Wylie |
རྒྱ་གར་སྐད་དུ།། ཙིཏྟ་ཏནྟྲ་རཏྣ་ཀུ་ཊཱ་ལཾ་ཀཱ་ར་ནཱ་མ།། བོད་སྐད་དུ། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ། ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ན་བཞུགས་པ། བྱ་རྩོལ་མི་མངའ་བ། གསང་བ་མཆོག་གི་དཀྱིལ་འཁོར་དང་འདུ་འབྲལ་མེད་པར་བཞུགས་པ། ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན། ཡེ་ཤེས་ཀྱི་སྣང་བ་མི་འགག་པར་འོད་གསལ་བ། ཐུགས་རིན་པོ་ཆེའི་ཀློང་ན་འདུ་འབྲལ་མེད་པ། སྟོང་པ་ཆེན་པོ་ཡེ་ཤེས་ཀྱི་སྙིང་པོར་གནས་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་འོག་མིན་གྱི་གནས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལྔ་བཞུགས་ཏེ།། དེའི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་གཉིས་སུ་མེད་པར་བཞུགས་ནས། ཀྱེ་ཀྱེ་རྡོ་རྗེ་འདུས་པའི་ཡེ་ཤེས་སྐུ།། ཚིག་གཅིག་མཚོན་པས་དོན་ཆེན་སྲུངས། ། རྣམ་པར་དག་པའི་ལམ་ཆེན་པོ།། སངས་རྒྱས་ཉིད་ཀྱིས་ཡོངས་མ་གསུངས།། བགྲོད་མེད་ལམ་ལ་རབ་གནས་པ།། ཡེ་ཤེས་སྐུ་གཅིག་དྲི་མ་མེད།། མ་བསྐྱེད་གསང་བའི་དཀྱིལ་འཁོར་རྫོགས།། རྣམ་དག་ལམ་ལ་རབ་ཏུ་གནས། ། མགོན་པོ་ཤེས་རབ་ཕ་རོལ་ཕྱིན།། ཤེས་རབ་མཚོན་ཆ་རྣོན་པོ་ཡིས།། སྙིང་རྗེ་མེད་པར་ཐམས་ཅད་སྒྲོལ།། གཟུང་འཛིན་གཉིས་མེད་ཡེ་ཤེས་སྐུ།། མྱ་ངན་འདས་མེད་འཁོར་བ་མེད། ། མགོན་པོ་དྲི་མེད་ཡེ་ཤེས་སྐུ།། སངས་རྒྱས་ཀུན་གྱི་གཅེན་ཆེན་པོ།། ཐུགས་ཀྱི་སྒྲོན་ལས་དོན་བསྟན་པ།། འཇིག་རྟེན་ཁམས་ནི་རྫོགས་སངས་རྒྱས།། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང།། རྡོ་རྗེའི་གདན་ལ་ཡང་དག་བརྟེན། ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་དོན་འདི་ནི།། ཀུན་གྱིས་རིག་པ་མ་ཡིན་ཏེ།། ལྷ་ལ་སོགས་ཏེ་འགྲོ་བ་རྣམས།། བྱང་ཆུབ་སེམས་དཔའ་མི་རིག་སྟེ། ། ཆོས་པ་རྣམས་ཀྱི་དོན་མི་རྙེད།། སངས་རྒྱས་ལམ་ལ་མི་གནས་ཏེ།། ལམ་ལ་བགྲོད་པ་རྩོལ་བའི་ནད།། སངས་རྒྱས་ཉིད་ལ་འབྲས་བུ་མེད།། འབྲས་བུ་གྲུབ་པར་འདོད་པ་ཡི།། བྱང་ཆུབ་སེམས་དཔས་དོན་མི་རྙེད། ། དེ་ཕྱིར་མགོན་པོ་དྲི་མེད་ངས།། ཐུགས་ཀྱི་དཀྱིལ་འཁོར་རང་བྱུང་བ།། ཡེ་ཤེས་ལྷུན་རྫོགས་མེ་ལོང་བཞིན།། ང་ནི་དུས་གསུམ་རྟག་པར་བཞུགས།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། དྲི་མེད་རང་བྱུང་འོད་གསལ་བ། ། དུས་གསུམ་གཅིག་སྟེ་རྟག་པར་བཞུགས།། རང་ལས་འབྱུང་བའི་ཡེ་ཤེས་ལྔ།། གསང་བའི་དཀྱིལ་འཁོར་ཐུགས་ཀྱི་མཆོག། མཚན་ཉིད་མེ་ཆུ་ས་རླུང་ལྔ།། རང་ལས་བྱུང་བའི་ཆོས་ཉིད་དེ།། ལས་ལ་མ་རྨོངས་ཐབས་ཀྱི་ཞིང། ། བྱེད་པ་པོ་ཉིད་རྡོ་རྗེ་སྟེ།། སྐྱེ་འགག་མེད་པའི་ཡེ་ཤེས་འདི།། རང་བཞིན་ནམ་མཁར་འོད་གསལ་བ།། གཞི་ལས་བྱུང་བའི་ཡེ་ཤེས་ཏེ།། དང་པོ་རྒྱུ་མེད་དབྱིངས་ལས་ཤར།། ཐ་མ་རྐྱེན་མེད་བདེ་བའི་ངང། ། འབྱུང་བ་ས་ཆུ་མེ་རླུང་ཀྱང།། བདག་ཉིད་ཆེན་པོའི་དེ་བཞིན་ཉིད།། འགྲོ་བའི་རྒྱུད་དྲུག་སྣང་བ་ཡང།། དག་པའི་ཡེ་ཤེས་རྒྱུ་ཡི་ངང།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། དང་པོ་རྒྱུ་མེད་དབྱིངས་ལས་བྱུང། ། ཐ་མ་རྒྱུ་མེད་དབྱིངས་སུ་ཐིམ།། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ཉོན་མོངས་ལྔ་དང་མཚམས་མེད་ལྔ།། ལམ་གྱི་དགྲ་སྟེ་ལམ་གྱི་མཆོག། ང་ནི་སངས་རྒྱས་ཀུན་གྱི་སྐུ།། ང་ནི་སེམས་ཅན་ཀུན་གྱི་དུར།། ང་ནི་ནད་རྣམས་ཀུན་གྱི་སྨན། ། ཤེལ་ལྟར་དྲི་མེད་ཡེ་ཤེས་སྐུ།། གཞི་ལ་དངོས་མེད་ནམ་མཁའ་འདྲ།། འགག་མེད་ཡེ་ཤེས་འོད་ཀྱི་སྐུ།། ཆུ་ཟླ་ལྟ་བུར་རང་བཞིན་མེད།། རང་བྱུང་ཡེ་ཤེས་འགག་མེད་གསུང།། བྲག་ཆ་ལྟ་བུར་རང་བཞིན་མེད། ། མི་འགྱུར་རྡོ་རྗེ་ལྟ་བུའི་ཐུགས།། ཉི་མ་ལྟ་བུར་སྒྲིབ་པ་མེད།། ཅེས་པ་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ། ཐུགས་ཀྱི་རྒྱུད་དམ་པ་ལས། གཞིའི་འདུག་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། ཆོས་ཉིད་མཉམ་པའི་ཏིང་ངེ་འཛིན་ལས་བཞེངས་ནས། ཐུགས་མི་གནས་པའི་ཀློང་ནས། གསང་བའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས། ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་འདུས་པའི་ཚོགས་རྣམས་ང་ལ་ཉོན།། ང་མེད་གཞན་མེད་ངོ་བོ་ཉིད་ཀྱི་སྐུ།། ཡེ་ཤེས་དཀྱིལ་འཁོར་ངང་བྱུང་ལ།། གདོད་ནས་མ་བྱས་རང་བྱུང་བ།། བླ་མེད་ལྷན་རྫོགས་སྐུ་ལྔའི་བདག། སྨྲ་བསམ་བརྗོད་མེད་མྱ་ངན་འདས།། མི་གནས་ཤེས་རབ་ཕ་རོལ་ཕྱིན།། རང་བྱུང་ཡེ་ཤེས་ལྔར་སྣང་བ།། འདུ་འབྲལ་མེད་པའི་སྐུ་ལྔ་འགྲུབ།། རིགས་ཀྱི་གཙོ་བོ་ལྔར་སྣང་བ།། མཚན་བཟང་དཔེ་བྱད་ཚུལ་ཤེས་ལྡན། ། མར་མེ་གཅིག་ལས་གཉིས་སྣང་བཞིན།། བདག་མེད་ཤེས་རབ་ཕ་རོལ་ཕྱིན།། རྒྱན་དང་ཆ་ལུགས་ཚུལ་ཤེས་པ།། སྐྱེ་མེད་རྣམ་དག་གདན་སྟེངས་སུ།། འཁྲིལ་བའི་ཚུལ་དུ་བསྟན་པར་གནས། ། རང་བྱུང་གྲུབ་པའི་སྐུ་ལྔར་ཤར།། སྐྱེ་བ་མེད་ལས་སྐྱེ་སྣང་ཚུལ།། སྐྱེས་པ་ཉིད་ནས་འདུ་འབྲལ་མེད།། གཅིག་པུར་སྣང་བའི་སྐུ་ལྔའོ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ང་ནི་རྣམ་དག་སྐུ་ཡི་མཆོག། ཡེ་ཤེས་ལུས་ཅན་དྲི་མ་མེད།། ང་ནི་རྣམ་དག་གསུང་གི་མཆོག། སྨྲ་བསམ་ཡུལ་ལས་འདས་པ་ཡིན།། ང་ནི་རྣམ་དག་ཐུགས་ཀྱི་མཆོག། རྟོག་པའི་མཐའ་ལས་འདས་པ་ཡིན།། སྟོང་པའི་ཡེ་ཤེས་རྩལ་སྣང་བ། ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། སྐུ་ལྔའི་ཡོན་ཏན་མཐར་ཕྱིན་པ།། ཤེས་རབ་ཕ་རོལ་ཕྱིན་པའི་གསུང།། གསུང་མེད་གསུང་གི་དཀྱིལ་འཁོར་ནས།། ཆོས་མེད་ཆོས་ཀྱི་དོན་བརྗོད་པ།། མགོན་པོས་བདག་ལ་བཤད་དུ་གསོལ། ། ཞེས་བཀའ་སྩལ་ཏོ།། དེ་ནས་སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུ་དང་དྲུག། ཡེ་ཤེས་ལྔ་མི་གནས་པའི་ཡེ་ཤེས་ཆེན་པོ་དང་དྲུག། ཡུལ་ལྔ་བདག་ཏུ་མེད་པའི་ཀློང་དང་དྲུག་གིས་སྨྲས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང། ། ང་བྱེད་པ་པོ་ཉིད་རང་བཞིན་གྱིས་རྣམ་པར་དག་ནས། སངས་རྒྱས་པས་འདུས་བྱས་ཀྱི་ཆོས་ཡེ་གདོད་མ་ནས་མེད་དོ།། ངའི་ཤེས་པ་རྣམ་པར་དག་པ་ཡིན་པས། ངའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ནོ། ། དེ་ནས་རང་རང་གི་རིགས་ཀྱི་འཁོར་རྣམས་དང་ལྷན་ཅིག་ཏུ་འཁོད་ནས།། ཐལ་མོ་མཉམ་པར་སྦྱར་ཏེ་གསོལ་པ། ངོ་བོ་ཉིད་ཀྱིས་སྨྲས་པ། ཨེ་མ་ཧོ།། བདེ་གཤེགས་བཅོམ་ལྡན་འདས།། སངས་རྒྱས་ཀུན་ཡི་ཡེ་ཤེས་སྐུ། ། རྟོགས་པར་དཀའ་བའི་སྙིང་པོའི་དོན།། རབ་ཏུ་མི་རྟོག་གནས་མེད་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པས། ཨེ་མ་ཧོ་གཟུང་འཛིན་རྣམ་སྤངས་པ།། ཚིག་དང་ཡི་གེའི་སྤྱོད་ཡུལ་མིན། ། ཆོས་བདག་མེད་པའི་མཉམ་པ་ཉིད།། རང་རིག་གདོད་ནས་མ་སྐྱེས་པའོ།། དེ་ནས་བཅོམ་ལྡན་འདས་རིན་ཆེན་སེམས་དཔས།། ཨེ་མ་ཧོ་མཉམ་ཉིད་རིག་པའི་ཀློང།། མིང་དུ་བཏགས་པའི་ཆོས་རྣམས་ཀུན། ། མཉམ་པ་ཉིད་ལས་གཞན་མེད་དོ།། དེ་ནས་བཅོམ་ལྡན་འདས་པདྨ་སེམས་དཔས། ཨེ་མ་ཧོ། ཆོས་སུ་སྣང་བ་ཐམས་ཅད་ཀུན།། རང་གི་ངོ་བོ་བརྗོད་དུ་མེད།། དེ་ཉིད་རང་རིག་ཡེ་ཤེས་ནི། ། མཁས་པ་རྟོགས་པས་བསྒོམ་པར་འགྱུར། དེ་ནས་བཅོམ་ལྡན་འདས་ལས་ཀྱི་སེམས་དཔས།། ཨེ་མ་ཧོ། ཆོས་ཀུན་རང་རིག་ཡེ་ཤེས་ཏེ།། ངེས་པ་མེད་དོ་དངོས་རྟོག་བྲལ།། དེ་ཉིད་དག་པའི་རང་བཞིན་པས། ། མཁས་པས་ཅི་དགར་བསྒོམས་ཀྱང་འགྲུབ།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སེམས་དཔས། ཨེ་མ་ཧོ་ཆོས་ཀུན་སྟོང་པའི་བདག། རང་གི་ངོ་བོ་བརྗོད་དུ་མེད།། བརྗོད་མེད་དེ་ཉིད་སྣང་བ་ཡིས། ། ཆོས་རྣམས་ཀུན་ལ་ཁྱབ་པར་གནས།། ཞེས་གསུངས་སོ།། དེ་ནས་ཡུམ་ཀུན་ཏུ་བཟང་མོས།། ཨེ་མ་ཧོ་ཆོས་ཉིད་བདེ་བའི་ཀློང།། རང་བཞིན་རྣམ་པར་དག་པས་ནམ་མཁའི་ངོ་བོ་ཉིད། ། དེ་ནས་ཡུམ་སངས་རྒྱས་སྤྱན་གྱིས། ཨེ་མ་ཧོ་མི་བསྐྱོད་བྱང་ཆུབ་སེམས།། དུས་གསུམ་འཕོ་འགྱུར་མེད་པས་ཡེ་ཤེས་དག་པའི་ཞིང།། དེ་ནས་ཡུམ་མཱ་མ་ཀཱིས། ཨེ་མ་ཧོ་ཡོན་ཏན་དཔག་མེད་སྐུའོ།། འདུ་འབྲལ་མེད་པར་གནས་པས་སྣོད་བཅུད་སྣུམས་པར་བྱེད། དེ་ནས་ཡུམ་གོས་དཀར་མོས། ཨེ་མ་ཧོ་ཐུགས་རྗེ་འོད་དཔག་མེད།། ཐམས་ཅད་སྨིན་པར་བྱེད་པའི་རང་བཞིན་ཡེ་ཤེས་འོད་ཀྱི་མེ། དེ་ནས་ཡུམ་དམ་ཚིག་གི་སྒྲོལ་མས། ཨེ་མ་ཧོ་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ། མ་བསྐྱོད་རླབས་ཀྱིས་གཅོད་པས་གར་ཡང་ཐོགས་མེད་སྒྲོལ། དེ་ནས་ཡུམ་བདག་ཏུ་མེད་པའི་ཀློང་གིས། ཨེ་མ་ཧོ།། མི་གནས་ཡེ་ཤེས་དངོས་རྟོགས་མཐའ་དང་བྲལ། ། སྐུ་དང་ཡེ་ཤེས་རོལ་པ་མཛད་སྤྱོད་ཀུན།། གདོད་ནས་རང་བཞིན་མེད་དེ་དངོས་རྟོག་མཐའ་དང་བྲལ།། ཞེས་གསུངས་སོ།། དེ་ནས་ཡེ་ཤེས་ལྔས་སྨྲས་པ།། རིག་པ་འགག་པ་མེད་པས་མེ་ལོང་ཡེ་ཤེས་ཡིན། ། དེ་ལ་འཕོ་འགྱུར་མེད་པས་མཉམ་པ་ཉིད།། དེ་ཉིད་རྒྱ་མ་ཆད་པས་སོར་རྟོག་ཡེ་ཤེས་ཡིན།། མ་བཙལ་ལྷུན་གྱིས་གྲུབ་པས་བྱ་བ་གྲུབ་པ་ཡིན།། སྐྱེ་མེད་དབྱིངས་ལས་ཡེ་ཤེས་རང་བྱུང་བས།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གདོད་ནས་དག། ཡེ་ཤེས་རྒྱལ་པོ་ཚིག་ལས་འདས་པ་སྟེ།། མི་གནས་ཚིག་ལས་འདས་པའི་ཡེ་ཤེས་ཡིན།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང།། དགའ་ཞིང་མགུ་ནས་ཡི་རང་སྟེ། ། ལེགས་སོ་ལེགས་སོ་རིགས་ཀྱི་བུ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། ཁྱེད་ཀྱིས་སྨྲས་པ་དེ་ལེགས་སོ།། ཚིག་དོན་རབ་ཏུ་གསལ་བ་ཡིས།། སྒྱུ་མ་ལྟ་བུའི་ཡེ་ཤེས་ལ།། སྒྱུ་མ་ལྟ་བུའི་ཚིག་བརྗོད་པས།། དངོས་པོ་མི་གཡོ་བརྟན་པར་བཞུགས། ། དེ་བཞིན་གཤེགས་པའི་སྐུ་ལྔ་ཡང།། ཡེ་ཤེས་ལྔ་རུ་མངོན་སངས་རྒྱས།། ཡེ་ཤེས་ལྔ་ཡི་ངོ་བོ་ཡང།། མི་གནས་ཡེ་ཤེས་ཆེན་པོར་རྫོགས།། མ་བསྐྱེད་རང་བྱུང་དབྱིངས་སུ་རྫོགས། ། རྫོགས་པའི་ཡང་རྫོགས་ཨ་ཏི་ལ།། མཐོ་དམན་བཟང་ངན་ཆེ་ཆུང་ཡངས་དོག་མེད་དེ་རྫོགས།། རང་བཞིན་རྣམ་པར་དག་པའི་སྐུ་མངའ་བས།། རང་བྱུང་བཙལ་མེད་སྐུ་ལྔ་ལྷུན་གྱིས་རྫོགས།། ནམ་མཁའི་རང་བཞིན་མཐའ་དང་དབུས་མེད་པས། ། ཕྱི་ནང་སྣོད་བཅུད་ནམ་མཁའི་ངང་དུ་རྫོགས།། རང་བྱུང་བདེ་ཆེན་ཡེ་བརྡལ་ཁྱད་པར་གནས།། མཉམ་དང་མི་མཉམ་སྐྱེ་མེད་ཀློང་དུ་རྫོགས།། རྫོགས་པའི་དོན་ལ་བཙལ་དུ་ཡེ་ནས་རང་བཞིན་མེད། ། ཅེས་གསུངས་སོ།། ཐུགས་ཀྱི་རྒྱུད་དམ་པ་ལས། ཐུགས་རྗེ་འབྱུང་བའི་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང།། རང་གི་ངོ་བོ་བརྗོད་དུ་མེད། ། མི་གནས་མྱ་ངན་འདས་པ་པོ།། རྟོགས་པའི་ཀློང་དུ་སུས་དྲིས་པ།། ཡེ་ཤེས་དྲི་མ་མེད་པ་ཡིན།། ལུང་དུ་བསྟན་པ་བདེ་གནས་པ།། གོལ་སྒྲིབ་གདར་ཤ་ཆོད་པ་ཡིན།། ཆོས་ལ་བློ་ནི་མི་གནས་ན། ། རྟག་ཆད་ཚིག་ལས་འདས་པ་ཡིན།། ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་དང།། ལོག་རྟོག་སྒྱུ་མར་སྣང་བའི་སེམས་ཅན་གཉིས།། སྒྱུ་མ་ཡིན་ཕྱིར་རང་བཞིན་རྣམ་པར་དག། མ་བྱུང་མ་སྐྱེས་འོད་ཀྱི་དཀྱིལ་འཁོར་ལ། ། བཀོད་པ་ལྷ་ཡི་དཀྱིལ་འཁོར་རྩོལ་མི་དགོས།། རང་བཞིན་རྣམ་པར་དག་པའི་ཆོས་སྐུ་ལ།། ཁྲུས་དང་གཙང་སྦྲ་མེ་ཏོག་བྱུག་མི་དགོས།། མཁའ་ལ་ཉི་མའི་སྙིང་པོ་བརྡལ་བ་ལ།། འོད་དང་སྣང་བ་ཀུན་ཏུ་བཙལ་མི་དགོས། ། ཤེས་རབ་རིག་པ་གཞི་ལས་ཤར་བ་ལ།། རྣ་བས་མཉན་ཅིང་ཚིག་ཕྱིར་འབྲངས་མི་དགོས།། ནོར་བུ་རིན་ཆེན་རང་ལ་ཡོད་བཞིན་དུ།། གཞན་ལ་བརྟེན་ནས་བཙལ་བས་ཆོས་ཉིད་དོན་མི་རྙེད། ། རྙོག་པ་མེད་པའི་ཆོས་སྐུ་ལ།། བཀྲུས་པས་མི་འདག་ནམ་མཁའ་འདྲ།། སྐྱེ་དང་བྲལ་བའི་སྙིང་པོ་ལ།། བྱང་ཆུབ་འབྲས་བུ་ཡོངས་ཀྱིས་མེད།། རྡོ་རྗེ་སེམས་དཔའ་བྱང་ཆུབ་ནི།། རང་གི་རིག་པ་ཆེན་པོས་མཁྱེན། ། རང་རིག་དུ་མར་མི་སྣང་བས།། སོ་སོར་བསྟན་ཀྱང་གཅིག་གི་ངང།། བདེ་གཤེགས་སྐུ་རྣམས་དུ་མར་སྣང།། ཡེ་ཤེས་ལྔ་ཡི་བདག་ཉིད་སྣང།། ཉི་མའི་སྙིང་པོ་ཇི་བཞིན་ནོ།། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ། ། སྣང་ལ་མི་གནས་པ་རྣམས་ནི།། ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པའོ།། བཀོད་པ་མེད་པར་མངོན་པར་སྣང་བ་ནི།། དེ་བཞིན་གཤེགས་པའི་སྐུ་དྲི་མ་མེད་པ་ཆུ་ཟླ་ལྟ་བུར་སྣང་བའོ།། མ་བཀོད་པ་མཐའ་དང་དབུས་མེད། ཕྱོགས་དང་རིས་མེད། མཐོ་དམན་དང་ཡངས་དོག་མེད་པར་སྣང་བ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ།། འདོད་པའི་མཐའ་ཐམས་ཅད་དང་བྲལ་བ་ནི།། ཏིང་ངེ་འཛིན་རྩེ་གཅིག་པའི་ཟས་སོ།། ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཉིས་དུས་གསུམ་དུ་འདུ་འབྲལ་མེད་པར་བཞུགས་པ་ནི། གྲོགས་ཁྱད་པར་ཅན་ནོ།། ཚིག་དང་ཡི་གེའི་དོན་ལ་མི་གནས་པར་གཞིའི་འདུག་ཚུལ་ཤེས་བྱ་གཏན་ལ་ཕེབས་ནས། དགོངས་པའི་ལ་དོར།། དོན་ཀློང་དུ་འདྲིལ།། རེ་དོགས་ཀྱི་འཕྲང་བཅད།། བདག་ཉིད་ཆེན་པོ་དེ་ཁོ་ན་ཉིད་དོ།། ཞེས་ཐུགས་ཀྱི་རྒྱུད་དམ་པ་ལས།། རྟོགས་པ་རྒྱུད་ལ་བཞག་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ།། ཆོས་ཉིད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། སྐུ་མི་གནས་པའི་ཀློང་ཆེན་པོར་བསྟིམས་ཏེ། ཀྱེ་འདུས་པའི་ཚོགས་རྣམས་ང་ལ་ཉོན། ། ང་ནི་ཡེ་ནས་ནམ་མཁའ་འདྲ།། ནམ་མཁའི་རང་བཞིན་དངོས་པོ་མེད།། སྒྲིབ་གཡོགས་རབ་ཏུ་མི་གནས་པའོ།། ང་ནི་ཡེ་ནས་རྒྱ་མཚོ་འདྲ།། སྲིད་པའི་གཡོ་འགུལ་ཡེ་ནས་མེད།། ང་ནི་ཡེ་ནས་རི་བོ་འདྲ། ། དུས་གསུམ་འཕོ་འགྱུར་མེད་པར་གནས།། ང་ནི་ཉི་མའི་སྙིང་པོ་འདྲ།། སྐུ་གསུམ་འབྲས་བུ་ལྷུན་གྱིས་གྲུབ།། ང་ནི་ཡེ་ནས་སེང་གེ་འདྲ།། རྩལ་གསུམ་ལུས་ལ་རྫོགས་པ་ཡིན།། ང་ནི་བྱ་རྒྱལ་ཁྱུང་ཆེན་འདྲ། ། ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅོད།། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ཁྱེད་ནི་ད་རུང་འཁོར་བའི་རྒྱུའོ།། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང། ལྷ་རྣམས་ལ་སོགས་པ་ལྟ་ཅི་སྨོས། ཅི་སྟེ་རྟོགས་པའི་དོན་ལམ་དུ་འཁྱེར་བའི་ཕྱིར་རོ། ། ང་རིག་པ་ཆོས་ཀྱི་སྐུར་རང་བྱུང་གི་ཡེ་ཤེས་ཆེན་པོ་རྟོགས་པ་མངོན་དུ་གྱུར་པ། བྱ་བཙལ་ཐམས་ཅད་དང་བྲལ་བ།། ལུང་ལས་འདས་པ། ཟབ་ཅིང་ཆ་ཕྲ་བས་གཞན་གྱིས་བརྟགས་པར་དཀའ་བ། ཕྲ་ཞིང་ཟག་པ་མེད་པ། ས་བོན་དང་བྲལ་བ། རྡུལ་མེད་པ་རྡུལ་དང་བྲལ་བ། དྲི་མ་མེད་པ་དང་མ་འདྲེས་པར་གནས་པ། རང་རིག་པའི་ཡེ་ཤེས་ལ་བདག་མེད་པས། བྱ་བ་ཐམས་ཅད་དང་བྲལ་བའོ། ། སྨྲ་བསམ་ཚིག་ལས་འདས་པས་རྡོ་རྗེ་སེམས་དཔའི་ཐུགས།། གསལ་ལ་རང་བཞིན་མེད་པས་གཟུང་འཛིན་གཉིས་དང་བྲལ།། སྐྱེ་འགག་མཐའ་ལས་འདས་པས་ཆོས་ཉིད་བདེ་ཆེན་པོ།། ཇི་བཞིན་ལྷུན་གྱིས་རྫོགས་པས་ཀུན་ལ་ཁྱབ་པར་གནས། ། སྙིང་པོ་རང་ལ་རྫོགས་པས་བསྒོམ་པའི་བློང་ངོ་བྲལ།། སྣང་བར་བྱ་མེད་ཆོས་ཉིད་བདེ་ཆེན་ཀློང།། ཡོན་ཏན་ལྷུན་རྫོགས་ཡེ་ནས་རྣམ་པར་དག། ཁ་དོག་དབྱིབས་མེད་སྨྲ་བསམ་འདས་པའི་དབྱིངས། ། སྐྱོན་རྣམས་ཀུན་བྲལ་བསྒོམ་དུ་མེད་པའི་མཆོག། མ་བཅོས་ཆོས་སྐུ་ཀུན་གཞིའི་བྱང་ཆུབ་སེམས།། ཐུགས་ཀྱི་རང་བཞིན་མཚོན་པ་ལས་འདས་པས།། ཤེས་པར་བྱ་ཕྱིར་རྣ་བས་མཉན་དུ་མེད། ། དབྱིངས་ནས་ཤར་བས་ལྕེས་ཀྱང་བརྗོད་དུ་མེད།། རང་བྱུང་ཆེན་པོ་ཚིག་གི་མཐའ་དང་བྲལ།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