CLOSE WINDOW

Gpb011.008: ཞི་བ་ལྷ་རྒྱུད་ཆེན་པོ་ཞེས་བྱ་བ
Wylie

རྒྱ་གར་སྐད་དུ། ཤཱནྟི་དེ་ཝ་ཏནྟྲ་མ་ཧཱ་ནཱ་མ། བོད་སྐད་དུ། ཞི་བ་ལྷ་རྒྱུད་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཀུན་ཏུ་བཟང་པོ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ། དེ་བཞིན་གཤེགས་པ་ཀུན་གྱི་བཙུན་མོའི་བྷ་ག་ལ་བཞུགས་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེས་པ་རྣམ་པར་སྣང་མཛད་དང། ཡུམ་སངས་རྒྱས་སྤྱན་མ་དང། རྡོ་རྗེ་སེམས་དཔའ་དང། ཡུམ་དབྱིངས་ཕྱུག་མ་དང། རིན་ཆེན་འབྱུང་ལྡན་དང། ཡུམ་མཱ་མ་ཀི་དང། སྣང་བ་མཐའ་ཡས་དང། ཡུམ་གོས་དཀར་མོ་དང། དོན་ཡོད་གྲུབ་པ་དང། ཡུམ་དམ་ཚིག་སྒྲོལ་མ་དང། ཉིད་ལས་མི་གཞན་པའི་འཁོར་རིགས་ལྔའི་སངས་རྒྱས་ཡབ་ཡུམ་རྣམས་ཀྱང་ཆོས་ཀྱི་དབྱིངས་ན་བཞུགས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སའི་སྙིང་པོ་དང། རྡོ་རྗེ་སྒེག་མོ་དང། ནམ་མཁའི་སྙིང་པོ་དང། རིན་ཆེན་ཕྲེང་བ་དང། སྤྱན་རས་གཟིགས་དང། པདྨ་དབྱངས་མཁན་མ་དང། ཕྱག་ན་རྡོ་རྗེ་དང། ལས་ཀྱི་གར་མཁན་མ་དང། ནང་གི་བྱང་ཆུབ་སེམས་དཔའ་ཡབ་ཡུམ་རྣམས་ཀྱང་བཞུགས་སོ།། བྱམས་པ་དང། རྡོ་རྗེ་བདུག་སྤོས་མ་དང། སྒྲིབ་པ་རྣམ་པར་སེལ་བ་དང། རིན་ཆེན་མེ་ཏོག་མ་དང། ཀུན་ཏུ་བཟང་པོ་དང། པདྨ་མར་མེ་མ་དང། འཇམ་དཔལ་དང། ལས་ཀྱི་དྲི་ཆབ་མ་དང། ཕྱིའི་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་ཀྱང་བཞུགས་སོ།། གཞན་ཡང་རིགས་དྲུག་འདུལ་བར་མཛད་པ་ནི། ལྷའི་ཐུབ་པ་སྲིད་ཐུབ་འཛིན་དང། ལྷ་མ་ཡིན་གྱི་ཐུབ་པ་རྣམ་པར་རྒྱལ་བ་དང། མིའི་ཐུབ་པ་ཤཱཀྱ་སེངྒེས་མཐོ་རིས་གནས་གསུམ་པོ་འདུལ་བའི་ཞིང་དུ་ཡང་གཟིགས་སོ།། བྱོལ་སོང་གི་ཐུབ་པ་སེངྒེ་རབ་བརྟན་དང། ཡི་དྭགས་ཀྱི་ཐུབ་པ་ཁ་འབར་རྒྱལ་མོ་དང། དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོས་ངན་སོང་གནས་གསུམ་འདུལ་བའི་ཞིང་དུ་གཟིགས་སོ།། གཞན་ཡང་གདུག་པ་ཅན་འདུལ་བ་ནི་གཤིན་རྗེ་གཤེད་དང། གསང་བའི་ཡུམ་རྒྱས་འདེབས་མ་དང། སྟོབས་པོ་ཆེ་རྣམ་པར་རྒྱལ་བ་དང། གསང་བའི་ཡུམ་ཚེ་འཕེལ་མ་དང། རྟའི་མགྲིན་པ་ཅན་དང། གསང་བའི་ཡུམ་ཟ་བྱེད་མ་དང། བདུད་རྩི་འཁྱིལ་བ་དང། གསང་བའི་ཡུམ་རྨོངས་བྱེད་མ་དང། རིག་པའི་ཁྲོ་བོ་ཁྲོ་མོས་སྒོ་བསྲུང་བར་མཛད་དོ།། གཞན་ཡང་རིག་འཛིན་བྱང་ཆུབ་སེམས་དཔའ་མང་པོ་དང་བཅས་པ་ནི་དཔེར་ན་ཏིལ་གྱི་གང་བུ་ལྟར་བཞུགས་སོ།། ཞི་བ་ལྷ་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོས་འཁོར་གྱི་འཇིག་རྟེན་ཐམས་ཅད་ལ་གཟིགས་ནས། རང་གི་བཙུན་མོ་ལ་སྙོམས་པར་ཞུགས་པར་མཛད་དོ།། ཞུགས་མ་ཐག་ཏུ་འཁོར་ཐམས་ཅད་ལ་བདེ་བས་ཁྱབ་པ་ནི། ལ་ལ་ནི་གོ་རིམ་གྱི་བདེ་བ་བཞིར་ཤར་རོ།། ལ་ལ་ནི་ཕྱི་ནང་གི་གནས་ལ་ལྟོས་པའི་བདེ་བ་བཞིར་ཤར་རོ།། ལ་ལ་ནི་སྤང་བྱ་ལ་ལྟོས་པའི་བདེ་བ་བཞིར་ཤར་རོ། ། ལ་ལ་ནི་རང་གི་ངོ་བོ་ལ་ལྟོས་པའི་བདེ་བ་བཞིར་ཤར་རོ།། དེ་ནས་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ངོམས་ནས་འདི་སྐད་ཅེས་བརྗོད་དོ།། མར་མེ་མང་པོ་ཁྱིམ་དུ་སྦར་གྱུར་ཀྱང། ། མིག་མེད་པ་ལ་མུན་པར་སྣང་བ་བཞིན།། ལྷན་ཅིག་སྐྱེས་པས་ཀུན་ལ་ཁྱབ་མོད་ཀྱང།། ཉེ་ཡང་རྨོངས་པ་ཉིད་ལ་ཤིན་ཏུ་རིང།། སྐལ་ངན་སེམས་ཅན་ཐབས་ཀྱིས་གྲོལ་བའི་ཕྱིར།། དངོས་པོ་གཤིས་ཀྱི་གནས་ལུགས་ལས་བྱུང་བའི། ། ཀ་དག་ལྷུན་གྲུབ་རྩོལ་བྲལ་ཆེན་པོའི་ཆོས།། གནས་ལུགས་རང་བཞིན་ཞི་བ་ཇི་ལྟར་གནས།། ཁམས་གསུམ་སེམས་ཅན་རང་སེམས་མ་རེག་པ།། ཁམས་གསུམ་ཉོན་མོངས་སྣང་བའི་རང་བཞིན་ཅན། ། རྒྱུ་དྲུག་སེམས་ཅན་སྐྱེ་བ་རྣམ་བཞིར་ལ།། རང་རྒྱུད་ཕུང་པོའི་ཞི་བ་གང་དུ་གནས།། རྣལ་འབྱོར་པ་ནི་ཉམས་ཀྱི་སྣང་བ་ལ།། གདུལ་བྱ་སྤྲུལ་པའི་ཞི་བ་རྣམ་པ་རུ།། སྐུ་གསུང་མི་ཟད་རྒྱན་གྱི་འཁོར་ལོའི་ཐུགས། ། བདེ་བར་གཤེགས་པའི་སྣང་བ་རྣམ་དག་པ།། སྐུ་གསུམ་སྐུ་བཞི་སྐུ་ལྔར་སྣང་བ་ཡི།། མཐར་ཕྱིན་འབྲས་བུའི་ཞི་བ་ཇི་ལྟར་བཞུགས།། སྐལ་ངན་སེམས་ཅན་གདུལ་དཀའ་བ།། ཁྱོད་ཀྱིས་འདུལ་བའི་དུས་ལ་བབ། ། གཞི་ལམ་འབྲས་བུ་མི་ཤེས་པ།། ཁྱེད་ཀྱི་བསྟན་པའི་དུས་ལ་བབ།། ཅེས་བརྗོད་ནས། སྟོན་པའི་ཞལ་དུ་གཟིགས་སོ།། ཞི་བ་ལྷ་རྒྱུད་ཆེན་པོ་ལས། གླེང་སློང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་བཅོས་པའི་གཉུག་མ་དངོས་པོ་རྣམས་ཀྱི་གནས་ལུགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་རྣམས་འགྲོ་དོན་རྫོགས་པར་བྱ་བའི་ཕྱིར་འདི་གསུངས་སོ། ། ཨེ་མ་ཧོ་རབ་ཏུ་གསང་བའི་ཆོས།། གནས་ལུགས་ངོ་བོ་ཉིད་ཀྱི་གཞི།། འཁོར་དང་འདས་པ་ཀུན་གྱི་རྒྱུ།། བཅིངས་གྲོལ་མེད་པར་ངང་གིས་གནས།། ཨེ་མ་ཧོ་རབ་ཏུ་རྟོགས་པའི་ཆོས། ། རྒྱུད་ཆེན་རྣལ་འབྱོར་ཆེན་པོ་ནི།། སྣོད་བཅུད་ཐམས་ཅད་ཤེས་རབ་ཏུ།། ཕྱག་རྒྱ་ཀ་དག་ཆེན་པོར་རྟོགས།། ཨེ་མ་ཧོ་རབ་ཏུ་རྟོགས་པའི་ཆོས།། ལུང་ཆེན་རྗེས་སུ་རྣལ་འབྱོར་ནི།། ཀུན་བཟང་ཡབ་ཡུམ་དབྱིངས་ཡེ་ཤེས། ། བདེ་ཆེན་སྲས་སུ་སངས་རྒྱས་སོ།། ཨེ་མ་ཧོ་རབ་ཏུ་མཁྱེན་པའི་ཆོས།། མན་ངག་རྫོགས་པ་ཆེན་པོ་ནི།། སྣང་ཞིང་སྲིད་པས་བསྡུས་པའི་ཆོས།། སེལ་མེད་སངས་རྒྱས་ཉིད་དུ་གནས། ། དག་པ་ཆེན་པོ་ཆོས་ཀྱི་སྐུ།། བྱ་རྩོལ་མི་མངའ་ངང་གིས་རྫོགས།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། ཆོས་ཅན་མཚན་མའི་དངོས་པོ་རྣམས།། ཆོས་ཉིད་ངང་དུ་ལྷུན་གྱིས་གྲུབ།། དུས་གསུམ་རྒྱལ་པ་མ་ལུས་ལ། ། ལྷུན་གྲུབ་མཆོག་ཏུ་དགོངས་པས་གོ། གང་ཡིན་དེ་ལས་དཔག་ཏུ་མེད།། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས།། ཡེ་ནས་ལྷུན་གྱིས་གྲུབ་པའོ།། འཁོར་བ་ཀ་དག་རིན་ཆེན་གླིང།། མྱ་ངན་འདས་པར་དེར་བརྗོད་དོ། ། ཉི་མའི་དཀྱིལ་ན་མུན་མེད་ལྟར།། ཡེ་ཤེས་རང་སྣང་མ་རྟོགས་པ།། ཉོན་མོངས་འཁོར་བ་ངང་གིས་མེད།། གནས་ལུགས་ཉིད་དུ་ཀ་དག་པའོ།། དངོས་པོ་གཤིས་ཀྱི་གནས་ལུགས་ཉིད།། བཅིང་མེད་རྣམ་པར་གྲོལ་མེད་པའི། ། ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས།། བསྟན་ཕྱིན་སྤྲོ་བ་སྣ་ཚོགས་མཛད།། ཅེས་གསུངས་སོ།། ཞི་བ་ལྷ་རྒྱུད་ཆེན་པོ་ལས།། གཞི་གནས་ལུགས་རང་བཞིན་གྱིས་ཞི་བ་བསྟན་པ་སྟེ་ལེའུ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་དཀོན་མཆོག་དཔལ་རིན་ཆེན་འབྱུང་ལྡན་ཉིད། འཁྲུལ་པ་ཐམས་ཅད་གྲོལ་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། འདི་གསུངས་སོ། ། བདེ་གཤེགས་སྙིང་པོའི་རང་བཞིན་འདི།། ཁམས་གསུམ་ཡོངས་ལ་ཡེ་ནས་གནས།། ལྷན་ཅིག་སྐྱེས་པའི་མ་རིག་པ།། ལུས་དང་གྲིབ་མ་ལྟ་བུར་བྱུང།། བསྐལ་པ་སྔོན་ལས་བསགས་པ་ཡི།། འཁོར་བ་སྔོན་གྱི་རྣམ་སྨིན་བྱུང། ། ལས་སུ་ཉོན་མོངས་ལྔ་པོ་ཡིས།། འབྱུང་ལྔ་འདུས་པའི་ཕུང་པོར་སྨིན།། སྣོད་ཀྱི་འཇིག་རྟེན་སྣང་བ་ཡང།། སངས་རྒྱས་ཞིང་ཁམས་ཡིན་པར་ཤེས།། ཤར་ཕྱོགས་མངོན་པར་དགའ་བའི་ཞིང།། ལྷོ་ན་དཔལ་ལྡན་ནུབ་ཕྱོགས་བདེ། ། བྱང་ཕྱོགས་རྣམ་དག་བཀོད་པ་ལ།། དབུས་ཀྱི་བྱང་ཆུབ་སྙིང་པོར་གནས།། འདི་ལ་སོགས་པའི་སངས་རྒྱས་ཞིང།། གུད་ན་མེད་པར་རབ་རྟོགས་ལ།། མི་དགེ་བཅུ་པོ་ཁྲོ་བཅུའི་མཚམས། ། ཉོན་མོངས་ལྔ་པོ་མཚོན་ཆ་ལྔ།། སྤྱི་བོ་སྣ་ཚོགས་རྡོ་རྗེ་ལ།། རྐང་མཐིལ་རྡོ་རྗེའི་ས་གཞི་ལ།། རྩིབ་མ་རྡོ་རྗེའི་ར་བ་དང།། པགས་པ་རྡོ་རྗེའི་གུར་དུ་ཕུབ།། བ་སྤུ་མདའ་ཡི་དྲ་བ་ཡིན།། སེན་མོ་མེ་དཔུང་རབ་ཏུ་འབར། ། ལུས་ཁམས་བདུད་རྩི་རྣམ་པ་ལྔ།། འབྱུང་བ་ལྔའམ་བཞིར་གནས་པ།། ཁམས་དགུ་འདུས་པའི་དངས་མ་ནི།། རང་བྱུང་བདུད་རྩིའི་མཆོད་པ་ཉིད།། དབང་པོ་རྣམ་དྲུག་འདོད་ཡོན་དྲུག། པདྨ་རཀྟ་མཆོད་རྫས་ཉིད། ། ཀུན་གཞི་ཆོས་ཀྱི་ཕོ་བྲང་དུ།། ཡིད་ནི་ཀུན་བཟང་རང་བྱུང་སྐུ།། ལུས་དང་ངག་ཡིད་རྣམ་པ་གསུམ།། ཡེ་ནས་གཤེགས་པར་གནས་པའོ།། རང་གི་ལུས་ཉིད་འདོམ་གང་ལ།། ཐམས་ཅད་ཚང་བར་གནས་པ་ནི། ། ཀུན་གཞི་དེ་རྟིང་ཉོན་ཡིད་མེད།། ཡིད་ནི་རྒྱུ་ཉིད་ཨར་གནས་སོ།། རྐང་མཐིལ་རླུང་ལ་སུམ་མདོ་མེ།། ལྟེ་བ་ཆུ་ལ་སྙིང་ག་ས།། སྒལ་ཚིགས་རི་རབ་སྐྲ་ནི་མེ།། མི་མཉམ་མེད་པའི་གྲུ་བཞི་ལུས།། སྙིང་གའི་རྩ་བཞི་སྒོ་བཞི་ལ། ། རྐང་བརྒྱད་ཀ་བ་རྣམ་པ་བརྒྱད།། མིག་གཉིས་པཉྩ་རེ་ཁཱ་ལ།། སྣ་ནི་རིན་ཆེན་ཕ་གུ་ཉིད།། སོ་ནི་དྲཝ་བ་དྲཝ་ཕྱེད་ལ།། ལྕེ་ཆུ་འདོད་ཡོན་ལྷ་མོ་འབྱུང།། རྣ་བ་རྟ་བབས་ཉིད་དུ་གནས།། སྙིང་ནི་མི་འཇིགས་སེངྒེའི་གདན། ། མཁལ་མ་སྟོབས་བཅུ་གླང་པོ་ཆེ།། མཚེར་པ་རྫུ་འཕྲུལ་རྟ་ཡི་ཁྲི།། མཆིན་པ་དབང་བཅུ་རྨ་བྱ་ཉིད།། གློ་བ་ཐོགས་མེད་ནམ་མཁའ་ལྡིང།། ཕོ་བ་རིན་ཆེན་ཁྲི་རྐང་ལ། ། མཆིན་དྲི་དཀར་ནག་ཉི་ཟླའི་གདན།། རྒྱུ་ལོང་ཆགས་མེད་པདྨ་ཡིན།། ཁྱབ་བྱེད་གཟུགས་ཕུང་རྣམ་སྣང་མཛད།། སྲོག་འཛིན་རྣམ་ཤེས་མི་བསྐྱོད་པ།། མེ་མཉམ་ཚོར་བ་རིན་ཆེན་འབྱུང།། གྱེན་རྒྱུ་འདུ་ཤེས་སྣང་མཐའ་ཡས། ། ཐུར་སེལ་འདུ་བྱེད་དོན་ཡོད་གྲུབ།། སྲ་བ་ས་ནི་སངས་རྒྱས་སྤྱན།། ནམ་མཁའ་དབྱིངས་ཕྱུག་མ་ཉིད་ལ།། མཉེན་པའི་ཆུ་དབྱིངས་མཱ་མ་ཀི། དྲོ་བའི་མེ་དབྱིངས་གོས་དཀར་མོ།། བསྐྱོད་པའི་རླུང་ནི་དམ་ཚིག་སྒྲོལ། ། བཅུད་ནི་ཡབ་ལ་སྣོད་ནི་ཡུམ།། སྤྱད་བྱར་གྱུར་པའི་བཙུན་མོ་ཡིན།། རྒྱུ་བ་ས་སྙིང་མེ་རླུང་མིག། གཟུགས་ནི་སྒེག་མོར་གནས་པའོ།། ཤིན་ཏུ་རྒྱུ་བ་ནམ་མཁའ་ཉིད།། ནམ་སྙིང་སྣ་ལ་གནས་པ་དང། ། དྲི་ནི་ལྷ་མོ་ཕྲེང་བ་མོ།། མངོན་པར་རྒྱུ་བ་སྤྱན་རས་གཟིགས།། རྡོ་རྗེ་མྱོང་བར་བྱེད་པ་སྟེ།། རོ་ནི་ལྷ་མོ་གླུ་ལེན་མ།། རབ་ཏུ་རྒྱུ་བ་ཕྱག་རྡོར་ཉིད།། རྣ་བ་ལག་ནས་ཐོས་པ་ལ།། སྒྲ་ནི་ལས་ཀྱི་གར་བྱེད་མ། ། རྣམ་ཤེས་དབང་པོའི་བྱང་ཆུབ་སེམས།། ཡུལ་ལ་སྣང་བ་མཆེད་པ་དང།། ཐོབ་པར་བྱེད་པ་སྣང་བ་གསུམ།། བྱམས་པ་མེ་ཡི་རླུང་དུ་བཤད།། དཔྱིད་ནི་འདས་དུས་སྤོས་མེ་མ།། སྒྲིབ་སེལ་སྣ་ཡི་རླུང་ཡིན་ཏེ།། དེ་ལྟར་དབྱར་ནི་མེ་ཏོག་མ། ། ཀུན་བཟང་མེ་ནི་མངོན་པར་རྒྱུ།། འབྱུང་དུས་སྟོན་ཏེ་མར་མེ་མ།། འཇམ་དཔལ་རླུང་ཉིད་གནས་པ་ཡང།། མ་ངེས་དགུན་དེ་དྲི་ཆབ་མ།། དབང་པོར་སྣང་བའི་ལྷ་འདི་ཀུན།། རང་ལ་ཡེ་ནས་དུས་སྤྱོད་ཡུལ། ། ཡིད་ནི་སྙིང་རྗེ་ཐབས་མཆོག་ཡབ།། ཆོས་ནི་སྟོང་པ་ཤེས་རབ་ཡུམ།། ཞེ་སྡང་དམྱལ་བར་སྣང་བ་ཡང།། ཐུབ་པས་ཞེ་སྡང་མེ་ཡང་གསོད།། སེར་སྣས་ཡི་དྭགས་སྣང་བ་ཡང།། ང་རྒྱལ་རི་སྙིལ་ཐུབ་པ་ཡིན། ། གཏི་མུག་བྱོལ་སོང་སྐྱེས་པ་ལ།། ཐུབ་པས་གཏི་མུག་མུན་པ་སེལ།། འདོད་ཆགས་མི་ཡི་སྐྱེ་གནས་ཉིད།། འདོད་ཆགས་དུག་འཇོམས་ཤཱཀྱ་ཐུབ།། ཁོང་ཁྲོས་ལྷ་མ་ཡིན་དུ་སྐྱེ།། བདག་ཞན་བྲལ་བས་ལྷ་མིན་ཐུབ། ། ཕྲག་དོག་ལྷ་ཡི་གནས་སྣང་བས།། ཕྲག་དོག་ལྕགས་འགྲོལ་ལྷ་ཡི་ཐུབ།། ལུས་ཀྱི་འདུས་ཏེ་རེག་པ་ནི།། རྡོ་རྗེ་རེག་པ་གཤིན་རྗེའི་གཤེད།། རེག་པ་སྲ་བ་ས་ཡིན་ཏེ།། རྟོག་པར་མ་ཡིན་ལྕགས་ཀྱུ་མ། ། ལུས་ཀྱི་དབང་པོ་རེག་བྱེད་ཉིད།། ཡབ་ཀྱི་རྡོ་རྗེ་སྟོབས་པོ་ཆེ།། གཤེར་པར་འབྱུང་བ་ཆུ་ཉིད་སྟེ།། ཆད་པར་མ་ཡིན་ཞགས་པ་མ།། ལུས་ཀྱི་ཡུལ་ནི་རེག་བྱ་ཉིད།། ཡུམ་གྱི་པདྨ་རྟ་མགྲིན་དཔལ།། ཚ་ཞིང་དྲོ་བ་མེ་ཡིན་ཏེ། ། བདག་ཏུ་མ་ཡིན་ལྕགས་སྒྲོག་མ།། ལུས་ཀྱི་རྣམ་པར་ཤེས་པ་ནི།། དམ་རྫས་དཀར་དམར་བདུད་རྩི་འཁྱིལ།། གཡོ་རླུང་སྟོང་བདེའི་ནམ་མཁའ་ནི།། མཚན་མར་མ་ཡིན་དྲིལ་བུ་མ།། སྲིད་གསུམ་ཁམས་གསུམ་སེམས་ཅན་ལ། ། ཡེ་ནས་རང་ལ་ལྷུན་གྱིས་གྲུབ།། རང་གནས་ཆེན་པོ་རྟོགས་གྱུར་ནས།། རང་བཞིན་དཀྱིལ་འཁོར་བསྐྱེད་པར་བྱ།། དེ་ནས་བཅོམ་ལྡན་འདས་དཀོན་མཆོག་དཔལ་གྱིས། ཚོམ་བུའི་དཀྱིལ་འཁོར་རང་ལ་གནས་པ་འདི་གསུངས་སོ། ། སྤྱི་གཙུག་བདེ་ཆེན་དཀྱིལ་འཁོར་ན།། རྣམ་པར་སྣང་མཛད་ཡབ་ཡུམ་ལ།། སྒོ་བ་ཡབ་ཡུམ་བརྒྱད་ཀྱིས་བསྐོར།། འདི་ནི་སྐུ་ཡི་དཀྱིལ་འཁོར་ཏེ།། རྩ་དང་ཐིག་ལེ་སྔགས་དང་རླུང། ། དབུ་ཡི་གཙུག་ཏོར་རྩེ་མོ་ནི།། རིགས་བདག་ཀུན་བཟང་ཡབ་ཡུམ་ལ།། ཐུབ་དྲུག་སྤྲུལ་པའི་འཁོར་གྱིས་བསྐོར།། འདི་ནི་སྤྱི་ཡི་དཀྱིལ་འཁོར་ཡིན།། མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ལ། ། སྣང་བ་མཐའ་ཡས་ཡབ་ཡུམ་ལ།། སྤྱན་རས་གཟིགས་དང་གླུ་མ་དང།། ཀུན་བཟང་མར་མེ་མ་ཡིས་བསྐོར།། འདི་ནི་གསུང་གི་དཀྱིལ་འཁོར་ཉིད།། གནས་རྟེན་གྲུབ་པས་གཡོ་བར་གྲུབ།། སྙིང་ག་ཆོས་ཀྱི་འཁོར་ལོ་ལ། ། མི་བསྐྱོད་ཡབ་དང་ཡུམ་དུ་བཅས།། ས་ཡི་སྙིང་པོ་སྒེག་མོ་དང།། བྱམས་པ་བདུག་སྤོས་མ་ཡིས་བསྐོར།། འཁོར་ལོ་ཐིག་ལེ་སྔགས་དང་རླུང།། འདི་ནི་ཐུགས་ཀྱི་དཀྱིལ་འཁོར་ཉིད།། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ནས། ། དཀོན་མཆོག་དཔལ་ནི་ཡབ་ཡུམ་ལ།། ནམ་མཁའི་སྙིང་པོ་ཕྲེང་བ་མ།། སྒྲིབ་སེལ་མེ་ཏོག་མ་དང་བཅས།། འདི་ནི་ཡོན་ཏན་འཁོར་བཅས་ཏེ།། འཁོར་ལོ་ཁམས་བཅུད་སྔགས་དང་རླུང། ། གསང་བ་མེ་རླུང་འཁོར་ལོ་ལ།། གྲུབ་པ་གདོན་མི་ཟ་བ་ལ།། ཕྱག་ན་རྡོ་རྗེ་གར་མ་དང།། འཇམ་དཔལ་དྲི་ཆབ་མ་ཡིས་བསྐོར།། འཁོར་ལོ་བདུད་རྩི་ཡི་གེ་གཡོས།། འདི་ནི་ཕྲིན་ལས་འཁོར་ལོ་ཡིན།། གནས་པ་རྩ་ཡི་རང་བཞིན་ལས། ། དཀྱིལ་འཁོར་སྤྲོས་པ་བསྒོམ་པར་བྱ།། གྲུབ་པ་སྔགས་ཀྱི་ཡི་གེ་ལས།། ཚོམ་བུ་སྤྲོས་པ་བསྒོམ་པར་བྱ།། ལུས་ཁམས་བདུད་རྩི་ཐིག་ལེ་ལས།། ཞལ་ཕྱག་སྤྲོས་པ་བསྒོམ་པར་བྱ།། སྙིང་པོ་རླུང་གི་ཡན་ལག་ལས། ། རྣམ་གྲངས་སྤྲོས་པ་བསྒོམ་པར་བྱ།། རྣལ་འབྱོར་བློ་ཡི་ཁྱད་པར་ལས།། ཆུ་ལས་ཉ་ལྡང་ཇི་བཞིན་དུ།། སྙིང་པོ་བརྗོད་པས་ཕྱག་རྒྱར་གསལ།། ཅིག་ཆར་ལམ་དུ་བསྒོམ་པར་བྱ།། སྲིད་པ་མངལ་ནས་ཆགས་ཚུལ་དུ། ། ལོ་དང་ཟླ་བའི་སྨིན་པ་བཞིན།། རྒྱུ་རྐྱེན་འདུས་པ་ལས་བྱུང་བ།། རིམ་གྱིས་བསླབས་ཏེ་བསྒོམ་པར་བྱ།། ཞེས་གསུངས་སོ།། ཞི་བ་ལྷ་རྒྱུད་ཆེན་པོ་ལས། རང་རྒྱུད་ཕུང་པོའི་ཞི་བ་སེམས་ཅན་ཐམས་ཅད་ལ་གནས་པ་སྟེ་ལེའུ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་གདུལ་བྱ་ཐམས་ཅད་ཞིང་དག་པར་གཟུང་བ་འདི་གསུངས་སོ།། ཇི་ལྟར་གདུལ་བྱ་སྤྲུལ་བྱུང་ནས།། དེ་ཉིད་ལམ་དུ་བྱས་པ་ཡི། ། ཆོས་འདི་སྣོད་ལྡན་ཀུན་དོན་དུ།། རྡོ་རྗེ་སྙིང་པོ་ཉིད་ལ་བཤད།། སངས་རྒྱས་ཀུན་ཏུ་བཟང་པོ་ཉིད།། སྟོང་གསུམ་ཞིང་ཁམས་གྲངས་མེད་པར།། ཐུབ་པའི་དཀྱིལ་འཁོར་ཀུན་སྤྲོས་ནས། ། ཁམས་གསུམ་སེམས་ཅན་མཐའ་ཡས་པ།། འདུལ་ཕྱིར་དཀྱིལ་འཁོར་སྣ་ཚོགས་པ།། ཡིད་བཞིན་ནོར་བུ་བཞིན་དུ་སྣང།། གང་ཞིག་རིགས་ཀྱིས་འདུལ་བ་ལ།། གཏི་མུག་ཅན་ལ་བདེ་གཤེགས་རིགས། ། ཞེ་སྡང་འདུལ་ཕྱིར་མི་བསྐྱོད་པ།། ང་རྒྱལ་ཅན་ལ་དཀོན་མཆོག་དཔལ།། འདོད་ཆགས་པདྨ་ཚེ་དཔག་མེད།། ཕྲག་དོག་དོན་གྲུབ་ལས་ཀྱི་རིགས།། རིགས་ལྔར་གཏོགས་པ་འདི་དག་གིས།། འདོད་དང་ཐར་པ་རབ་སྒྲུབ་བྱེད། ། གང་གིས་མཚོན་པས་འདུལ་བ་ལ།། རང་བཞིན་སྐུ་མདོག་སྣང་བ་ཡང།། སྣུམ་ཞིང་དྭངས་ལ་མཛེས་ཤིང་སྡུད།། དབྱིབས་མཛེས་མདངས་གསལ་མདོག་ཕྱེད་འཕྲོ།། གང་ཞིག་བསྒྱུར་བས་འདུལ་བ་ལ། ། རྟག་པ་ཆེན་པོ་ཤངྑ་སྟེ།། མི་བསྐྱོད་ཨིནྡྲ་ནཱི་ལའི་མདོག། རིན་ཆེན་འབྱུང་ལྡན་བཙོ་མ་གསེར།། པདྨ་རཱ་ག་ཚེ་དཔག་མེད།། དོན་གྲུབ་ཨིནྡྲ་ནཱི་ལ་ཡིན།། རིགས་མཐུན་མདོག་ཏུ་གནས་པའམ།། ཡང་ན་ཉི་ཤུ་རྩ་ལྔར་སྟོན། ། ཞལ་ཕྱག་འདུལ་བར་དགོངས་པ་ལ།། ཆོས་སྐུ་སྤྲོས་པ་མེད་པའི་ཕྱིར།། ཞལ་ནི་གཅིག་ཏུ་བསྟན་པ་ཡིན།། དབྱིངས་དང་ཡེ་ཤེས་འབྲེལ་བའི་ཕྱིར།། ཕྱག་ནི་གཉིས་སུ་བསྟན་པ་ཡིན།། ཐབས་དང་ཤེས་རབ་མཉམ་པས་ན། ། ཞབས་ཀྱང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས།། བཀྲི་དྲང་འབྲས་བུ་རྣམ་ཐར་གསུམ།། ངེས་དོན་འབྲས་བུ་སྐུ་གསུམ་སྣང།། དེ་ཕྱིར་ཞལ་ཡང་གསུམ་དུ་བསྟན།། ངེས་པར་ཆོས་ཉིད་ཞལ་ལས་འདས། ། ཕ་རོལ་ཕྱིན་དྲུག་སྣང་བ་ཡང།། སྦྱིན་པ་བཏང་ཞིང་ཚུལ་ཁྲིམས་བསྲུངས།། བརྩོན་འགྲུས་བརྩམས་ཞིང་བསམ་གཏན་བསྒོམས།། བཟོད་པ་བསྒོམས་ནས་ཤེས་རབ་རྟོགས།། རྒྱུ་ཡི་ལམ་ནས་བགྲོད་འདུལ་བ། ། རྡོ་རྗེའི་ཕྱག་ཀྱང་དྲུག་ཏུ་བྱུང།། སྟོང་པ་ཉིད་ཀྱི་ཡེ་ཤེས་དང།། ཆོས་དབྱིངས་མེ་ལོང་ལྟ་བུ་དང།། སོ་སོར་རྟོག་དང་མཉམ་པ་ཉིད།། བྱ་བ་གྲུབ་པར་མཐར་ཕྱིན་པས།། འབྲས་བུའི་སྒོ་ནས་མཐར་ཕྱིན་པས།། རྡོ་རྗེའི་ཕྱག་མཚན་དྲུག་པོ་རྣམས། ། དབྱིངས་དང་ཡེ་ཤེས་མི་འབྲལ་ཞིང།། ཐབས་དང་ཤེས་རབ་སྦྱོར་བ་དང།། སྣང་སྟོང་ཟུང་དུ་འཇུག་པ་དང།། ཡུལ་སེམས་དབྱེར་མེད་སྣང་བས་ན།། གདུལ་བྱའི་ཤེས་པར་གྲོལ་མཚོན་པས། ། ཡབ་ཡུམ་ཞབས་དང་སྐྱིལ་ཀྲུང་འཁྲིལ།། རྒྱན་ཆས་འདུལ་བར་གྱུར་པ་ལ།། རིག་པའི་དབང་ལྔ་རྫོགས་པ་དང།། རིགས་གཅིག་རིགས་ལྔ་དབྱེར་མེད་ཕྱིར།། དབུ་ལ་རིན་ཆེན་ཟེའུ་ཕྲོག་ལྔ།། ཀུན་འདར་ནང་དུ་སེམས་བཟློག་པས། ། གཙུག་ཏོར་ཐོར་ཚུགས་ཡིད་བཞིན་འབར།། མུ་སྟེགས་ལྟ་ངན་རབ་འཇོམས་པས།། མགོན་པོ་རལ་པའི་ཅོད་པན་འཕྱང།། རོ་རྐྱང་ཐབས་དང་ཤེས་རབ་ལྡན།། ཕྱོགས་རྣམས་མཛེས་པའི་ཅོད་པན་མཛེས། ། རིགས་རྣམས་བདེ་བས་གང་བས་ན།། མེ་ཏོག་ཆུན་པོས་ཐོད་བཅིངས་མཛེས།། བྱང་ཆུབ་ཡན་ལག་བདུན་ལྡན་པས།། རྣ་རྒྱན་མགུལ་ཆུ་དཔུང་རྒྱན་དང།། སྐུ་རེག་དང་ནི་དོ་ཤལ་དང། ། ཕྱག་ཞབས་གདུ་བུས་རབ་ཏུ་མཛེས།། འཕགས་ལམ་ཡན་ལག་བརྒྱད་ལྡན་པས།། བཀྲ་ཤིས་རྟགས་བརྒྱད་ལུས་ལ་རྫོགས།། ཆ་ལུགས་ཆེན་པོས་བརྗིད་པས་ན།། སྐུ་ཡི་སྟོད་གཡོགས་རབ་མཛེས་ཤིང། ། གསུང་གི་སྨད་དཀྲིས་ལྷུབ་དང་ལྡན།། ཐུགས་ཀྱི་ཟེའུ་ལྡན་རྣམ་པར་བགོས།། ཡོན་ཏན་ཆོས་གོས་བསྣམས་ནས་ནི།། མཛད་པ་ལས་ཀྱི་ཕུ་རུང་ལྡན།། ཞིང་ཁམས་རྣམ་པར་དག་པས་ན།། རྒྱབ་ཡོལ་ཟླ་བའི་དཀྱིལ་འཁོར་དང། ། སྣ་ལྔ་འོད་ཀྱིས་གང་བུ་དང།། འོད་ཟེར་དྲ་བས་རབ་ཏུ་སྤྲས།། གདུལ་བྱའི་རེ་བ་བསྐང་མཛད་པས།། བ་སྤུའི་བུ་ག་རེ་རེ་ནས།། འོད་ཟེར་བྱེ་བ་དྲུག་སྟོང་འཕྲོ།། བདེ་གཤེགས་སྣང་བ་སྣ་ཚོགས་སྟོན། ། མཚན་གྱི་མེ་ཏོག་རྒྱས་པ་ལ།། དཔེ་བྱད་འབྲས་བུས་སྤྲས་པའི་ཕྱིར།། སེམས་དཔའ་ཡབ་ཡུམ་རང་གི་རིག། སྲས་ཀྱི་ཚོགས་ཀྱིས་ཀུན་ནས་སྤྲས།། སྲས་ཚོགས་མ་ལུས་པ་རྣམས་ཀྱང།། རིགས་ལྔའི་དགོངས་པ་ཚང་བས་ན། ། རིགས་ཀྱི་བདག་པོས་དབུ་བརྒྱན་ཅིང།། སྙན་ཆ་རིན་ཆེན་འབྱུང་ལྡན་ལ།། མགུལ་ཆུ་སྣང་བ་མཐའ་ཡས་ཏེ།། དོ་ཤལ་སྐུ་རེག་རྣམ་སྣང་མཛད།། ཕྱག་ཞབས་གདུ་བུ་དོན་གྲུབ་ལ།། དབུ་རྒྱན་མི་བསྐྱོད་པ་ཡི་བརྡ། ། ཕྱག་མཚན་འདུལ་བར་དགོངས་པ་ལ།། དངོས་པོ་འཇོམས་པའི་རྡོ་རྗེ་དང།། རྨད་བྱུང་སྒྲོགས་པའི་འཁོར་ལོ་བསྐོར།། དགོས་འདོད་སྐོང་བའི་རིན་པོ་ཆེ།། སྐྱོན་གྱིས་མ་གོས་པདྨ་འབར། ། ལོག་ལྟ་འཇོམས་པའི་རལ་གྲི་དང།། ཆོས་ཀྱི་སྒྲ་སྒྲོགས་དྲིལ་བུ་རྣམས།། རིགས་རྣམས་དབྱེར་མེད་ཡིན་པས་ན།། ཕྱག་མཚན་གཅིག་ལ་ཀུན་ཀྱང་ཚང།། ས་བཅུ་ཐོབ་དང་རིག་འཛིན་པས།། ས་སྙིང་དཀར་སྐྱ་རིན་ཆེན་མྱུག། ནམ་སྙིང་མཐིང་ག་རལ་གྲི་འཛིན།། སྤྱན་གཟིགས་དམར་པོ་པདྨ་དཀར།། ཕྱག་རྡོར་ལྗང་གུ་རྡོ་རྗེ་བསྣམས།། སྣང་བ་གསུམ་གྱིས་གྲོལ་བ་དང།། རྫས་ཀྱི་ལོངས་སྤྱོད་ལྡན་པས་ན།། སྒེག་མོ་མེ་ལོང་རིན་ཆེན་འཕྲེང། ། པདྨ་གླིང་དུང་གར་བྱེད་ལས།། བྱམས་དཀར་ཀླུ་ཤིང་སྤོས་མེ་ཡུམ།། སྒྲིབ་སེལ་མཐིང་ག་པུ་སྟི་ཉིད།། ཡུམ་ནི་མེ་ཏོག་ཕྲེང་བ་ཉིད།། ཀུན་བཟང་དམར་སྐྱ་རིན་ཆེན་སྙེ།། ཡུམ་ནི་མར་མེ་འོད་གསལ་སྣང། ། འཇམ་དཔལ་ལྗང་སེར་ཨུཏྤ་ལ།། ཡུམ་ནི་དྲི་ཆབ་སྲིན་མཐེབ་འཐོར།། རིགས་བདག་ཐམས་ཅད་དབྱེར་མེད་པས།། ཀུན་བཟང་ཡབ་ཡུམ་མཉམ་གཞག་བྱ།། ལྷ་རྣམས་ལེ་ལོས་གཡེངས་པ་ལ། ། བརྩོན་འགྲུས་མཐར་ཕྱིན་པི་ཝང་རོལ།། ལྷ་མིན་ཁོང་ཁྲོ་འཐབ་རྩོད་པ།། འདུལ་ཕྱིར་བསམ་གཏན་གོ་མཚོན་བསྣམས།། མི་རྣམས་འདོད་ཆགས་བཟའ་བཏུང་ཆགས།། དེ་ཕྱིར་ཚུལ་ཁྲིམས་གསེག་པར་བསྣམས། ། བྱོལ་སོང་གཏི་མུག་འཐིབ་བསལ་ཕྱིར།། པོ་ཏི་ཤེས་རབ་ཕ་རོལ་ཕྱིན།། ཡི་དྭགས་བཀྲེས་སྐོམ་འཇུངས་པས་ན།། དེ་ཕྱིར་སྦྱིན་པ་རིན་ཆེན་སྒྲོམ།། དམྱལ་བ་ཞེ་སྡང་ཚ་གྲང་ལ།། མེ་ཆུ་བཟོད་པའི་ཕ་རོལ་ཕྱིན། ། འཆི་བདག་བདུད་འདུལ་འཁོར་བ་འདྲེན།། གཤིན་རྗེ་ཐོད་དབྱུག་ལྕགས་ཀྱུ་ཡུམ།། སྟོབས་ཆེན་ཕུང་པོའི་བདུད་འདུལ་བས།། རྡོ་རྗེ་གནོན་ཏེ་ཞགས་པ་ཡུམ།། ཉོན་མོངས་བདུད་འཇོམས་རྟ་མགྲིན་དཔལ། ། ཐོད་སྦྲུལ་བསྣམས་ཏེ་ལྕགས་སྒྲོག་ཡུམ།། ལྷ་བདུད་བདུད་རྩི་འཁྱིལ་འདུལ་བས།། རྡོ་རྗེ་རྒྱ་གྲམ་དྲིལ་བུ་ཡུམ།། ཞི་བའི་མཛད་པས་འདུལ་དོན་དུ།། ཡབ་ཀྱི་སྐུ་ཡི་ཚུལ་བཞི་ནི།། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། ། ཡུམ་གྱི་ཚུལ་ལྔ་ལྡན་པས་ན།། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན།། ཐུབ་དྲུག་སེམས་དཔའ་དོན་མཛད