Wylie |
། རྫོགས་སོ།། བར་འདིར་རྨ་བྱ་མཇིང་བསྣོལ་གྱི་མཐའི་མུན་སེལ་ཆེན་པོ་ལེའུ་ལྔ་པ་འཛུད། འདི་ཆོས་ཆེན་པོ་རྨད་དུ་བྱུང་བ་ཡིན། !།། བཅོམ་ལྡན་འདས་དཔལ་གྱི་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་འོག་མིན་གྱི་གནས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དང། བདེ་བར་གཤེགས་པ་ཐམས་ཅད་དང། བདེ་བར་གཤེགས་པ་ཐམས་ཅད་དོན་གཅིག་སྟེ། བདག་ཉིད་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་བྱུང་ཞིང། དེ་དག་ཐམས་ཅད་དེ་ལས་སྐྱེས་པ་དང། དེ་ལས་བྱུང་བའི་དཀྱིལ་འཁོར་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་པར་ཐུགས་སུ་ཆུད་པའི་དོན་རྡོ་རྗེ་སེམས་དཔའ་ལ་རིག་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་གཟིགས་ཏེ། ཡིད་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས། རང་གི་རིག་པའི་དོན་གསལ་བར་ཕྱུང་སྟེ། ཐམས་ཅད་ཀྱི་དོན་ཇི་ལྟ་བུ་ཡིན་པ་སོ་སོར་གསལ་བར་སྣང་བར་བྱས་ནས། རྡོ་རྗེ་སེམས་དཔའ་ཉིད་དང། བདེ་བར་གཤེགས་པ་ཐམས་ཅད་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་དང། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་ཡིན་པ་དང། བྱང་ཆུབ་རྨད་དུ་བྱུང་བ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འབྱུང་བས་རྨད་དུ་བྱུང་བ་ཉིད་ཡིན་པ་དང། ཡང་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་བསྐྱེད་པའི་དཀྱིལ་འཁོར་སྐུ་རྨད་དུ་བྱུང་བ་སྐུའི་དཀྱིལ་འཁོར་དང། གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ་འཁོར་དང། ཐུགས་རྨད་དུ་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་དང། ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་པར་སྣང་བར་བྱས་ནས། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་སུ་བསྡུས་སོ།། དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། ། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། སངས་རྒྱས་དོན་དུ་མཛད་པ་ཡི།། ཐུགས་ཀྱི་སྒྲོན་མས་དོན་བསྟན་པ།། གང་བློ་ཐེ་ཚོམ་ཟ་བ་དང།། གང་ཡིན་འགལ་བར་ཡིད་སེམས་པ།། འཇིགས་པ་ཐམས་ཅད་དེ་ལའོ། ། མགོ་ནི་ཚལ་པ་བདུན་དུ་འགས།། རྡོ་རྗེ་སེམས་དཔའ་དེ་ལ་སྣང།། སྔགས་འཆང་རྣམས་ཀྱིས་སྤངས་པར་འགྱུར།། སྔགས་རྣམས་ཐམས་ཅད་གསང་བ་ཡི།། ལྟ་བ་རྨད་དུ་བྱུང་བའི་དོན། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱིས། ། སྔོན་ཆད་རྟོགས་པར་མ་གྱུར་པ།། ཐུགས་ཀྱི་སྒྲོན་མེས་དོན་བསྟན་པ།། གང་ལ་སངས་རྒྱས་གུས་མཛད་པ།། དོན་དེ་ལ་ཡང་ཕྱག་འཚལ་ལོ།། སངས་རྒྱས་ཀུན་ལ་བརྩེ་དགོངས་ནས།། གང་གི་དོན་དུ་མཛད་པ་ཡིས། ། དོན་མཛད་དེ་ལ་ཕྱག་འཚལ་ལོ།། གང་གི་དོན་དུ་བྱས་པའི་དོན།། དེ་དག་བདག་ལ་འགྲུབ་གྱུར་ཅིག། གཞན་ཡང་མེ་འོད་འབར་བ་ལྟར།། དོན་དེ་བདག་གིས་རིག་གྱུར་ནས།། སངས་རྒྱས་ཀུན་དང་བསྐལ་མཉམ་སྟེ། ། སངས་རྒྱས་ཀུན་ལས་རྒྱས་གྱུར་ཅིག། དུས་གསུམ་རྣལ་འབྱོར་གང་དག་གིས།། སྐལ་ལྡན་གང་ཞིག་འབྱུང་བ་ཡི།། དོན་དུ་བདག་གིས་བཤད་པར་འཚལ།། རྨད་བྱུང་བྱང་ཆུབ་སེམས་རྟོགས་ནས། ། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང།། རྡོ་རྗེ་བདག་ལ་ཡང་སངས་རྒྱས།། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། ཀུན་གྱིས་རིག་པ་མ་ཡིན་ཏེ།། ལྷ་རྣམས་ཀུན་གྱིས་དེ་མ་རིག། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང། ། འདི་ནི་རིག་པར་དཀའ་བའོ།། བདེ་གཤེགས་རྣམས་ཀྱིས་སྔོན་མ་རིག། ཅེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བསྒོམ་པའི་མཆོག་ཡིན་ནོ། ། སེམས་དཔའ་ཆེན་པོ། ཐམས་ཅད་མཁྱེན་པ་བསྒོམ་པའི་མཆོག། ངོ་བོ་ཉིད་ནི་དམིགས་སུ་མེད།། ང་ཡི་ལུས་སུ་སྦྱོར་བ་ལ།། བྱང་ཆུབ་མེད་ཅིང་བསྒོམ་པ་མེད།། ལུས་དང་ངག་སེམས་མཚན་ཉིད་ནི། ། ཡེ་ཤེས་ལྔ་ཡི་བྱང་ཆུབ་སེམས།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད།། ཐམས་ཅད་མ་སྐྱེས་ཟག་པ་མེད།། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད།། ཁམས་ཀྱང་མེད་ཅིང་འབྱུང་བའང་མེད། ། མཚན་མེད་མི་འགྱུར་ནམ་མཁའ་བཞིན།། གཉིས་མེད་གཉིས་སུ་མེད་མིན་ཞེས།། བྱང་ཆུབ་སེམས་འདི་རྒྱས་པའི་སྤྱན།། ཞེས་བཀའ་སྩལ་ཏོ།། ཀྱེ་སེམས་དཔའ་ཆེན་པོ། བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་དང། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདྲ་སྟེ། ངའི་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རིག་པ་རང་ལས་བྱུང་བའི་ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ངའི་རོལ་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ངས་མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ངའི་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། རང་རིག་པ་ལས་བྱུང་བའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ངའི་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། བདེ་བར་གཤེགས་པ་རྣམས་དང། རྡོ་རྗེ་སེམས་དཔའ་ཉིད་གསང་བ་དང། གསང་བ་ཆེན་པོ་དང། གསང་བ་དེ་ཁོ་ན་ཉིད་དང། ལྟ་བ་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། སྐུ་རྨད་དུ་བྱུང་བ་སྐུའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ཐུགས་རྨད་དུ་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་རྨད་དུ་བྱུང་བ་བསྟན་པའི་ལེའུ་སྟེ་དང་པོའོ། །།། ཆོས་ཉིད་བསྟན་པའི་ཕྱིར་སེམས་དཔའ་ཆེན་པོ། བྱང་ཆུབ་ཏུ་འདོད་དེ་ལ་བྱང་ཆུབ་མེད།། ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང།། སྒྱུ་འདྲའི་ཆོས་ཉིད་གང་གིས་ཤེས་གྱུར་པ། ། དེ་ཉིད་བྱང་ཆུབ་སེམས་བདག་ཡིན་པར་ངེས།། བྱང་ཆུབ་སྙིང་པོར་བདག་འདུས་པས།། ཐོབ་པ་མེད་ཅིང་སྤང་བ་མེད།། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི།། ཐ་སྙད་ཡིན་ཏེ་དོན་དུ་མེད། ། ཆོས་ཉིད་མཚན་ཉིད་རྣམ་པར་དག། བདག་མེད་ཆོས་ལས་ཀུན་ཏུ་འབྱུང།། མ་སྐྱེས་པ་ཡི་ཆོས་རྣམས་ལ།། ངོ་བོ་མེད་ཅིང་བསྒོམ་པའང་མེད།། ནམ་མཁའི་ཚུལ་དུ་རང་བྱུང་བས།། དངོས་གྲུབ་ཀུན་ཏུ་རབ་ཏུ་གྲགས། ། ཆོས་རྣམས་རང་བཞིན་འོད་གསལ་བ།། གདོད་ནས་དག་པ་ནམ་མཁའ་བཞིན།། བྱང་ཆུབ་མེད་ཅིང་སེམས་ཅན་མེད།། བདག་མེད་པ་ཡི་ཆོས་ལས་བྱུང།། སངས་རྒྱས་བྱང་ཆུབ་རྫོགས་བྱེད་པ། ། རྣམ་པར་མི་རྟོག་དམིགས་སུ་མེད།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། སྤྲོས་པ་མེད་པའི་ལེའུ་སྟེ་གཉིས་པའོ།།།། ཆེ་བ་བསྟན་པའི་ཕྱིར། སེམས་དཔའ་ཆེན་པོ། ཐུགས་ཀྱི་དཀྱིལ་འཁོར་རང་བྱུང་ལ།། ཡེ་ཤེས་རྫོགས་ཞུགས་མེ་ལོང་བཞིན། ། ང་ནི་དུས་གསུམ་བཞུགས་པ་ཡི།། སངས་རྒྱས་རྣམས་ལ་ཡེ་ཤེས་ཏེ།། བྱང་ཆུབ་སེམས་ཀྱི་དོན་རྟོགས་པས།། སངས་རྒྱས་ཀུན་གྱི་ཉིང་ཤ་ཅན།། ང་ནི་སངས་རྒྱས་ཀུན་གྱི་དུར། ། དུར་ཁྲོད་ཆེན་པོ་ང་བདག་ཡིན།། སེམས་ཅན་ཆེན་པོ་ཐམས་ཅད་དང།། སེམས་ཅན་ཐམས་ཅད་ང་ལས་བྱུང།། སེམས་ཅན་དུར་ཉིད་ང་ཡིན་ནོ།། སྐལ་ལྡན་སེམས་དཔས་རིག་པར་གྱིས།། སངས་རྒྱས་ཐམས་ཅད་ང་ཡི་ཞིང། ། སེམས་ཅན་ཐམས་ཅད་སྐུ་གསུང་གཏེར།། ཐམས་ཅད་ང་ཡི་ལོངས་སྤྱོད་རྒྱུ། ཞེས་གསུངས་པའི་ཚིག་ཐོས་པ་དང། སེམས་དཔས་སྐལ་ལྡན་ཞལ་མཐོང་བས།། རྨད་བྱུང་གསང་བའི་དཀྱིལ་འཁོར་འདིར། ། བྱང་ཆུབ་སེམས་ཡིན་བདག་ཉིད་རིག། ཐལ་མོ་སྦྱར་ནས་འདི་སྐད་གསོལ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་རོལ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། སྐུ་ཡི་སྐུ་སྟེ་སྐུ་ལ་རོལ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསུང་གི་གསུང་སྟེ་གསུང་ལ་རོལ།། ཞེས་གསོལ་པ་དང། སེམས་དཔའ་ཆེན་པོ། བསྐལ་པ་འབུམ་ཕྲག་སྔོན་རོལ་དུ།། ང་ཉིད་གཅིག་པུ་སྔོན་དུ་བྱུང། ། འབྱུང་བ་བས་ནི་ང་སྔར་བྱུང།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། ང་ལས་བྱུང་བ་དེ་ཡི་ཕྱིར།། སེམས་དཔའ་ཆེན་པོ་ཐུགས་ཉིད་ནི།། ང་ཡི་བྱིན་རླབས་ཆེན་པོ་བས།། དུས་གསུམ་སངས་རྒྱས་ཐམས་ཅད་དང། ། རྣལ་འབྱོར་ཆེན་པོ་ཀུན་འདུས་ནས།། འོད་ཟེར་མངོན་སུམ་ཉི་བཞིན་ཤར།། སེམས་དཔའ་ཆེན་པོ་སྐལ་བཟང་ཡིན།། རྣལ་འབྱོར་གང་ཞིག་འདི་འཆད་པ།། སེམས་དཔའ་ཉིད་ཀྱི་སྐུ་གསུང་ཐུགས། ། དེ་ཉིད་ཡིན་པར་ཤེས་པར་གྱིས།། དོན་འདི་རིག་པའི་རྣལ་འབྱོར་བ།། སངས་རྒྱས་ས་ལ་མི་གནས་ཏེ། ཐམས་ཅད་པ་ཉིད་ང་ཡི་ཐུགས།། སེམས་ཅན་སངས་རྒྱས་ང་ལས་སྐྱེས།། ཞེས་གསུངས་སོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། ཆེ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། གསང་བ་ཞལ་གྱིས་བཞེས་པ། སེམས་དཔའ་ཆེན་པོ། ང་བྱེད་པ་པོ་ང་ཉིད། ང་རང་བཞིན་གྱིས་རྣམ་པར་དག་ནས་སངས་རྒྱས་པས། འདུས་བྱས་ཀྱི་ཆོས་ཡེ་ནས་མེད་དོ།། དེའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཡིན་ནོ།། ང་ཉིད་ཆོས་ཀྱི་སྐུའི་རྣལ་འབྱོར་ཡིན་པས། ངའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ། ། སངས་རྒྱས་ཀུན་པས་སྔར་སངས་རྒྱས་པའོ།། ནམ་མཁའ་མེད་པའི་སྔོན་རོལ་ན།། ནམ་མཁའི་མཚན་ཉིད་ཡེ་ནས་མེད།། གང་ལ་ཆགས་མེད་སྔོན་རོལ་ན།། ཆགས་པའི་འདོད་ཆགས་ཡོངས་ཀྱིས་མེད། ། སྲིད་པ་མེད་པའི་སྔོན་རོལ་ན།། སྲིད་པའི་ཆོས་ཉིད་ཡེ་ནས་མེད།། འབྱུང་བ་མེད་པའི་སྔོན་རོལ་ན།། ཆེན་པོ་ལྔ་ཉིད་ཡེ་ནས་མེད།། སངས་རྒྱས་མེད་པའི་སྔོན་རོལ་ན།། སེམས་ཅན་མིང་ཉིད་ཡེ་ནས་མེད། ། སྔོན་དུ་འཁོར་བའི་ཆོས་ཡང་མེད།། མྱ་ངན་འདས་པའི་སྔོན་རོལ་ན།། འཁོར་བའི་ཆོས་ནི་ཡེ་ནས་མེད།། དེ་ཕྱིར་འབྱུང་ལས་ང་སྔར་བྱུང།། ཐམས་ཅད་ང་ཡིས་བྱས་པ་ཡིན།། ཐམས་ཅད་ང་ལས་སྐྱེས་པ་ཡིན། ། ཐམས་ཅད་ང་ལས་བྱུང་བ་ཡིན།། ཞེས་བཀའ་སྩལ་ཏོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། ཞལ་གྱིས་བཞེས་པ་གསང་བའི་ལེའུ་སྟེ་བཞི་པའོ།།།། གཞི་རྩ་མེད་པའི་སེམས་ཉིད་ནི།། བཀྲུས་པས་མི་འདག་ནམ་མཁའ་བཞིན། ། སྐྱེ་དང་བྲལ་བའི་བྱང་ཆུབ་ལ།། བྱང་ཆུབ་རྒྱུ་འབྲས་ཡོངས་ཀྱིས་མེད།། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། རང་གི་རིག་པ་ཆེན་པོས་མཁྱེན་ནས། རོལ་པའི་ཐབས་ཆེན་རང་ལ་རྫོགས་པར་སངས་རྒྱས་སོ། ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ཡེ་ནས་ཡོད་ཅིང་མཐར་གནས་པས་ཡེ་ནས་དག་སྟེ། འདོད་ཆགས་ཉིད་ངའོ།། ཞེ་སྡང་ངའོ།། གཏི་མུག་ངའོ།། ང་རྒྱལ་ངའོ།། ཕྲག་དོག་ངའོ། ། དེའི་དུས་སུ་སྔོན་བྱུང་བ་དང།། ད་ལྟར་གཉིས་དབྱེར་མེད་པར་གནས་པའི་ཕྱིར་ལྷན་ཅིག་འབྱུང་བའི་ཆོས་འདོད་ཆགས་རང་བཞིན་གྱིས་རྣམ་པར་དག་པས་ཞེ་སྡང་ལ་སོགས་པ་རྣམ་པར་དག་གོ། འདོད་ཆགས་སྤྲོས་པ་མེད་པས་ཞེ་སྡང་ལ་སོགས་པའི་མིང་མེད་དོ། ། སེམས་ཉིད་ལས་བྱུང་བའི་ཆོས་སོ།། རང་བཞིན་གྱིས་རྣམ་པར་དག་པས་སོ་སོར་དབྱེར་མེད་པ། བརྟན་པ། མཁྲེགས་པ། མ་སྒྲགས་པ། མི་ཆོད་པ། རྡོ་རྗེ་སྙིང་པོར་སྦྱོར་བ། གཉིས་སུ་མེད་པ། སོ་སོ་མ་ཡིན་པའི་ཆོས་མཉམ་པ་ཉིད་ལས་ཆོས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་རང་གི་སེམས་ཉིད་ལས་བྱུང་ཞིང། རིགས་དང་རིགས་ལྔར་གྱུར་པའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ། འཁོར་ཕུན་སུམ་ཚོགས་པ་ལས་བྱུང་ཞིང་སྤྱོད་པའོ།། རྒྱུ་རྐྱེན་རྟེན་འབྲེལ་གྱི་ནུས་མཐུ་ཉིད། སྣང་མཛད་ཀྱི་བྱང་ཆུབ་སེམས་ཉིད། ལུས་དང་ངག་དང་སེམས་དབྱེར་མེད་པར་མཉམ་པ་ཉིད་དུ་གྱུར་པ། ངོ་བོར་བསམ་པ་དང་བྲལ་བའི་མཐུས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་རང་ལས་བྱུང་ཞིང་འབྱུང་བ་དང། འོད་དང་མངོན་པར་ཤེས་པ་དང། བྲག་དང། ཆུ་དང། ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ་དང། སྤྲུལ་པ་སྣ་ཚོགས་ཅིར་ཡང་སྣང་བ་དང། སྒྲ་སྐད་སྣ་ཚོགས་འབྱུང་བ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་སྲིད་པའི་ཆོས་དང། མི་སྲིད་པའི་ཆོས་ཐམས་ཅད་ངའི་ལུས་ངག་ཡིད་གསུམ་གྱི་མཐུ་ལས་གྱུར་པ་ཡིན་ནོ།། དེའི་ཕྱིར་སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་ཀྱིས། སེམས་ཅན་ཇི་སྲིད་འཁོར་བའི་ཆོས་ཐམས་ཅད་དང། མངོན་པར་རྫོགས་པར་སངས་རྒྱས་པ་དང། འདས་པ་དང་མ་འོངས་པ་དང། ད་ལྟར་བཞུགས་པ་དང། སྲིད་པ་གསུམ་དང་ཁམས་གསུམ་དང། མཆོག་གསུམ་དང། ཡུམ་གྱི་ལྷུམས་ན་བཞུགས་པ་དང། འབྱུང་བ་དང། སྐྱེས་པ་དང། བུད་མེད་དང། མ་ནིང་དང། བྱོལ་སོང་དང། ཡི་དྭགས་དང། དམྱལ་བ་དང། ལྷ་དང། མི་དང། རྒན་པ་དང། གཞོན་པ་ལ་སོགས་པ་ཐམས་ཅད་ང་ཉིད་ཡིན་པས། ང་ཉིད་ཀྱི་ཐུགས་ལས་སྦྱར་བ་ཡང་མ་ཡིན་ནོ། ། ཡིད་རང་བཞིན་གྱི་ནོར་བུ་རིན་པོ་ཆེ་དང། དཔག་བསམ་གྱི་ཤིང། ལྷའི་ལོངས་སྤྱོད་ཐམས་ཅད་དང། རྒྱ་མཚོ་དང། རི་རབ་དང། གླིང་ལ་སོགས་པ་འདི་ངའི་བྱང་ཆུབ་སེམས་ཡིན་ནོ། ། ང་གང་ན་འདུག་པ་ཉིད་ཡོངས་སུ་རྫོགས་པའི་སངས་རྒྱས་ཡིན་ནོ།། ང་ཅིར་ཡང་འགྱུར་དུ་བཏུབ་པའི་དུས་ངན་ན་ཡང་སངས་རྒྱས་སོ།། ང་སྐྱེ་བ་ཉིད་གང་དུ་སྐྱེས་པར་གྱུར་པ་ན་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། ། ང་རོལ་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་ཡིན་ནོ།། སེམས་ཅན་ཐམས་ཅད་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པ་ནི་ངའི་བྱང་ཆུབ་ཀྱི་སེམས་སོ། ། མ་བྱུང་མ་གྱུར་པ་གཅིག་ཀྱང་མེད་དོ།། བྱང་ཆུབ་ཀྱི་སེམས་ལས་གྱུར་པའི་མཐུས་སངས་རྒྱས་སོ།། བྱང་ཆུབ་ཀྱི་སེམས་ཡེ་ནས་སངས་རྒྱས་སོ།། བྱང་ཆུབ་སེམས་ནི་ཅིར་ཡང་སྣང། ཅིར་ཡང་འགྱུར་དུ་བཏུབ་པ་ཡིན་ནོ། ། ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྟོན་པར་མཛད་པ་ཡིན་ནོ།། བཅུད་ཀྱི་འཇིག་རྟེན་རྣམ་པར་སྣང་མཛད་ལས་བྱུང་བ་འདི་ནི། འབྱུང་བ་སངས་རྒྱས་དང་སེམས་ཅན་མང་པོ་འབྱུང་བར་འགྱུར་བ་ཉིད། ངའི་སྐུ་གསུང་ཐུགས་ལས་བྱུང་བའི་མཐུ་དང་རྫུ་འཕྲུལ་ལོ།། གསང་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡི་གེ་རྨད་དུ་བྱུང་བའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ནི་སངས་རྒྱས་ལས་བྱུང་བས་གསང་བའི་མན་ངག་དེ་ཁོ་ན་ཉིད་དོ། ། བྱང་ཆུབ་ཀྱི་སེམས་འཕྲུལ་ཆེན་པོ་བསྟན་པའི་དོན་ནི་རྣམ་པ་ལྔ་སྟེ། བྱང་ཆུབ་ཀྱི་སེམས་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང། བྱང་ཆུབ་ཀྱི་སེམས་རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང། བྱང་ཆུབ་ཀྱི་སེམས་རོལ་པ་ཆེན་པོ་ཡོངས་སུ་བསྟན་པའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང། བྱང་ཆུབ་སེམས་གསང་བ་རྨད་དུ་བྱུང་བའི་ཆོས་རྗེས་སུ་བསྟན་པའི་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང། བྱང་ཆུབ་ཀྱི་སེམས་གསང་བ་ཆེན་པོའི་རྒྱུད་གསང་བའི་འཕྲུལ་ཆེན་པོ་མངོན་པར་བསྟན་པའི་ཆོས་རྨད་དུ་བྱུང་བའོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། འཕྲུལ་ཆེན་པོའི་ལེའུ་སྟེ་ལྔ་པའོ།།།། བྱང་ཆུབ་ཀྱི་སེམས་གསང་བ་རྨད་དུ་བྱུང་བའི་འཕྲུལ་ཆེན་པོ་འདི་ནི་སྐུ་གསུང་ཐུགས་ཉིད་དུ་གྱུར་པ་ཡིན་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཤད་པ་ཡིན་ནོ།། ཀྱེ་སེམས་དཔའ་ཆེན་པོ། སྣང་ལ་མི་གནས་པ་རྣམས་ནི་ཐུགས་གསང་བ་ཆེན་པོ་རྨད་དུ་བྱུང་བའོ། ། འདི་ཡང་དག་པ་སངས་རྒྱས་ཀྱི་ལམ་ནས་ནམ་མཁའ་ཆགས་པ་མེད་པར་ཀུན་ཏུ་ཁྱབ་ཅིང་རང་ལ་འདུས་པ་ནི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ།། ཀྱེ་སེམས་དཔའ་ཆེན་པོ། བཀོད་པ་མེད་པར་མངོན་པར་སྣང་བ་ནི། སྐུ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་ནོ།། རང་རིག་པ་ལས་བྱུང་བའི་ཆོས་རྣམས་ལ་གང་དུ་ཡང་བསམ་དུ་མེད་དོ།། མེད་པ་ཉིད་ཀྱི་དོན་དུ་གྱུར་ནས་གནས་པ་ནི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ། ཀྱེ་སེམས་དཔའ་ཆེན་པོ། མ་སྐྱེས་མ་སྤྲོས་པར་སྒྲ་སྐད་སྣ་ཚོགས་སོ་སོ་རང་རང་ལས་བྱུང་བ་ནི་གསུང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་ནོ།། སྒྲ་སྐད་ལས་འདས་པའི་ཏིང་འཛིན་གྱི་སྐུ་གསུང་ཐུགས་ཉིད་དུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། ཀྱེ་སེམས་དཔའ་ཆེན་པོ། རང་རིག་པའི་སེམས་ལས་བྱུང་བའི་ཆོས་སྐུ་མི་མངའ་བར་ཀུན་ལ་ཁྱབ་པར་གནས་པ་ནི་ནམ་མཁའ་སྟེ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། ། ཀྱེ་སེམས་དཔའ་ཆེན་པོ། སྐུ་དང་གསུང་དང་དཔེ་བྱད་ལས་འདས་པ། སྐུ་ལྔ་ལྷུན་གྱིས་རྫོགས་པར་གསལ་བར་རང་བྱུང་བ་ལས་ནི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ། ། ཀྱེ་སེམས་དཔའ་ཆེན་པོ། ཆེན་པོ་ལྔ་ཉིད་སྐུ་ལྔ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཉིད་དོ།། ཆེན་པོ་ལྔའི་དངས་མ་ནི་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པ་རྨད་དུ་བྱུང་བ་ཉིད་དོ།། དངས་མ་དེ་གསལ་བའི་སྙིང་པོ་ཤིན་ཏུ་བརྟག་དཀའ་བའི་ཡེ་ཤེས་ཏེ་ཐུགས་ཉིད་དུ་གྱུར་པའོ། ། ཀྱེ་སེམས་དཔའ་ཆེན་པོ། འབྱུང་བ་ཆེན་པོ་སོ་སོར་མ་བཅོས་མ་བྱས་བསམ་པ་མེད་པ་ལས་སྒྲ་སྐད་སྣ་ཚོགས་འབྱུང་བ་ནི་ང་ཉིད་ཡིན་ནོ།། ཀྱེ་སེམས་དཔའ་ཆེན་པོ། སྒྲ་འདི་དག་ནི་བདག་ཉིད་ལས་བྱུང་བས་གང་གི་ངོ་བོར་ཡང་མ་གྲུབ་པ་ནི་ཆོས་ཀྱི་སྐུ་སྟེ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ།། འབྱུང་བ་ཆེན་པོ་བཞི་ནི་སྐྱེ་བ་འབྱུང་བ་དང་སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་དུ་གྱུར་པས་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། ། འབྱུང་བ་ཉིད་དོ།། འབྱུང་བ་ཆེན་པོ་བཞི་ལས་བྱུང་ཞིང་སྐྱེས་པ་དང། སྐྱེ་བ་རྣམ་བཞིའི་སེམས་ཅན་རྣམས་བདག་ཉིད་དུ་གྱུར་པས་སངས་རྒྱས་པ་མེད་པའི་སངས་རྒྱས་པ་ཡིན་པས་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ། ། ཀྱེ་སེམས་དཔའ་ཆེན་པོ། དེ་ལས་བྱུང་བ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་ཉོན་མོངས་པའི་དྲི་མ་ཡེ་ནས་མེད་པའོ།། བྱང་ཆུབ་ཅེས་བྱ་བ་ནི་འདས་པ་དང། མ་བྱུང་བ་དང། ད་ལྟར་བཞུགས་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དོན་གཅིག་སྟེ། སྐུ་གསུང་ཐུགས་ལས་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་མེད་ལ་ཆོས་ཐམས་ཅད་ཀྱི་དོན་དབྱེར་མེད་པར་ཐུགས་སུ་ཆུད་པ་ནི་ཀུན་ཏུ་ཆུབ་པའོ། ། སེམས་ནི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་དབྱེར་མེད་པའི་དོན་ལས་གཡོ་བ་མེད་པར་གསལ་བའི་ཏིང་ངེ་འཛིན་ཏོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། སེམས་དཔའ་ཆེན་པོས་ཞུས་པ། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་ལ་རྣམ་པར་ཐར་པའི་ལམ་དུ་མངའ་ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས། སེམས་དཔའ་ཆེན་པོ་ཉོན་ཅིག། ཅེས་བཀའ་སྩལ་ཏོ།། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་ཐར་པའི་ལམ་མ་ནོར་བའི་ཆོས་ཉིད་རྣམ་པར་དག་པ་ལྔ་ཡོད་དེ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔའོ།། དེ་ལ་འདོད་པ་ནི་བདག་ཉིད་ལས་བྱུང་བའི་ཆོས་ལ་བདག་ཉིད་དུས་དང་རྣམ་པ་མེད་པར་ལོངས་སྤྱོད་པར་འདོད་དོ། ། ཆགས་པ་ནི་འདོད་པའི་དབང་དུ་གྱུར་པའོ།