། དངོས་ལ་ཆགས་པའི་མཚན་ཉིད་ཅན།། འདུ་ཤེས་ཡང་དག་ཚོགས་བདག་ཉིད།། རྐྱེན་གྱིས་དྲང་བའི་བདག་ཉིད་ཅན།། འདུ་བྱེད་རྟག་ཏུ་ཕྲག་དོག་ཡིན།། བྱུང་ཆུབ་སེམས་ཀྱི་ངོ་བོ་ཉིད། ། སྲིད་པ་ཀུན་འབྱུང་ཐམས་ཅད་དུ།། འདོད་ཆགས་ཞེ་སྡང་རྨོངས་ལྡན་པའི།། སེམས་ནི་འདོད་པ་ཞེས་བྱར་བཤད།། དམ་ཚིག་སྣ་ཚོགས་འདྲ་བ་ཡིན།། མངོན་ཕྱོགས་ལས་ལས་སྐྱེས་འབྲས་བུ། ། གཉིས་མེད་ཡེ་ཤེས་ཆོས་རྣམས་ལ།། ང་རྒྱལ་བྱེད་པ་རྨོངས་ཞེས་བཤད།། དེ་ལ་ཕན་ཚུན་འཛེར་བ་ནི།། ཞེ་སྡང་ཞེས་ནི་བྱ་བར་བཤད།། མཚན་ཉིད་འདོད་ཆགས་ཞེན་པ་ཡིན།། ཡེ་ཤེས་ཐབས་ནི་རྡོ་རྗེར་བཤད། ། དགའ་བ་རྫོགས་པའི་ལོངས་སྤྱོད་མཆོག། བུད་མེད་བདེ་མཆོག་ཕུན་སུམ་ཚོགས།། གཏི་མུག་ཞེ་སྡང་འདོད་ཆགས་དང།། རྡོ་རྗེ་ལ་དགའ་རྟག་པར་གནས།། དེ་ན་སངས་རྒྱས་རྣམས་ཀྱི་ཐབས།། རྡོ་རྗེ་ཐེག་པ་ཞེས་བཤད་དོ། ། མི་འཇིག་བདག་ཉིད་ཆོས་རྣམས་ནི།། མ་སྐྱེས་པ་ཡི་ངོ་བོ་ཉིད།། དངོས་པོ་ཀུན་གྱི་དམ་ཚིག་སྟེ།། དེ་ཉིད་གཤིན་རྗེ་མཐར་བྱེད་དོ།། རྣམ་ཤེས་མིན་བདག་ཆོས་རྣམས་ནི།། དོན་དམ་མི་འགྱུར་དག་གྱུར་ཏེ། ། སེམས་ཀུན་གྱི་ནི་དམ་ཚིག་སྟེ།། དེ་ནས་རྒྱལ་བ་ཤེས་མཐར་བྱེད།། བརྗོད་མེད་བདག་ཉིད་ཆོས་རྣམས་ནི།། མིང་དང་གཟུགས་བློ་དངོས་པོ་མེད།། ཆོས་རྣམས་ཀུན་གྱི་དམ་ཚིག་སྟེ།། དེས་ན་ཁྱབ་བདག་པད་མཐར་བྱེད། ། མི་རྟོག་བདག་ཉིད་ཆོས་རྣམས་ནི།། རང་བཞིན་གྱིས་ནི་ཞི་བའི་དངོས།། རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ།། དེས་ན་གཙོ་བོ་བགེགས་མཐར་བྱེད།། མི་འཇིག་རྣམ་པར་མི་ཤེས་པ།། བརྗོད་དུ་མེད་དང་རྟོག་བྲལ་བ། ། སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི།། ཤེས་ན་བདེ་བ་ཐོབ་པར་འགྱུར།། གཏི་མུག་གཏི་མུག་ལོངས་སྤྱོད་པས།། གཏི་མུག་ཟད་ཕྱིར་གཤིན་རྗེ་གཤེད།། དེས་ན་ལུས་མཐར་བྱེད་པ་སྟེ།། དེས་ན་ཤེས་བྱ་མཐར་བྱེད་འགྱུར། ། ཉེས་པ་ཉེས་པ་ལོངས་སྤྱོད་པས།། ཉེས་པ་ཟད་ཕྱིར་ཤེས་མཐར་བྱེད།། དེས་ན་སེམས་ནི་མཐར་བྱེད་དེ།། དེས་ན་ཉོན་མོངས་མཐར་བྱེད་འགྱུར།། འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། ། འདོད་ཆགས་ཟད་པས་པད་མཐར་བྱེད།། དེས་ན་ཆགས་པ་མཐར་བྱེད་དེ།། དེ་བཞིན་སྙོམས་འཇུག་མཐར་བྱེད་འགྱུར།། ཉོན་མོངས་ཀུན་ཟད་གང་ཡིན་དང།། དེ་བཞིན་ལས་ནི་ཐམས་ཅད་ཟད། ། སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི།། བགེགས་མཐར་བྱེད་ཅེས་བྱ་བར་བཤད།། ཉོན་མོངས་རྡོ་རྗེའི་སྒྲིབ་དག་ན།། ལས་རྣམས་ཐམས་ཅད་རྣམ་པར་དག། ལས་རྣམས་ཐམས་ཅད་རྣམ་དག་པས། ། ལས་སྐྱེས་འབྲས་བུ་རྣམ་དག་འགྱུར།། གཟུང་དང་ཆགས་པ་ཉིད་དང་ནི།། རྣམ་པ་དེ་བཞིན་མི་གཡོ་དང།། རྒྱུ་ཉིད་འབྲས་བུ་ཉིད་དག་སྟེ།། དྲུག་ལས་ཐུགས་ནི་ཀུན་དུ་འབྱུང།། འདོད་པའི་རྒྱལ་པོ་ལ་སོགས་དྲུག། ཁྲོ་བོའི་དབང་པོར་རྣམ་པར་གྲགས།། དམ་ཚིག་རྡོ་རྗེ་ལ་སོགས་དྲུག། ས་ལ་སོགས་པ་རྣམ་པ་ལྔ།། འབྱུང་དང་འབྱུང་ལས་གྱུར་པར་གྲགས།། རིག་པའི་རྒྱལ་པོར་ཞེས་བཤད་དོ།། གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག། རྡོ་རྗེའི་བདག་པོ་ཞེས་བཤད་དོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། བདག་ཉིད་ཆེན་པོ་ཀུན་དུ་འབྱུང།། ཐབས་དང་ཤེས་རབ་ལས་བྱུང་བའི།། ཕུང་པོ་ཁམས་དང་སྐྱེ་མཆེད་གཟུགས།། རྫོགས་པའི་རིམ་པའི་སྦྱོར་བ་ཡིས། ། སྔགས་པས་སྦྱོར་བ་ངེས་བྱས་ལ།། ཐམས་ཅད་དག་པར་མོས་པ་ཡིས།། འཇིགས་པ་ཐམས་ཅད་སྤངས་ནས་སུ།། དོགས་པ་མེད་པའི་སེམས་ཀྱིས་ནི།། སྔགས་པས་སེང་གེ་བཞིན་དུ་སྤྱོད།། འདི་ལ་མི་བྱ་ཅི་ཡང་མེད། ། དེ་བཞིན་མི་བཟའང་ཡོད་མ་ཡིན།། སྨྲ་བར་མི་བྱ་ཅུང་ཟད་མེད།། རྟག་ཏུ་མི་བསམ་ཅི་ཡང་མེད།། མཉམ་པར་མ་བཞག་སྦྱོར་བ་ཡིས།། རྟག་པ་ཉིད་དུ་མཉམ་པར་འཇོག། གང་གིས་སེམས་ཀུན་ལ་སྤྱོད་པ། ། ཀུན་དུ་སྤྱོད་པ་ཞེས་བཤད་དོ།། དབང་པོ་དང་ནི་ཡུལ་རྣམས་ཀྱི།། རྐྱེན་གྱི་གང་དང་གང་བྱུང་ཡིད།། ཡིད་དེ་མིན་ཞེས་བྱ་བར་བཤད།། ཏྲ་ནི་སྐྱོབ་པར་བྱེད་པའི་དོན།། འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། ། གང་བཤད་དམ་ཚིག་སྡོམ་པ་སྟེ།། རྡོ་རྗེ་ཀུན་གྱིས་བསྲུངས་པ་ནི།། སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ།། རང་རང་གི་ནི་ངོ་བོ་ཉིད།། སྙིང་པོ་ཡིད་ཀྱིས་རྣམ་བསམས་ཏེ།། གསང་སྔགས་ཟློས་པའི་དབྱེ་བ་ཡིས། ། ཟློས་པར་བྱེད་ཅིང་སྤྲོ་ཞིང་བསྡུ།། སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག།། ཡེ་ཤེས་ས་བོན་དག་གིས་བསྡུ།། བྱང་ཆུབ་བདག་མེད་ས་བོན་གྱིས།། བརྟུལ་ཞུགས་ཅན་གྱིས་བདག་མེད་གཟུང།། སྣ་ཚོགས་བཞིན་དུ་སྣ་ཚོགས་སྤྲོ། ། དུས་གསུམ་ས་བོན་དག་གིས་བཟླ།། བཟླས་པ་སྨྲ་བར་གྲགས་པས་ན།། ངག་ཀུན་བཟླས་པ་ཞེས་བཤད་ལ།། སྔགས་ཀུན་འབོད་པ་ཞེས་བཤད་དེ།། དེ་ཉིད་བསྐུལ་བར་སྨྲ་བའོ།། ཇི་ལྟར་ཐུགས་སོགས་བྱིན་རློབ་པ། ། ཏིང་ངེ་འཛིན་ཀྱང་དེ་བཞིན་ནོ།། དེ་རྣམས་སྤྱི་བོར་དབང་བསྐུར་དང།། དེ་བཞིན་ཀུན་དུ་མཆོད་པའོ།། རྡོ་རྗེ་འཆང་བ་གང་ཡིན་པའི།། རིག་པ་ཡོད་པའི་སྦྱོར་བ་དང།། བདག་བྱིན་བརླབ་སོགས་དེ་བཞིན་ཏེ། ། དེ་ཡི་ལོངས་སྤྱོད་བཞིར་ཤེས་བྱ།། དཔའ་བོ་རྡོ་རྗེ་གཅིག་པུ་ཡི།། སྤྱི་བོར་དབང་བསྐུར་རེ་རེ་སྟེ།། སྙིང་པོ་ཕྱག་རྒྱ་སྔགས་ཙམ་དང།། རང་རིགས་རིམ་གྱིས་རྒྱས་གདབ་པའོ།། འབྲས་བུས་རྒྱུ་ནི་རྒྱས་གདབ་ཅིང། ། རྒྱུ་ཡིས་འབྲས་བུ་རྒྱས་གདབ་པར།། བསྒོམ་གྱི་གཞན་དུ་དངོས་གྲུབ་ནི།། བསྐལ་པ་བྱེ་བར་འབྱུང་མི་འགྱུར།། ལོངས་སྤྱོད་བཞི་དང་ཡང་དག་ལྡན།། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། གྲུ་གསུམ་དུ་ནི་རྣམ་པར་བསྒོམ།། ཀུན་ནས་སེར་བའི་འཁོར་ལོ་ནི།། རྩིབས་བཅུ་དེ་དབུས་རྣམ་པར་བསྒོམ།། རྩིབས་ཀུན་ལ་ནི་ཁྲོ་བོ་བཅུ།། ཡེ་ཤེས་བདག་ཉིད་བཅུ་ལས་བྱུང། ། འགོག་པའི་རྡོ་རྗེས་བསྒོམ་བྱ་ཞིང།། མཆོག་ཏུ་མཛེས་པས་བསྒྲུབ་པར་བྱ།། རྡོ་རྗེ་འབར་བའི་སྤྲིན་སྤྲོས་པས།། མི་གཡོ་བ་དང་མཚུངས་པར་འཁོར།། དེ་ལྟར་ཆོས་འབྱུང་ཡེ་ཤེས་ནི།། རང་བཞིན་དྲི་མ་མེད་ཞི་བ། ། བསྒོམས་པས་སྐད་ཅིག་ཉིད་ཀྱིས་ནི།། སངས་རྒྱས་སྤྱན་ནི་རབ་ཏུ་འབྱུང།། རྡོ་རྗེ་ཅན་གྱིས་ཆོས་བསྟན་པ།། རིམ་པ་གཉིས་ལ་ཡང་དག་བརྟེན།། བསྐྱེད་པ་ཡི་ནི་རིམ་ཉིད་དང།། དེ་བཞིན་རྫོགས་པའི་རིམ་པའོ། ། སྒྲུབ་པ་དང་ནི་ནན་ཏན་དང།། དམ་ཚིག་དེ་བཞིན་སྡོམ་པ་རྣམས།། སྔར་ནི་དེ་ཀུན་རྒྱས་པར་ནི།། རིམ་པའི་དབྱེ་བས་ཕྱེ་བ་ཡིན།། གཟུགས་དང་སྒྲ་སོགས་འདོད་པ་ནི།། བདེ་སྡུག་གཉི་གའི་བདག་ཉིད་ཅན། ། འདོད་ཆགས་ཞེ་སྡང་གཏི་མུག་སོགས།། རྟག་ཏུ་སྙིང་ལ་སྐྱེ་བར་འགྱུར།། ཆགས་ལ་འདོད་ཆགས་རྡོ་རྗེ་ཅན།། རྡོ་རྗེ་འདྲ་བར་རིན་ཆེན་འབྱུང།། རིན་ཆེན་བཞིན་དུ་དམ་ཚིག་ཤེས།། འདོད་པ་དེ་རྣམས་དམ་ཚིག་མཚུངས། ། རྣམ་བཅས་དང་ནི་རྣམ་པ་མེད།། ཀུན་འགྲོ་ཡི་གེ་གསུམ་བདག་ཉིད།། བྱ་བ་དང་ནི་དབྲོག་པ་དང།། སྤྲོ་དང་རང་གི་བཟླས་པ་བྱའོ།། དེ་ལྟར་ཞེ་སྡང་གཏི་མུག་དག། ས་གསུམ་དུ་ནི་བསྐྱེད་པར་བྱ། ། གསང་བའི་བདག་པོའི་དོན་དུ་ནི།། རྡོ་རྗེ་ཅན་གྱིས་རྒྱས་བཏབ་བྱ།། ཞེ་སྡང་སྦྱོར་བའི་རྣལ་འབྱོར་པས།། ཞེ་སྡང་འཁོར་ལོ་བསྐྱེད་ནས་སུ།། རྡོ་རྗེ་དྲག་པོས་བཅོམ་ནས་ནི།། ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ།། དེ་ནི་སྤྲོ་བས་རྟོགས་བྱས་ལ། ། དེ་བཞིན་སླར་ཡང་བསྡུ་བར་བྱའོ།། འདི་ལྟའི་སྦྱོར་བ་གོམས་བྱས་ན།། ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར།། ཁམས་གསུམ་པོ་ནི་མ་ལུས་པ།། བསད་དང་དེ་བཞིན་གསོ་བ་དང།། སྐད་ཅིག་ཙམ་གྱིས་བྱེད་པར་ནི། ། མངོན་དུ་ནུས་པར་ཐེ་ཚོམ་མེད།། གཏི་མུག་སྦྱོར་བའི་རྣལ་འབྱོར་པས།། གཏི་མུག་འཁོར་ལོ་བསྐྱེད་ནས་ནི།། རྒྱན་ལ་སོགས་པ་གང་ཅིའང་རུང།། དེ་དག་ཐམས་ཅད་རྟག་ཏུ་བརྐུ།། གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ། ། རིན་ཆེན་ཀུན་གྱིས་རབ་ཏུ་དགང།། གཏི་མུག་འཁོར་ལོ་ཅན་ཀུན་གྱིས།། སྦྱིན་པའི་ཆར་ནི་རབ་ཏུ་འབེབས།། རྫས་རྣམས་ཐམས་ཅད་མ་ལུས་པར།། རབ་ཏུ་སྦྱིན་དང་དབྲོག་པ་ཉིད། ། སེམས་ཀྱི་རྡོ་རྗེ་བརྟན་པོ་ཡིས།། སྐད་ཅིག་ཙམ་གྱིས་དབྱེ་བར་འགྱུར།། འདོད་ཆགས་སྦྱོར་བའི་རྣལ་འབྱོར་བས