Wylie |
།།། དེ་ནས་ལྷ་ཚོགས་རེ་རེ་རྫོགས་པ་དང། དྲག་པོའི་ལས་བྱ་བར་གསུངས་སོ།། དེ་ལ་དང་པོར་དྲང་བ་ནི། གོང་དུ་མཆོད་པའི་ཁྲོ་བོ་རྣམས། ཚིགས་སུ་བཅད་པས་རེ་རེ་ནས་བསྐུལ་ཏེ་འདི་སྐད་བརྗོད་དོ། ། ཧཱུ~ཾ་ཁྲོ་བོ་ཉི་མའི་དཀྱིལ་འཁོར་འོད་འབར་བ།། རྔམ་པའི་འོད་ཟེར་དཀྱིལ་ནས་གྲུབ་པ་ཐོག་ཐོག་འཕྲོ།། ཐུགས་རྗེས་གདུག་པ་འདུལ་དུ་གསོལ།། ཨཱརྱ་ཀྲོ་དྷ་ན་ཧཱུ~ཾ་ཕཊ། ཁྲོ་ཆེན་མི་ཐུབ་འབར་བའི་སྐུ། ། ཐུགས་རྗེའི་བྱིན་རླབས་དཔལ་གྱི་སྐུ་མངའ་བས།། ཐུགས་རྗེ་ཆེན་པོ་དབུ་གསུམ་སྡང་མིག་ཅན།། མཆེ་གཙིགས་རྩེ་ལས་རྡོ་རྗེ་གནམ་ལྕགས་འབེབས།། རྔམ་པའི་ཞལ་ནས་རྡོ་རྗེ་མེ་སྟག་འཕྲོ།། བདུད་འདུལ་རྒྱལ་པོ་གདུག་པ་འདུལ་དུ་གསོལ། ། ཨཱ+ོཾ་བཛྲ་ཀྲོ་དྷ་ནེ། ཛྭ་ལ་ནི་ཏིད་པ་ཏ་ཧཱུ~ཾ་ཕཊ། ཧཱུ~ཾ་ཁམས་གསུམ་སྣང་མཛད་སྐུ་གསུང་ཐུགས་ཀྱི་གཙོ།། ཧཱུ~ཾ་མཛད་ཧཱུ~ཾ་གི་དབུ་ལ་རིགས་ལྔའི་སངས་རྒྱས་བཀོད།། ཧཱུ~ཾ་གིས་དུས་གསུམ་རྒྱལ་བའི་གསུང་ལས་སྐྱེས་པ་ཡི། ། མེ་དབལ་སྔོན་པོ་འབར་བའི་རང་བཞིན་ཅན།། མེ་དབལ་སྔོན་པོས་བགེགས་རྣམས་འདུལ་དུ་གསོལ།། ཏྲཻ་ལོ་བི་ཛ་ཡ་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་འཕགས་པ་ཏ་ཀྲྀཏ་མི་གཡོ་མགོན། ། ཤེས་རབ་རལ་གྲི་བསྐལ་པའི་མེ་བཞིན་འབར། མེ་ལྷ་རལ་པ་ཅན་དང་བིཥྞུ་སྐུ་ལ་བཞུགས།། མི་གཡོ་རལ་གྲི་འཛིན་པས་གདུག་པ་རྡུལ་དུ་བརླག། ཨཱརྱ་ཨ་ཙ་ལ་ཀྲོ་དྷ་ནི་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་རིན་ཆེན་མཆོག་སྟེ་ཡ་མ་གཤིན་རྗེའི་གཤེད། ། བྱམས་དང་ཐུགས་རྗེ་ལྡན་པའི་འཇམ་དཔལ་རྣོན་པོ་ཡིས།། མ་རིག་དུག་གསུམ་དྲཝ་བ་གཅོད་མཛད་པའི།། དམ་ཚིག་སྒྲོལ་བར་མཛད་ཅིང་དཔལ་གྱི་གནས་སུ་འདོན།། བརྗིད་པ་མ་ཧེའི་སྒྲོམ་དུ་ཁེངས་པ་གཟིར། ། གཤིན་རྗེ་ཐོད་དབྱུག་འབར་བས་བདུད་འདུལ་མཛད།། ཡ་མཱན་ཏ་ཀྲྀཏ་ཀྲོ་ཏ་པ་ཙ་པ་ཙ་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་ཏ་ཀྲྀད་དབྱུག་སྔཽན་འབར་བའི་སྐུ།། དབྱུག་སྔོན་འབར་བ་དང་ནི་རྡོ་རྗེ་ཞགས་པས་སྡིགས། ། རྒྱུ་ཚིལ་རྐང་དང་ཁོང་ཁྲག་དམར་པོ་གསོལ།། རི་རབ་རྒྱ་མཚོ་འདྲིལ་ཞིང་ཧ་ལའི་དུག་ཀྱང་གསོལ།། ཆུ་སྲིན་རྒྱལ་པོའི་གཙུག་ནས་ཡིད་བཞིན་འབར་བ་ཕྲོགས།། ཏ་ཀྲྀཏ་དབྱུག་སྔོན་ཅན་གྱིས་འདུལ་བར་མཛོད། ། ནཱི་ལ་དཎྜ་ཀྲོ་དྷ་ད་ཧ་ད་ཧ་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་རིག་པའི་རྒྱལ་པོ་རྟ་མགྲིན་འཕགས་པའི་སྐུ།། ཨསྨ་གར་བྷའི་དཀྱིལ་ནས་རྡོ་རྗེ་འབར་མ་འདྲེན།། དབུ་ལ་རྟ་སྐད་རྔམ་ཞིང་འཚེར་བས་ནི། ། སྟོང་གསུམ་གཡོ་ཞིང་ཀླུ་རྒྱལ་འདུལ་བར་མཛད།། ཁྱོད་ཀྱིས་ལྷ་མ་ཡིན་གྱིས་སྡུག་བསྔལ་སྦྱང་དུ་གསོལ།། ཧ་ཡ་གྲཱི་པ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་ཏ་ཀྲྀཏ་རྒྱལ་པོ་འབར་བའི་སྐུ།། ཕྱག་ན་གདུག་པའི་མཚོན་ཆ་ལྕགས་ཀྱུ་འབར་བ་འཛིན། ། དམ་ཚིག་འབྲལ་བ་བསྒྲལ་ཏེ་སྙིང་དང་ཐོད་ཁྲག་གསོལ།། བགེགས་ཀྱི་སྙིང་ནས་དྲངས་ཏེ་ཁྲག་འཐུང་ཐལ་བར་བརླག། ཕྲ་མེན་ཀུན་དང་རོལ་པས་དུག་གི་སྤྲུལ་པས་ནམ་མཁའ་འགེངས། ། མེ་ཡི་སྐྱེ་མཆེད་གདུག་པ་འདུལ་བའི་དུས་ལ་བབ།། ཊཱ་ཀི་རཱ་ཛ་ཙྪིནྡ་ཙྪིནྡ་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་བདུད་རྩི་འཁྱིལ་བའི་དཔལ་འབར་ལས་ཀྱི་སྐུ།། ཕྱག་ན་རྡོ་རྗེ་རྒྱ་གྲམ་དང་ནི་བདུད་རྩིའི་བུམ་པ་འཛིན། ། དངོས་གྲུབ་དཔལ་གྱི་བདུད་རྩི་མཆོག་གསོལ་བ།། ཧཱུ~ཾ་མཛད་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ།། ཁྱོད་ཀྱིས་གནོད་སྦྱིན་གདུག་པ་གདུལ་དུ་གསོལ།། ཨཱ+ོ~ཾ་ཨ་མྲྀ་ཏ་ཀུཎྜ་ལི་ཙྪིནྡ་ཙྪིནྡ་ཧཱུ~ཾ་ཕཊ། ཧཱུ~ཾ་མ་ཧཱ་བ་ལ་འཕགས་པའི་སྐུ། ། ཕྱག་ན་རྔ་ཡབ་དང་ནི་ཀླུ་ཡི་རྒྱལ་པོ་འཛིན།། མཆེ་གཙིགས་རྩེ་ལས་རྡོ་རྗེ་གནམ་ལྕགས་འབེབས།། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་གནོན།། བཙུན་མོ་འཕྲོག་ཅིང་སྦྱོར་བའི་ཐབས་ཀྱིས་རོལ།། ཁྲོ་རྒྱལ་སྟོབས་པོ་ཆེ་ཡི་ཐུགས་དམ་བསྐུལ། ། མ་ཧཱ་བ་ལ་སྥོ་ཊ་སྥོ་ཊ་ཧཱུ~ཾ་ཕཊ། ཁྲོ་བོའི་རྒྱལ་པོ་ཀ་མ་ལ་ཡི་མཚན།། ཁྲོས་པའི་སྤྱན་བགྲད་སྨིན་མ་གློག་བཞིན་འགྱུ།། དབུ་གསུམ་ཕྱག་དྲུག་འཚེར་བས་བདུད་འཁྱིལ་མུན་ཁང་འཇོམས། ། གཟི་བྱིན་འབར་བས་ནམ་མཁའ་འཁེངས།། ཕྱག་དྲུག་མཚོན་ཆས་དམྱལ་བའི་སྡུག་བསྔལ་སེལ།། ཞབས་དྲུག་འཚེར་བས་ངན་སོང་ཀུན་བསྒྲལ་ཏེ།། ཐུགས་རྗེ་ཐབས་ཀྱིས་འགྲོ་བའི་དོན་རྣམས་མཛོད། ། ཀ་མ་ལ་ཀུཎྜ་ལི་ཧཱུཾ་ཕཊ།། ཧཱུ~ཾ་མཛད་ཧཱུ~ཾ་གི་རྒྱལ་པོ་ཧཱུ~ཾ་ཀཱ་ར།། ཧཱུ~ཾ་ནི་མི་སྐྱེ་པ་ཡི་ཆོས་ཉིད་ཅན།། ཧཱུ~ཾ་ནི་དུས་གསུམ་རྒྱལ་བའི་གསུང་ལས་སྐྱེས།། མེ་དབལ་སྔོན་པོ་འབར་བའི་རང་བཞིན་ཅན།། གོམས་པའི་སྟབས་ཀྱིས་བརྐྱང་བསྐུམ་གར་བྱེད་ཅིང། ། རྒྱལ་བ་ཧཱུ~ཾ་ཀཱ་ར་ཡི་ཐུགས་དམ་བསྐུལ།། ཧཱུ~ཾ་ཀཱར་གར་ཛ་གར་ཛ་ཧཱུ~ཾ་ཕཊ། ཅེས་བརྗོད་ལ་འགུགས་འདྲེན་དྲག་ཏུ་བྱའོ།། དྲག་པོ་ལས་ཀྱི་ལེའུ་ལས། སྐུལ་བ་འགུགས་འདྲེན་གྱི་ལེའུ་སྟེ་དང་པོའོ། །།། དེ་ལྟར་འགུགས་འདྲེན་ལག་ན་ཕུར་པའི་ལས་བྱ་བ་ནི།། ལྕགས་སྣ་ལྔའམ་ཤིང་ཚེར་མ་ཅན་ལ་སོགས་པས་སོར་བརྒྱད་དང་བཅུ་གཉིས་པར་བྱས་ལ། མགོ་མཇུག་མ་ནོར་བར་རྩ་བའི་ངོས་སུ་མགོ་བྱས་ཏེ། མགོ་སོར་གཅིག་ལ་རྒྱ་མདུད། སྟོད་ཟུར་བརྒྱད། རྐེད་པ་སོར་གཅིག་ལ་རྒྱ་མདུད། སྨན་ཟུར་གསུམ་པར་བྱས་པ་ལ། དང་པོ་ཁོ་ནར་སྟོང་པ་ཉིད་དུ་བསྒོམས་ཏེ། ཆོས་ཀྱི་སྐུར་བྱིན་གྱིས་བརླབ། དེ་ནས་སྤྱི་བོའི་རྒྱ་མདུད་གཞལ་ཡས་ཁང་དུ་བསྒོམ། ཕྱོགས་བཞི་དབུས་དང་ལྔར་ཧཱུ~ཾ་བསྒྲིལ་མ་ལྔར་བསྒོམ། དེ་ལས་དཔལ་ཧེ་རུ་ཀ་དང་ཁམས་གསུམ་རྣམ་པར་རྒྱལ་བ་དང། གཤིན་རྗེའི་གཤེད་པོ་དང་རྟ་མགྲིན་དང། སྟོབས་པོ་ཆེ་དང། འདི་རྣམས་སོ་སོའི་སྙིང་པོ་བརྗོད་པས། ཡུམ་དང་གཉིས་སུ་མེད་པར་བསྒོམ་མོ།། དེ་ནས་ཧེ་རུ་ཀའི་ཐུགས་ཀ་ནས་ཧཱུ~ཾ་མཐིང་ནག་ལས་སྲས་ཕུར་བུ་སྐྱེས་ཏེ། ལྟོ་བ་མན་ཆད་མཐིང་ནག་ལ། དབུ་རལ་པ་ཁམ་ནག་ཟུར་གསུམ་དུ་འགྲེང་བ། སྦྲུལ་དཀར་ནག་གིས་བརྒྱན་པ། ཐོད་རློན་གྱི་ཕྲེང་བས་བརྒྱན་པ། སྤྱན་གསུམ་བགྲད་ནས་གཡོན་དུ་གཟིགས་པ། མཆེ་བ་གཙིགས་ནས་ཞལ་རྔམས་པ། ཕྱག་བཞི་པ་ལ་དང་པོ་གཉིས་ན་དགྲ་སྟྭ་རྡོ་རྗེ་བསྣམས་པ། འོག་མ་གཉིས་ན་རི་རབ་ཕུར་བུ་ཟུར་གསུམ་བསྣམས་པ། སྟོབས་དང་མཐུ་དཔུང་ལ་སོགས་པ་ནི་ཁྲོ་བོ་ཐམས་ཅད་འདུས་པ་ལས་ཀྱང་ཆེ་བ་གཅིག་བསྒོམ་མོ། ། དེ་ཡི་གནས་ལྔར་འབྲུ་ལྔས་བྱིན་གྱིས་བརླབ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། དེ་ནས་ལག་གི་འདུ་ཤེས་ཀྱི་བྱིན་གྱིས་བརླབས་ཤིང་དབང་བསྐུར་ལ། འདི་སྐད་བརྗོད་དོ།། ལྕགས་སམ་དྲག་པོའི་ཤིང་རྣམས་ལ། ། མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ།། ཁྲོ་བོ་ཁྲོ་མོའི་འཁོར་བསྒོམས་ནས།། དྲག་པོར་གྱུར་པའི་ཕུར་པ་སྟེ།། བཏབ་ན་ལྷ་ཡང་བརླག་པར་འགྱུར།། གདུག་རྩུབ་གཞན་ལྟ་སྨོས་ཅི་དགོས།། བཛྲ་ཀྲོ་དྷ་ཁཱ་ད། ཙྪིནྡ་ཙྪིནྡ་ཧཱུ~ཾ། མཱ་ར་ཎ་མཱ་ར་ཎ་ཧཱུ~ཾ་ཕཊ། ཞེས་བརྗོད་དེ་གདབ་བྱའི་གནས་ལྔར་གདབ་བོ།། གཞན་ཡང་ཕུར་པའི་རྒྱུད་ལས་བྱུང་བ་བཞིན་བསྐུལ་ཞིང་གདབ་བོ།། དྲག་པོ་ལས་ཀྱི་ལེའུ་ལས། བསད་པའི་ཕུར་བུའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བརྡུང་བའི་ལས་ནི་ལྕགས་སམ། རྡོ་ནག་པོའི་གཏུན་ཁུང་གྲུ་གསུམ་ནང་དུ། གང་ལ་བྱ་བའི་གཟུགས་བཅུག་ལ། ལྕགས་སམ། སེང་ལྡེང་ངམ། ཤིང་ཚེར་མ་ཅན་གྱི་གཏུན་བུས་ཞིབ་ལེགས་སུ་བརྡུང་ཞིང། ཐབས་དང་ཤེས་རབ་ཀྱི་མཚན་ཉིད་དུ་རྟོགས་པར་བྱས་ལ། འདི་སྐད་བརྗོད་དེ། ལྕགས་སམ་ནག་པོའི་གཏུན་ཁུང་ནི།། ཁྲོ་མོ་རྣམས་ཀྱི་གཏུན་ཁུང་དུ།། ཁྲོ་བོའི་ཐོ་བས་བརྡུངས་བྱས་ན། ། དྲག་པོར་གྱུར་པའི་ཐོ་བ་སྟེ།། བརྡུང་ན་ལྷ་ཡང་བརླག་པར་འགྱུར།། བརླག་པར་མ་གྱུར་གང་ཡང་མེད།། གནོད་བྱེད་གཞན་ལྟ་ཅི་ཞིག་སྨོས།། བཛྲ་ཁ་ཐཾ་བཛྲ་ཀྲོ་དྷ་ཁ་ཐཾ། མཱ་ར་ཎ་ཁ་ཐཾ། ཞེས་བརྡུང་ངོ། ། དྲག་པོའི་ལས་ལས། གསད་པའི་བརྡུང་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་དྲག་པོ་གཏོར་མའི་ལས་ནི། ལྕགས་སམ་ཤིང་ཚེར་མ་ཅན་གྱི་སྣོད་གྲུ་གསུམ་དུ། ལྕགས་ཕྱེ་དང་ཟངས་ཕྱེ་དང་རྡོ་ཕྱེ་དང། དུག་སྣ་ཚོགས། ནས་ནག་གམ་སྲན་ཕྱེ་རྣམས་བསྲེས་ལ། ཁྲག་སྣ་ཚོགས་དང་བསྲེས་ལ་གཏོར་མ་བྱ། ཁ་སླེའུ་ནག་གིས་བཅད་ལ། གང་ལ་བྱ་བ་དེ་ཁུག་པ་དང། གཏོར་མ་ཁ་ཕྱེ་བས་དུག་གི་རླངས་པས་ཤི་བར་བསམས་ལ། གང་ལ་བྱ་བ་ལ་གཏོར་བས་ལུས་ངག་རྡུལ་དུ་བརླག་པར་བསམས་ལ། འདི་སྐད་བརྗོད། ལྕགས་ཕྱེ་དུག་དང་རྡོ་ཕྱེ་རྣམས།། ཁྲག་གིས་སྤྲུས་པའི་གཏོར་མ་སྟེ།། མ་རྒ་ཅན་དང་སྦྱར་བ་དང། ། དྲག་པོར་གྱུར་པའི་གཏོར་མ་སྟེ།། སྦྱོར་བས་དེ་གཏོར་བརླག་པར་གྱུར།། བརླག་པར་མ་གྱུར་གང་ཡང་མེད།། ཙ་ར་ན་མཱ་ར་ཎ་ཕཊ། ཏྲག་ཁཾ་མཱ་ར་ཎ་ཕཊ། ཅེས་བརྗོད་ལ་གཏོར་རོ།། དྲག་པོའི་ལས་ལས། བཤིག་ཁྲལ་གཏོར་མའི་ལེའུ་སྟེ་བཞི་པའོ།།།། དེ་ནས་གཏུབ་པའི་ལས་ནི། གཏན་པ་དྲག་པོའི་ཤིང་ལས་གྲིའམ་རལ་གྲི་ལྕགས་སྣ་ལས་བྱས་པ་སྐུ་གསུང་ཐུགས་དང་ལྡན་པའམ། ཡེ་ཤེས་ཀྱི་མཚོན་ཆར་དམིགས་ལ། གང་ལ་བྱ་བའི་གཟུགས་དུག་གསུམ་གྱི་གཞི་མོ་རྩད་ནས་གཅད་པར་དམིགས་ལ་གཏུབ་སྟེ་འདི་བརྗོད་དོ།། ང་ནི་དུས་གསུམ་བཞུགས་པ་ཡི།། སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ།། ཡེ་ཤེས་སྤྲུལ་པའི་བྱིན་རླབས་ལས། ། ཡེ་ཤེས་རྣོ་དབལ་མཚོན་ཆ་སྟེ།། དྲག་པོར་གྱུར་པའི་མཚོན་ཆ་འདིས།། འདོད་ཆགས་ཞེ་སྡང་གཏི་མུག་རྒྱུ།། འབྲས་བུ་ངན་སོང་གསུམ་དུ་འཁོར།། ལོག་རྟོག་འཁོར་བ་རྒྱུན་གཅོད་དོ།། ཙཀྲ་ཨོཾ་བྲུཾ་ཙཀྲ་ཧཱུཾ་བྲུཾ་ཙཀྲ་སྭཱ་བྲུཾ། ཙཀྲ་ཧྲཱིཿབྲུཾ། ཙཀྲ་ཧཱ་བྲུཾ། བཛྲ་ཁཌྒ། ཙྪིནྡ་ཧ་ན་ཧཱུཾ་ཕཊ། ཞེས་ལུས་དུམ་བུར་གཏུབ་བོ།། དྲག་པོའི་ལས་ལས། གཏུབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བསྟབ་པའི་ལས་ནི། གཟུགས་ཀྱི་ཕུང་པོ་ནི། མཆོད་པའི་རྫས་སུ་བསྔོ་སྟེ། རྒྱལ་བ་རིགས་ལྔའི་གདན་ཁྲིར་གྱུར་པར་བསྔོ། སེམས་ནི་རྒྱལ་བའི་སྲས་སུ་བསྐྱེད་པ་འདི་སྐད་དོ།། འདོད་ཆགས་ཞེ་སྡང་གཏི་མུག་རྒྱུ།། འབྲས་བུ་ངན་སོང