Wylie |
རྒྱུད་གཏད་པའི་ལེའུ་སྟེ་བརྒྱད་པའོ།།།། རྒྱ་གར་སྐད་དུ།། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང།། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ།། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ།། པདྨ་དཀར་པོ་རྒྱས་འདྲའི་སྤྱན། ། པདྨ་རྒྱས་པའི་གདན་ལ་བཞུགས།། རང་གི་ལག་གིས་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོར་བྱེད་པ།། ཁྲོ་གཉེར་རིམ་པར་ལྡན་ལ་སོགས།། ལག་ན་རྡོ་རྗེ་མཐའ་ཡས་པ།། དཔའ་བོ་གདུལ་དཀའ་འདུལ་བ་བོ། འཇིགས་སུ་རུང་དང་དཔའ་བྱད་ཅན།། རྡོ་རྗེ་རྩེ་མོ་རབ་འཕྲོ་བ།། རང་གི་ལག་གིས་གསོར་བྱེད་པ།། སྙིང་རྗེ་ཆེ་དང་ཤེས་རབ་དང།། ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག། དགའ་མགུ་རངས་པའི་བསམ་པ་ཅན། ། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ།། སངས་རྒྱས་ཕྲིན་ལས་བྱེད་པའི་མགོན།། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ།། དེ་བཞིན་གཤེགས་པ་བཅོམ་ལྡན་འདས།། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། ། ཐལ་མོ་སྦྱར་བ་བྱས་ནས་ནི།། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ།། ཁྱབ་བདག་བདག་ལ་སྨན་པ་དང།། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར།། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། ། བྱང་ཆུབ་ཅི་ནས་བདག་ཐོབ་མཛོད།། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང།། མི་ཤེས་འདམ་དུ་བྱིང་བ་ཡི།། སེམས་ཅན་ཀུན་ལ་སྨན་པ་དང།། བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ། འགྲོ་བའི་བླ་མ་སྟོན་པ་པོ།། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན།། དབང་པོ་བསམ་པ་མཁྱེན་མཆོག་གིས།། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ།། གཙུག་ཏོར་ཆེན་པོ་ཚིག་གི་བདག། ཡེ་ཤེས་སྐུ་སྟེ་རང་བྱུང་བ། ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི།། མིང་ནི་ཡང་དག་བརྗོད་པའི་མཆོག། དོན་ཟབ་དོན་ནི་རྒྱ་ཆེ་ཞིང།། དོན་ཆེན་མཚུངས་མེད་རབ་ཞི་བ།། ཐོག་མ་བར་དང་མཐར་དགེ་བ།། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། ། མ་འོངས་རྣམས་ཀྱང་གསུང་འགྱུར་ལ།། ད་ལྟར་བྱུང་བའི་རྫོགས་སངས་རྒྱས།། ཡང་དང་ཡང་དུ་གསུང་བ་གང།། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས།། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང། ། དཔག་མེད་རྣམས་ཀྱིས་དགའ་བཞིན་དུ།། གླུར་བླངས་གང་ལགས་བཤད་དུ་གསོལ།། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི།། གསང་འཛིན་ཅི་ནས་བདག་འགྱུར་ཕྱིར།། ངེས་པར་འབྱུང་གི་བར་དུ་ནི། ། བདག་གི་བསམ་པ་བརྟན་པོས་གཟུང།། ཉོན་མོངས་མ་ལུས་བསལ་བ་དང།། མི་ཤེས་མ་ལུས་སྤང་བའི་ཕྱིར།། བསམ་པའི་ཁྱད་པར་ཇི་བཞིན་དུ།། སེམས་ཅན་རྣམས་ལ་བཤད་པར་འཚལ།། གསང་དབང་ལག་ན་རྡོ་རྗེ་ཡིས། ། དེ་བཞིན་གཤེགས་ལ་དེ་སྐད་དུ།། གསོལ་ནས་ཐལ་མོ་སྦྱར་བྱས་ཏེ།། ལུས་བཏུད་ནས་ནི་སྤྱན་སྔར་འདུག། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། ། རིང་ཞིང་ཡངས་པ་བརྐྱང་མཛད་དེ།། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང།། བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ།། སེམས་ཅན་རྣམས་ཀྱི་ངན་སོང་གསུམ།། སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། ། ཚངས་པའི་གསུང་ནི་སྙན་པ་ཡིས།། འཇིག་རྟེན་གསུམ་པོ་ཀུན་བཀང་ནས།། ལག་ན་རྡོ་རྗེ་སྟོབས་པོ་ཆེ།། གསང་དབང་ལ་ནི་སླར་གསུངས་པ།། སྙིང་རྗེ་ཆེ་དང་ལྡན་གྱུར་པས།། འགྲོ་ལ་ཕན་པའི་དོན་དུ་ཁྱོད། ། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི།། མིང་བརྗོད་པ་ནི་དོན་ཆེ་བ།། དག་པར་བྱེད་ཅིང་སྡིག་སེལ་བ།། ང་ལས་ཉན་པར་བརྩོན་པ་ནི།། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང།། ལག་ན་རྡོ་རྗེ་ཁྱོད་ལེགས་སོ། ། གསང་བའི་བདག་པོ་དེ་ཕྱིར་ངས།། ཁྱོད་ལ་ལེགས་པར་བསྟན་པར་བྱ།། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ།། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། ། གསང་སྔགས་རིགས་ཆེན་ཐམས་ཅད་དང།། གསང་སྔགས་རིག་སྔགས་འཆང་བའི་རིགས།། རིགས་གསུམ་ལ་ནི་རྣམ་པར་གཟིགས།། འཇིག་རྟེན་འཇིག་རྟེན་འདས་པའི་རིགས།། འཇིག་རྟེན་སྣང་བྱེད་རིགས་ཆེན་དང། ། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང།། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས།། ཚིག་གི་བདག་པོས་ཚིགས་སུ་བཅད།། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང།། གཉིས་སུ་མེད་པར་འབྱུང་བ་དང། ། མི་སྐྱེའི་ཆོས་ཅན་འདི་གསུངས་པ།། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨ་ཨཻ་ཨཽ་ཨཾ་ཨཿསྠི་ཏོ་ཧྲིདི། ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ། བུདྡྷཱ་ནཱཾ་ཏྲྱ་དྷཱ་བརྟྟི་ནཱཾ། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད། པྲ་ཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་ཐམས་ཅད་དགའ་བར་བྱེད།། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་དགྲ་ཆེ་བ། ། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ།། མཆོད་པ་ཆེན་པོ་ཁྲོ་བ་ཆེ།། ཁྲོ་བ་ཆེན་པོ་དགྲ་ཆེ་བ།། མཆོད་པ་ཆེན་པོ་ཆགས་པ་ཆེ།། ཆགས་པ་ཐམས་ཅད་སེལ་བར་བྱེད།། འདོད་པ་ཆེན་པོ་བདེ་བ་ཆེ། ། དགའ་བ་ཆེན་པོ་མགུ་བ་ཆེ།། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ།། ཁ་དོག་ཆེ་ཞིང་ལུས་བོངས་ཆེ།། མིང་ཡང་ཆེ་ཞིང་རྒྱ་ཆེ་བ།། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན།། ཤེས་རབ་མཚོན་ཆེན་འཆང་བ་སྟེ། ། ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ།། སྣང་བ་ཆེན་པོ་གསལ་བ་ཆེ།། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང།། སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ།། སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན།། སྤྱིན་བདག་ཆེན་པོ་གཙོ་བོ་སྟེ།། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག། བཟོད་ཆེན་འཆང་བ་བརྟན་པ་པོ།། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན།། བསམ་གཏན་ཆེན་པོ་ཏིང་འཛིན་གནས། ། ཤེས་རབ་ཆེན་པོའི་ལུས་འཆང་བ།། སྟོབས་པོ་ཆེ་ལ་ཐབས་ཆེ་བ།། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ།། བྱམས་ཆེན་རང་བཞིན་དཔག་ཏུ་མེད།། སྙིང་རྗེ་ཆེན་པོ་བློ་ཡི་མཆོག། ཤེས་རབ་ཆེན་པོ་བློ་ཆེན་ལྡན། ། མཁས་པ་ཆེན་པོ་ཐབས་ཆེ་བ།། རྫུ་འཕྲུལ་ཆེན་པ་སྟོབས་དང་ལྡན།། ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ།། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ།། སྟོབས་ཆེན་ཕ་རོལ་གནོན་པ་པོ།། སྲིད་པའི་རི་བོ་ཆེན་པོ་འཇོམས། ། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང།། དྲག་པོ་ཆེན་པོ་དྲག་ཤུལ་ཆེ།། འཇིགས་ཆེན་འཇིགས་པར་བྱེད་པ་པོ།། མགོན་པོ་རིག་མཆོག་ཆེན་པོ་སྟེ།། བླ་མ་གསང་སྔགས་ཆེ་བའི་མཆོག། ཐེག་པ་ཆེན་པོའི་ཚུལ་ལ་གནས།། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན།། གསང་སྔགས་ཚུལ་ཆེན་ལས་བྱུང་བ།། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། ། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ལ་གནས།། ཕ་རོལ་ཕྱིན་བཅུ་དག་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ།། མགོན་པོ་ས་བཅུའི་དབང་ཕྱུག་སྟེ།། ས་བཅུ་ལ་ནི་གནས་པ་པོ།། ཤེས་བཅུ་རྣམ་དག་བདག་ཉིད་ཅན། ། ཤེས་བཅུ་རྣམ་དག་འཆང་བ་པོ།། རྣམ་པ་བཅུ་པོ་དོན་བཅུའི་དོན།། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག། ཀུན་གྱི་དོན་ནི་མ་ལུས་བྱེད།། རྣམ་བཅུ་དབང་ལྡན་ཆེ་བ་པོ།། ཐོག་མ་མེད་པ་སྤྲོས་མེད་བདག། དེ་བཞིན་ཉིད་བདག་དག་པའི་བདག། བདེན་པར་སྨྲ་ཞིང་ཚིག་མི་འགྱུར།། ཇི་སྐད་སྨྲས་པ་དེ་བཞིན་བྱེད།། གཉིས་སུ་མེད་དང་གཉིས་མེད་སྟོན།། ཡང་དག་མཐའ་ལ་རྣམ་པར་གནས། ། བདག་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས་རི་དྭགས་ངན་འཇྀགས་བྱེད།། ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས།། དེ་བཞིནགཤེགས་པའི་ཡིད་ལྟར་མགྱོགས།། རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ།། འཁོར་ལོ་བསྒྱུར་བ་སྟོབས་པོ་ཆེ། ། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག། ཚོགས་རྗེ་ཚོགས་བདག་དབང་དང་ལྡན།། མཐུ་ཆེན་གཅེས་པར་འཛིན་པ་སྟེ།། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག། ཚིག་རྗེ་ཚིག་བདག་སྨྲ་མཁས་པ། ། ཚིག་ལ་དབང་བ་ཚིག་མཐའ་ཡས།། ཚིག་བདེན་པ་དང་བདེན་པར་སྨྲ།། བདེན་པ་བཞི་ནི་སྟོན་པ་པོ།། ཕྱིར་མི་ལྡོག་པ་ཕྱིར་མི་འོང།། འདྲེན་པ་རང་རྒྱལ་བསེ་རུའི་ཚུལ།། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། ། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ།། དགེ་སློང་དགྲ་བཅོམ་ཟག་པ་ཟད།། འདོད་ཆགས་བྲལ་བས་དབང་པོ་ཐུལ། བདེ་བ་རྙེད་པས་འཇིགས་མེད་ཐོབ།། བསིལ་བར་གྱུར་པས་རྙོག་པ་མེད།། རིག་པ་དང་ནི་རྐང་པར་ལྡན། ། བདེ་གཤེགས་འཇིག་རྟེན་རིགས་པའི་མཆོག། བདག་གིར་མི་འཛིན་ངར་མི་འཛིན།། བདེན་པ་གཉིས་ཀྱི་ཚུལ་ལ་གནས།། འཁོར་བའི་ཕ་རོལ་མཐར་སོན་པ།། བྱ་བ་བྱས་པས་སྐམ་སར་གནས།། ཤེས་པ་འབའ་ཞིག་ངེས་གསལ་བ། ། ཤེས་རབ་མཚོན་ཆས་རྣམ་འཇོམས་པ།། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན།། འཇིག་རྟེན་སྣང་བར་བྱེད་པའི་མཆོག། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ།། ལེགས་པའི་ལམ་ནི་སྟོན་པ་པོ། ། དོན་གྲུབ་བསམ་པ་གྲུབ་པ་སྟེ།། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།། རྣམ་པར་མི་རྟོག་དབྱིངས་མི་ཟད།། ཆོས་དབྱིངས་དམ་པ་ཟད་མི་ཤེས།། བསོད་ནམས་ལྡན་པ་བསོད་ནམས་ཚོགས།། ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། ། ཡེ་ཤེས་ལྡན་པ་ཡོད་མེད་ཤེས།། ཚོགས་གཉིས་ཚོགས་ནི་བསགས་པ་པོ།། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན།། བསམ་གཏན་བསམ་བྱ་བློ་ལྡན་མཆོག། སོ་སོ་རང་རིག་མི་གཡོ་བ། ། མཆོག་གི་དང་པོ་སྐུ་གསུམ་འཆང།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། སངས་རྒྱས་ལྔ་བདག་ཅོད་པཎ་ཅན།། སྤྱན་ལྔ་ཆགས་པ་མེད་པ་འཆང།། སངས་རྒྱས་ཐམས་ཅད་སྐྱེད་པ་པོ། ། སངས་རྒྱས་སྲས་པོ་དམ་པའི་མཆོག། ཤེས་པས་སྲིད་འབྱུང་སྐྱེ་གནས་མེད།། ཆོས་ལས་འབྱུང་བ་སྲིད་པ་སེལ།། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག། སྐྱེས་མ་ཐག་ཏུ་འགྲོ་བའི་བདག། ནམ་མཁའ་ལས་བྱུང་རང་བྱུང་བ། ། ཤེས་རབ་ཡེ་ཤེས་མེ་བོ་ཆེ།། འོད་ཆེན་རྣམ་པར་སྣང་བར་བྱེད།། ཡེ་ཤེས་སྣང་བ་ལམ་མེ་བ།། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན།། གཟི་བརྗིད་ཆེན་པོ་འོད་གསལ་བ།། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། ། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད།། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག། ནམ་མཁའི་བདག་པོ་སྣ་ཚོགས་སྟོན།། སངས་རྒྱས་ཀུན་བདག་དངོས་པོ་མཆོག། འགྲོ་ཀུན་དགའ་བའི་མིག་དང་ལྡན། ། སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ།། མཆོད་ཅིང་རྗེད་པ་དྲང་སྲོང་ཆེ།། རིགས་གསུམ་འཆང་བ་གསང་སྔགས་ཅན།། དམ་ཚིག་ཆེན་པོ་གསང་སྔགས་འཛིན།། གཙོ་བོ་དཀོན་མཆོག་གསུམ་འཛིན་པ། ། ཐེག་པ་མཆོག་གསུམ་སྟོན་པ་པོ།། དོན་ཡོད་ཞགས་པ་རྣམ་པར་རྒྱལ།། འཛིན་པ་ཆེན་པོ་རྡོ་རྗེ་ཞགས།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ།། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། ། མིག་དྲུག་ལག་དྲུག་སྟོབས་དང་ལྡན།། ཀེང་རུས་མཆེ་བ་གཙིགས་པ་པོ།། ཧ་ལ་ཧ་ལ་གདོང་བརྒྱ་པ།། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ།། རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ།། རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང། ། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ།། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག། རྡོ་རྗེའི་སྙིང་པོ་མཁའ་འདྲ་བ།། མི་གཡོ་རལ་པ་གཅིག་གིས་བསྒྱིངས།། གླང་ཆེན་ཀོ་རློན་གོས་སུ་གྱོན།། གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ།། ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། ། གད་མོ་ཆེན་པོ་གད་རྒྱངས་ཅན།། རྡོ་རྗེ་གད་མོ་ཆེར་སྒྲོགས་པ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ།། རྡོ་རྗེ་དྲག་པོ་དགའ་བ་ཆེ།། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། ། མཚོན་དུ་རྡོ་རྗེའི་མདའ་ཐོགས་པ།། རྡོ་རྗེ་རལ་གྲིས་མ་ལུས་གཅོད།། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན།། རྡོ་རྗེ་གཅིག་པུ་གཡུལ་སེལ་བ།། རྡོ་རྗེ་འབར་བ་མིག་མི་བཟང།། སྐྲ་ཡང་རྡོ་རྗེ་འབར་བ་སྟེ།། རྡོ་རྗེ་འབེབས་པ་འབེབས་པ་ཆེ། ། མིག་བརྒྱ་པ་སྟེ་རྡོ་རྗེའི་མིག། ལུས་ནི་རྡོ་རྗེའི་བ་སྤུ་ཅན།། རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས།། སེན་མོ་སྐྱེས་པ་རྡོ་རྗེའི་རྩེ།། རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས།། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། ། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ།། གད་རྒྱངས་ཧ་ཧ་ངེས་པར་སྒྲོགས།། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ།། འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ།། འཇིག་རྟེན་གསུམ་ན་སྒྲ་གཅིག་པ།། ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག། ཡང་དག་བདག་མེད་དེ་བཞིན་ཉིད།། ཡང་དག་མཐའ་སྟེ་ཡི་གེ་མེད།། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ།། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ།། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། ། ཆོས་ཀྱི་གཎྜི་སྒྲ་བོ་ཆེ།། མི་གནས་མྱ་ངན་འདས་པ་པོ།། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ།། གཟུགས་མེད་གཟུགས་བཟང་དམ་པ་སྟེ།། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། ། གཟུགས་བརྙན་མ་ལུས་འཆང་བ་པོ།། ཚུགས་པ་མེད་ཅིང་ཆེ་བར་གྲགས།། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ།། འཕགས་ལམ་ཤིན་ཏུ་མཐོ་ལ་གནས།། དར་བ་ཆེན་པོ་ཆོས་ཀྱི་ཏོག། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག། གནས་བརྟན་རྒན་པོ་སྐྱེ་དགུའི་བདག། སུམ་ཅུ་རྩ་གཉིས་མཚན་འཆང་བ།། སྡུག་གུ་འཇིག་རྟེན་གསུམ་ན་མཛེས།། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ།། འཇིག་རྟེན་སློབ་དཔོན་འཇིགས་པ་མེད། ། མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ།། སྐྱབས་དང་སྐྱོབ་པ་བླ་ན་མེད།། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ།། མ་རིག་སྒོ་ངའི་སྦུབས་འབྱེད་པ། ། སྲིད་པའི་དྲ་བ་འཇོམས་པ་པོ།། ཉོན་མོངས་མ་ལུས་ཞི་བྱེད་པ།། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན།། ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན།། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས།། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། ། གསུམ་སེལ་མཐའ་ལས་གྲོལ་གསུམ་ཐོབ།། སྒྲིབ་པ་ཀུན་ལས་ངེས་པར་གྲོལ།། མཁའ་ལྟར་མཉམ་པ་ཉིད་ལ་གནས།། ཉོན་མོངས་དྲི་མ་ཀུན་ལས་འདས།། དུས་གསུམ་དུས་མེད་རྟོགས་པ་པོ།། སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། ། ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད།། ཉོན་མོངས་ཀུན་ལས་རྣམ་གྲོལ་བ།། ནམ་མཁའི་ལམ་ལ་རབ་གནས་པ།། ཡིད་བཞིན་ནོར་བུ་ཆེན་པོ་འཆང།། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ།། བུམ་པ་བཟང་པོ་ཆེ་བའི་མཆོག། བྱེད་པ་སེམས་ཅན་ཀུན་དོན་བྱེད།། ཕན་འདོད་སེམས་ཅན་མཉེས་གཤིན་པ།། བཟང་ངན་ཤེས་ཤིང་དུས་ཤེས་ལ།། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། ། དུས་ཤེས་སེམས་ཅན་དབང་པོ་ཤེས།། རྣམ་གྲོལ་གསུམ་ལ་མཁས་པ་པོ།། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས།། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང།། བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། ། གྲགས་པ་བཀྲ་ཤིས་སྙན་གྲགས་དགེ། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།། དགའ་ཆེན་རོལ་མོ་ཆེན་པོ་སྟེ།། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས།། མཆོག་ཏུ་དགའ་བ་གྲགས་པ་དག་དཔལ།། མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། ། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས།། འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག། འཇིགས་པ་མ་ལུས་སེལ་བ་པོ།། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན།། རལ་པ་མུན་ཛ་ཅོད་པན་ཐོགས། ། གདོང་ལྔ་གཙུག་ཕུད་ལྔ་དང་ལྡན།། ཟུར་ཕུད་ལྔ་པ་མེ་ཏོག་ཐོད།། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ།། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ།། གཙང་གནས་དམ་པ་གོའུ་ཏམ། ། བྲམ་ཟེ་ཚངས་པ་ཚངས་པ་ཤེས།། མྱ་ངན་འདས་ཚངས་པ་ཐོབ།། གྲོལ་བ་ཐར་པ་རྣམ་གྲོལ་ལུས།། རྣམ་གྲོལ་ཞི་བ་ཞི་བ་ཉིད།། མྱ་ངན་འདས་ཞི་མྱ་ངན་འདས།། ལེགས་པར་མྱ་ངན་འདས་དང་ཉེ། ། བདེ་སྡུག་སེལ་བར་མཐར་གྱུར་པ།། ཆགས་བྲལ་ལུས་ལས་འདས་པ་པོ།། ཐུབ་པ་མེད་པ་དཔེ་མེད་པ།། མི་མངོན་མི་སྣང་གསལ་བྱེད་མིན།། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ།། ཕྲ་ཞིང་ཟག་མེད་ས་བོན་བྲལ། ། རྡུལ་མེད་རྡུལ་བྲལ་དྲི་མ་མེད།། ཉེས་པ་སྤངས་པ་སྐྱོན་མེད་པ།། ཤིན་ཏུ་སད་པ་སད་པའི་བདག། ཀུན་ཤེས་ཀུན་རིག་དམ་པ་པོ།། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཡེ་ཤེས་གཉིས་མེད་ཚུལ་འཆང་བ། ། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། དུས་གསུམ་སངས་རྒྱས་ལས་བྱེད་པ།། སངས་རྒྱས་ཐོག་མ་མཐའ་མ་མེད།། དང་པོའི་སངས་རྒྱས་རྒྱུ་མེད་པ།། ཡེ་ཤེས་མིག་གཅིག་དྲི་མ་མེད།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ། ཚིག་གི་དབང་ཕྱུག་སྨྲ་བ་ཆེ།། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།། སྨྲ་བའི་དམ་པ་མཆོག་གི་གནས།། སྨྲ་བའི་སེང་གེ་ཚུགས་པ་མེད།། ཀུན་ཏུ་ལྟ་བས་མཆོག་ཏུ་དགའ།། གཟི་བརྗིད་ཕྲེང་བ་ལྟ་ན་སྡུག། འོད་བཟང་འབར་བ་དཔལ་གྱི་བེའུ།། ལག་ན་འོད་འབར་སྣང་བ་པོ།། སྨན་པ་ཆེ་མཆོག་གཙོ་བོ་སྟེ།། ཟུག་རྔུ་འབྱིན་པ་བླ་ན་མེད།། སྨན་རྣམས་མ་ལུས་ལྗོན་པའི་ཤིང།། ནད་དོ་ཅོག་གི་དགྲ་ཆེ་བ།། སྡུག་གུ་འཇིག་རྟེ་གསུམ་གྱི་མཆོག། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན།། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར།། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས།། འགྲོ་ན་གདུགས་གཅིག་ཡངས་པ་སྟེ།། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། ། དཔལ་ལྡན་པདྨ་གར་གྱི་བདག། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས།། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ།། སངས་རྒྱས་ཀུན་གྱི་སྐུ་འཆང་བ།། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། ། སངས་རྒྱས་ཀུན་གྱི་བསྟན་པ་གཅིག། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ།། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ།། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག། རྡོ་རྗེ་འཆང་བ་ཀུན་གྱི་རྗེ།། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། ། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན།། རྡོ་རྗེ་ཉི་མ་སྣང་བ་ཆེ།། རྡོ་རྗེ་ཟླ་བ་དྲི་མེད་འོད།། ཆགས་བྲལ་ལ་སོགས་ཆགས་པ་ཆེ། ། ཁ་དོག་སྣ་ཚོགས་འབར་བའི་འོད།། རྡོ་རྗེ་སྐྱིལ་ཀླུང་རྫོགས་སངས་རྒྱས།། སངས་རྒྱས་འགྲོ་བའི་ཆོས་འཛིན་པ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང། ། ཆེ་བ་སངས་རྒྱས་རིག་སྔགས་འཆང།། རྡོ་རྗེ་རྣོན་པོ་རལ་གྲི་ཆེ།། ཡི་གེ་མཆོག་སྟེ་རྣམ་པར་དག། ཐེག་པ་ཆེན་པོར་སྡུག་བསྔལ་གཅོད།། མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས།། རྡོ་རྗེ་ཟབ་མོ་ཛི་ན་ཛིཀ། རྡོ་རྗེ་བློ་གྲོས་དོན་བཞིན་རིགས།། ཕ་རོལ་ཕྱིན་པ་ཀུན་རྫོགས་པ།། ས་རྣམས་ཀུན་གྱི་རྒྱན་དང་ལྡན།། རྣམ་པར་དག་པ་བདག་མེད་ཆོས།། ཡང་དག་ཡེ་ཤེས་ཟླ་འོད་བཟང།། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། ། རྒྱུད་ཀུན་གྱི་ནི་བདག་པོ་མཆོག། རྡོ་རྗེ་གདན་ནི་མ་ལུས་ལྡན།། ཡེ་ཤེས་སྐུ་རྣམས་མ་ལུས་འཆང།། ཀུན་ཏུ་བཟང་པོ་བློ་གྲོས་བཟང།། ས་ཡི་སྙིང་པོ་འགྲོ་བ་འཛིན།། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ།། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང། ། དངོས་པོ་ཀུན་གྱི་རང་བཞིན་མཆོག། དངོས་པོ་ཀུན་གྱི་རང་བཞིན་འཛིན།། སྐྱེ་མེད་ཆོས་དེ་སྣ་ཚོགས་དོན།། ཆོས་ཀུན་ངོ་བོ་ཉིད་འཆང་བ།། ཤེས་རབ་ཆེན་པོས་སྐད་ཅིག་ལ།། ཆོས་ཀུན་ཁོང་དུ་ཆུད་པ་འཆང། ། ཆོས་ཀུན་མངོན་པར་རྟོགས་པ་སྟེ།། ཐུབ་པ་བློ་མཆོག་འབྱུང་བའི་མཐའ།། མི་གཡོ་རབ་ཏུ་དང་བའི་བདག། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང།། སངས་རྒྱས་ཀུན་གྱི་མངོན་སུམ་པ། ། ཡེ་ཤེས་མེ་ལྕེ་འོད་རབ་གསལ།། འདོད་པའི་དོན་གྲུབ་དམ་པ་སྟེ།། ངན་སོང་ཐམས་ཅད་རྣམ་སྦྱོང་བ།། མགོན་པོ་སེམས་ཅན་ཀུན་གྱི་མཆོག། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད།། ཉོན་མོངས་གཡུལ་དུ་གཅིག་དཔའ་བ། ། མི་ཤེས་དགྲ་ཡི་དྲེགས་པ་འཇོམས།། བློ་ལྡན་སྒེག་འཆང་དཔལ་དང་ལྡན།། བརྟན་པོ་མི་སྡུག་གཟུགས་འཆང་བ།། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང།། གོམ་པའི་སྟབས་ཀྱིས་གར་བྱེད་པ།། དཔལ་ལྡན་ལག་པ་བརྒྱས་གང་ལ། ། ནམ་མཁའ་ཁྱབ་པར་གར་བྱེད་པ།། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན།། རྐང་པ་ཡ་གཅིག་མཐིལ་གྱིས་གནོན།། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང།། ཚངས་པའི་ཡུལ་ས་རྩེ་ནས་གནོན། ། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན་ནི་འཇིགས་པ་མེད།། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན།། སེམས་དང་རྣམ་ཤེས་རྒྱུད་དང་ལྡན།། དངོས་དོན་མ་ལུས་རྣམས་ལ་དགའ།། སྟོང་པ་ཉིད་དགའ་འདོད་ཆགས་བློ། ། སྲིད་པའི་འདོད་ཆགས་སོགས་སྤངས་པ།། སྲིད་གསུམ་དགའ་བ་ཆེན་པོ་སྟེ།། སྤྲིན་དཀར་དག་པ་བཞིན་དུ་དཀར།། འོད་བཟང་སྟོན་ཀའི་ཟླ་བའི་འོད།། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། ། སེན་མོའི་འོད་ནི་ཤས་ཆེར་དམར།། ཅོད་པན་བཟང་པོ་མཐོན་ཀའི་རྩེ།། སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང།། ནོར་བུ་ཆེན་པོ་འོད་ཆགས་དཔལ།། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན།། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། ། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན།། དེ་ཉིད་དྲན་པ་ཆེན་པོ་འཆང།། དྲན་པ་བཞི་པོ་ཏིང་འཛིན་རྒྱལ།། བྱང་ཆུབ་ཡན་ལག་མེ་ཏོག་སྤོས།། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། ། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག། ཡང་དག་སངས་རྒྱས་ལམ་རིག་པ།། སེམས་ཅན་ཀུན་ལ་ཤས་ཆེར་ཆགས།། ནམ་མཁའ་ལྟ་བུར་ཆགས་པ་མེད།། སེམས་ཅན་ཀུན་གྱི་ཡིད་ལ་འཇུག། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། ། སེམས་ཅན་ཀུན་གྱི་དབང་དོན་ཤེས།། སེམས་ཅན་ཀུན་ཡི་ཡིད་འཕྲོག་པ།། ཕུང་པོ་ལྔ་དོན་དེ་ཉིད་ཤེས།། རྣམ་དག་ཕུང་པོ་ལྔ་འཆང་བ།། ངེས་འབྱུང་ཀུན་གྱི་མཐའ་ལ་གནས།། ངེས་པར་འབྱུང་བ་ཀུན་ལ་མཁས། ། ངེས་འབྱུང་ཀུན་གྱི་ལམ་ལ་གནས།། ངེས་པར་འབྱུང་བ་ཀུན་སྟོན་པ།། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན།། དག་པ་རྣམ་པ་བཅུ་གཉིས་འཆང།། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། ། ཤེས་པ་བརྒྱད་པོ་རྟོགས་པ་འཆང།། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། དེ་ཉིད་རྣམ་པ་བཅུ་དྲུག་རིག། རྣམ་པ་ཉི་ཤུས་བྱང་ཆུབ་པ།། རྣམ་པར་སངས་རྒྱས་ཀུན་རིག་མཆོག། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། ། བྱེ་བ་དཔག་མེད་འགྱེད་པ་པོ།། སྐད་ཅིག་ཐམས་ཅད་མངོན་པར་རྟོགས།། སེམས་ཀྱི་སྐད་ཅིག་དོན་ཀུན་རིག། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས།། འགྲོ་བའི་དོན་ལ་རྟོགས་པ་པོ།། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། ། ཐེག་པ་གཅིག་གིས་འབྲས་བུར་གནས།། ཉོན་མོངས་ཁམས་རྣམས་དག་པའི་བདག། ལས་ཀྱི་ཁམས་རྣམས་ཟད་བྱེད་པ།། ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ།། སྦྱོར་བའི་དགོན་པ་ལས་བྱུང་བ།། ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། ། བག་ཆགས་བཅས་པ་གཏན་སྤངས་པ།། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས།། དོན་ཡོད་འགྲོ་བའི་དོན་བྱེད་པ།། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང།། རྣམ་ཤེས་དོན་ནི་འགག་པར་བྱེད། ། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན།། སེམས་ཅན་ཀུན་གྱི་ཡིད་རིག་པ།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། དེ་དག་སེམས་དང་མཐུན་པར་འཇུག། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད།། སེམས་ཅན་ཀུན་གྱི་ཡིད་དགའ་བ། ། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད།། ནོར་བ་ཐམས་ཅད་རྣམ་པར་སྤངས།། དོན་གསུམ་ཐེ་ཚོམ་མེད་པའི་བློ།། ཀུན་དོན་ཡོན་ཏན་གསུམ་གྱི་བདག། ཕུང་པོ་ལྔ་དོན་དུས་གསུམ་དུ།། སྐད་ཅིག་ཐམས་ཅད་བྱེ་བྲག་བྱེད། ། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས།། སངས་རྒྱས་ཀུན་གྱི་རང་བཞིན་འཆང།། ལུས་མེད་ལུས་ཏེ་ལུས་ཀྱི་མཆོད།། ལུས་ཀྱི་མཐའ་ནི་རྟོགས་པ་པོ།། གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། ། ནོར་བུ་ཆེན་པོ་རིན་ཆེན་ཏོག། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ།། སངས་རྒྱས་བྱང་ཆུབ་བླ་ན་མེད།། གསང་སྔགས་ལས་བྱུང་ཡི་གེ་མེད།། གསང་སྔགས་ཆེན་པོ་རིགས་གསུམ་པ།། གསང་སྔགས་དོན་ཀུན་སྐྱེད་པ་པོ། ། ཐིག་ལེ་ཆེན་པོ་ཡི་གེ་མེད།། སྟོང་པ་ཆེན་པོ་ཡི་གེ་ལྔ།། ཐིག་ལེ་སྟོང་པ་ཡི་གེ་བརྒྱ།། རྣམ་པ་ཀུན་ལྡན་རྣམ་པ་མེད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།། ཡན་ལག་མེད་པའི་རྩིས་ལས་འདས། ། བསམ་གཏན་བཞི་པའི་རྩེ་མོ་ཅན།། བསམ་གཏན་ཡན་ལག་ཀུན་ཤེས་ཤིང།། ཏིང་འཛིན་རིགས་དང་རྒྱུད་རིག་པ།། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ།། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ།། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད།། ཇི་བཞིན་འགྲོ་བའི་དོན་བྱེད་པ།། ལྷ་དང་ལྷ་དབང་ལྷ་ཡི་ལྷ།། ལྷ་ཡི་དབང་པོ་ལྷ་མིན་བདག། འཆི་མེད་དབང་པོ་ལྷ་ཡི་བླ། ། འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་གོ། སྲིད་པའི་དགོན་པ་ལས་བརྒལ་བ།། སྟཽན་པ་གཅིག་པུ་འགྲོ་བའི་བླ།། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ།། ཆོས་ཀྱི་སྤྱིན་བདག་ཆེ་བ་པོ། ། བྱམས་པའི་གོ་ཆ་ཆས་པ་སྟེ།། སྙིང་རྗེ་ཡི་ནི་ཡ་ལད་བགོས།། ཤེས་རབ་རལ་གྲི་མདའ་གཞུ་ཐོགས།། ཉོན་མོངས་མི་ཤེས་གཡུལ་ངོ་སེལ།། དཔའ་བོ་བདུད་དགྲ་བདུད་འདུལ་བ།། བདུད་བཞིའི་འཇིགས་པ་སེལ་བར་བྱེད། ། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ།། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན།། མཆོད་འོས་བསྟོད་འོས་ཕྱག་གི་གནས།། རྟག་ཏུ་རི་མོར་བྱ་བའི་འོས།། བཀུར་འོས་རྗེད་པར་བྱ་བའི་མཆོག། ཕྱག་བྱར་འོས་པ་བླ་མའི་རབ།། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད།། མཁའ་ལྟར་མཐའ་མེད་རྣམ་པར་གནོན།། གསུམ་རིག་གཙང་མ་དག་པ་སྟེ།། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། རྫུ་འཕྲུལ་ཆེན་པོའི་འཇིག་རྟེན་འདས།། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ།། ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ།། བདག་རིག་གཞན་རིག་ཐམས་ཅད་པ།། ཀུན་ལ་ཕན་པའི་གང་ཟག་མཆོག། དཔེར་བྱ་ཀུན་ལས་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ།། ཕྱག་རྒྱ་བཞི་པོའི་དོན་སྟོན་པ།། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། ། དོན་གྱི་དམ་པ་རྣམ་དག་དཔལ།། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ།། དཔལ་ལྡན་འབྱོར་པ་ཀུན་བྱེད་པ།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ། ཡང་དག་མཐར་འགྱུར་ཁྱོད་ལ་འདུད།། སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད།། སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད།། སངས་རྒྱས་ཆགས་པ་ཁྱོད་པ་འདུད།། སངས་རྒྱས་འདོད་ལ་ཕྱག་འཚལ་འདུད།། སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། ། སངས་རྒྱས་རོལ་ལ་ཕྱག་འཚལ་འདུད།། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད།། སངས་རྒྱས་བཞད་ལ་ཕྱག་འཚལ་འདུད།། སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད།། སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། ། མེད་པ་ལས་བྱུང་ཁྱོད་ལ་འདུད།། སངས་རྒྱས་འབྱུང་བ་ཁྱོད་ལ་འདུད།། ནམ་མཁའ་ལས་བྱུང་ཁྱོད་ལ་འདུད།། ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད།། སྒྱུ་འཕྲུལ་དྲཝ་བ་ཁྱོད་ལ་འདུད། ། སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད།། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།།།། ལག་ན་རྡོ་རྗེ་རྡོ་རྗེ་འཆང། འདི་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྐུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་སྐུ་ཡོངས་སུ་དག་པའོ། མ་འདྲེས་པ། ཐུན་མོང་མ་ཡིན་པ། ཁྱོད་ཀྱི་དགའ་བ་དང། དད་པ་དང། མགུ་བ་ཆེན་པོ་བླ་ན་མེད་པ་བསྐྱེད་པ་དང། ལག་ན་རྡོ་རྗེ་རྡོ་རྗེ་འཆང། ཁྱོད་ཀྱི་ལུས་དང་ངག་དང་ཡིད་ཀྱི་གསང་བ་ཡོངས་སུ་དག་པར་བྱེད་པ་དང། ཡོངས་སུ་མ་རྫོགས་པ་དང། ཡོངས་སུ་མ་དག་པའི་ས་དང། ཕ་རོལ་ཏུ་ཕྱིན་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ཡོངས་སུ་རྫོགས་ཤིང། ཡོངས་སུ་དག་པར་བྱ་བ་དང། བླ་ན་མེད་པའི་དོན་མ་རྟོགས་པ་རྟོགས་པར་བྱ་བ་དང། མ་ཐོབ་པ་ཐོབ་པར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བའི་བར་གྱི་ཕྱིར་ངས་བཤད་ཅིང་ཡང་དག་པར་བསྟན་ཏེ། བཀྲོལ་ཞིང་རྣམ་པར་ཕྱེ་བ་གསལ་བར་བྱས་སོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང། འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་ཡང་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