།། འདོད་ཆགས་འཁོར་ལོ་བསྐྱེད་ནས་ནི།། ལྷ་མོ་ཐམས་ཅད་ཕྲོགས་ནས་སུ།། འདོད་པའི་སྦྱོར་བས་འདོད་པ་སྤྱོད། ། དགའ་སྡུག་བདེ་བས་རངས་པ་ཡིས།། འདོད་པའི་རྩེ་མོས་རྣམ་པར་འཕྲུལ།། དེ་ནས་འཁོར་ལོ་ཅན་ཀུན་ལ།། ལྷ་མོ་རབ་ཏུ་དབུལ་བར་བྱ།། ཁམས་གསུམ་ངག་ཏུ་བྱུང་བ་ཡི། ། ལྷ་དང་ལྷ་མིན་ཆུང་མ་ཡང།། སྐད་ཅིག་ཙམ་གྱིས་འདོད་སྤྱོད་ན།། མི་ཡི་བུད་མེད་སྨོས་ཅི་དགོས།། དཀྱིལ་འཁོར་དང་ནི་དབང་བསྐུར་དང།། ལས་མཆོག་གི་ནི་ཚོགས་རྣམས་དག། ཉམས་སུ་ལེན་ཅིང་བྱིན་རློབ་པ། ། གྲུབ་པའི་བགྲོད་པ་གཞན་ཡིན་ནོ།། བྷ་གའི་དཀྱིལ་འཁོར་ཞེས་གྲགས་དང།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང།། ལུས་ཀྱི་དཀྱིལ་འཁོར་ཞེས་བཤད་པ།། གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས། ། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི།། སངས་རྒྱས་ཐམས་ཅད་རྒྱས་བཏབ་པའོ།། དེས་ནི་རྟག་པར་རྒྱ་དགོད་པ།། དཀྱིལ་འཁོར་ཞེས་ནི་བསྟན་པ་ཡིན།། ལྕགས་ཀྱུ་དབྱིག་ཏོ་རྩེ་གསུམ་དང།། རལ་གྲི་མཚམས་སུ་རྣམ་པར་དགོད། ། འདོད་རྒྱལ་དབྱིག་སྔོན་སྟོབས་མི་གཡོ།། སྟེང་དུ་འཁོར་ལོ་འོག་གནོད་མཛེས།། རིག་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི།། འཁོར་ལོས་སྒྱུར་བ་དྲུག་གི་རྒྱ།། ས་ལ་སོགས་པ་སེམས་དཔའ་ཡི། ། ཕྱག་རྒྱ་རང་གི་དཀྱིལ་འཁོར་པ།། མེ་ལོང་པི་ཝང་དུང་དང་ནི།། དེ་བཞིན་སྣོད་དང་སྣ་ཚོགས་རས།། ཆོས་འབྱུང་པ་ཡི་ཕྱག་རྒྱ་དྲུག། རྡོ་རྗེའི་བདག་པོ་རྡོ་རྗེ་ཅན།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང།། ཁྲོ་རྒྱལ་རྣམས་ཀྱིས་རྒྱས་གདབ་བོ། ། དེ་ནས་གཞན་ཡང་དཔའ་བོ་གཅིག། རིགས་ནི་ཁ་དོག་དག་གིས་བརྟག། ལྷ་མོ་དགུ་དང་ནམ་མཁའི་ཁམས།། མེ་ཏོག་ཅེས་ནི་བཤད་པ་ཡིན།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། ། རིགས་ཀྱི་རིམ་གྱིས་དགོད་པར་བྱ།། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི།། བཞུགས་གནས་ཕོ་བྲང་ཡིན་པར་བཤད།། ཡེ་ཤེས་སེམས་དཔས་གང་རེག་པ།། ཡེ་ཤེས་འཁོར་ལོ་ཞེས་བཤད་དོ།། མི་འགྱུར་རྡོ་རྗེ་གསུམ་ཡི་གེ། ། ས་བོན་ཡི་གེ་གནས་ཞེས་བཤད།། སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི།། སད་པར་བྱས་པས་བསྐུལ་བར་བཤད།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ།། འོད་ཟེར་འགྱེད་པ་གཏོང་བའོ།། རྡོ་རྗེ་ཅན་ཀུན་སྤྱན་འདྲེན་པས། ། རྡོ་རྗེ་ཅན་ཀུན་སྤྱན་དྲང་བའོ། རྡོ་རྗེ་ཅན་གྱི་གནས་དེ་ཡི།། འོད་ཟེར་གྱིས་ནི་རྡོ་རྗེ་ཀུན།། བསྡུས་ནས་གོང་བུའི་ཚུལ་གྱིས་སུ།། བཅིངས་པ་བཅིང་བ་ཡིན་པར་བཤད།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། སྐུ་གསུང་ཐུགས་ནི་རྒྱས་བཏབ་སྟེ།། རི་མོའི་དཀྱིལ་འཁོར་བརྟག་པར་བྱ།། དབང་བསྐུར་དབྱེ་བ་རྣམས་གསུམ་དུ།། རྒྱུད་འདི་ལ་ནི་རབ་ཏུ་བརྟག། བུམ་པའི་དབང་བསྐུར་དང་པོ་སྟེ།། གཉིས་པ་གསང་བའི་དབང་བསྐུར་བ།། ཤེས་རབ་ཡེ་ཤེས་གསུམ་པ་སྟེ།། བཞི་པ་དེ་ཡང་དེ་བཞིན་ནོ།། མིག་ཡངས་སྔགས་ཀྱི་སྣོད་དུ་རུང།། མེ་ཏོག་བཅས་ཤིང་ས་བོན་བྱུང། ། བླངས་ནས་གསང་བའི་དབང་བསྐུར་བ།། སྔགས་པས་སློབ་མ་དག་ལ་སྦྱིན།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། དྲི་ཆུ་རྐང་དང་ཡང་དག་ལྡན།། རྡོ་རྗེ་པདྨའི་སྦྱོར་བ་ཡིས།། རྡོ་རྗེ་ཅན་ཀུན་ཡང་དག་བསྡུ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། དེ་དག་ཐམས་ཅད་སྙིང་གར་བསྡུ།། རྡོ་རྗེའི་ལམ་ནས་བྱུང་ནས་སུ།། སློབ་མའི་ཁར་ནི་དབབ་པར་བྱ།། འདི་ནི་གསང་སྔགས་དེ་ཀུན་གྱི།། དབང་བསྐུར་བ་ཡི་གོ་འཕང་མཆོག། ལས་མཆོག་གི་ནི་ཚོགས་རྣམས་དང།། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར།། མཆོག་ཏུ་དད་ཅིང་ཤེས་རབ་ཆེ།། གཟུགས་བཟང་སྒྲུབ་པ་པོ་ལ་དགའ།། སྦྱོར་བ་གཅིག་གིས་བྱ་བ་གོམས། ། དམ་ཚིག་དག་གི་དམ་ཚིག་ཅན།། བླ་མ་ལ་ནི་སློབ་མ་ཡིས།། ཡོན་རྣམས་རབ་ཏུ་ཕུལ་ནས་ནི།། བླ་མས་དེ་ནི་བྱིན་བརླབས་ཏེ།། སྒྲུབ་པོ་ལ་སྦྱིན་པར་བྱ།། རྨོངས་པས་གཏི་མུག་བདག་ཉིད་སྦྱོར།། གཏི་མུག་དགའ་དང་ཡང་དག་ལྡན། ། གཏི་མུག་རྒྱུན་གྱིས་དབང་བསྐུར་ན།། གཏི་མུག་རྡོ་རྗེར་བདག་ཉིད་འགྱུར།། ཞེ་སྡང་སྔང་བའི་བདག་ཉིད་སྦྱོར།། ཞེ་སྡང་དགའ་དང་ཡང་དག་ལྡན།། ཞེ་སྡང་རྒྱུན་གྱིས་དབང་བསྐུར་ན། ། ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར།། ཆགས་པས་འདོད་ཆགས་བདག་ཉིད་སྦྱོར།། འདོད་ཆགས་དགའ་དང་ཡང་དག་ལྡན།། འདོད་ཆགས་རྒྱུན་གྱིས་དབང་བསྐུར་ན།། འདོད་ཆགས་རྡོ་རྗེར་བདག་ཉིད་འགྱུར། ། ཤེས་རབ་ཡེ་ཤེས་བདག་ཉིད་སྦྱོར།། རྡོ་རྗེ་དགའ་བ་ཡང་དག་ལྡན།། ཡེ་ཤེས་རྒྱུན་གྱིས་དབང་བསྐུར་ན།། ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར།། རིག་པའི་ལྷ་མོ་དེ་ཉིད་ནི།། རྡོ་རྗེ་ཅན་གྱི་སློབ་མས་བླང། ། ལག་པར་ལག་པ་བཞག་ནས་ནི།། དེ་བཞིན་གཤེགས་རྣམས་དབང་བྱས་ལ།། སློབ་མའི་མགོ་བོར་ལག་བཞག་སྟེ།། བླ་མ་རྡོ་རྗེ་ཅན་གྱིས་བསྒོ།། ཐབས་གཞན་གྱིས་ནི་འཚང་མི་རྒྱ།། དེ་བས་རིག་པ་འདི་མཆོག་ཡིན། ། ཆོས་ཀུན་གཉིས་སུ་མེད་པ་ལ།། དངོས་པོ་གཉིས་སུ་བཏགས་པ་ཡིན།། དེ་བས་འཁོར་བ་རྣམ་བྲལ་བར།། རྟག་ཏུ་ཁྱོད་ཀྱིས་མི་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རིག་པའི་བརྟུལ་ཞུགས་བླ་མེད་པའོ། ། རྨོངས་པ་གང་ཞིག་འདས་གྱུར་ན།། དེ་ཡི་དངོས་གྲུབ་མཆོག་མི་འགྱུར།། ཐ་མལ་ལུས་ཀྱི་ཆོས་ལ་ནི།། དྲི་མ་ལྔ་རྣམས་སྣང་བ་ནི།། ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས།། བདུད་རྩི་ལྔ་ཞེས་བྱ་བར་བཤད། ། སྦར་དང་དེ་བཞིན་སྲེག་པ་དང།། སྣང་བར་བྱེད་དང་གཟུགས་སྣང་བ།། སྔགས་ཀྱི་ལུས་སུ་རབ་སྦྱོར་བས།། བདུད་རྩི་ལྔ་ནི་བཟའ་བར་བྱ།། རྡོ་རྗེ་ཧཱུ~ཾ་ལས་བྱུང་བ་ནི།། བར་སྣང་ལ་གནས་བསམ་པར་བྱ། ། ཨཱཿལས་བྱུང་བའི་པདྨ་ནི།། དེ་ཡི་འོག་ཏུ་བསྒོམ་པར་བྱ།། ཨོ~ཾ་གྱིས་མཚན་པའི་བདུད་རྩི་ནི།། དེ་ཡི་དབུས་སུ་གཞག་པར་བྱ།། རྡོ་རྗེའི་པདྨ་མཉམ་སྦྱོར་བ།། འབར་བས་རྣལ་འབྱོར་ཚིམས་པར་བྱ།། ཤེལ་དང་མཚུངས་པར་སྣང་གྱུར་ཅིང། ། ཡེ་ཤེས་ཉི་མ་གནས་པར་གྱུར།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི།། མཚོན་ཆ་མཆོག་གིས་དྲངས་ནས་ནི།། བདུད་རྩི་དེ་རུ་ཕབ་ནས་ཀྱང།། བཟའ་བའི་སྦྱོར་བས་བཟའ་བར་བྱ། ། དེ་བཞིན་དཔའ་བོ་ལྔ་རྣམས་བཟའ།། ཡིག་གསུམ་ས་བོན་ལས་བསྐྱེད་པའི།། ཆོ་གས་དངོས་གྲུབ་བསྒྲུབ་པར་བྱ།། གཞན་དུ་དེ་ནི་འགྲུབ་མི་འགྱུར།། མི་སྣང་ལ་སོགས་དངོས་གྲུབ་ནི།། ཐ་མལ་པ་ཞེས་བཤད་པ་ཡིན། ། སངས་རྒྱས་ཉིད་བསྒྲུབ་སངས་རྒྱས་ཀྱིས།། དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན།། ཐབས་ནི་རྣམ་པ་བཞི་པོ་དག། བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས།། རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། ། རྣལ་འབྱོར་པ་ཡིས་རྟག་པར་བསྔགས།། བསྙེན་པའི་ཆོ་ག་དང་པོ་སྟེ།། ཉེ་བར་སྒྲུབ་པ་གཉིས་པ་ཡིན།། སྒྲུབ་པ་ཡང་ནི་གསུམ་པ་སྟེ།། སྒྲུབ་པ་ཆེན་པོ་བཞི་པའོ།། ཐུན་མོང་མཆོག་གི་བྱེ་བྲག་གིས།། བསྙེན་པ་རྣམ་པ་གཉིས་སུ་འགྱུར། ། རྡོ་རྗེ་བཞི་པོ་ཐུན་མོང་སྟེ།། ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ།། དང་པོ་སྟོང་ཉིད་བྱང་ཆུབ་སྟེ།། གཉིས་པ་ས་བོན་བསྡུ་བ་ཡིན།། གསུམ་པ་གཟུགས་ནི་རྫོགས་པ་སྟེ།། བཞི་པ་ཡི་གེ་དགོད་པའོ། ། རྡོ་རྗེ་རྣམ་བཞི་འདི་དག་གིས།། ཐ་མལ་སྒྲུབ་ལ་བསྙེན་པ་བྱ།། མཆོག་གི་ཡེ་ཤེས་བདུད་རྩི་ཉིད།། སྦྱོར་བ་དྲུག་གི་བྱ་བ་ཡི།། བསྙེན་པ་ཡན་ལག་དྲུག་གིས་ནི།། བྱས་པས་སྒྲུབ་པ་མཆོག་ཏུ་འགྱུར། ། གཞན་དུ་བསྒྲུབས་པར་གྱུར་ན་ནི།། དངོས་གྲུབ་མཆོག་ནི་འབྱུང་མི་འགྱུར།། སོ་སོར་སྡུད་དང་བསམ་གཏན་དང།། སྲོག་རྩོལ་དེ་བཞིན་འཛིན་པ་དང།། རྗེས་སུ་དྲན་དང་ཏིང་འཛིན་ཏེ།། སྦྱོར་བའི་ཡན་ལག་དྲུག་ཏུ་བཤད། ། དབང་པོ་བཅུ་པོ་རྣམས་ཀྱི་ཡང།། རང་གི་འཇུག་གནས་ཐམས་ཅད་དུ།། འདོད་པ་སོ་སོར་སྡུད་པས་ན།། སོ་སོར་སྡུད་པ་ཞེས་བཤད་དོ།། འདོད་པ་ལ་ནི་མདོར་བསྡུས་ནས།། སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། ། བརྟག་པ་བསམ་གཏན་ཞེས་བཤད་དེ།། བསམ་གཏན་དེ་ནི་རྣམ་ལྔར་འགྱུར།། རྟོག་དང་དཔྱོད་དང་དགའ་བ་དང།། དེ་བཞིན་བདེ་བ་ཉིད་དང་ཡང།། སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ།། ལྔ་པོ་དེར་ནི་བསམ་གཏན་བསྡུ། ། གསང་བའི་རྒྱུད་ནི་ཐམས་ཅད་དུ།། རྣམ་པ་དུ་མར་ཡོངས་བཤད་པ།། གསང་བ་གསུམ་འབྱུང་རྟོག་པ་སྟེ།། དེ་ཡི་ལོངས་སྤྱོད་བྱེད་པའོ།། དགའ་དང་འདྲ་བ་གསུམ་པ་སྟེ།། བདེ་བ་བསྡུས་པ་བཞི་པའོ། ། ཤེས་དང་ཤེས་བྱ་བྱུང་བྲད་པའི།། རང་སེམས་ལྔ་པར་ཤེས་པར་བྱ།། སངས་རྒྱས་ཀུན་དངོས་ཞི་བ་ནི།། འདོད་པ་ཀུན་ལ་རབ་ཏུ་གནས།། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས།། འབྱུང་བ་ལྔ་ཡི་ངོ་བོ་ཉིད། ། གང་བུའི་གཟུགས་ཀྱི་ཕྱུང་ནས་ནི།། སྣ་ཡི་རྩེ་མོར་རབ་ཏུ་བརྟག། རིན་ཆེན་ཁ་དོག་སྣ་ལྔ་པ།། སྲོག་དང་རྩོལ་བ་ཞེས་བྱར་བཤད།། རང་སྔགས་སྙིང་གར་བསམས་ནས་ནི།། སྲོག་ནི་ཐིག་ལེར་གྱུར་བར་བཞག། རང་དབང་རིན་ཆེན་དགག་པ་ཡི།། གཟུང་བ་འཛིན་པ་ཡིན་པར་བཤད།། སེམས་ནི་འགོག་པའི་རྡོ་རྗེར་གྱུར།། མཚན་མར་ཉེར་འཛིན་འབྱུང་བར་འགྱུར།། མཚན་མའི་ཁམས་ནི་རྣམ་པ་ལྔར། ། བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན།། སྨིག་རྒྱུ་འདྲ་བ་དང་པོ་སྟེ།། དུ་བ་ལྟ་བུ་གཉིས་པ་ཡིན།། མཁའ་སྣང་འདྲ་བ་གསུམ་པ་སྟེ།། མར་མེ་ལྟར་འབར་བཞི་པའོ།། སྤྲིན་མེད་ནམ་མཁའ་ལྟ་བུར་ནི།། རྟག་ཏུ་སྣང་བ་ལྔ་པའོ། ། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི།། ནམ་མཁའི་ཁམས་སུ་སྤྲོ་བར་བྱ།། རྗེས་དྲན་གང་ཞིག་རྣམ་བསྒོམ་པ།། དེ་དང་འདྲ་བར་སྤྲོ་བར་བྱ།། རྗེས་སུ་དྲན་པ་ཞེས་བཤད་དེ།། སོ་སོར་སྣང་བ་དེ་ལ་སྐྱེ། ། ཐབས་དང་ཤེས་རབ་སྙོམས་འཇུག་པས།། དངོས་པོ་ཐམས་ཅད་མདོར་བསྡུས་པ།། གོང་བུའི་ཚུལ་གྱིས་བསྡུས་ནས་ནི།། དབུས་སུ་གཟུགས་ནི་རྣམ་པར་བསྒོམ།། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ།། ཏིང་ངེ་འཛིན་ཅེས་བྱ་བར་གནས། ། སོ་སོར་སྡུད་ལ་སྙོམས་འཇུག་ན།། སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབ།། བསམ་གཏན་ཡེ་ཤེས་སྙོམས་འཇུག་ན།། མངོན་ཤེས་ལྔ་པོ་འཐོབ་པར་འགྱུར།། སྲོག་དང་རྩོལ་བས་ངེས་པར་ནི། ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས།། རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི།། རྡོ་རྗེ་སེམས་དཔའ་ཡང་དག་འབྱུང།། རྗེས་དྲན་མཉམ་པར་སྦྱོར་བ་ཡིས།། འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། ། ཏིང་འཛིན་དབང་གྱུར་ཙམ་གྱིས་ནི།། སྒྲིབ་པ་རྣམས་དང་བྲལ་བར་འགྱུར།། སྙིང་པོ་དེ་ནི་ཐུགས་ཀ་རུ།། ཟླ་བ་རྡོ་རྗེའི་སྦྱོར་བས་བལྟ།། མཚོན་ཆ་མཆོག་གིས་དྲངས་ནས་ནི།། སེམས་ནི་སྔགས་ཀྱི་དངོས་བྱས་ཏེ། ། སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི།། བྱང་ཆུབ་ཚིག་བཅད་བརྗོད་པར་བྱ།། ཆོ་ག་ཡང་དག་སྦྱོར་བསྒོམ་པས།། རང་གི་དཀྱིལ་འཁོར་ལ་གནས་ཏེ།། སེམས་དེ་ཡེ་ཤེས་གཟུགས་ཀྱིས་ནི།། བསྒོམ་པ་ཉེ་བར་བསྒྲུབ་པའོ། ། ཇི་སྲིད་མཐོང་བ་དེ་སྲིད་དུ།། རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ།། འདོད་པ་ཀུན་ལ་ལོངས་སྤྱོད་པས།། ཐམས་ཅད་དུ་ནི་རྟག་ཏུ་བྱ།། གལ་ཏེ་ཟླ་བ་དྲུག་གིས་ནི།། ཇི་སྐད་གསུངས་པ་མ་མཐོང་ན། ། ཇི་སྐད་བཤད་པའི་ཆོ་ག་དང།། སྡོམ་པ་ལན་གསུམ་བརྩམ་པར་བྱ།། དེ་ལྟར་བྱས་ཀྱང་སྒྲུབ་པ་པོས།། མཐོང་བ་འབྱུང་བར་མ་གྱུར་ཅིང།། གང་ཚེ་བྱང་ཆུབ་མ་གྲུབ་ན།། དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ།། དེ་ཚེ་དེ་ཡི་ཡེ་ཤེས་ནི། ། འགྲུབ་པ་ངེས་པར་ཉེ་བར་འགྱུར།། རིགས་ཀྱི་དབྱེ་བའི་སྦྱོར་བས་ནི།། རྡོ་རྗེ་ཕུར་བུས་ཕུར་བུ་གདབ།། དེ་ནས་དབང་དུ་བྱ་བ་དང།། སྲུང་བའི་སྦྱོར་བ་དག་ཀྱང་བྱ།། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། ། ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ།། ལྷ་མོ་དགུ་ནི་སྤྲོས་ནས་སུ།། བསྒྲུབ་པར་བྱ་བའི་ལུས་ལ་དགོད།། ཡོངས་སུ་གྱུར་ལས་ཕྱག་རྒྱ་བཞི།། དཀྱིལ་འཁོར་དེར་ནི་བརྟག་པར་བྱ།། བདག་ཉིད་དབུས་སུ་གནས་བྱས་ལ། ། འཁོར་ལོ་ཅན་ཀུན་བསྡུ་བར་བྱ།། ཐམས་ཅད་རྡོ་རྗེའི་དངོས་བྱས་ལ།། དེ་འོག་བྱང་ཆུབ་བསྒོམ་པར་བྱ།། བསྐུལ་བའི་གླུ་དབྱངས་བཞི་ཡིས་ནི།། ལྷ་མོས་སྙིང་པོ་བསྐུལ་བ་ཡིས། ། དུས་གསུམ་རྡོ་རྗེའི་རང་བཞིན་སེམས།། ཡེ་ཤེས་ལྟ་བུར་ལུས་སྒོམ་མོ།། མྱོས་པས་ཁ་དོག་རྣམ་པར་དབྱེ།། དེ་བཞིན་ཉམས་ཀྱི་སྙིང་པོ་སྟེ།། དབང་བསྐུར་བས་ནི་རང་གི་རྒྱུ།། གཞི་ཡིས་འབྲས་བུ་ཕྱེ་བ་ཡིན། ། སྔགས་ཀྱིས་ཆོས་ནི་བྱེད་འགྱུར་ལ།། རིག་པའང་ཆོས་ཀྱི་ཕྱག་རྒྱས་སོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་དྲུག། གཙུག་ཏོར་ཞེས་ནི་རྣམ་པར་གྲགས།། རྫུ་འཕྲུལ་ཆེན་པོས་ལོངས་སྤྱོད་བཞི།། རིག་པའི་རྒྱལ་མོ་ཞེས་བྱར་གྲགས། ། དེ་བཞིན་རྡོ་རྗེའི་བདག་པོ་རྣམས།། འདོད་པ་ཐམས་ཅད་ཅེས་བྱར་བཤད།། བསམ་གཏན་རྡོ་རྗེ་ཐམས་ཅད་ལ།། དབང་བསྐུར་བ་ནི་རབ་ཏུ་བསྔགས།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། ཡེ་ཤེས་ལུས་དང་ལྷན་ཅིག་ཏུ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། གཉིས་སུ་མེད་པར་བྱེད་སྒྲུབ་པ།། སྔར་བཤད་པ་ཡི་རིམ་གྱིས་ནི།། རིག་པའི་སྐྱེས་བུ་རྡོ་རྗེ་ཅན།། བདག་དང་འདྲ་བར་དཀྱིལ་འཁོར་བསྐྱེད།། སྒྲུབ་པ་ཆེན་པོ་ཞེས་བཤད་དོ། ། བསྙེན་པའི་དུས་སུ་གཙུག་ཏོར་ཆེ།། སྦྱོར་བ་ཉིད་ཀྱིས་གཟུགས་སུ་དམིགས།། ཉེ་བར་སྒྲུབ་པའི་དུས་སུ་ནི།། བདུད་རྩི་འཁྱིལ་པའི་གཟུགས་ཀྱི་བར།། སྔགས་པ་ཆོ་ག་ཤེས་པ་ཡིས།། སྒྲུབ་པ་རང་ལྷའི་སྦྱོར་བས་བྱ། ། སྒྲུབ་པ་ཆེན་པོའི་དུས་སུ་ནི།། གཙོ་བོ་སངས་རྒྱས་བདག་པོའི་སྐུ།། འདི་ནི་རྡོ་རྗེ་ཅན་ཀུན་དང།། རྣལ་འབྱོར་མཆོག་གི་གསང་བ་ཆེ།། དེ་ལྟའི་རྣམ་དབྱེ་ཤེས་བྱས་ནས།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། ། གཞན་དུ་བསྐལ་པ་བྱེ་བས་ནི།། སངས་རྒྱས་སྐྱོབ་པ་རྣམས་ཀྱིས་ཀྱང།། དངོས་གྲུབ་མཆོག་ནི་ཞི་བ་དག། ངེས་པར་འབྱུང་བར་མི་འགྱུར་རོ།། བསྒྲུབ་བྱ་བསྒྲུབ་པར་ཡང་དག་སྦྱོར།། གང་ཡིན་དེ་ནི་བསྙེན་པར་བཤད། ། རྡོ་རྗེ་པདྨ་མཉམ་སྦྱོར་བ།། ཉེ་བར་སྒྲུབ་པ་ཞེས་བཤད་དོ།། ཡི་གེ་ཧཱུ~ཾ་དང་ཕཊ་ལྡན་པ།། ལྷ་བསྐྱེད་བསྒྲུབ་པ་ཞེས་བཤད་པ།། ངོ་བོ་ཉིད་ནི་ཞི་བདེ་བ།། སྒྲུབ་པ་ཆེན་པོ་ཞེས་བཤད་དོ། ། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག། རྡོ་རྗེ་འཆང་བ་ཆེན་པོའི་གནས།། སངས་རྒྱས་ཀུན་གྱི་ཐབས་ལས་བྱུང།། དེ་ཉིད་ཆོས་རྣམས་ཆོས་ཉིད་དོ།། ལས་དང་རྗེས་མཐུན་གང་གང་གིས།། རྣལ་འབྱོར་པ་ཡིས་སྦྱོར་བ་དམིགས། ། དཀྱིལ་འཁོར་དེ་དང་དེ་བསྐྱེད་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། སྔོན་གྱི་དམ་ཚིག་སྲུངས་ཤིག་ཅེས།། དེ་ལ་དྲག་ཏུ་བསྒྲག་པར་བྱ།། དེ་ནས་གཙུག་ཏོར་དམ་ཚིག་ནི།། ཆོ་ག་ཇི་སྐད་གསུངས་ལས་བྱུང། ། ལས་དང་གང་གང་རྗེས་མཐུན་པས།། རང་གི་འཁོར་ལ་བཀའ་ཡང་བསྒོ།། བསྒྲུབ་བྱའི་ལུས་གང་ཡིན་པ་ལའང།། དཀྱིལ་འཁོར་རྣམ་པར་བསྒོམས་ནས་སུ།། དེ་ཡི་ལུས་གནས་འཁོར་ལོ་ལ།། དེ་ཡི་ཉེས་པ་བསྒྲག་པར་བྱ། ། དེ་ནས་དེ་རྣམས་དེས་བཅོམ་ནས།། འབྱོར་བར་གྱུར་པ་རྣམ་པར་བསྒོམ།། དངོས་པོ་ཀུན་གྱིས་རྣམ་བསྒོམས་ནས།། དངོས་པོ་ཀུན་གྱིས་དྲངས་ནས་ནི།། དེ་ནི་རང་གི་འཁོར་ལོར་གཞུག། ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས།། དེ་ཡི་གཟུགས་བརྙན་བྱས་ནས་ནི།། ཁྲོ་བས་ཁྱབ་པའི་སེམས་ཀྱིས་ནི།། རྐང་པས་མཚན་མ་གནན་པར་བྱ།། དེ་ནས་བཀའ་མནོས་ཁྲོ་བོ་ནི།། སྣ་ཚོགས་ཚོགས་ཀྱིས་བསྐོར་བ་རྣམས། ། སྒྲུབ་པ་རྡོ་རྗེ་ཅན་གྱིས་ནི།། བསྒྲུབ་བྱ་གསང་ཕྱིར་གཏང་བར་བྱ།། ཁྲོ་བོའི་རྒྱལ་པོ་དེས་བསྐོར་ནས།། དེ་ནི་བཅིང་ཞིང་བརྡེག་པ་དང།། དེ་ནས་གདུངས་ཤིང་སྐྲག་གྱུར་པ།། བསྒྲུབ་བྱ་དག་ནི་དགུག་པར་བྱ། ། རྡོ་རྗེ་གསུམ་གྱི་སྔགས་ཀྱིས་ནི།། དེ་ཡི་གཟུགས་བརྙན་ལ་ཕབ་ནས།། སྔགས་པས་རྡོ་རྗེ་དག་གིས་ནི།། སྤྱི་བོ་མགྲིན་པ་སྙིང་ག་རུ།། ཕུར་བུའི་སྔགས་ཀྱིས་ཕུར་བུ་གདབ།། ཡམས་དང་ཉེ་བར་འཚེ་བ་ཀུན། ། སྣ་ཚོགས་ཡུལ་ལས་བྱུང་བ་རྣམས།། གཟུགས་དེ་ལ་ནི་ཕབ་ནས་སུ།། དེ་རྣམས་ཀྱིས་ནི་ཕུར་བུས་གདབ།། དེ་ནས་སྦྱོར་བ་ཐམས་ཅད་ཀྱིས།། ཆོ་ག་ཇི་སྐད་གསུངས་པ་བཞིན།། འཁྲུལ་འཁོར་སྔགས་ཀྱི་སྦྱོར་ལ་སོགས། ། ལས་ཀྱི་དབྱེ་བས་སྦྱར་བར་བྱ།། མཚན་མ་མནན་ནས་བཟླས་པའམ།། ཁྲོ་བོའི་དཀྱིལ་འཁོར་སྦྱིན་སྲེག་གམ།། བསྒོམ་པས་གདུག་པའི་སེམས་ཅན་ནི།། ཟོས་པར་གྱུར་པར་རབ་ཏུ་བརྟག། ཞི་ལ་ཞི་བའི་སེམས་ཀྱིས་བྱ། ། རྒྱས་ལ་རྒྱས་པའི་སེམས་ཀྱིས་ཏེ།། དབང་ལ་ཆགས་པའི་ཡིད་དུ་བྱ།། ཁྲོ་ལ་གཏུམ་པས་རབ་ཏུ་བསྒྲུབ།། ཅེས་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་བཅད་པར་མཛད་ནས། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་ཏེ། རང་གི་སྐུ་དང་གསུང་དང་ཐུགས་ལས་དམིགས་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། ། ཐམས་ཅད་སྐུ་ཁྱོད་ཕྱག་འཚལ་ལོ།། ཐམས་ཅད་གསུང་ལ་ཕྱག་འཚལ་འདུད།། ཐམས་ཅད་ཐུགས་ཁྱོད་ཕྱག་འཚལ་ལོ།། ཐམས་ཅད་མཛད་ལ་ཕྱག་འཚལ་འདུད། ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི།། སྐུ་གསུང་ཐུགས་ནི་ཐོབ་འགྱུར་བས།། སེམས་ཅན་སངས་རྒྱས་མི་མཉམ་མེད།། བསྒྲུབ་བྱ་སུ་ཡིན་སྒྲུབ་པོ་གང།། སྒྲུབ་པའི་དབང་པོ་བདག་ཉིད་ཆེ།། སངས་རྒྱས་ཐམས་ཅད་གསོད་པ་ཡིས། ། ཇི་ལྟར་སྡིག་པས་གོས་མི་འགྱུར།། གལ་ཏེ་གོས་འགྱུར་འབྲས་བུ་གང།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས།། བདག་ཉིད་ཆེན་པོ་ལེགས་སོ་ལེགས།། གསུང་དབྱངས་ཆེན་པོ་ལེགས་སོ་ལེགས།། མཆོད་པ་ཆེན་པོ་ལེགས་སོ་ལེགས། ། སློབ་དཔོན་བྱང་ཆུབ་རྡོ་རྗེ་ཅན།། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག། དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན།། སྐྱེད་དང་སྡུད་པར་མཛད་པ་པོ།། དེས་ན་དེ་ཡི་སྡིག་མི་འགྱུར།། བསོད་ནམས་དག་ཀྱང་དེ་བཞིན་ནོ། ། གང་ལ་སྡིག་དང་བསོད་ནམས་མེད།། དེ་ནི་བྱང་ཆུབ་ཡིན་པར་གསུངས།། མགོན་པོ་དེ་ཡི་སླུ་བ་ཡིས།། ལུས་ཅན་ཐམས་ཅད་འཇིགས་མཛད་ཅིང།། ངན་འགྲོར་སྐྱེ་བར་མི་འགྱུར་ཞིང། ། བྱང་ཆུབ་ཀྱང་ནི་རྙེད་མི་དཀའ།། སྔོན་ནི་མི་བཟད་ལས་བྱས་པས།། གལ་ཏེ་དམྱལ་བ་རྣམས་སུ་ནི།། སྐྱེ་བོ་སྐྱེ་འགྱུར་དེ་རྣམས་ཀྱི།། དམྱལ་བ་རྣམས་ཀྱི་འབྲས་བུ་ཆེ།། བྱང་ཆུབ་རྡོ་རྗེས་བསྒྲུབ་བྱ་འདི།། ཡེ་ཤེས་ཀྱིས་ནི་རྒྱས་བཏབ་པས། ། སེམས་ཅན་རྣམས་ལ་སྦྱོར་བ་དེས།། མཆོག་ཏུ་ཕན་བཏགས་ཤེས་པར་བྱ།། ཚར་གཅོད་པ་དང་རྗེས་བཟུང་ལས།། བདག་ཉིད་ཆེན་པོ་དེ་ཡིས་བྱ།། སྒྲུབ་པ་ཆེན་པོའི་མཐར་ཐུགས་པར། ། བྱས་ནས་ལས་རྣམས་བརྩམ་པར་བྱ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་རྡོ་རྗེ་ཅན་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་ཆོས་ཐོས་པས་དགའ་ཞིང་རབ་ཏུ་དགའ་ལ་མགུ་བའི་ཡིད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། མགོན་པོ་ཆེན་པོ་ལེགས་སོ་ལེགས།། ཐུབ་པ་ཆེན་པོ་ལེགས་སོ་ལེགས།། ཆོས་རྣམས་ཆེན་པོ་ལེགས་སོ་ལེགས།། ཐུགས་རྗེ་ཆེན་པོ་ལེགས་སོ་ལེགས།། ཨེ་མའོ་ཀུན་དུ་བཟང་པོ་ཡི། ། ཐུགས་རྗེ་ཆེན་པོ་དྲི་མ་མེད།། གདུག་པའི་མི་བཟད་ལས་ཀྱིས་ཀྱང།། སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་གསང་བ་འདུས་པར་དབང་བསྐུར་བའི་སྔགས་པས་འཇིགས་པར་མི་བྱ་ཞིང། སྐྲག་པར་མི་བྱ། དངངས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་རྡོ་རྗེ་ལས་བྱུང་བ།། ཞེ་སྡང་རྡོ་རྗེ་ཆེ་ལ་སོགས།། སྔགས་ཀྱི་རྒྱུན་ནི་བསྡུས་པ་དག། ཡོངས་སུ་སྤངས་པར་མི་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་དོ།། དུས་གསུམ་རྡོ་རྗེའི་ཐུགས་ཡིན་སྲིད་དང་ཐར་གྱུར་གང། ། ཞི་ཞིང་སྒྲིབ་མེད་ནམ་མཁའ་དག་པའི་ངོ་བོ་ཉིད།། སངས་རྒྱས་རྣམ་རྒྱས་བྱང་ཆུབ་དབང་ཕྱུག་རྡོ་རྗེ་ཅན།། དེ་ལ་ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ།། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང། ། རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག། ས་ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི།། བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ།། གཏི་མུག་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང། ། རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར།། རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ།། བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ།། སྡུད་དང་དགའ་དང་རྣམ་པ་དེ་བཞིན་མི་འགྱུར་དང། ། རྒྱུ་དང་འབྲས་བུའི་རང་བཞིན་སེམས་སུ་རྗེས་གཏོགས་ཆོས།། རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ།། བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། ། གང་ཞིག་ཐོག་མེད་དངོས་པོ་རྣམ་དག་འདི་སྒོམ་པ།། ཐབས་དང་ཤེས་རབ་ལས་བྱུང་སྤྲོས་དང་རྣམ་པར་བྲལ།། གསང་བའི་དབང་བསྐུར་བརྟུལ་ཞུགས་དམ་ཚིག་སྦྱོར་བ་བརྟག། བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། ། གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་སྒོམ་ཞིང།། བསྙེན་པའི་ཆོ་ག་ཉེ་བར་སྒྲུབ་དང་སྒྲུབ་པ་དང།། སྒྲུབ་པ་ཆེན་པོས་བློ་མི་འགྱུར་བའི་སྒྲུབ་དབང་པོ།། བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། ། གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་པ།། མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་འགྲུབ་ཅིང།། བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ།། བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། ། གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང།། འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང།། མཆོད་པར་བྱེད་པ་དང་ནི་འདྲིརའམ་འདྲིར་འཇུག་པ།། བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། ། གང་དུ་ཞི་སོགས་ལས་ཚོགས་ཤིན་ཏུ་བརྟགས་པ་ཡིས།། འཁྲུལ་འཁོར་སྔགས་ཀྱི་ཆོ་ག་དེ་བཞིན་རྒྱས་འདེབས་པའི།། བསྒྲུབ་བྱ་འདི་དང་ལྡན་པའི་སྒྲུབ་པའི་དབང་པོ་ནི།། བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། ། གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རིག་པ་དང།། ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང།། དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག། བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། ། བསྟོད་པའི་ཚིག་ནི་ཞི་བ་འདིས།། འདྲེན་པ་ཀུན་ལ་བསྟོད་པ་དང།། བྱང་ཆུབ་སེམས་དཔའ་མཆོད་ཆེན་ལ།། མགོན་པོ་དེ་དག་རྗེས་ཡི་རང།། འདུས་པ་གསང་བ་ལས་བྱུང་བ། ། དེ་བཞིན་གཤེགས་པ་ཀུན་གྱི་གསང།། རྒྱུད་ཀུན་བདག་པོའི་དབང་པོ་ཡིས།། རྒྱུད་འདི་ལེགས་པར་གསུང་པ་ཡིན།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་དེ་སྐད་ཅེས་གསུངས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་བཞུགས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་དམིགས་ཏེ་ཅང་མི་གསུང་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཆེན་པོ་གསང་བ་འདུས་པ་ལས་གསང་བ་ཐམས་ཅད་སྟོན་པ་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ། །།། རྒྱུད་ཕྱི་མ་འདི་རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བ་དང་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བའོ།། སླར་ཡང་རྒྱ་གར་གྱི་མཁན་པོ་ཨཱཙཨཱརྱ་ཤྲད་དྷཱ་ཀ་ར་ཝརྨྨ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་བཅོས་ཏེ་གཏན་ལ་ཕབ་པ། སླར་ཡང་སློབ་དཔོན་ཡེ་ཤེས་ཞབས་ཀྱི་འགྲེལ་པ་དང་བི་བརྟ་ཕྱི་འགྱུར་བཅས་གསུམ་ལ་གཏུགས་ནས་ཞུ་དག་བགྱིས་པ་ཡིན་ཀྱང་ཕྱི་འགྱུར་ལ་འགྱུར་མི་བདེ་བ་དང། དོན་གོ་དཀའ་བ་དང། ཚིག་ཟློས་པ་སོགས་དོན་ལྟར་མ་བསྒྱུར་བ་ཡང་མང་པོ་མཆིས་ཤིང་འགྲེལ་པ་དང་བི་བརྟ་གཉིས་སྔ་འགྱུར་ཁོ་ན་དང་ཁྱད་སྤུ་ཙམ་མི་འདུག་པ་ཡིད་ཆེས་པའི་གནས་སོ། །།།

CLOSE WINDOW