་པས།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། སྒོ་སྐྱོང་གདུག་པ་འདུལ་བས་ན། ། འབར་བའི་འཕྲེང་བས་འཁྲིགས་པ་སྟེ།། སྤྱིར་ནི་ཀུན་དང་ཀུན་བཟང་ཡུམ།། མཐའ་དབུས་མེད་པར་ཁྱབ་པའོ།། བཞུགས་ཐབས་འདུལ་བར་དགོངས་པ་ལས།། སངས་རྒྱས་རྣམས་ནི་ཡབ་ཡིན་པས།། རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས། ། རིག་མ་གཟུངས་མ་ཡུམ་རྣམས་ནི།། པདྨའི་སྐྱིལ་མོ་ཀྲུང་དུ་བཞུགས།། བྱང་ཆུབ་སེམས་དཔའ་ཡབ་ཡུམ་རྣམས།། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས།། ཐུབ་པ་འགྲོ་བའི་དོན་མཛད་པས། ། བཞེངས་ནས་གདུལ་བྱར་མཐུན་པར་བཞུགས།། སྒོ་བ་གདུག་པ་འདུལ་བས་ན།། ཡབ་ཡུམ་བརྐྱང་བསྐུམ་དོར་ཐབས་བཞུགས།། ཕྲིན་ལས་འདུལ་བར་དགོངས་པ་ལ།། ཡབ་ལྔས་ཕུང་པོ་བྱིན་གྱིས་བརླབ། ། ཡུམ་ལྔས་འབྱུང་བ་བྱིན་གྱིས་བརླབ།། བྱང་སེམས་རང་རྒྱུད་བཀྲ་ཤིས་བྱེད།། ཐུབ་པས་ཉོན་མོངས་འདུལ་ཞིང་སྦྱོང།། ཀུན་བཟང་ཐབས་ཤེས་འབྲེལ་བར་བརླབ།། ཁྲོ་བོས་མཚམས་གཅོད་གདུག་པར་འདུལ། ། གདན་ཁྲིས་འདུལ་བར་དགོངས་པ་དང།། ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན།། འོག་གཞི་འཁོར་ལོ་རྩིབས་བཞི་འབར།། དགོས་འདོད་རེ་བ་སྐོང་བས་ན།། ཡིད་བཞིན་རིན་ཆེན་ཁྲི་རྐང་བརྩེགས།། ཡོན་ཏན་ཆེ་བས་བཅོམ་པས་ན། ། སྟོབས་བཅུ་ཚང་བ་གླང་པོའི་གདན།། མི་འཇིགས་བཞི་བཅོམ་སེང་གེ་ཉིད།། རྫུ་འཕྲུལ་རྐང་བཞི་རྟ་ཡི་གདན།། དབང་བཅུ་མཚོན་པས་རྨ་བྱ་ལ།། ཕྲིན་ལས་ཐོགས་མེད་ནམ་མཁའ་ལྡིང། ། ས་ཡི་ཁྱད་པར་བགྲོད་པས་ན།། ཉི་མ་ཟླ་བ་པདྨའི་གདན།། འབྲས་བུའི་ས་གསུམ་གནོན་པའོ།། གནས་ཀྱིས་འདུལ་བར་དགོངས་པ་ལ།། ཁྱད་པར་འཕགས་པའི་འོག་མིན་གནས།། གཞན་མིན་རང་སྣང་སྤྲུལ་པའི་ཁྱིམ། ། གསང་བ་ཡུམ་གྱི་བྷ་ག་ཉིད།། དེ་ཉིད་ཀུན་གཞི་ཕོ་བྲང་ལ།། གདོས་པ་ཅན་ལས་རབ་གྲོལ་བས།། ཕྱི་ནང་མེད་པར་གསལ་བ་ནི།། ཤེལ་གྱི་ཕོར་པར་བཅུད་བཞག་འདྲ།། ཁྱད་པར་ཞིང་ཁམས་ལྔར་ཡང་སྣང། ། ཞེས་གསུངས་སོ།། ཞི་བ་ལྷ་རྒྱུད་ཆེན་པོ་ལས།། ཇི་ལྟར་གདུལ་བར་བྱ་བ་སྤྲུལ་པར་བྱུང་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་ཉིད་ལམ་དུ་བྱ་བ་འདི་དག་གསུངས་སོ། ། དེ་བཞིན་གཤེགས་པ་རིགས་ལྔ་ལ།། ལམ་ནི་རྣམ་པ་གཉིས་ཡོད་དེ།། གྲོལ་ལམ་ལྟ་བ་བསྟན་པ་དང།། ཐབས་ལམ་དབང་གིས་བགྲོད་པར་བཤད།། ལྟ་བ་བདེན་པར་དབྱེར་མེད་ཉིད། ། སྐོར་བདུན་ངོ་བོ་ཉིད་དུ་གནས།། བདེར་གཤེགས་དཀྱིལ་འཁོར་སྤྱན་དྲངས་ནས།། མཆོད་པས་རབ་ཏུ་དགྱེས་པར་བྱ།། རང་གི་གནས་རྣམས་སྦྱང་བར་བྱ།། ཡི་གེ་ཨ་དཀར་ལས་སྐྱེས་པ།། རི་རབ་རྩེ་ལ་ལྷ་ཡི་གནས། ། ལྷ་མ་ཡིན་གྱི་སུ་སེར་པོ།། རི་རབ་ཁོང་སེང་ནང་ན་གནས།། གླིང་བཞི་མི་ནི་ནརྀ་སྔོན་པོ།། བཞི་དང་གླིང་ཕྲན་བཅུ་གཉིས་གནས།། བྱོལ་སོང་དུ་ཡིག་དུད་ཀ་ནི།། ཕྱི་ཡི་རྒྱ་མཚོའི་ནང་ནའོ།། པྲེ་མར་ལས་སྐྱེས་ཡི་དྭགས་རྣམས། ། གྲོང་ཁྱེར་སེར་སྐྱའི་གནས་ན་ཡོད།། དམྱལ་བ་ཏྲི་ཡིག་ནག་པོ་དེ།། རྡོ་རྗེ་གདན་གྱི་འོག་ན་གནས།། འདི་དྲུག་འདོད་ཁམས་གནས་རྣམས་སྦྱངས། འདི་སྐོར་ཡིག་སྐྱོན་ཞིག་ཡོད་དམ།། གཟུགས་ཁམས་བསམ་གཏན་མུ་བཞི་སོགས། ། ཡི་གེ་ཨཱ+ོཾ་དུ་ཤེས་པར་བྱ།། གཟུགས་མེད་སྐྱེ་མཆེད་མུ་བཞི་ཨཱ།། ཉམས་ནི་སེམས་ལ་འཆར་བ་ཡིན།། གར་ནི་ལུས་ལ་འཆར་བ་ཡིན།། སྔགས་ནི་ངག་ལ་འཆར་བ་དང། ། མཐོང་སྣང་ཡུལ་ལ་འཆར་བ་ལ།། བག་ཆགས་རྨི་ལམ་ཤར་བ་ནི།། ཁམས་གསུམ་གནས་ལས་ངེས་པར་གྲོལ།། འབྲུ་གསུམ་སྦྱངས་ན་ངེས་པར་ནི།། སྐུ་གསུམ་གནས་ལ་བཞུགས་པར་འགྱུར།། རྟོགས་པས་བདག་ནི་བསྒྲལ་ཞེས་བྱ། ། གང་ཞིག་ཐུགས་རྗེས་གཞན་བསྒྲལ་ན།། ཞིང་དུ་གྱུར་པའི་བསྒྲལ་བྱ་རྣམས།། མཉེས་པ་ལྔ་དང་སྟོང་པ་ལྔ།། དགོངས་པ་ལྔ་དང་གྱུར་པ་ལྔ།། དེ་སོགས་ཡུམ་གྱི་མཁའ་ལ་འཕངས།། སྐུ་གསུམ་རྒྱལ་བའི་ཞིང་དུ་ངེས། ། ཚོགས་ཆེན་གཉིས་ཀྱང་རྫོགས་པར་འགྱུར།། ཐབས་ཀྱི་ལམ་ལ་སྦྱོར་འདོད་ན།། རང་དོན་གསལ་བ་རྣམ་པ་གསུམ།། གསང་དབང་ཤེས་རབ་ཡེ་ཤེས་དང།། བདེ་བ་ཆེན་པོའི་དབང་གསུམ་ཉིད། ། གཏུམ་མོ་འཁོར་ལོ་སྲོག་ཤིང་གསུམ།། འདི་ལས་འབྱུང་བའི་ལམ་ཡིན་ནོ།། ལུས་ཀྱི་འཁྲུལ་འཁོར་ལེགས་གནས་ན།། རླུང་གིས་མེ་ནི་རབ་ཏུ་འབར།། ཀྵ་ནི་ཀུན་ཏུ་བཟང་པོ་ཉིད།། བདུད་རྩི་འབབ་པ་ཀུན་བཟང་མོ། ། བདེ་བའི་ཡེ་ཤེས་རོལ་མོ་ཡིས།། རང་གི་ལུས་ཀྱི་ལྷ་རྣམས་མཉེས།། ཡེ་ཤེས་སྒྱུ་མའི་དངོས་གྲུབ་ནི།། རྣལ་འབྱོར་པ་ཡིས་ཐོབ་པར་འགྱུར།། ལུས་ལ་དཀྱིལ་འཁོར་རྣམ་པ་བཞི།། བསྒོམས་པས་བདེ་བ་རྣམ་པ་བཞི། ། གསང་བ་སྔགས་ཀྱི་ཡིག་འབྲུ་བཞི།། སྙིང་པོ་རླུང་གི་གནས་པ་བཞི།། དཀྱིལ་འཁོར་སྲོག་ཤིང་རྣམ་པ་གསུམ།། ལུས་དང་ངག་དང་ཡིད་དུ་གནས།། སྲིད་པ་གསུམ་དང་གྲོང་ཁྱེར་གསུམ། ། འཁོར་བ་གཟུང་འཛིན་འདས་པ་གསུམ།། གཞན་དོན་སྦྱོར་བའི་མཆོད་པ་འབུལ།། བདེ་གཤེགས་ཡུམ་ལྔ་གཟུངས་མ་ནི།། གླང་པོ་ཅན་མ་སངས་རྒྱས་སྤྱན།། དུང་ཅན་མ་ནི་དབྱིངས་ཕྱུག་མ།། རི་དྭགས་ཅན་མ་མཱ་མ་ཀཱི། ། རི་མོ་ཅན་ནི་གོས་དཀར་མོ།། སྣ་ཚོགས་ཅན་མ་དམ་ཚིག་སྒྲོལ།། སྦྱོར་བ་ཉིད་ནི་རིགས་ལྔ་ཉིད།། རིག་པ་སྲ་བ་ས་ཡིན་ཏེ། དེ་ཉིད་རྟག་པ་རྣམ་པར་སྣང།། གཤེར་བ་ཆུ་སྟེ་དཀོན་མཆོག་དཔལ། ། དྲོ་བ་མེ་ནི་ཚེ་དཔག་མེད།། གཡོ་བ་རླུང་གི་དོན་ཡོད་གྲུབ།། ཐིག་ལེ་ནམ་མཁའ་མི་བསྐྱོད་ཡིན།། བདེ་བ་བཅུ་དྲུག་སེམས་དཔར་ཤར།། ཕྱི་ཡི་གནས་ལ་ལྟོས་པ་ནི།། ལུས་ཀྱི་ཁོལ་བུར་བྱམས་པ་སྐྱེས། ། ལུས་ལ་ཕལ་ཆེར་སྒྲིབ་སེལ་ཉིད།། ཀུན་ཏུ་བཟང་པོས་ལུས་ཀུན་ཁྱབ།། འཇམ་དཔལ་སྣང་དངོས་བདེ་བར་འཆར།། ནང་གི་གནས་ལ་ལྟོས་པ་ཡུམ།། བདེ་བ་སྤྱི་མགྲིན་སྤོས་མ་ཉིད།། མཆོག་བདེ་མགྲིན་སྙིང་མེ་ཏོག་འཐོར། ། སྙིང་ག་ལྟེ་བ་མར་མེ་གསལ།། ལྟེ་བ་གསང་གནས་ལྷན་སྐྱེས་དྲི།། སྤང་བྱ་ལྟོས་པ་རྣམ་པ་བཞི།། ས་སྙིང་གཟུགས་འཛིན་རགས་རིམ་འགོག། ནམ་སྙིང་བདག་རྟོག་རགས་རིམ་འགོག། གཟུགས་ཀྱི་རྟོག་འགོག་སྤྱན་རས་གཟིགས།། བདེ་གསུམ་རྟོག་འགོག་ཕྱག་རྡོར་ཉིད།། རང་གི་ངོ་བོར་ལྟོས་པ་བཞི།། བདེ་བ་རྡོ་རྗེ་སྒེག་མོ་མ།། མཆོག་བདེ་རིན་ཆེན་ཕྲེང་བ་མ།། བདེ་བྲལ་པདྨ་གླུ་ལེན་མ། ། ལྷན་སྐྱེས་ལས་ཀྱི་གར་མཁན་ཉིད།། སྐད་ཅིག་བཞི་རུ་ཤར་བ་ནི།། རྣམ་པ་སྣ་ཚོགས་སྐད་ཅིག་མ།། ཁྲོ་བོ་གཤིན་རྗེའི་གཤེད་པོ་ཡིན།། རྣམ་པར་ཉེད་པའི་སྐད་ཅིག་མ།། ཁྲོ་བོ་སྟོབས་ཆེན་གཞན་མི་ཐུབ། ། རྣམ་པར་སྨིན་པའི་སྐད་ཅིག་མ།། ཁྲོ་བོ་རྟ་མཆོག་ཆེན་པོ་ལ།། མཚན་ཉིད་བྲལ་བའི་སྐད་ཅིག་མ།། ཁྲོ་བོ་བདུད་རྩི་འཁྱིལ་བ་ཡིན།། དྲོད་གསུམ་རྣམ་པ་བཞིར་བྱུང་བ།། འབར་བའི་དྲོད་ནི་རྣམ་པ་གཉིས། ། དང་པོ་འབར་བ་ལྕགས་ཀྱུ་མ།། རབ་ཏུ་འབར་བ་ཞགས་པ་ཉིད།། ལྕགས་སྒྲོག་ཐིག་ལེ་གཡོ་བའི་དྲོད།། དྲིལ་བུ་ཐིག་ལེ་བརྟན་པའི་དྲོད།། འགྱུར་བ་དྲུག་ནི་ཐུབ་པ་དྲུག། རྒྱ་མཚོ་རི་རབ་སྐམ་པ་ཉིད། ། ཆོས་ཀྱི་རྒྱལ་པོས་འདུལ་བ་ཡིན།། གླིང་བཞི་དབང་དུ་བྱ་བ་ནི།། ཤཱཀྱ་སེངྒེས་འགྲོ་དོན་མཛད།། རོ་འཛིན་རང་གི་གནས་སུ་སྦྱར།། ཡི་དྭགས་ཁ་འབར་འདུལ་བྱེད་དོ།། དབང་པོའི་མཆོག་ནི་སྟེང་དུ་བཞག། ལྷ་ཡི་བལྟས་པས་ཚིམ་པ་འདུལ།། ངག་ཏུ་སྟོབས་ཀྱི་ཧཱུཾ་དྲག་རིང།། སེངྒེ་དམ་ལྡན་འདུལ་བ་ལ།། ཏིང་འཛིན་ཧཱུཾ་ཕཊ་མདའ་གཞུ་འཕངས།། བགད་པས་ཚིམ་པ་ལྷ་མ་ཡིན།། ཀུན་ཏུ་བཟང་པོའི་བྱ་བ་བཞི། ། འབེབས་པ་མི་མཁས་མྱུར་དུ་ཉམས།། གཟུང་བ་མི་མཁས་བདེ་ཡུན་ཐུང།། བཟློག་པ་མི་མཁས་ཆུ་དང་བསྡང།། དགྲམ་པ་མི་མཁས་ནད་དུ་འགྱུར།། ཀུན་ཏུ་བཟང་མོའི་མཁས་པ་བཞི།། དབབ་པར་མཁས་པས་རུས་སྦལ་འགྲོས། ། གཟུང་མཁས་ལུས་ངག་འགྱུར་བ་གསུམ།། བཟློག་མཁས་དུད་འགྲོའི་འགྱུར་བ་བཞི།། ཁྱབ་མཁས་རྣམ་གྲོལ་ཕྱག་རྒྱ་བཅའ།། འདོད་ཆགས་ཐར་པ་བྱང་ཆུབ་སེམས།། བཞི་བཅུ་རྩ་གཉིས་ལྷུན་གྱིས་གྲུབ། ། ཅེས་གསུངས་སོ།། ཞི་བ་ལྷ་རྒྱུད་ཆེན་པོ་ལས། ལམ་དབང་དུ་བྱ་བ་ཆགས་ལམ་ལྷ་རྒྱུད་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། དགོངས་པའི་ཕྲིན་ལས་འདི་དག་ཡོངས་སུ་རྫོགས་པར་གསུངས་སོ།། ཧཱུཾ་ཆོས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་ལས།། ཅིར་འདུལ་ཐབས་ཀྱིས་བསྟན་པའི་ལས་མཛད་པ།། བདེ་གཤེགས་དཀྱིལ་འཁོར་ཐིག་ལེ་ཆེན་པོ་ནས། ། འཁོར་འདས་བྱང་ཆུབ་སེམས་ཀྱི་རྒྱུན་ཡང་འབེབས།། ལོངས་སྤྱོད་དཀྱིལ་འཁོར་ཆེན་པོའི་ཞལ་ཧོམ་དུ།། འདོད་ཡོན་ལྔ་ཡི་མཆོད་པས་དགྱེས་མཛད་ཅིང།། ཆོས་དབྱིངས་དཀྱིལ་འཁོར་ཆེན་པོའི་ཀློང་ཡངས་ནས། ། འཁོར་དང་མྱ་ངན་འདས་པ་ཀུན་མཁྱེན་ཞིང།། སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་བདེ་བ་འབེབས།། འགྲོ་དྲུག་སྐྱེད་མཛད་མྱ་ངན་འདས་པར་འདྲེན།། དཀྱིལ་འཁོར་བཞི་ཡི་བདག་པས་ཕྲིན་ལས་མཛད། ། དང་པོ་སངས་རྒྱས་རྣམ་པར་སྣང་མཛད་ནི།། ཡི་གེ་ཨཱ+ོཾ་ལས་བསྐྱེད་ནས་སྐུ་རུ་སྣང།། སངས་རྒྱས་སྣང་མཐའ་ཚེ་དཔག་མེད་པ་ནི།། ཡི་གེ་ཨཱཿལས་བསྐྱེད་ནས་གསུང་དུ་སྣང།། བདེ་གཤེགས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ། ། འགྱུར་མེད་ཧཱུཾ་ལས་སྤྲུལ་ནས་ཐུགས་སུ་སྣང།། ཡོན་ཏན་རིན་འབྱུང་སངས་རྒྱས་དཀོན་མཆོག་དཔལ།། སྭཱ་ལས་སྤྲུལ་ནས་ཡོན་ཏན་ཡིད་བཞིན་སྣང།། ལས་མཛད་གྲུབ་པ་གདོན་མི་ཟ་བ་ནི། ། ཧཱ་ལས་སྐྱེས་ནས་ཕྲིན་ལས་མཛད་པར་སྣང།། རིགས་ཀྱི་སངས་རྒྱས་ལྔ་ཡི་རང་བཞིན་གྱིས།། གྲུབ་པ་སྔགས་ཀྱི་ཕྲིན་ལས་ཁྱེད་ཀྱིས་མཛོད།། བདུད་རྩི་དྲི་ཆེན་གསེར་མདོག་རྣམ་སྣང་མཛད།། མི་བསྐྱོད་བྱང་ཆུབ་སེམས་ཀྱི་ཁུ་བའི་སྐུ། ། ཤ་ཆེན་དགོས་འདོད་འབྱུང་བ་དགོས་འདོད་སྐུ།། པདྨ་རཀྟ་སྣང་བ་མཐའ་ཡས་ཉིད།། དྲི་ཆུ་ལས་རབ་མགོན་པོ་དོན་ཡོད་གྲུབ།། གླང་ཆེན་མཱང་ས་ཡུམ་མཆོག་སངས་རྒྱས་སྤྱན། ། བྱ་ཤ་མཁའ་ལ་འཕྱོ་བ་དབྱིངས་ཕྱུག་མ།། མགྱོགས་བྱེད་རྟ་ནི་དབྱིངས་ཕྱུག་མཱ་མ་ཀི། བ་གླང་སྐྱོན་གྱིས་མ་གོས་ན་བཟའ་དཀར།། ཁྱི་ཤ་ལས་རབ་དམ་ཚིག་སྒྲོལ་མར་སྣང།། ཁམས་ཀྱི་དངས་མ་བདུད་རྩི་མཆོག་གི་སྐུ། ། རིགས་ལྔ་ཡབ་ཡུམ་ཁྱེད་ཀྱིས་ཕྲིན་ལས་མཛོད།། ཁྱབ་བྱེད་རྣམ་སྣང་སངས་རྒྱས་སྤྱན་དང་འཁྲིལ།། སྲོག་འཛིན་མི་བསྐྱོད་ཡུམ་ཆེན་དབྱིངས་ཕྱུག་མ།། མི་མཉམ་རིན་ཆེན་འབྱུང་ལྡན་མཱ་མ་ཀི། གྱེན་རྒྱུ་སྣང་བ་མཐའ་ཡས་གོས་དཀར་མ།། ཐུར་སེལ་དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ།། རྒྱུ་བ་ས་ཡི་སྙིང་པོ་སྒེག་མོའི་སྐུ།། བྱམས་པ་བདུག་སྤོས་མ་ཡི་སྐུ་རུ་སྣང།། ཕྱིར་ལ་ལྡང་བ་ཀུན་ཏུ་བཟང་པོ་ཉིད།། ནང་དུ་འཇུག་པ་ཐུབ་དྲུག་འགྲོ་དོན་རྫོགས། ། ཁོང་དུ་གནས་པ་ཀུན་ཏུ་བཟང་མོ་ཉིད།། ཁ་སྦྱོར་བཟུང་བ་སྒོ་སྲུང་ཡབ་ཡུམ་བརྒྱད།། བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན།། འདུ་བྱེད་སྙིང་པོའི་ཕྲིན་ལས་ཁྱེད་ཀྱིས་མཛོད། ། རྩ་གནས་དཀྱིལ་འཁོར་གྲུབ་པའི་གཞལ་ཡས་ནས།། ཁམས་ཀྱི་བདུད་རྩི་སངས་རྒྱས་སྐུ་བཞུགས་ཤིང།། གྲུབ་པ་སྔགས་ཀྱི་ནུས་མཐུ་ངག་ལ་འཆར།། སྙིང་པོ་རླུང་གི་ཐུགས་ཀྱིས་ཡོངས་ལ་ཁྱབ། ། གནས་པ་རྩ་ཡིས་སྐུ་དབྱིབས་གསལ་བྱེད་ཅིང།། ཁམས་ཀྱི་བདུད་རྩིས་རྣམ་པ་བདེ་བ་དང།། སྔགས་ཀྱི་ཡིག་འབྲུས་རང་བཞིན་སྟོང་གསལ་བྱེད།། སྙིང་པོ་རླུང་གིས་ངོ་བོ་ཟུང་དུ་འཇུག། ལུས་ཀྱི་སྒྲིབ་སྦྱངས་བུམ་པའི་དབང་རྣམས་རྫོགས། ། ངག་གི་སྒྲིབ་དག་གསང་བའི་དབང་ཆེན་འབེབས།། ཡིད་ཀྱི་སྒྲིབ་དག་ཤེས་རབ་ཡེ་ཤེས་སྤྱོད།། ལུས་ངག་ཡིད་སྒྲིབ་དག་བྱེད་བདེ་ཆེན་དབང།། བདག་ཏུ་བལྟ་བའི་གཟུང་འཛིན་རྣམ་སྤོང་བ། ། སངས་རྒྱས་བདེ་གཤེགས་ཁྱེད་ཀྱིས་བྱིན་གྱིས་རློབས།། ཞེས་གསུངས་སོ།། ཞི་བ་ལྷ་རྒྱུད་ཆེན་པོ་ལས།། ཕྲིན་ལས་བཅོལ་བ་སྟེ་ལེའུ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པས་མཐར་ཕྱིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། ། བསྙེན་བསྒྲུབ་རྣམ་བཞིའི་གསང་སྔགས་ཀྱིས།། ཐུན་མོང་རིག་འཛིན་ས་ཐོབ་ནས།། སྐུ་ལྔ་ལྷུན་གྲུབ་ཉིད་དུ་གནས།། ཐུགས་རྗེས་མཛད་བྱེད་མ་ལུས་འདུལ། ། ཨོཾ་ཛི་ན་ཛིགཧཱུཾ་བཛྲ་དྷྲྀགསྭཱ་རཏྣ་དྷྲྀགཱཾ་ཨཱ་རོ་ལིགཧཱ་པྲཛྙཱ་དྷྲྀགལཱཾ་དྭེ་ཥ་ར་ཏི། མཱུཾ་དྷཱ་ཏྭཱི་ཤྭཱ་རཱི། མཱཾ་མོ་ཧ་ར་ཏི། པཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། བསྙེན་པའི་གསང་སྔགས་ཞེས་བྱ་བ། རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱི། ། གསང་སྔགས་རབ་ཏུ་བཟླས་གྱུར་ན།། ཕུང་པོ་ལྔ་དང་འབྱུང་ལྔར་སྦྱོང།། ཀྵཱིཾ་ཧི་རཱ་ཛ་ཡ། ཏྲཾ་ཨཱ་གརྦྷ་ཡ། ཧྲཱིཾ་ཧ་ཧཱུཾ་པདྨ་པཱ་ད་མ། ཛིཾ་ཀུ་རུ་པཱ་ཎ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ། ཧྲཱིཾ་གཱི་ཏི་རཱ་གོུ྅ཧཾ། ཨ་ནིརྟི་རཱའ་ག་ཡཱ་མཻ། མཻ་དྷ་ར་ཎེ་སྭཱ་ཧཱ། ཐླྷིཾ་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་སྭཱ་རཱ་ཛ་ཡ་སྭཱ་ཧཱ། མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཛཿདྷུ་པེ་པྲ་བེ་ཤཧཱུཾ་པཱུཥྤེ་ཨཱ་བེ་ཤ། བཾ་དཱི་པ་སུ་གི་རཱི། ཧོཿགནྡྷེ་ཙིཏྟ། ཉེ་བསྙེན་ནང་གི་དབང་པོ་ཡུལ། ། ཕྱི་ཡི་དབང་པོ་དུས་བཞི་རྣམས།། བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱི།། འཁོར་དུ་ཉེ་བར་བསྙེན་པའོ།། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨཱ་བཛྲ་བྷ་དྲཱ་ས་མན་ཏ་ཨཿ། ཨོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་པྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། བསྒྲུབ་པ་ཀུན་བཟང་ཡབ་དང་ཡུམ།། ཐུབ་དྲུག་སྤྲུལ་པའི་སངས་རྒྱས་རྣམས།། འགྲོ་བའི་དོན་ལ་རབ་བརྩོན་པས།། ཞི་བའི་འགྲོ་དོན་བསྒྲུབ་པར་བྱ། ། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ཧཱུཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ། ཧཱུཾ་པདྨཱནྟ་ཀྲྀ་ཏ་ཕཊ། ཧཱུཾ་པྲཛྙཱནྟ་ཀྲྀ་ཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། སྒྲུབ་ཆེན་སྒོ་སྐྱོང་ཡབ་དང་ཡུམ།། དཀྱིལ་འཁོར་ཕྱི་ནས་ལས་བྱེད་པས།། ཕྱག་རྒྱ་བཞིས་ནི་ཀུན་ལ་ཁྱབ།། དེ་ཕྱིར་སྒྲུབ་ཆེན་ཉིད་དུ་འགྲུབ། ། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་བ།། སེངྒེ་མངལ་རྒྱར་ཚུད་པ་ལྟར།། ཁྱུང་གི་སྒོང་རྒྱ་ལྟ་བུ་སྟེ།། རྣལ་འབྱོར་པ་ནི་ལུས་ཀྱི་རྒྱ།། སྒྲོན་མ་བཟློག་ན་སྤ་བ་ནུབ།། ལྟེ་བ་མཁྲང་ལ་སེང་པའི་ཁོག། གདུང་ཁེབས་གཙུག་ཏོར་དྲུག་པ་ནི།། ཉི་ཟླའི་ཚེ་དང་མཉམ་པ་ཡིན།། རང་དོན་སྟོང་དང་དྲུག་བརྒྱ་ཉིད།། གཞན་དོན་ལོ་བརྒྱར་གཟུགས་སུ་གནས།། བསྒོམས་པས་མངོན་དུ་གྱུར་པའི་ལྷ།། གང་བསྒོམ་ལྷ་ཡི་ཆ་བྱད་ཉིད། ། དགོངས་པ་ཉིད་ལ་སངས་རྒྱས་ཤིང།། མཉམ་པར་མ་བཞག་དེ་མིན་པ།། རིག་འཛིན་ཀུན་གྱི་རྒྱལ་པོ་སྟེ།། ལྷུན་གྲུབ་རིག་པ་འཛིན་པའོ།། ཆོས་སྐུ་དྲི་མ་མེད་པ་དང།། ལོངས་སྐུ་འཁོར་ལོས་སྒྱུར་རྒྱལ་འདྲ། ། སྤྲུལ་པ་མཛད་པ་མཐར་ཕྱིན་ཅིང།། སྐྱེ་འཇིག་བྲལ་བ་རྡོ་རྗེ་ཉིད།། ཡུལ་མེད་རང་གསལ་མངོན་བྱང་སྐུ།། སྐུ་ལྔ་ལྷུན་གྱིས་གྲུབ་པའོ།། ཆོས་ནི་སྐྱེ་མེད་དོན་གྱི་གསུང།། ལོངས་སྤྱོད་དགོངས་པ་བརྡ་ཡིས་སྟོན། ། སྤྲུལ་པ་ཚངས་པའི་གསུང་དབྱངས་སྙན།། མངོན་བྱང་རིག་པ་བྱིན་གྱིས་བརླབས།། འཇིགས་མེད་དབྱེར་མེད་རྡོ་རྗེའི་གསུང།། གསུང་ལྔ་ཉིད་དུ་ལྷུན་གྱིས་གྲུབ།། སོ་སོར་སྣང་བ་གདུལ་བྱའི་བློ།། ཐ་དད་བྱ་བ་གང་ལ་ཡོད། ། བདེ་བ་ཆེན་པོའི་ཐུགས་དང