་གསུམ་དུ་འཁོར།། དུག་གསུམ་རྒྱུ་འབྲས་སྦྱང་བའི་ཕྱིར། ། ཤ་རུས་ལ་སོགས་ཁྲག་བཅས་བསྟབ།། དེ་ནས་གནས་སྤར་བ་ནི། འདི་སྐད་དུ། དྲག་པོའི་ལས་ཀྱིས་བསྒྲལ་བ་རྣམས།། འཁོར་བའི་ལམ་རྣམས་སྒོ་བཅད་དེ།། རྣམ་ཤེས་ཧཱུ~ཾ་གིས་བསྡུས་ནས་ནི། ། ཧཱུ~ཾ་གིས་ངན་སོང་སྟོངས་པར་བྱེད།། ཆགས་པའི་བདེ་བ་བླ་ན་མེད།། རྒྱལ་བ་ཐམས་ཅད་ཧཱུ~ཾ་གིས་བསྐྱེད།། འོག་མིན་བླ་ན་མེད་པའི་གནས་མཆོག་ཏུ།། ཁྲོ་བོ་དང་ནི་ཁྲོ་མོ་ཡི།། སྦྱོར་བའི་མཚམས་སུ་ཕཊ་ཀྱིས་འཕང། ། ཧོ་ཡིས་གཡེང་ཞིང་ཡཾ་གིས་འདེགས། ཞེས་བརྗོད་ལ་སྤར་ནས་ཧཱུ~ཾ་གིས་བསྟབ་བོ།། ཏ་ཐཱ་ག་ཏ། བཛྲ་ར་ཙ་རཏྣ་ར་ཙ་ཞེས་གནས་སྤར་རོ།། དྲག་པོའི་ལས་ལས། གནས་སྤར་བའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་དྲག་པོ་སྦྱོར་བའི་ལས་ནི། གཟུགས་གཏུབས་པ་ལྟར། དུག་གཏོར་གཉིས་བསྲེག་མ་ཐག་ཏུ་གཏོར་པས། ཡེ་ཤེས་ཀྱི་མེས་བག་ཆགས་དང་བཅས་པ་ཐུལ་གྱིས་བསྲེག་པར་བསམས་ལ་འདི་སྐད་དོ། ། རྡོ་རྗེའི་ཐུགས་རྗེའི་བྱིན་རླབས་ཀྱིས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། རྡོ་རྗེ་གཏུན་ཁུང་ལྡན་བྱས་ཏེ།། དྲག་པོའི་མཐུ་ཡིས་ལྡན་པར་མཛོད།། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། ། འཇིག་རྟེན་ཁམས་ནི་མ་ལུས་ཀུན།། སྐད་ཅིག་ཡུད་ལ་བརླག་པར་མཛོད།། བརླག་པར་མ་གྱུར་གང་ཡང་མེད།། དར་པཱུ་ཙར་པཱུ་ནར་པཱུ་ཨ་བྷི་ཙ་ར། མཱ་ར་ཎ་ཕཊ། ཆེ་གེ་མོ་ཞིག་མཱ་ར་ཎ་ཕཊ། ཅེས་བརྗོད་དོ། ། དྲག་པོའི་ལས་ལས། རྗེས་དྲག་པོའི་ལས་བསྡུས་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་རྫོགས་ནས་ལས་ཀྱི་ལྷག་ཆད་སྐོང་བའི་ཕྱིར།། མེ་ལྷ་ལན་གཅིག་སྤྱན་དྲངས་ནས། དཀྱིལ་འཁོར་དུ་བཞུགས་སུ་གསོལ། མཆོད་པ་རྣམ་པ་ལྔ་དང། སྦྱིན་སྲེག་གི་རྫས་ཅི་ལྷག་པས་མཆོད་དེ། ལས་མ་དག་པ་བཟོད་པར་གསོལ། མེ་ལྷ་སླར་གཤེགས་སུ་གསོལ། དེ་ནས་དཀྱིལ་འཁོར་གྱི་ལྷ་བྱིན་ལ་བཟོད་པར་གསོལ་ཏེ། མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། ། བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ།། རྒྱལ་བ་རྒྱ་མཚོའི་ཐུགས་དང་ཅི་འགལ་བ།། ཐུགས་རྗེའི་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ།། ཁྱེད་ཀྱི་ཐུགས་རྗེ་ནམ་མཁའི་མཐའ་དང་མཉམ། ། འགྲོ་བ་ཕན་ཕྱིར་ཚངས་པ་སྩལ་དུ་གསོལ།། དེ་ལྟར་བཤགས་པ་བགྱིས་ཏེ་བཟོད་པར་གསོལ།། དྲག་པོའི་ལས་ཀྱི་ལྷག་ཆད་བསྐང་