། མཛེས་པ་ཀུན་ཏུ་བཟང་པོའི་སྐུ།། བཟུང་བས་མི་ཟིན་ཆུ་ཟླའི་སྐུ། ། ཟབ་མོ་ཨ་ཡི་ཀློང་ནས་འབྱུང།། བརྗོད་ལས་འདས་པ་ཟབ་མོ་ཨ་ཡི་ཀློང།། ཨ་ཡི་རང་བཞིན་སྤྲོས་པའི་མཐའ་དང་བྲལ།། རྟོག་མེད་མཉམ་ཉིད་ཆོས་སྐུར་དག་པ་ལ།། ངོ་མཚར་རྨད་བྱུང་རིག་པའི་སྐུར་སྣང་སྟེ། ། མ་གཡོས་དབྱིངས་ཉིད་ཡིན་པས་ཀློང་ནས་འཕྱོ།། ཇི་ལྟར་སྣང་ཡང་མ་བཅོས་སྙིང་པོའི་སྐུ།། ཟབ་མོ་ཨ་ཡི་ཀློང་ཆེན་འདི།། བཙལ་བས་རྙེད་པའི་གནས་མེད་དེ།། དྲུག་གི་ཆོས་བཞིན་ཡུལ་འདོད་ན།། ལོང་བས་ནམ་མཁའ་འཛིན་པ་བཞིན། ། གོང་ནས་གོང་དུ་ས་འཕར་ལམ།། བྱ་བྲལ་ཆོས་དང་མཐུན་པ་མིན།། བགྲོད་དུ་མེད་དོ་ཆོས་སྐུ་བྱང་ཆུབ་སེམས།། བགྲོད་པར་འདོད་ན་ཡེ་ཤེས་མཐའ་ལ་རིང།། བསོད་ནམས་ལས་གྲུབ་གླིང་བཞི་རྒྱལ་པོ་དང། ། རྣམ་དཔྱོད་དུས་ལ་ལྟོས་པའི་མུ་སྟེགས་རྣམས།། མ་བཅོས་ཆོས་ཉིད་བྱང་ཆུབ་ལམ་འགགས་པས།། ཆོས་ཉིད་བྱང་ཆུབ་དོན་དང་བྲལ་བས་གོལ།། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ང་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའི་ཚེ། བྱང་ཆུབ་ཀྱི་ཆོས་ལ་བྱང་ཆུབ་ཏུ་བསྒྲུབ་ཏུ་མི་གནས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལ།། སེམས་ཅན་གྱི་ཆོས་མེད་དེ་མི་གནས་སོ།། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་བྱ་བཙལ་ལས་འདས་པ་ལ། བཟང་ངན་དང་ཆེ་ཆུང་མེད་དེ་མི་གནས་སོ།། ལུང་ལས་འདས་པའི་ཆོས། སེམས་ལས་འདས་པའི་སངས་རྒྱས།། ཀུན་གཞི་ལས་འདས་པའི་ཆོས།། མ་བསྒོམས་པར་སངས་རྒྱས་པའི་བལྟ་བ། ཆོས་སྤྱོད་བཅུ་དང་མཚམས་མེད་པ་ལྔའི་སྤྱོད་པ་ལ་ཁྱད་པར་མེད་པ།། མ་མཉན་པར་བཤད་ཤེས་པའི་རྒྱུད།། འདི་ནི་སངས་རྒྱས་ཀྱི་རྒྱུད།། གསང་བ་མན་ངག་ཡང་དག་པར་ཤེས་པར་བྱའོ། ། ཞེས་ཐུགས་ཀྱི་རྒྱུད་དམ་པ་ལས། བྱ་བཙལ་ཐམས་ཅད་ལས་འདས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་རྡོ་རྗེ་འཆང།། སངས་རྒྱས་ཆོས་ལ་མི་གནས་ཏེ།། སེམས་ཅན་རྣམས་ནི་བལྟ་བ་ཡིན། ། མཚོན་པའི་བྱང་ཆུབ་ཆོས་ཡིན་ཀྱང།། རྫོགས་པའི་བལྟ་བ་ཆོས་མ་ཡིན།། ཐོག་མའི་མགོན་པོ་དྲི་མེད་ཀྱང།། ཆོས་ལ་བརྟེན་པ་མ་ཡིན་ཏེ།། མ་བསྐྱོད་དབྱིངས་ནས་རང་འབྱུང་བའོ།། དེ་ཕྱིར་ཆོས་ཀྱིས་སངས་མི་རྒྱ། ། ཆོས་ནི་ཚིག་ཕྱིར་འབྲེངས་ཤིང་ཚིག་ལ་དགའ།། རང་བྱུང་ཡེ་ཤེས་ཉིད་ནི་ཚིག་གི་མཐའ་དང་བྲལ།། རིག་པའི་ཡེ་ཤེས་ཆོས་ལ་བརྟེན་མ་ཡིན།། དེ་ཕྱིར་ཡང་དག་དོན་ལ་ཚིག་མེད་ཡི་གེ་མེད། ། དཔེར་ན་བྱིས་པ་ཟླ་བ་མཚོན་པ་བཞིན།། སེམས་ཅན་རྣམས་ལ་ཡང་དག་ཚིག་དང་ཡི་གེས་མཚོན།། སེམས་ཅན་རྣམས་ནི་ཐོག་མ་ཆོས་ལ་རབ་བརྟེན་ལ།། ཆོས་དེ་ཁོང་དུ་ཆུད་ནས་ཆོས་ལ་མི་གནས་ན། ། ལུང་བསྟན་དེ་ནི་ཐོག་མའི་སངས་རྒྱས་ཉིད་དང་མཚུངས།། ཆོས་དེ་ཁོང་དུ་ཆུད་ནས་ཆོས་ལ་ཡང་དག་གནས་འགྱུར་ན།། བྱིས་པའི་རྩེད་མོ་འདྲ་སྟེ་སླར་ལ་འཇིག། དེ་ཕྱིར་བསམ་གཏན་མཉམ་བཞག་བྱེད་ཅིང་ཡེ་ཤེས་ལྷ་ལ་མཆོད་བྱེད་པ། ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་སྒོམ་ཆེན་ཡིན་ཟེར་བ།། དེ་ནི་ལོང་བས་ལོང་བ་ཁྲིད་ནས་གཡང་སར་བྲུལ་ནས་འཆི།། གང་ཞིག་རྒྱུད་པའི་བློ་གནས་ན།། སྲོག་བཅད་ཚེ་དང་ཤིང་བཅད་དོན་ལ་ཁྱད་པར་མེད་དེ་སྟོང་པའི་མུ་ལ་གནས། ཅི་སྟེ་ཆུ་ལ་རལ་གྲིས་བཏབ་དང་མཚུངས།། སྟོང་པའི་ཆོས་ལ་སྟོང་པའི་ཡེ་ཤེས་རང་རོལ་པ།། ནམ་མཁའི་མདུང་བསྐོར་འདྲ་སྟེ་ཡངས་དོག་མེད།། གཟུགས་ཀྱི་ཕུང་པོ་འབྱུང་བ་ས་རྡོ་སྣང། ། རང་རིག་རྒྱལ་པོ་ནམ་མཁའི་མཐའ་དང་མཉམ།། རྣམ་རྟོག་གཟུང་འཛིན་བག་ཆགས་ཅི་བསགས་ཀྱང།། བྱང་ཆུབ་སེམས་ལ་རང་བཞིན་ཡོངས་ཀྱིས་མེད།། དཔེར་ན་ནམ་མཁའི་ཆོ་འཕྲུལ་སྣ་ཚོགས་ཅིར་སྣང་ཡང། ། ནམ་མཁའི་རང་བཞིན་གདོད་ནས་རྣམ་པར་དག། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། བཀའ་ལུང་གི་ཕྱི་མོ་ལས་ཀྱང།། ཡེ་ཤེས་རྒྱལ་པོ་ཚིག་ལས་འདས་པ་དེ།། སྨྲ་བའི་ཁྱུ་མཆོག་གཞན་གི་དྲིང་མི་འཇོག། རང་རིག་རྒྱལ་པོ་ཚིག་ལས་འདས་རྟོགས་ན།། ཕྱི་ནང་སྣོད་བཅུད་བདག་ཉིད་ཆེན་པོར་ལྡོག། སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཆོག། སངས་རྒྱས་ཉིད་ཀྱི་ཐུགས་ལ་གནས།། སེམས་ཅན་ཀུན་གྱི་བྱང་ཆུབ་སེམས། ། མགོན་པོ་དྲི་མེད་ཤེས་རབ་ཀྱིས།། རྣམ་པར་དག་པའི་ཞིང་ཁམས་སུ།། དུས་གསུམ་གཅིག་སྟེ་མཉམ་པར་གནས།། རྡོ་རྗེ་འཆང་གི་ཡེ་ཤེས་ནི།། བདེ་གཤེགས་རྣམས་ཀྱི་ཐུགས་ལ་གནས། ། སེམས་ཅན་རྣམས་ལ་དེ་བཞིན་ནོ།། ཡི་གེའི་ངོ་ལ་མི་སྣང་ཡང།། མཚོན་པའི་ཡི་གེས་དོན་ལ་སྣང།། དོན་གྱི་ཡི་གེ་དམ་པ་དེ།། ཤེས་རབ་ཅན་གྱིས་ཨར་སྣང་བ།། ཨ་ཡི་རང་བཞིན་ཁོང་ནས་འབྱུང།། ཁོང་ནས་འབྱུང་བ་སྐྱེ་བ་མེད། ། སྐྱེ་མེད་ཡི་གེར་མཚོན་པ་དེ།། མགོན་པོ་དྲི་མེད་ང་ཡི་སྐུ།། ང་མེད་ང་ནི་སྟོང་པ་ཡིན།། འཕགས་པ་རྣམས་ཀྱིས་ང་མི་གཟིགས།། བདུད་དང་མུ་སྟེགས་ང་མི་སྣང།། ང་ལ་རང་བཞིན་མེད་པས་ན། ། བདུད་བཞི་རྣམ་པར་གྲོལ་བ་ཡིན།། ང་ནི་མི་འགྱུར་རྡོ་རྗེའི་སྐུ།། ཟག་པ་མེད་པའི་ཡེ་ཤེས་ཡིན།། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ང་དྲི་མ་མེད་པ་ཡེ་ཤེས་ཀྱི་སྐུ་ལ། དགེ་བ་དང་སྡིག་པ་གཉིས་མེད་དོ། ། དཔེར་ན་ནམ་མཁའ་ལ་ནམ་མཁའ་གནས་པའི་ཚུལ་ལོ།། ང་གདོད་མ་ནས་སྙིང་པོ་བྱང་ཆུབ་ཏུ་གནས་པ་ལ། འབྲས་བུ་ཐོབ་དང་མ་ཐོབ་གཉིས་སུ་མེད་དོ།། ང་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་པ་ལ། བདེ་བ་དང་སྡུག་བསྔལ་གཉིས་མེད་དོ།། རང་རིག་པའི་ཡེ་ཤེས་ཆོས་ཉིད་སྐྱེ་བའི་ངང་ནས་དུས་གསུམ་དུ་འདུ་འབྲལ་མེད་པར་བཞུགས་པ་ལ། གནས་དབེན་པ་དང་མི་དབེན་པ་གཉིས་མེད་དོ།། ཀྱེ་རྡོ་རྗེ་འཛིན་པ་འཁོར་བའི་རྒྱ་མཚོ་མཐའ་རིང་བར། ཉོན་མོངས་སེམས་ཅན་གྲོལ་མི་ནུས།། ཐུགས་རྗེ་ཆེན་པོའི་ཤུགས་ཕྱུང་ནས།། བསད་པ་འབའ་ཞིག་ལས་སུ་རུང།། ཁམས་གསུམ་སེམས་ཅན་བསད་པ་ན།། སངས་རྒྱས་འབྱུང་བའི་ལམ་ཆེན་ཡིན། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག། སེམས་ཅན་རྣམས་ཀྱི་ཐར་པའི་ལམ།། དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས།། ངན་སོང་ཞིང་དུ་ཡང་དག་བསྒྲལ།། སངས་རྒྱས་འབྱུང་བའི་བྱང་ཆུབ་སེམས། ། མ་སྐྱེས་པ་ཡི་རྩལ་ལ་གནས། ཀྱེ་རྡོ་རྗེ་འཛིན་པ། འཇིག་རྟེན་ཁམས་ནི་རྫོགས་སངས་རྒྱས།། གང་ཞིག་ཐོབ་པ་བླ་ན་མེད།། སྙིང་པོ་བྱང་ཆུབ་སེམས་ལ་བཞུགས།། ཞེས་གསུངས་ཏེ།། རང་རིག་པའི་ཡེ་ཤེས་ཀྱིས་མ་རིག་པ་བསད་ནས། མ་རིག་པ་གར་བྲོས་རིག་པའི་ངང་ལ་བྲོས།། ཡེ་ཤེས་ལྔས་དུག་ལྔ་བསད་ནས།། དུག་ལྔ་གར་བྲོས། ཡེ་ཤེས་རང་ལ་བྲོས། སྐྱེ་བའི་རྒྱུན་བཅད་འཁོར་བའི་ལམ་དང་བྲལ། རྒྱུན་བཅད་ལམ་བྲལ་སྐུ་ནི་མྱ་ངན་འདས།། རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ།། ཀུན་གཞིའི་རྣམ་ཤེས་སྐུ་ལ་མི་འཁོར་ཞིང།། མྱ་ངན་འདས་པའི་བྱང་སེམས་དེ་ཁོ་ན།། ཀྱེ་རྡོ་རྗེ་འཛིན་པ་ང་ལ་ཉོན། ། ང་ནི་སངས་རྒྱས་ཀུན་གྱི་སྐུ།། ཡེ་ཤེས་སྐུ་གཅིག་དྲི་མ་མེད།། ང་ནི་སངས་རྒྱས་ཀུན་གྱི་གསུང།། འགག་པ་མེད་པས་ཡེ་ཤེས་གསུང།། ང་ནི་སངས་རྒྱས་ཀུན་གྱི་ཐུགས།། མི་འགྱུར་རྡོ་རྗེ་ལྟ་བུའི་ཐུགས། ། འགྲོ་བ་རིགས་དྲུག་ང་ཡི་ལུས།། མགོན་པོ་དྲི་མེད་ཡེ་ཤེས་ངས།། མ་བྱུང་བ་ཡི་ཆོས་ཉིད་ལས།། སྣོད་ཀྱི་འཇིག་རྟེན་ང་ལས་བྱུང།། བཅུད་ཀྱི་འཇིག་རྟེན་ང་ལས་བྱུང།། ང་མེད་པ་ཡི་སྔོན་རོལ་ན། ། སྣོད་བཅུད་མི་གནས་ང་ཡི་ངང།། ང་ནི་རང་བྱུང་ཡེ་ཤེས་ཏེ།། ཡུལ་ནི་རྣམ་པར་དག་པའོ།། མ་བྱུང་དྲི་མ་མེད་པའི་ཡེ་ཤེས་ལ།། འདོད་ཆགས་བྱ་བའི་མིང་ཡང་མེད།། འདོད་ཆགས་མེད་པའི་སྔོན་རོལ་ན།། ཡི་དྭགས་འཁོར་བའི་རྒྱུན་ཡང་བཅད། ། ང་རྒྱལ་མཉམ་ཉིད་ཆེན་པོ་ཡིན།། མི་ཡི་འཁོར་བའི་རྒྱུན་ཡང་བཅད།། ཁོང་ཁྲོ་རང་བྱུང་ཡེ་ཤེས་ཡིན།། ལྷ་མིན་འཁོར་བའི་རྒྱུན་ཡང་བཅད།། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། ། ལྷ་ཡི་འཁོར་བའི་རྒྱུན་ཡང་བཅད།། ཀླུ་དང་མ་མོ་གཤིན་རྗེ་དང།། བདུད་དང་གནོད་སྦྱིན་སྲིན་པོ་དང།། མི་མ་ཡིན་པའི་ཚོགས་རྣམས་ཀྱིས།། ང་ལ་གླགས་ནི་མི་ཚོལ་ཏེ།། དང་པོ་རང་གི་ངང་ལས་བྱུང།། ཐ་མ་རང་གི་ངང་དུ་ཐིམ། ། དཀོན་མཆོག་གསུམ་ལ་སྐྱབས་མི་འཚོལ།། ངན་སོང་གསུམ་ལ་ཉམ་མི་ང།། ཡེ་ཤེས་མཉམ་པ་ཉིད་ཀྱི་སྐུ།། མི་གནས་པའི་ཡེ་ཤེས་ཆེན་པོ་ཀློང་དུ་ཁོད་སྙོམ།། རང་བྱུང་གི་ཡེ་ཤེས་ཆེན་པོ་ཚིག་གི་མཐའ་དང་བྲལ་བར་ལ་བཟླའ། ། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་ཀློང་དུ་བསྟིམས་སོ།། ཞེས་སྟོན་པ་རྡོ་རྗེ་སེམས་དཔས་བསྟན། ཞུ་བ་པོ་དགའ་རབ་རྡོ་རྗེས་ཞུས་ཏེ། སྡུད་པ་པོ་འཇམ་དཔལ་ཉིད་ཀྱིས་བསྡུས་ནས་བྱང་ཆུབ་ཤིང་དྲུང་དུ་སྦས་ནས། རྡོ་རྗེ་སེམས་དཔའི་རྒྱས་བཏབ་བོ།། ཐུགས་ཀྱི་རྒྱུད་ཆེན་པོ་རིན་ཆེན་སྦུངས་པའི་རྒྱན་ཞེས་བྱ་བ། རྙོག་པ་མེད་པའི་རྒྱུད་དུ་གསུངས་ནས། ཆོས་སྤྱོད་བཅུ་དང་མཚམས་མེད་ལྔ། ། རྟོགས་པའི་བློ་ལ་རང་བཞིན་མཉམ།། ཞེས་ཆོས་ལ་གནས་ན་སངས་རྒྱས་ཀྱི་ལས་ཀྱི་སྒྲིབ་པར་འགྱུར་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། རྫོགས་སོ།། ཤྲཱི་སིངྷ་དང་བཻ་རོའི་འགྱུར། །།།
CLOSE WINDOW