་ནི།། རྣམ་པར་མི་རྟོག་ཐུགས་ཉིད་དང།། འགྲོ་བ་ཐམས་ཅད་སྒྲོལ་བ་དང།། མཉམ་པ་ཆེན་པོའི་མཆོག་གནས་དང།། དབྱེར་མེད་རྡོ་རྗེའི་ཐུགས་ལྔར་གནས།། ཐ་དད་འདོད་ན་ཐ་དད་སྣང། ། དབྱེར་མེད་འདོད་ན་དབྱེར་མེད་སྣང།། ཞིང་ཁམས་དང་ནི་གཞལ་ཡས་ཁང།། འོད་ཟེར་དང་ནི་གདན་ཁྲི་རྒྱན།། ལོངས་སྤྱོད་ལྔ་ནི་ཡོན་ཏན་ཏེ།། བདེ་བར་གཤེགས་ལ་རྩོལ་མེད་སྣང།། ཞི་རྒྱས་དབང་དང་མངོན་སྤྱོད་དང། ། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིན།། ཕྱོགས་མེད་རང་སྣང་ཞིང་ཁམས་ན།། གདུང་རྟེན་རང་སྣང་གཞལ་ཡས་ཁང།། འོད་ཟེར་སྒྲིབ་མེད་འོད་གསལ་བ།། གདན་ཁྲི་འབྲས་ཆོས་རྫོགས་རང་གདན། ། རྒྱན་ནི་མ་སྤངས་རང་སྣང་རྒྱན།། དེ་ཡང་རྣམ་པ་ལྔ་ལྔར་སྣང།། གདལ་ཁྱབ་ཆེན་པོའི་མཁའ་ཁྱབ་ཞིང།། བདེ་བ་ཅན་ནི་འོག་མིན་གནས།། མོས་པ་ཅན་ནི་རིགས་དྲུག་གནས།། ཕྱོགས་བཅུར་མ་ལུས་རིགས་སྣང་བ། ། པདྨ་ཅན་དེ་ཡུམ་གྱི་མཁའ།། ཡོངས་རྫོགས་ཕྱི་ནང་མེད་པར་སྣང།། འོག་མིན་ངེས་པ་ལྔ་ལྡན་ཏེ།། ཐ་དད་མ་ངེས་སྤྲུལ་སྐུའི་ཁང།། སྐུ་ཉིད་འོད་དེ་རིག་པ་ཉིད།། ཡུམ་མཁའ་སྐྱེ་གནས་གཞལ་ཡས་ཁང། ། ཀུན་ཁྱབ་ཡེ་ཤེས་དོན་འོད་ཟེར།། ཁ་དོག་དྲུག་སྟེ་རྟགས་ཀྱི་འོད།། དབུ་ཕྱག་ལས་བྱུང་འགྲོ་འདུལ་འོད།། འོད་རིགས་ཀུན་དེ་རང་བཞིན་འོད།། བདེ་ཆེན་ཆོས་ཉིད་འོད་ཟེར་རོ།། མི་འཇིགས་སྟོབས་དབང་རྫུ་འཕྲུལ་ལས། ། དེ་རྟགས་སེམས་ཅན་ཆེན་པོ་ལྔ།། ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ།། ཆོས་ཉིད་ཇི་བཞིན་འབྲས་བུའི་གདན།། གསང་པད་ཉི་ཟླ་ཐིག་ལེའོ།། རིག་པ་རང་སྣང་འོད་ཀྱི་རྒྱན།། མཚན་དང་དཔེ་བྱད་རྟགས་ཀྱི་རྒྱན། ། སྟོད་གཡོགས་སྨད་དཀྲིས་ཁྲིམས་ཀྱི་རྒྱན།། ཆོས་རྣམས་མ་སྤངས་རང་བཞིན་རྒྱན།། ཁུ་བ་ཡེ་ཤེས་ལས་ཀྱི་རྒྱན།། ཆོས་སྐུའི་ཕྲིན་ལས་རྣམ་པ་ལྔ།། མཚན་མ་ཐམས་ཅད་ངང་གིས་ཞི། ། དེ་ཉིད་ཤེས་བྱ་ཐམས་ཅད་རྒྱས།། འབྲས་བུའི་ཆོས་རྣམས་དབང་དུ་འདུས།། རྟོག་པ་ངང་གིས་རླག་བྱེད་དྲག། བཞི་ག་ལྷུན་གྲུབ་གསལ་ཡའི་ལས།། སྣང་མཛད་ལ་སོགས་རིགས་ལྔ་པོ།། ལས་ལྔ་སྦྱར་བ་དངོས་སྣང་ལས། ། ལས་བཞིའི་ཚད་རྒྱུ་བཞི་སྦྱར་ཞིང།། བསྡུ་བཞིའི་ལྷུན་གྲུབ་ཕན་འདོགས་ལས།། ལས་བཞི་སྟོངས་གནས་ཆགས་དང་འཇིག། རིག་པར་ལྷུན་གྲུབ་ངོ་བོའི་ལས།། ལས་བཞིའི་རྟོག་དག་བདེ་བ་རྒྱས། ། ཡེ་ཤེས་རང་ཤར་མཚན་མ་ནོན།། རང་ཤར་ལྷུན་གྲུབ་དངོས་ཀྱི་ལས།། དེ་ལྟར་འབྲས་བུ་ཉེར་ལྔའོ།། གཞན་ནས་ཡོད་འོང་མ་ཡིན་ཏེ།། འགྲོ་བ་གཅིག་ཉིད་རེ་རེ་ལའང།། ལུས་ངག་ཡིད་ལ་ནུས་པ་ལྔ། ། གནས་བཞིན་མ་འདྲེས་ཡོངས་རྫོགས་ཤེས།། ལྷག་པའི་ཆོས་སྐུ་ཆེན་པོ་ལས།། རྟག་པ་རྒྱུན་དུ་ཐུགས་རྗེ་སྐྱེ།། སེམས་ཅན་རྣམས་ཀྱིས་དེ་མ་རིག། དཔེར་ན་ཆུ་བོ་གངྒཱ་བཞིན།། ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི། ། བསྐུལ་ཞིང་གསོལ་བ་བཏབ་པས་སྐྱེ།། སྤྲུལ་སྐུ་བྱང་ཆུབ་རྣམ་པ་དྲུག། ཡུལ་དང་ཕྲད་ན་ཐུགས་རྗེ་སྐྱེ།། མངོན་བྱང་སྐུ་དང་རྡོ་རྗེའི་སྐུ།། རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ།། ཞེས་གསུངས་སོ།། ཞི་བ་ལྷ་རྒྱུད་ཆེན་པོ་ལས། ། མཐར་ཕྱིན་པའི་ཞི་བ་སྐུ་ལྔ་ལྷུན་གྱིས་གྲུབ་པར་བསྟན་པ་སྟེ་ལེའུ་བརྒྱད་པའོ།།།། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་བསྟོད།། རྩ་རྣམས་གཙུག་ཏོར་མཆོག་ཏུ་གྱུར།། སྤྲུལ་པ་སྐུ་ཡི་རང་བཞིན་ཉིད། ། སྔགས་རྣམས་ཧཱུཾ་གི་གཟུགས་སུ་འདུས།། བདེ་ཆེན་ལོངས་སྤྱོད་རྫོགས་པར་གནས།། ཁམས་ཀྱི་དངས་མ་བདུད་རྩི་ཉིད།། ཁམས་དགུ་འདུས་པ་ཆོས་ཀྱི་སྐུ།། སྙིང་པོ་རླུང་རྣམས་རང་གདངས་མར། ། དབྱེར་མེད་རྡོ་རྗེ་མངོན་བྱང་ཆུབ།། རིགས་བདག་དབྱེར་མེད་ཀུན་ལ་ཁྱབ་པའི་སྐུ།། སྟོན་པའི་བདག་ཉིད་ཀུན་བཟང་ཁྱོད་ཕྱག་འཚལ།། ཡེ་ཤེས་ལྔ་ལས་སྐུར་སྣང་ལོངས་སྤྱོད་རྫོགས།། ཕུང་པོ་ལྔ་ཡི་རང་བཞིན་ཉིད་དུ་སྣང། ། འབྱུང་བ་ལྔ་ཡི་ཡུམ་དང་རྣམ་པར་འཁྲིལ།། འཆད་པའི་སྐྱེས་བུ་ཁྱེད་ལ་བདག་ཕྱག་འཚལ།། ཆུ་བོ་བཞིན་དུ་རྒྱུན་ཆད་མེད་པར་གནས།། དང་པོ་དེ་ལས་བྱུང་ནས་བྱ་བ་བྱེད།། མཐའ་མ་དེར་ཐིམ་རང་གི་གནས་ལ་བཞུགས། ། འགྲོ་བའི་ནད་སོས་མཛད་པ་སྨན་གྱི་གནས།། འཇིག་རྟེན་ཐགས་བཞིན་སྣང་བའི་རང་བཞིན་ཅན།། རྒྱུད་རྒྱལ་དགོངས་པ་ཅན་ལ་ཕྱག་འཚལ་བསྟོད།། བདག་སོགས་རྣམས་ཀྱིས་ཇི་ལྟར་གཟུང་བར་བྱ། ། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་གསུངས་པ། རྒྱུད་འདི་སྣོད་ངན་ཀུན་ལ་གསང་བ་དང།། དམ་ལྡན་སྣོད་ལྡན་རྣམས་ལ་ཁྱོད་ཀྱིས་གཏོད།། ཅེས་གསུངས་པས་རྗེས་སུ་ཡི་རང་ངོ། ། ཞི་བ་ལྷ་རྒྱུད་ཆེན་པོ་ལས།། རྗེས་སུ་ཡི་རང་བ་སྟེ་ལེའུ་དགུ་པའོ།།།། ཞི་བ་ལྷ་རྒྱུད་ཆེན་པོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་པྲ་མ་ས་ཏྭ་ལས། ལོ་ཙྪ་བ་པདྨ་རུ་རྩེས་བསྒྱུར་བའོ། །།། ། རྒྱ་གར་སྐད་དུ། དྷརྨཱ་ཏཱ་ཤནྟ་དེ་བ་ཏནྟྲ། བོད་སྐད་དུ། ཆོས་ཉིད་ཞི་བའི་ལྷ་རྒྱུད། བཅོམ་ལྡན་འདས་ཀུན་བཟང་ཀུན་ཏུ་ཞི་བའི་ལྷ་ལ་ཕྱག་འཚལ་ལོ།། འདི་སྐད་བསྟན་པའི་དུས་གཅིག་ན།

CLOSE WINDOW