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་མནན་པའི་ཆོ་ག་བགྱི་སྟེ། ཧོམ་ཁུང་གི་ནང་དུ་ཐོད་ཆེན་ནམ། ཕག་ཐོད་བཅུག་ལ། ཐོད་པའི་ནང་དུ་དགྲ་བགེགས་ཀྱི་མིང་རུས་བཅུག་སྟེ། གཡམ་པ་སྔོན་པོ་ལ་དབུས་སུ་འཁོར་ལོ་བྲི། ཕྱོགས་བཞིར་རྒྱ་གྲམ་བྲི། ཟུར་བཞི་རི་རབ་བྲིས་ལ་མནན་ནོ། ། ཚིག་ཏུ་ཡང། མནན་ནོ་རི་རབ་བརྗིད་ཀྱིས་མནན།། བསྐྱོན་ནོ་འཁོར་ལོའི་རྩིབས་ལ་བསྐྱོན།། འཕང་ངོ་རྒྱ་མཚོའི་གཏིང་དུ་འཕང།། སྦྱིན་ནོ་གནོད་སྦྱིན་ཟས་སུ་སྦྱིན།། གཏད་དོ་གཤིན་རྗེའི་ལག་ཏུ་གཏད། ། དཔག་ཚད་ལྔ་བརྒྱའི་འོག་ཤེད་ན།། གཤིན་རྗེའི་རྒྱལ་པོས་ཆོས་འཆད་ཀྱིས།། དེ་ཡི་དྲུང་དུ་ཆོས་ཉོན་ཅིག། བྱང་ཆུབ་སེམས་ནི་མ་སྐྱེས་ཚེ།། ནམས་ཀྱང་གཏང་བར་མི་བྱའོ།། ནམ་ཞིག་བྱང་ཆུབ་སེམས་སྐྱེས་ནས། ། དེ་ཚེ་གནས་ངན་དེ་ལས་དྲང་བར་བྱ། ཨཱ+ོཾ་ལཾ་སུཾ་ལཾ་པྲཾ་ལཾ། པྲ་ཏི་ཏ་ནན། བྱི་ཙི་ཡ་སུཾ་བྷ་ཡ། མོ་ཧཱ་ཡ། གྷ་ཏ་ཡ། བག་མ་ནི། པ་ཙ་ལཾ་ལཾ་ལཾ། མཱ་ར་ཎ་ནན་ནན་ནན། དྲག་པོའི་ལས་ལས། མནན་པའི་ལེའུ་སྟེ་དགུ་པའོ། །།། རྡོ་རྗེ་ངུར་མོའི་མེ་རྒྱུད་ལས། ཁྲོ་བོའི་ལས་རྫོགས་སོ།།།། དེ་ནས་དཔལ་རྡོ་རྗེ་སེམས་དཔས་ལས་རྣམས་བཞིའི་ཚུལ་གྱིས་ཧོམ་བྱ་བ་འདི་གསུངས་སོ།། ཐོག་མར་ལས་གང་བྱེད་པའི་ཁ་དོག་བཞིན། ཕྱག་རྒྱ་ཆེན་པོར་བསྒྱུར་ཞིང་གནས་བསྲུང། བླ་འོག་ཕྱོགས་བཞི་བྱིན་གྱིས་བརླབས་ཏེ། རེ་ཞིག་ལས་གང་བྱ་བ་མ་ཟིན་གྱིས་བར་དུ། བར་ཆད་མི་འབྱུང་བར་བྱ་བའི་ཕྱིར། གདོན་བགེགས་རྒྱང་གྲགས་གཅིག་ཚུན་ཆད་མི་འདའ་བར་མཚམས་བཅད། མཆོད་པའི་ཡོ་བྱད་སྦྱར་ཏེ། ལྷ་བཤོས་དང་མཆོད་གཏོར་དང་ལན་ཆགས་ཀྱི་གཏོར་མ་དང། མེའི་མཆོད་པའི་རྐྱེན། ཕྱེ་མར་དང། མར་ཁུ་དང། སྨན་དྲི་ཆུ་ཡན་ཆད་བཤམས་ཏེ། ཧོམ་གྱི་ཡོ་བྱད་སྦྱར་བ་ལ། མེ་སྤར་ལ་མ་རིག་པར་བྱས་ལ། འཕགས་པ་རྣམས་སྤྱན་དྲངས་ཏེ། མཆོད་ཅིང་གཏོར་མ་མཆོད་གཏོར་བསྔོ་སྟེ། ལས་མ་ཟིན་གྱི་བར་དུ་མི་དགྱེ། ཕྱི་གཏོར་ནི་འཕྲལ་དུ་དགྱེ། འཕགས་པ་མན་ཆད་དང། ཕྱི་གཏོར་དུ་བསྡུས་པ་རྣམས་ལ་ཡང་འདི་སྐད་དུ། དང་གནོད་བྱེད་ཐམས་ཅད་བཀུག་ཅིང། སྦྱིན་སྲེག་མཛད་དུ་གསོལ། ཕན་གནོད་བྱེད་པ་རྣམས་མཚམས་བཅད། ཕྲིན་ལས་མ་རྫོགས་ཀྱི་བར་དུ་མི་གཤེགས་པར་སྟོང་གྲོགས་མཛོད་ཅིག་ཅེས་བཅོལ་ལ། བདག་གིས་ཀྱང་དེ་བཞིན་དམིགས། ཧོམ་ཁུང་ཟུར་གསུམ་ཚད་བཞིན་བརྐོས་ལ། ཁ་ཚན་བསྐོར་མཎྜལ་ཞེང་ཁྲུ་གང་ཙམ་ཞིག་བགྱིས་ལ། ཚོན་མཐིང་ནག་དགྱེ་སྟེ། དེའི་སྟེང་དུ་ཚོན་དམར་པོས་འོད་འབར་བྲི། རྡོ་ཟུར་གསུམ་གཅིག་ལ། ཨཱ+ོཾ་ཨཱཿཧཱུ~ཾ་ཟུར་རེ་རེར་བྲིས་ལ། ཧོམ་ཁུང་གི་ཞབས་སུ་བཞག། དེ་ནས་ཤིང་རློན་པ་སྐྱེར་པ་དང། གླ་བ་དང། ཤུག་པ་དང། སེང་ལྡེང་དང་སྦྱར་བ་དང། ཐང་ཤིང་རྣམས་ཕྲེང་གཅིག་ཏུ་གཤགས་ལ་སྲིད་དུ་ཁྲུ་རེ་རེ་ཡམ་ཤིང་སྐམ་པོ་གོང་མ་དང། མཉམ་པར་བགྱིས་ལ། འདི་རྣམས་ཧོམ་ཁུང་དུ་འགྲེང་བུར་བརྫང་ཞིང། བྱིན་གྱིས་བརླབ་པའི་སྙིང་པོ། ཨཱ+ོཾ་ཧི་ས་ཞེས་བརྒྱ་རྩ་བརྒྱད་མན་ཆད། སུམ་ཅུ་ཡན་ཆད་བཟླས་ཤིང་བརྫངས་ལ། ཡམ་ཤིང་གི་དབུས་སུ་རྫང་མའི་སོལ་བ་ཉུང་ཤས་བླུགས་ལ། པགས་པ་ནག་པོའམ་སྣམ་བུ་ནག་པོས་ཁ་བཅད་དེ། མེ་སྤར་ནས་དར་ནག་པོ་ཁ་གང་མདའ་ལ་བཏགས་ནས། མེ་དག་གི་ཉམས་དང་སྦྱར་ཏེ་ས་བོན་མཐེ་བོང་ཙམ་མམ་བག་ཀ་ཙམ་ཅིག་གསལ་ལ། ཧོམ་ཁུང་གི་ཟུར་གསུམ་དུ་ཆུ་བླུགས་ལ། མེ་ཉམས་ཆེ་ན་ཆུས་གང། མི་ཆེ་ན་མེ་ལ་མ་ཐུག་ཙམ་མམ་ཕྱེད་མན་ཆད་བཀང་ལ། ཧ་ཧ་ཧ་ཞེས་ལན་གསུམ་བརྗོད་ལ། མེ་ལྷ་ནག་པོ་འཁོར་དང་བཅས་ཏེ་བྱོན་ནས། མཉེས་ཤིང་མདངས་ཕྱུང་བར་བསམས་ནས། ཤར་ཕྱོགས་ནས་མེ་ལྷ་དཀར་པོ་སྐུ་དཀར་སེར་དབུ་རལ་པ་ཅན་ཕྱག་ན་བ་དན་དཀར་པོ་ཐོགས་པ། སྐྱིན་ཁམ་པ་ལ་ཞོན་པ། ལྷོ་ཕྱོགས་ཀྱི་མེ་ལྷ་ནག་པོ་ཨགྣི་སྐུ་མདོག་སྔོན་པོ་དབུ་གསུམ་རལ་པ་མདུན་དུ་འཁྱིལ་བ། ཕྱག་ན་རྡོ་རྗེ་རྩེ་ལྔ་ཐོགས་པ། སྐྱིན་སྔོན་པོ་རུ་གཅིག་ལ་ཞོན་པ། ནུབ་ཕྱོགས་ཀྱི་མེ་ལྷ་དམར་པོ་རལ་པ་ཅན། ཕྱག་ན་བ་དན་དཀར་པོ་ཐོགས་པ། ཤིང་རྟ་ལ་བཅིབས་པ། བྱང་ཕྱོགས་ཀྱི་མེ་ལྷ་ལྗང་གུ་གསུས་པོ་ཆེ། ཕྱག་ན་དབྱུག་པ་ཐོགས་པ། ཀླུ་ལུག་གྲོ་མོ་རྭ་ལྟག་པ་གཡས་སུ་འཁྱིལ་པ་ལ་ཞོན་པ། འདི་རྣམས་ཕྱོགས་བཞི་ནས་ལྕགས་ཀྱུས་དྲངས་ནས་སྐུ་ལས་མེ་འབར་ཞིང་ཧོམ་ཁུང་ནང་དུ་བྱོན་ཏེ། ཞལ་ནས་ཧཱུ~ཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང། ཧ་ཧ་ཧ་ཞེས་གསུངས་པས། སྐུ་དང་ཞལ་གྱི་ནང་ནས་མེ་ལམ་ལམ་འབར་ཞིང་བྱོན་པས་བྱིན་གྱིས་བརླབ་པར་བསམ། མེ་ལྷ་ཆེན་པོ་ཀོའུ་རཱ་དང། ཙོའུ་རཱི་དང། པྲ་མོ་ཧཱ་དང། པུཀྐ་སཱི་དང། ཨགྣེ་དང། ཙུནྡཱ་དང། ཀོའུ་ཤི་ཀ་དང། གཟི་ཅན་དང། འབར་མ་ལ་སོགས་པའི་སྐུ་ལས། མེ་སྟག་འཕྲོ་ཞིང་དུ་བ་འཐུལ་བར་བསམ། ཧོམ་ཁུང་དུ་བྱོན་ནས་མེ་འབུད་དོ།། མེ་འབར་བར་བསམ། རླུང་གི་རྒྱལ་པོ་ཤ་རྐྱང་མགྱོགས་པ་ལ་ཞོན་པ། ལག་ན་རུ་མཚོན་དམར་པོ་དང་རླུང་གི་རྐྱལ་པ་ཐོགས་པ་ཧོམ་ཁུང་དུ་བྱོན་ཏེ་མེ་འུར་འུར་འབུད་པར་བསམས་ཏེ། འདི་རྣམས་ཀུན་ཀྱང་ལྕགས་ཀྱུའི་ཕྱག་རྒྱ་དང། སྙིང་པོས་སྤྱན་དྲངས་ཏེ། དུས་གཅིག་ཏུ་མེ་འབུད