བྱིན་གྱིས་རླབས་ཀྱི་བྱིན་གྱིས་བརླབས་སོ། ། ལག་ན་རྡོ་རྗེ་རྡོ་རྗེ་འཆང། གཞན་ཡང་མིང་ཡང་དག་པར་བརྗོད་པ་འདི་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཤིན་ཏུ་ཡོངས་སུ་དག་ཅིང་བྱང་བའོ།། སངས་རྒྱས་ཀྱི་བྱང་ཆུབ་བོ།། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པའོ།། བདེ་བར་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་བླ་ན་མེད་པ་ཐུགས་སུ་ཆུད་པའོ། ། རྒྱལ་བ་རྣམས་ཀྱི་བདུད་ཀྱི་སྟོབས་ཐམས་ཅད་ཕམ་པར་མཛད་པའོ།། སྟོབས་བཅུ་དང་ལྡན་པ་ཐམས་ཅད་ཀྱི་སྟོབས་བཅུའི་སྟོབས་ཉིད་དོ།། ཐམས་ཅད་མཁྱེན་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་དོ། ། ཆོས་ཐམས་ཅད་ཀྱི་ལུང་ངོ།། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བསྒྲུབ་པའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ། ། དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་སྐྱེ་གནས་སོ།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཞིང་ངོ།། ལྷ་དང་མི་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའོ།། ཐེག་པ་ཆེན་པོའི་གཞིའོ། ། བྱང་ཆུབ་སེམས་དཔའི་སྤྱོད་པའི་འབྱུང་གནས་སོ།། འཕགས་པའི་ལམ་ཐམས་ཅད་ཀྱི་མཐའོ།། རྣམ་པར་གྲོལ་བ་རྣམས་བརྟག་པའོ།། ངེས་པར་འབྱུང་བའི་ལམ་སྐྱེ་བའི་གནས་སོ།། དེ་བཞིན་གཤེགས་པའི་གདུང་མི་འཆད་པའོ། ། བྱང་ཆུབ་སེམས་དཔའི་རིགས་དང་རྒྱུད་རབ་ཏུ་འཕེལ་བའོ།། ཕ་རོལ་རྒོལ་བ་ཐམས་ཅད་ཚར་གཅོད་པའོ།། མུ་སྟེགས་ཅན་ཐམས་ཅད་རྣམ་པར་འཇོམས་པའོ།། བདུད་བཞིའི་སྟོབས་དང་དཔུང་དང་སྡེ་ཕམ་པར་བྱེད་པའོ། ། སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པའོ།། ངེས་པར་འབྱུང་བ་བགྲོད་པ་ཐམས་ཅད་ཀྱི་འཕགས་པའི་ལམ་ཡོངས་སུ་སྨིན་པའོ།། ཚངས་པའི་ལམ་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ཏོ། ། སེམས་རྩེ་གཅིག་པ་རྣམས་ཀྱི་བསམ་གཏན་ནོ།། ལུས་དང་ངག་དང་ཡིད་འདུལ་བ་ལ་བརྩོན་པ་རྣམས་ཀྱི་རྣལ་འབྱོར་རོ།། ཀུན་ཏུ་སྦྱོར་བ་ཐམས་ཅད་དང་བྲལ་བའོ།། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའོ། ། སྒྲིབ་པ་ཐམས་ཅད་རྣམ་པར་ཞི་བའོ།། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའོ།། རྫས་ཐམས་ཅད་ལས་ཐར་བའོ།། སེམས་ཀྱི་གཡེང་བ་ཐམས་ཅད་ཞི་བའོ། ། འབྱོར་པ་ཐམས་ཅད་ཀྱི་འབྱུང་གནས་སོ།། རྒུད་པ་ཐམས་ཅད་སེལ་བའོ།། ངན་སོང་གི་སྒོ་ཐམས་ཅད་གཅོད་པའོ།། རྣམ་པར་གྲོལ་བའི་གྲོང་ཁྱེར་གྱི་ལམ་བཟང་པོའོ།། འཁོར་བའི་འཁོར་ལོ་ལ་མི་འཇུག་པའོ། ། ཆོས་ཀྱི་འཁོར་ལོ་བསྐོར་བའོ།། དེ་བཞིན་གཤེགས་པས་བསྟན་པའི་གདུགས་དང།། རྒྱལ་མཚན་དང། བ་དན་སྒྲེང་བའོ།། དམ་པའི་ཆོས་སྟོན་པའི་གནས་སོ།། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་མྱུར་དུ་འགྲུབ་པའོ། ། བྱང་ཆུབ་སེམས་དཔའ་བསྒོམ་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་རྟོགས་པའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྟོང་པ་ཉིད་སོ་སོར་རྟོགས་པའོ། ། གཉིས་སུ་མེད་པར་སོ་སོར་རྟོགས་པར་མངོན་པར་བརྩོན་པ་རྣམས་ཀྱི་རྫོགས་པའོ།། ཕ་རོལ་ཏུ་ཕྱིན་པ་དང་ཚོགས་ཐམས་ཅད་ཡོངས་སུ་དག་པའོ། ། ས་ཐམས་ཅད་ཡོངས་སུ་རྫོགས་པའོ།། འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་སོ་སོར་རྟོགས་པའོ།། ཆོས་ཐམས་ཅད་ཀྱི་དྲན་པ་ཉེ་བར་གཞག་པ་རྣམས་སེམས་རྩེ་གཅིག་གིས་རྟོགས་པའོ།། མིང་ཡང་དག་པར་བརྗོད་པ་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་བར་དུ་ཡང་ཡོངས་སུ་རྫོགས་པར་བྱེད་པའོ། ། ལག་ན་རྡོ་རྗེ་རྡོ་རྗེ་འཆང།། གཞན་ཡང་ཅི་སྐད་དུ་བཤད་པའི་མིང་ཡང་དག་པར་བརྗོད་པ་འདི།། སེམས་ཅན་ཐམས་ཅད་ཀྱི་ལུས་དང། ། ངག་དང་ཡིད་ལ་ཀུན་ཏུ་སྤྱོད་པའི་སྡིག་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ།། སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའོ།། ངན་འགྲོ་ཐམས་ཅད་བཟློག་པའོ། ། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའོ།། མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུན་མི་སྐྱེ་བར་བྱེད་པའོ།། འཇིགས་པ་ཆེན་པོ་བརྒྱད་རྣམ་པར་ཞི་བར་བྱེད་པའོ།། རྨི་ལམ་ངན་པ་ཐམས་ཅད་ངེས་པར་འཇིག་པར་བྱེད་པའོ། ། ལྟས་ངན་པ་ཐམས་ཅད་ངེས་པར་སེལ་བར་བྱེད་པའོ།། ལྟས་ངན་དང་བགེགས་ཐམས་ཅད་རྣམ་པར་ཞི་བར་བྱེད་པའོ།། བདུད་ཀྱི་དགྲའི་ལས་ཐམས་ཅད་རིང་དུ་སྤོང་བར་བྱེད་པའོ། ། དགེ་བའི་རྩ་བ་དང་བསོད་ནམས་ཐམས་ཅད་འཕེལ་བར་བྱེད་པའོ།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཐམས་ཅད་མི་སྐྱེ་བར་བྱེད་པའོ།། རྒྱགས་པ་དང། ང་རྒྱལ་དང། དྲེགས་པ་དང། ངར་འཛིན་པ་ཐམས་ཅད་མ་ལུས་པར་འཇོམས་པར་བྱེད་པའོ།། སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བར་གྱུར་པའོ། ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར་པའོ།། ཕྱག་རྒྱ་དང་གསང་སྔགས་ཐམས་ཅད་དུ་གྱུར་པའོ།། ཆོས་ཐམས་ཅད་བརྗོད་དུ་མེད་པར་སྨྲ་བ་རྣམས་ཀྱི་དྲན་པ་དང། ། ཤེས་བཞིན་ཡང་དག་པར་སྐྱེད་པའོ།། བླ་ན་མེད་པའི་ཤེས་རབ་དང།། ཡིད་གཞུངས་པར་བྱེད་པའོ།། ནད་མེད་པ་དང།། སྟོབས་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ།། དཔལ་དང་དགེ་བ་དང་ཞི་བ་དང་ལེགས་པ་རབ་ཏུ་འཕེལ་བར་བྱེད་པའོ། ། གྲགས་པ་དང་སྙན་པ་དང་ཚིགས་སུ་བཅད་པ་དང།། བསྟོད་པ་དང་གྲགས་པར་བྱེད་པའོ།། ནད་དང་འཇིགས་པ་ཆེན་པོ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། ། ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི་ཡང་ཤིན་ཏུ་རྣམ་པར་དག་པའོ།། ཤིན་ཏུ་དག་བྱེད་རྣམས་ཀྱི་ཡང་ཤིན་ཏུ་དག་བྱེད་དོ།། ཤིན་ཏུ་འབྱོར་ལྡན་རྣམས་ཀྱི་ཡང་ཤིན་ཏུ་འབྱོར་ལྡན་ནོ།། ཤིན་ཏུ་བཀྲ་ཤིས་པ་རྣམས་ཀྱི་ཡང་ཤིན་ཏུ་བཀྲ་ཤིས་པའོ། ། སྐྱབས་འདོད་པ་རྣམས་ཀྱི་སྐྱབས་སོ།། གནས་འདོད་པ་རྣམས་ཀྱི་གནས་སོ།། སྐྱོབ་མེད་པ་རྣམས་ཀྱི་སྐྱོབ་པའོ།། དཔུང་གཉེན་འདོད་པ་རྣམས་ཀྱི་དཔུང་གཉེན་ནོ། ། གླིང་འདོད་པ་རྣམས་ཀྱི་གླིང་ངོ།། འཁྲ་ས་མེད་པ་རྣམས་ཀྱི་འཁྲ་ས་བླ་ན་མེད་པའོ།། སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་རྣམས་ཀྱི་གྲུའོ།། ནད་ཐམས་ཅད་སེལ་བའི་སྨན་གྱི་རྒྱལ་པོ་ཆེན་པོའོ།། བླང་བ་དང་དོར་བའི་དངོས་པོ་བྱེ་བྲག་ཕྱེད་པའི་ཤེས་རབ་ཉིད་དོ། ། ལྟ་བ་ངན་པའི་མུན་པ་མུན་ནག་ཐམས་ཅད་སེལ་བའི་ཡེ་ཤེས་ཀྱི་སྣང་བའོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། ། འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱ་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། སྤྱན་ལྔ་ཐོབ་པར་བྱ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པའོ།། ཟང་ཟིང་དང། མི་འཇིགས་པ་དང། ཆོས་ཀྱི་སྦྱིན་པ་གཏོང་བའི་ཕྱིར།། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་ཐོབ་པའོ།། ཆོས་གཉིས་དང་བྲལ་བའི་ཕྱིར། གཉིས་སུ་མེད་པའི་ཆོས་ཉིད་དོ།། སྒྲོ་བཏགས་པ་མེད་པའི་ཕྱིར། དེ་བཞིན་ཉིད་ཀྱི་རང་བཞིན་དང། གཞན་མ་ཡིན་པའི་ཆོས་ཉིད་དོ།། དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཡང་དག་པའི་མཐའི་རང་བཞིན་ཉིད་དོ།། བལྟ་བ་ངན་པའི་ཚང་ཚིང་བརྒྱ་སྟོང་མ་ལུས་པར་སེལ་བའི་ཕྱིར། རྣམ་པ་ཐམས་ཅད་རྣམ་པ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དོ།། མིང་ཡང་དག་པར་བརྗོད་པ་འདི་ནི། འདི་ལྟ་སྟེ། གཉིས་སུ་མེད་པའི་ཆོས་ཉིད་ཀྱི་མིང་ཡང་དག་པར་འཛིན་པ་སྟོན་པའི་ཕྱིར། ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་དོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་གང་ལ་ལ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ། གཉིས་སུ་མེད་པའི་དོན་དམ་པའི་མིང་ཡང་དག་པར་བརྗོད་པ། མིང་གི་གཙུག་གི་ནོར་བུ་འདི་ཐམས་ཅད་ཡོངས་སུ་རྫོགས་པ་དང། མ་ཉམས་ཤིང་ལྷག་ཆད་མེད་པར་ཚིགས་སུ་བཅད་པའི་ཚིག་དང། ཡིག་འབྲུ་འདི་ཉིད་ཀྱིས་ཉིན་གཅིག་བཞིན་དུ་དུས་གསུམ་དུ་འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང། གཞན་དག་ལ་ཡང་དམ་ཚིག་བཞིན་དུ། ཅི་ལྟ་བ་བཞིན་དུ་སྟོན་པ་དང། མིང་གི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ལ་དམིགས་ཏེ། ཀུན་ནས་སྒོའི་གནས་པས་གནས་པ་དང། ཆོས་ཐམས་ཅད་རྟོག་པའི་མཆོག་རྙོག་པ་མེད་པའི་དད་པ་དང་ལྡན་བཞིན་པ་དང། མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སེམས་རྩེ་གཅིག་ཏུ་བསྒོམ་པ་དེ་ལ་ནི། དུས་གསུམ་གྱི་དུས་མེད་པ་དང་ལྡན་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས། ཆོས་ཀྱི་སྒོ་ཐམས་ཅད་སྟོན་པར་མཛད་དེ་སྐུ་ཡང་སྟོན་ཏོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་དེ། སྐུ་དང་གསུང་དང་ཐུགས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་དེ། སྐུ་དང་གསུང་དང་ཐུགས་ཐམས་ཅད་ཀྱིས་དེའི་རྒྱུད་ལ་ཡང་དག་པར་བྱིན་གྱིས་རློབ་བོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕན་གདགས་པས་ཀྱང་ཕན་འདོགས་པར་མཛད་དོ།། ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཡང་སྒྲུབ་པར་མཛད་དོ། ། དགྲ་བཅོམ་པ་དང་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱང་འཕགས་པའི་ཆོས་ལ་སྡུག་པར་འཛིན་པའི་བསམ་པས་བདག་ཉིད་ཀྱི་དངོས་པོ་ཡང་ཉེ་བར་སྟོན་པར་བྱེད་དོ། ། མ་རུངས་པ་འདུལ་བའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་དང། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་འགྲོ་བ་ཡོངས་སུ་སྐྱོབས་པ་རྣམས་ཀྱང། སྤྲུལ་པའི་གཟུགས་ཀྱི་ལུས་སྣ་ཚོགས་ཀྱིས། མདངས་དང་སྟོབས་དང་གཟི་བརྗིད་ཟིལ་གྱིས་མི་ནོན་པ་དང། གསང་སྔགས་དང། ཕྱག་རྒྱ་དང། མངོན་པར་རྟོགས་པ་དང། དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་དོ།། གསང་སྔགས་དང། རིག་སྔགས་ཀྱི་རྒྱལ་མོ་མ་ལུས་པ་དང། བགེགས་དང་ལོག་འདྲེན་དང། བདུད་ཀྱི་དགྲ་དང། ཕྱིར་ཟློག་པ་དང། གཞན་གྱིས་མི་ཐུབ་པ་ཆེན་པོ་ཐམས་ཅད་དང། ཉིན་མཚན་ཕྱད་པར་སྐད་ཅིག་རེ་རེ་ལ་སྤྱོད་ལམ་ཐམས་ཅད་དུ་སྲུང་བ་དང། སྐྱོབ་པ་དང། སྦེད་པར་བྱེད་དོ།། ཚངས་པ་དང་དབང་པོ་དང་ཉེ་དབང་པོ་དང། དྲག་པོ་དང། ཚན་པོ་ཆེ་དང། ཀུན་འགྱེད་གཞོན་ནུ་དང། དབང་ཕྱུག་ཆེན་པོ་དང། སྨིན་དྲུག་གི་བུ་དང། ནག་པོ་ཆེན་པོ་དང། དགའ་བྱེད་དབང་ཕྱུག་དང། གཤིན་རྗེ་དང། ཆུ་ལྷ་དང། ཀུ་བེ་དང། འཕྲོག་མ་དང། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་རྣམས་ཀྱང།། རྟག་ཏུ་རྒྱུན་མི་འཆད་པར། ཉིན་མཚན་ཕྱད་པར་འགྲོ་ཡང་རུང། འགྲེང་ཡང་རུང། འདུག་ཀྱང་རུང། ཉལ་ཡང་རུང། གཉིད་ལོག་ཀྱང་རུང། མ་ལོག་ཀྱང་རུང་བ་ན། སྲུང་བ་དང་སྐྱོབ་པ་དང། སྦེད་པར་བྱེད་དོ།། མཉམ་པར་གཞག་ཀྱང་རུང། མཉམ་པར་མ་བཞག་ཀྱང་རུང། གཅིག་པུར་འདུག་ཀྱང་རུང། སྐྱེ་བོ་མང་པོའི་ནང་ན་འདུག་ཀྱང་རུང། གྲོང་དང། གྲོང་ཁྱེར་དང། གྲོང་རྡལ་དང། ལྗོངས་དང། ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་ན་འདུག་ཀྱང་རུང། སྒོ་ཁ་དང། སྒོ་ཁང་དང། ཁྲི་ལམ་དང། སྲང་དང། བཞི་མདོ་དང། སུམ་མདོ་དང། གྲོང་བར་དང། ཚོང་ཁང་ན་འདུག་ཀྱང་རུང། ཁང་སྟོང་དང། རི་དང། ཆུ་ཀླུང་དང། ཚལ་དང། ནགས་ཚང་ཚིང་ན་འདུག་ཀྱང་རུང། གཙང་སྦྲ་མ་བྱས་པ་དང། ར་རོ་བ་དང། བག་མེད་པར་འདུག་ཀྱང་རུང་སྟེ། རྟག་ཏུ་རྣམ་པ་ཐམས་ཅད་དུ་ཅིའི་སྒོ་ནས་ཀྱང་མཆོག་ཏུ་སྲུང་བ་དང། སྐྱོབ་པ་དང། སྦེད་པར་བྱེད་དོ།། ཉིན་མཚན་དུ་ཡང་མཆོག་ཏུ་བདེ་ལེགས་སུ་འགྱུར་བར་བྱེད་དོ། ། གང་ཡང་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་པ་གཞན་དག་ཀྱང། གཟའ་དང། རྒྱུ་སྐར་དང། མ་མོ་རྣམས་དང། ཚོགས་ཀྱི་བདག་པོ་གཞན་རྣམས་དང། མ་མོ་བདུན་པོ་གང་ཡིན་པ་རྣམས་དང། གནོད་སྦྱིན་མོ་དང། སྲིན་མོ་དང། ཤ་ཟ་མོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་འདུས་ཤིང་གཅིག་ཏུ་མཐུན་པར་དཔུང་དང་བཅས། འཁོར་དང་བཅས་པས་སྲུང་བ་དང། སྐྱོབ་པ་དང། སྦེད་པ་ཐམས་ཅད་བྱེད་པར་འགྱུར་རོ། མདངས་དང། སྟོབས་དང། གཟི་བརྗིད་མཆོག་ཀྱང་དེའི་ལུས་ལ་འཇུག་པར་བྱེད་དོ། ། ནད་མེད་པ་དང། སྟོབས་དང་ཚེ་འཕེལ་བར་ཡང་འགྲུབ་པར་བྱེད་དོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང། གཞན་ཡང་མིང་གི་གཙུག་གི་ནོར་བུ་འདི། གང་གིས་ཉིན་གཅིག་བཞིན་དུ་དུས་གསུམ་དུ་མ་ཉམས་པར་ཡི་དམ་དུ་ལན་གསུམ་དུ་ཁ་ཏོན་དུ་བྱས་ཏེ་བཏོན་ཏམ། གླེགས་བམ་དུ་བྱས་པ་ཀློག་ཅིང་བརྗོད་ལ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་དམིགས་ཤིང། གཟུགས་དང་མཐུན་པར་སེམས་ཏེ། དེའི་གཟུགས་དང་མཐུན་པ་བསམ་གཏན་བྱེད་པས་ནི། འདུལ་བའི་དབང་གི་ཕྱིར། རིང་པོར་མི་ཐོགས་པར་དེ་ཉིད་ཀྱི་སྤྲུལ་པའི་གཟུགས་ཀྱི་སྐུ་མཐོང་བར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ། ནམ་མཁའི་དཀྱིལ་ན་བཞུགས་པ་དག་ཀྱང་མཐོང་བར་འགྱུར་རོ།། སེམས་ཅན་ཆེན་པོ་དེ་ནི་ནམ་ཡང་ཅི་ལྟར་གྱུར་ཀྱང་ངན་འགྲོ་ངན་སོང་དུ་ལྟུང་བར་མི་འགྱུར་རོ། ། རིགས་ངན་དུ་སྐྱེ་བར་མི་འགྱུར་རོ།། ཡུལ་མཐའ་འཁོབ་ཏུ་སྐྱེ་བར་མི་འགྱུར་རོ།། དབང་པོ་མ་ཚང་བར་མི་འགྱུར་རོ།། ལོག་པར་བལྟ་བ་དང། བལྟ་བ་ངན་པའི་རིགས་སུ་སྐྱེ་བར་མི་འགྱུར་རོ། ། སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་འགྱུར་རོ།། སངས་རྒྱས་བཞུགས་ན་ཡང་དེས་དམ་པའི་ཆོས་སྤང་བ་དང། ལྷ་ཚེ་རིང་པོའི་ནང་དུ་སྐྱེ་བར་མི་འགྱུར་རོ།། མུ་གེ་དང་ནད་དང། མཚོན་གྱི་བར་གྱི་བསྐལ་བའི་ནང་དུ་ཡང་སྐྱེ་བར་མི་འགྱུར་རོ།། སྙིགས་མ་ལྔའི་དུས་སུ་ཡང་སྐྱེ་བར་མི་འགྱུར་རོ།། རྒྱལ་པོ་དང། དགྲ་དང། ཆོམ་རྐུན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ།། ཅི་ནས་ཀྱང་དམན་པ་དང། དབུལ་བའི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ།། དྲི་ངས་དང། སྐུར་པ་དང། སྨད་པ་དང། མི་སྙན་པ་དང། གཏམ་ངན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ།། རྒྱུད་དང་རུས་དང་རིགས་བཟང་པོ་དང་ཡང་ལྡན་པར་འགྱུར་རོ། ། ཀུན་ནས་མཛེས་པ་དང། གཟུགས་དང། ཁ་དོག་དང་ལྡན་པར་འགྱུར་རོ།། འཇིག་རྟེན་པ་རྣམས་ལ་སྡུག་པ་དང། ཡིད་དུ་འོང་བ་དང། འགྲོགས་ན་བདེ་བ་དང། མཐོང་ན་དགའ་བར་ཡང་འགྱུར་རོ།། འཇིག་རྟེན་པ་རྣམས་ལ་མཛེས་པ་དང། སྐལ་བ་དང་ལྡན་པ་དང། ཚིག་བཙན་པར་ཡང་འགྱུར་རོ།། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་སྐྱེ་བ་དྲན་པར་འགྱུར་རོ། ། ལོངས་སྤྱོད་ཀྱི་གཞི་ཆེ་བ་དང། འཁོར་མང་བ་དང། ལོངས་སྤྱོད་ཀྱི་གཞི་མི་ཟད་པ་དང། འཁོར་མི་ཟད་པར་ཡང་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་མཆོག་དང། ཡོན་ཏན་མཆོག་དང་ཡང་ལྡན་པར་འགྱུར་རོ། ། རང་བཞིན་གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ཡང་ལྡན་པར་འགྱུར་རོ།། ཚངས་པའི་གནས་བཞི་ལ་ཡང་གནས་པར་འགྱུར་རོ།། དྲན་པ་དང། ཤེས་བཞིན་དང། ཐབས་དང། སྟོབས་དང། སྨོན་ལམ་དང། ཡེ་ཤེས་དང་ལྡན་པར་འགྱུར་རོ།། བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་དང། སྨྲ་མཁས་པར་ཡང་འགྱུར་རོ།། མི་བླུན་པ་དང། ཚིག་གསལ་བ་དང། སྒྲིན་པོར་འགྱུར་རོ།། ཤེས་ཉན་ཅན་དང། ལེ་ལོ་མེད་པ་དང། ཆོག་ཤེས་པ་དང། ནོར་མང་བ་དང། སྲེད་པ་མེད་པར་ཡང་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཡིད་བརྟན་པར་བྱ་བ་དང། སློབ་དཔོན་དང། བླ་མར་བཀུར་བར་ཡང་འགྱུར་རོ། ། དེས་སྔོན་མ་ཐོས་པའི་བཟོ་དང། སྒྱུ་རྩལ་དང། མངོན་པར་ཤེས་པའི་ཤེས་པ་དང། བསྟན་བཅོས་ཐམས་ཅད་ཀྱང་དོན་དང་ཡི་གེའི་སྒོ་ནས་ཤེས་པར་འགྱུར་རོ།། ཚུལ་ཁྲིམས་དང། འཚོ་བ་དང། ཀུན་ཏུ་སྤྱོད་པ་ཤིན་ཏུ་ཡོངས་སུ་དག་པར་སྤྱོད་པ་དང། ལེགས་པར་རབ་ཏུ་འབྱུང་བ་དང། ལེགས་པར་བསྙེན་པར་རྫོགས་པར་ཡང་འགྱུར་རོ།། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་པར་འགྱུར་རོ། ། ཉན་ཐོས་དང་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ངེས་པ་ལ་ནམ་ཡང་འཇུག་པར་མི་འགྱུར་རོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང། དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དག་དང་ལྡན་པར་འགྱུར་ཏེ། རྣམ་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་གཞན་དག་དང་ཡང་ལྡན་པར་འགྱུར་རོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང། དོན་དམ་པའི་མིང་ཡང་དག་པར་བརྗོད་པ་འདི་ཡང་དག་པར་འཛིན་པའི་སྐྱེས་བུ་གང་ཟག་དེ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་ཤིང། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤིན་ཏུ་བསྒྲུབས་ནས། རིང་པོར་མི་ཐོག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་མང་པོར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་མི་འགྱུར་བར། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཆོས་སྟོན་པ་དང། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོགས་པའི་ཆོས་ཀྱི་རྒྱལ་པོར་འགྱུར་རོ། ཨོཾ་སརྦ་དྷརྨཱ་བྷཱ་ཝ་སྭ་བྷཱ་ཝ། བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ། པྲ་ཀྲྀ་ཏི་པ་རི་ཤུདྡྷཱཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ལ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷ་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ཨཿ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ། བྷ་ག་ཝཱན་ཛྙཱ་ན་མུརྟྟི་ཝཱའ་གཱི་ཤྭ་ར། མ་ཧཱ་པ་ཙ་སརྦ་དྷརྨཱ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང། ། དགའ་ཞིང་མགུ་ནས་ཐལ་མོ་སྦྱར།། མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས།། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས།། དེ་ནི་མགོན་པོ་གསང་བའི་བདག། ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ།། སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། ། གསང་བསྟོད་ནས་ནི་ཚིག་འདི་གསོལ།། མགོན་པོ་བདག་ཅག་ཡི་རང་ངོ།། ལེགས་སོ་ལེགས་སོ་ལེགས་པར་གསུངས།། རྣམ་གྲོལ་འབྲས་བུ་འཚལ་བ་ཡི།། འགྲོ་བ་མགོན་མེད་རྣམས་དང་ནི། ། བདག་ཅག་ཡང་དག་རྫོགས་པ་ཡི།། བྱང་ཆུབ་ཐོབ་པའི་དོན་ཆེན་མཛད།། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ།། འདི་ནི་རྣ་དག་ལེགས་པའི་ལམ།། ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ།། དོན་ཆེན་འགྲོ་བའི་དོན་བྱེད་པ། ། སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི།། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད།། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ། །།། འདི་སྒྱུ་འཕྲུལ་བཞི་བཅུ་པ་ཡིན། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།
CLOSE WINDOW