་ཅིང་འབར་བར་བསམས་ལ། གདོང་བཞི་པའི་ཕྱག་རྒྱ་བཅས་ཏེ། མེ་སྤར་བའི་སྙིང་པོ་ཨཱ+ོཾ་བཛྲ་རཾ་རཾ་ཧཱུཾ་ཧཱུཾ་ཡཾ་རཾ་ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ། དགའ་བའི་མདངས་ཕྱུང་སྟེ། ཧ་ཧ་ཧ་ཞེས་ལན་གསུམ་བརྗོད། འུར་འུར་འུར་ཞེས་ལན་གསུམ་བརྗོད་པས་མེ་འབར་བར་བསམས་ལ། དབྱངས་སྙན་པོ་བླངས་ཏེ་བསྟོད་པ་དང། མེ་འབུད་པའི་ལས་བྱ་བའི་ཐུགས་དམ་བསྐུལ་ཏེ། གཡབ་དར་གྱིས་གཡབ་ཅིང་སྙིང་པོ་བཟླ་ཞིང་མེ་སྤར་རོ། ། མེ་འབར་ནས་མར་ཁུ་ཕྱེ་མར་དྲི་ཆབ་སྩལ་བས་མཆོད་ནས། ལས་ཅི་བཅོལ་བ་རྣམས་འགྲུབ་པར་གསོལ། གདོན་བགེགས་སོགས་ཀྱི་མིང་རུས་བྲིས་ཏེ། བགེགས་གཏོར་ཡང་དྲུང་དུ་བཞག་ལ། གདོན་ལེན་ཏེ་དྲང་ཞིང་ཧོམ་ཁུང་གི་ནང་དུ་གཟུགས་དྲངས་ལ། དམ་གཏོར་སྤར་ཏེ་དོང་དུ་བཅུག་ལ། མེ་སྨན་ཆུས་མ་ཤི་བ་ཙམ་དུ་བསད་དེ། ཡང་སྤར་འབར་རེས་ལ་ལན་རེ་མཆོད་ཅིང། དབྱངས་དང་བསྟོད་པ་དང་བསྐུལ་ཞིང་ལས་བྱ། འདི་བཞིན་ལན་གསུམ་ཙམ་བགྱི། ཧོམ་ཁུང་ནང་དུ་ཆུ་བླུག་པའི་ཚེ།། ཛ་ཡ་ཛ་ཡ། ཞེས་སམ་རྒྱལ་བ་རྒྱལ་བ་ཞེས་བརྗོད་དོ།། ཆུའི་ཆུ་དབལ་ལན་གསུམ་གཡེང་ཞིང་བཤལ་བས། འཕགས་པ་ཆུ་དབལ་དང་ལྷའི་བྱིན་རླབས་ཀྱིས། བགེགས་ཀྱི་གདུག་སེམས་ཞི་ཞིང། བག་ཆགས་བྱང་བར་བསམ་མོ།། ཧོམ་ཁུང་དངོས་ནི་རིན་པོ་ཆེའི་གཞལ་ཡས་ཁང་ཟུར་ནི་སྐུ་གསུང་ཐུགས་ཤིང་ནི་རིགས་ལྔའི་ཐུགས་དམ་དང་མ་བདུན་གྱི་འཁོར་དང་ཁྲོ་བོ་དང་ཁྲོ་མོའོ། ། མེ་ནི་ཡེ་ཤེས་ཀྱི་རང་བཞིན་ཆུ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དགྲ་བགེགས་ཧོམ་ཁུང་དུ་སོང་བ་ཙམ་གྱིས། བག་ཆགས་བྱང་ཞིང་མཐོ་རིས་སུ་ཐར་བའམ། ཡང་ན་འཕགས་པ་རྣམས་དང་མེ་ལྷའི་ཞལ་དུ་དངོས་སུ་བསྟབ་ཅིང། རྣམ་པར་ཤེས་པ་མཐོ་རིས་སུ་སྤར་རོ།། མནན་པ་ཞིག་བྱ་ན་ཡང། ཧོམ་ཁུང་དུ་དགྲ་བགེགས་བཀུག་ལ། ལོ་གྲངས་འདི་ཙམ་ཞིག་བར་དུ་འདི་ནས་གཞན་དུ་འགྲོར་མི་གནང་བར་མཚམས་བཅད་ཅིང་གཟིར་ལ་དམ་ཆུ་དམ་གཏོར་བྱིན་ལ། ཧོམ་ཁུང་ནང་ནས་མེའི་ས་བོན་ཙམ་མན་ཆད་ཕྱིར་དབྱུང། འཕགས་པ་དང་མེ་ལྷ་ཧོམ་ཁུང་དུ་བཞུགས་པ་ལ་མཆོད་དེ། སླར་གཤེགས་སུ་གསོལ་བའི་སྔགས་བརྗོད་ལ། ལ་གོར་ཧོམ་ཁུང་ཁ་བཅད་དེ། མནན་པའི་ཕུར་པས་སྟེང་ནས་གདབ་བོ།། རྡོ་རྗེ་ངུར་མོའི་ཏནྟྲ་ལས། རྡོ་རྗེ་སེམས་དཔའ་ཞལ་གདངས་ཀྱི་ཧོམ་རྒྱུད་ཀྱི་ལེའུ་སྟེ་བཅུ་པའོ།།།། རྡོ་རྗེ་སེམས་དཔའི་ཞལ་གདངས་ཀྱི་མ་རྒྱུད་རྫོགས་སོ།། བར་འདིར་སྐུ་གདུང་འབར་བ་ཚ་ཚ་མཆོད་རྟེན་གྱི་རྒྱུད་འཛུད།།།
CLOSE WINDOW