། དེ་ལ་བདག་ཉིད་ལས་བྱུང་བའི་ཆོས་ནི། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱའོ།། དེ་དག་ཇི་ལྟར་འདོད་ཅེ་ན། ཐམས་ཅད་བདག་ཉིད་དུ་ག་ཡུར་པར་འདོད་ཅིང་འདོད་པ་དེ་ལ་ཆགས་པའོ། ། ཞེ་སྡང་ནི་བདག་ཉིད་ལ་ཡེ་ནས་གནས་པའི་ཆོས་ཐམས་ཅད་འབྱུང་བའི་ངོ་བོ་ཉིད་དུ་གྱུར་པ། སྤོངས་ཀྱང་མི་སྤང། བཀྲུས་ཀྱང་མི་འདག་ཆོས་ཀྱི་ཆོས་ཉིད་དུ་གྱུར་པ་འདོད་ཆགས་སྤང་བ་ལ་ཞེ་སྡང་བ། ཞེ་སྡང་སྤང་བ་ལ་ཞེ་སྡང་བ། གཏི་མུག་སྤང་བ་ལ་ཞེ་སྡང་བ། ང་རྒྱལ་སྤང་བ་ལ་ཞེ་སྡང་བ། ཕྲག་དོ་སྤང་བ་ལ་ཞེ་སྡང་བ། གཏི་མུག་ནི་བདག་ཉིད་ལས་བྱུང་བའི་ཆོས་ཅན་ལ། བལྟ་བས་སོ་སོར་དབྱེར་མེད་པར་ཐུགས་སུ་ཆུད་དེ། སོ་སོར་དབྱེ་བ་མི་མངའ་ལས་གཏི་མུག་དངས་པ་དང། ཆོས་ཐམས་ཅད་བདེ་བར་གཤེགས་པའི་ཐུགས་རྗེའི་བདག་ཉིད་དུ་གྱུར་པས་གསང་བ་མཆོག་གི་དགེས་པ་ན་ཐམས་ཅད་གཅིག་ཏུ་བཞུགས་པས། ས་དང་སའི་རིམ་པར་བྱེད་པའི་དགོངས་པ་མི་མངའ་བས་གཏི་མུག་དང། སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་གཅིག་སྟེ། དབྱེར་མེད་དུ་ཐུགས་སུ་ཆུད་དེ། མཉམ་པ་ཉིད་ཀྱི་སྐུར་བཞུགས་ཤིང་མཉམ་པའི་དོན་ལ་དགོངས་པས་གཏི་མུག་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་དང། ཆོས་ཐམས་ཅད་བདག་ཉིད་ལས་བྱུང་ཞིང། གཞན་ལས་མ་བྱུང་མ་སྐྱེས་པའི་དོན་ཐུགས་སུ་ཆུད་པས་བདག་ཉིད་ཀྱི་སྐུ་ལས་མ་གཏོགས་པར་གཞན་དུ་གྱུར་པ་དང། གཞན་དུ་སྐྱེ་བ་དང། གཞན་དུ་འབྱུང་བ་དང། གཞན་དུ་འགོག་པ་དང། གཞན་ལས་སྐྱེས་པ་དང། གཞན་ལས་བྱུང་བ་དང། གཞན་དུ་གྱུར་པར་སྟོན་པ་མི་མངའ་བས་གཏི་མུག་པ་དང། བདག་ཉིད་ལས་བྱུང་བའི་སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་ལས་རོལ་པ་ཅིར་ཡང་མཛད་ཅིང། སྐུ་གཅིག་ཏུ་སྟོན་པ་མི་མངའ་བས་གཏི་མུག་པའོ།། ང་རྒྱལ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་དང། སྐྱེ་བ་ཐམས་ཅད་ལ་ང་དང་བདག་མེད་པར་ཐུགས་སུ་ཆུད་དེ་མཁྱེན་པས། དེའི་ཆོས་ཐམས་ཅད་ང་དང་བདག་མེད་པར་སྟོན་པར་མཛད་པའི་ང་རྒྱལ་དང། བདག་ཉིད་ལས་བྱུང་བའི་ཆོས་བླ་ན་མེད་པའི་ཆེ་བ་ཐུགས་སུ་ཆུད་དེ་དུས་གསུམ་དུ་བདག་ཉིད་སྟོན་པར་མཛད་ཅིང། བདག་ཉིད་ཀྱི་ཆེ་བ་སྟོན་པར་མཛད་པའི་ང་རྒྱལ་དང། བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ་བདག་ཉིད་དུས་ཐམས་ཅད་དུ་ལོངས་སྤྱོད་པར་མཛད་པའི་དབང་གིས་རོལ་པའི་སྐུ་ཅིར་ཡང་སྟོན་པས་ང་རྒྱལ་བ་དང། ཆོས་ཐམས་ཅད་དང། སྲིད་པ་གསུམ་དང། ཆེན་པོ་ལྔ་ལ་སོགས་པ་དང། སྐྱེ་འགྲོ་ཐམས་ཅད་མ་ལུས་པ་ཐུགས་སུ་ཆུད་དེ། དེ་དག་ཐམས་ཅད་བདག་ཉིད་དུ་འདུས་ཤིང་བདག་ཉིད་དུ་གྱུར་པར་སྟོན་པར་མཛད་པའི་ཆེ་བའི་ང་རྒྱལ་ལོ།། ཕྲག་དོག་ནི་ཆོས་ཐམས་ཅད་ངོ་བོ་ཉིད་གཅིག་པ་ལས་ཐ་དད་པར་རྟོགས་པ་ལས་ཕྲག་དོག་པ་དང། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཡེ་ནས་བྱང་ཆུབ་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པ་ལས་མཚན་ཉིད་སོ་སོར་འཛིན་པ་ལ་ཕྲག་དོག་པ་དང། ཡང་དག་པའི་དོན་མ་ནོར་བ་གཏན་ལ་ཕབ་པ་ལ། ཕྱིན་ཅི་ལོག་ཏུ་རྟོགས་པ་དེ་ལ་ཕྲག་དོག་པ་དང། ཆོས་ཐམས་ཅད་བདེ་བར་གཤེགས་པ་ཡིན་པ་ལས་དེ་ལྟར་མ་རྟོགས་པ་ལ་ཕྲག་དོག་པ་དང། ཆེ་བའི་ལམ་ཡིན་པ་ལ་རྣམ་པར་ཐར་པ་མ་མཐོང་བ་ལ་ཕྲག་དོག་པའོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་དཔས་ཐར་པའི་ལམ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། རྡོ་རྗེ་སེམས་དཔའ་ཆེན་པོ་ཁྱོད།། ཡང་དག་སངས་རྒྱས་ལམ་རིག་པ། ། ནམ་མཁའ་ལྟ་བུར་སྐྱེ་བ་མེད།། རྣམ་དག་ཕུང་པོ་ལྔ་བདེ་བ།། སྣ་ཚོགས་ངེས་པར་ཁྱོད་ལས་བྱུང།། ཁྱོད་ལས་མ་བྱུང་གཅིག་ཀྱང་མེད།། སྣ་ཚོགས་འབྱུང་བ་ཀུན་གྱི་རྒྱུ།། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། ། སངས་རྒྱས་བྱང་ཆུབ་བླ་ན་མེད།། རྣམ་པར་དག་པ་བདག་མེད་ཆོས།། ཡང་དག་ཡེ་ཤེས་ཐམས་ཅད་ལམ།། སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན།། འབྱུང་བ་རྣམས་པས་ཁྱོད་སྔར་བྱུང།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། ། དམ་པའི་དོན་ཏེ་འཇིག་པ་མེད།། ཁྱོད་ལས་བྱུང་བ་ཡི་གེ་མེད།། གསང་སྔགས་དོན་དུ་བསྐྱེད་རྣམས་ལ།། རྣམ་པ་ཀུན་ལྡན་རྣམ་པ་མེད།། ཡན་ལག་མེད་པའི་རྩིས་ལས་འདས།། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། ། ཐམས་ཅད་སངས་རྒྱས་ཉིད་ཀྱིས་མཛད།། སངས་རྒྱས་བྱང་ཆུབ་བླ་ན་མེད།། རང་གི་ལོངས་སྤྱོད་རང་ལས་སྤྲུལ།། རང་ལས་སྤྲུལ་པའི་སྐུ་རྣམས་ལ།། རང་གིས་ལོངས་སྤྱོད་ཅི་ཡང་མཛད།། སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན། ། ཁྱོད་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང།། རོལ་པའི་སྐུར་ནི་ཅིར་ཡང་རོལ།། སངས་རྒྱས་རོལ་པ་ཁྱོད་ལས་བྱུང།། སེམས་དཔའ་ཆེན་པོ་ཐམས་ཅད་ཁྱོད་ཉིད་ལས་བྱུང་བའོ། ། སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རྨད་དུ་བྱུང་བའོ།། སེམས་དཔའ་ཆེན་པོ་ཉོན་ཅིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཛད་དོ།། ཆགས་པ་དང་བྲལ་བའི་ལུས་ལས་འདས་པ་ནི་ཁྱོད་དོ། ། ངའི་བྱང་ཆུབ་ཀྱི་སེམས་ཕྲ་ཞིང་ཟག་པ་མེད་པ། ས་བོན་དང་བྲལ་བ། རྡུལ་མེད་པ། རྡུལ་དང་བྲལ་བ། དྲི་མ་མེད་པ་ནི་བདེ་བར་གཤེགས་པ་རྣམས་དང། སེམས་ཅན་ཐམས་ཅད་ལ་གནས་པ་ཡིན་ནོ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་བྱང་ཆུབ་ཀྱི་སེམས་གསང་བ་དམ་པའོ།། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ནི་འདི་ལྟར་རིག་པར་བྱའོ།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པ་དེ་ནི་སྐུའི་འོད་ལ་བཞུགས་ཤིང། གསུང་གི་ཟེར་ལ་རོལ་ཏེ། དེའི་ཕྱིར་རྣམ་པར་དག་པ་ནམ་མཁའ་དང་འདྲ་བའི་སྐུའོ།། དེ་ཡང་ཡངས་པ་དང། ཀུན་ལ་ཁྱབ་པར་གནས་པ་དང། འགོག་པ་མེད་པར་སྙོམས་པར་གྱུར་པ་ནི་ནམ་མཁའོ། ། གསལ་ཞིང་སྣང་བ་ཐམས་ཅད་ནི་སྐུའི་འོད་ཡིན་ཞིང། ནམ་མཁའི་རང་བཞིན་མ་ཡིན་ནོ།། ཆེན་པོ་ལྔ་ལ་སོ་སོར་གསལ་བ་དང། སྣང་བ་ཆེན་པོ་ཡོད་པ་ནི། ཆེན་པོ་ལྔ་ཉིད་རིགས་ལྔའི་སྐུར་གྱུར་པའི་འོད་ཡིན་གྱི། ནམ་མཁའི་ཁམས་ཀུན་ལ་ཁྱབ་པའི་འོད་དམ་ནམ་མཁའི་རང་བཞིན་ལས་བྱུང་བ་ནི་མ་ཡིན་ཏེ། སྐུ་མདོག་ཇི་ལྟ་བ་བཞིན་ནམ་མཁའི་མདོག་ཀྱང་དེ་བཞིན་གྱུར་པ་ཡིན་ནོ། ། བར་སྣང་ལ་སྣང་བ་སྟོན་པ་ཉི་ཟླ་དང་སྐར་མ་ལ་སོགས་པ། རང་གི་སྣང་བའི་འོད་འབྱུང་བ་དང། བར་སྣང་སྣང་བར་སྟོན་པ་ཡང། སྐུ་རིན་པོ་ཆེའི་འོད་དང། གསུང་གི་འོད་ཟེར་སྤྲོས་པའི་ཟེར་ཉིད་ཡིན་ནོ། ། ཆེན་པོ་བཞི་ལས་བྱུང་བའི་ཁ་དོག་རྣམས་དང། རྣམ་པ་སྣ་ཚོགས་སུ་སྤྲོས་པ་དང། བར་སྣང་ལ་སྤྲིན་གྱི་ཁ་དོག་སོ་སོར་སྣང་བ། འཇའ་ཚོན་གྱི་ཁ་དོག་འབྱུང་བ་ཡང་རིགས་སོ་སོའི་སྐུ་དང་འོད་ལས་བྱུང་བ་ཡིན་གྱི། ནམ་མཁའ་དང་ཁ་དོག་ཀྱང་ཆེན་པོ་བཞི་ལས་བྱུང་བ་ནི་མ་ཡིན་ནོ།། སྐུ་མདོག་དཀར་ན་ནམ་མཁའ་ཡང་དཀར། སྐུ་མདོག་ཇི་ལྟ་བ་བཞིན་དུ་ནམ་མཁའི་མདོག་ཀྱང་དེ་དང་འདྲ་བ་དང་ཆེན་པོ་བཞི་ལས་བྱུང་བའི་སྐྱེ་བ་རྣམས་ཀྱི་ཁ་དོག་ཀྱང་དེ་དང་འདྲའོ། ། དེ་བཞིན་གཤེགས་པའི་སྐུ་ནི་ཆེན་པོ་ལྔ་ལས་བསྟན་ཞིང། འབྱུང་བ་ཆེན་པོ་བཞིའི་རྒྱུད་ལས་སྐྱེས་པ་མ་ཡིན་ནོ།། འབྱུང་བ་བཞི་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་དང། སྐྱེ་བ་བཞི་ལས་སྐྱེས་པའི་སེམས་ཅན་ཐམས་ཅད་དང། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མ་ལུས་པ་མེད་པ་རྣམས་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཉིད་ལས་བྱུང་ཞིང། སྐུ་གསུང་ཐུགས་ཀྱི་རོལ་པ་ཆེན་པོ་རྣམ་པ་ཅིར་ཡང་རོལ་ཅིང་ཆོས་ཐམས་ཅད་ལ་མཛད་པ་དང། ཆོས་ཐམས་ཅད་ལ་རོལ་པ་རྟག་ཏུ་མཛད་པའི་དོན་དུ་དེ་བཞིན་གཤེགས་པས་མཛད་དོ།། ཆེན་པོ་ལྔ་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་དུ་རང་བྱུང་བ་སྟེ། སྐུའི་འོད་ལ་བཞུགས་ཤིང་གསུང་གི་ཟེར་ལ་རོལ་ལོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་ཀྱི་སེམས་ཡེ་ནས་མི་མཉམ་པའི་ལེའུ་སྟེ་བརྒྱད་པའོ། །།། སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་སེམས་གསང་བ་རྨད་དུ་བྱུང་བ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སངས་རྒྱས་ཉིད་ཀྱིས་མཛད་པས། གསང་བ་རྨད་དུ་བྱུང་བའོ།། སངས་རྒྱས་ཉིད་ལས་གསང་བ་རྨད་དུ་བྱུང་བའོ།། སངས་རྒྱས་ཉིད་ཡེ་ཤེས་ལས་སྐྱེས་པས་གསང་བ་རྨད་དུ་བྱུང་བའོ།། བདག་ཉིད་ཀྱི་རིག་པའི་ཡེ་ཤེས་ལས་མ་སྐྱེས་པ་དང་མ་བྱུང་བ་དང། རང་རིག་པའི་ཡེ་ཤེས་ཀྱིས་མ་ཁྱབ་པའི་ཆོས་གང་ཡང་མེད་པས་གསང་བ་རྨད་དུ་བྱུང་བའི་ཆོས་ཆེན་པོ་སྟེ། སེམས་དཔའ་ཆེན་པོ་ཉིད་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་གསང་བ་མཆོག་གི་དམ་པའོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་དམ་པ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། སེམས་དཔའ་ཆེན་པོ། རྡོ་རྗེ་སེམས་དཔའི་ཐུགས་གསང་བའི་རྒྱུད་ནི། སྐུ་གསུང་ཐུགས་སུ་མ་འདུས་པ་གཅིག་ཀྱང་མེད་དོ། ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཉིད་དུ་གྱུར་པས་གསང་བའོ།། དེ་བཞིན་གཤེགས་པ་ཉིད་ལ་རྣམ་པར་དག་པའི་ཕུང་པོ་ལྔ་ཡོད་དེ། གཟུགས་རྣམ་པར་དག་པ་ཐམས་ཅད་ཉིད་དུ་གྱུར་པའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཚོར་བ་འགག་པ་མེད་པའི་ཕུང་པོ་དང། སྐྱེ་བ་མེད་པའི་འདུ་ཤེས་ཆོས་ཉིད་དུ་གྱུར་པའི་ཕུང་པོ་དང། ལེན་པ་མེད་པའི་འདུ་བྱེད་རྣམ་པ་ཐམས་ཅད་ཐ་དད་པའི་སྒོའི་ཕུང་པོ་དང། རྣམ་པར་དག་པ་ནམ་མཁའ་དང་འདྲ་བ་ཡེ་ཤེས་སུ་འབྱུང་བའི་ཕུང་པོ་ལྔ་ཀུན་གྱི་བདག་ཉིད་དུ་ཡོད་པ་དང། ཀུན་གྱི་བདག་ཉིད་དུ་གྱུར་པས་སྐུའི་རྣམ་པར་སྣང་མཛད་ཅེས་གསུངས་པ་ནི་སྐུ་ལྔ་ལྷུན་གྱིས་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། རྣམ་པར་སྣང་མཛད་དོ།། དེ་ལ་རྣམ་པར་སྣང་མཛད་ཅེས་གསུངས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ནི་སྐུ་ལྔ་ཉིད་དུ་གྱུར་པ་ཡིན་ཏེ། དེ་ཉིད་ལ་སྐུ་རྣམ་པ་སྣ་ཚོགས་ཅིར་ཡང་སྣང་བས་སྣང་མཛད་དོ། ། དེའི་ཕྱིར་སེམས་དཔའ་ཆེན་པོ་ཇི་སྐད་གསུངས་ཤེ་ན། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་རྣམས་དང། དུས་དང་དུས་ཀྱིས་སོ་སོར་གྱུར་པ་དང། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང། སྐྱེ་བ་ཐམས་ཅད་དང། སྐྱེ་བོ་དང། སྐྱེ་འགྲོ་རྣམས་དང། ཆེན་པོ་ལྔ་དང། འབྱུང་བ་བཞི་ལས་བྱུང་བའི་ཆོས་ཐམས་ཅད་སྐུ་ལྔ་རྣམ་པར་དག་པ་ལས་མ་བྱུང་བ་གཅིག་ཀྱང་མེད་དེ། དེ་དག་ཐམས་ཅད་སྐུ་ལྔ་ལས་བྱུང་བས་ཐམས་ཅད་ནས་ཐམས་ཅད་དུ་སྐུ་ལྔ་ཉིད་དུ་མ་གྱུར་པ་གཅིག་ཀྱང་མེད་དོ།། དེའི་ཕྱིར་སངས་རྒྱས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ།། དེ་བཞིན་གཤེགས་པའི་སྐུ་ནི་ཕྱི་དང་ནང་དང་ལུས་ངག་ཏུ་ཡང་སྣང་ལ། ཀུན་ཏུ་ཡང་ཁྱབ་པར་སྣང་བས། ཀུན་ལ་ཡང་སྣང་ངོ།། ཀུན་ཏུ་སྣང་བར་མཛད་དོ།། ཡང་ཇི་སྐད་གསུངས་ཤེ་ན། ངའི་སྐུ་རྣམ་པར་དག་པ་ནི་ཅིར་ཡང་སྤྲུལ་ཅིང་ཅིར་ཡང་འགྱུར་ཞིང་ཀུན་ཏུ་འགྱུར་བ་ཉིད་ཡིན་ཏེ། སྐུ་ལྔ་ལས་གྱུར་པའི་ཆོས་ཉིད་ལ། ང་རོལ་པ་ཆེན་པོ་རྡོ་རྗེ་རྣམ་པར་རོལ་པ་མཛད། རྟག་པར་བཞུགས་ཤིང་རྟག་པར་རྣམ་པ་ཅིར་ཡང་རོལ་ལོ། ། རྡོ་རྗེ་རྣམ་པར་རོལ་པ་ཆེན་པོ་ཅིར་ཡང་མཛད་དོ།། ཆོས་ཉིད་ལ་མངའ་མཛད་པའི་རོལ་པ་ཆེན་པོས་སྐུའི་ཆོ་འཕྲུལ་ཅིར་ཡང་སྣང་ཞིང་ཅིར་ཡང་སྟོན་ཆོ་འཕྲུལ་ཆེན་པོ་ཅིར་ཡང་མཛད་དོ།། སྐུ་ཅིར་ཡང་རོལ་པའི་ཆོ་འཕྲུལ་གྱིས། རྟག་པར་ལོངས་སྤྱོད་མཛད་པས་སོ།། དེའི་ཕྱིར་སེམས་དཔའ་ཆེན་པོ་ཕྱིའི་སྤྱོད་ཡུལ་ཐམས་ཅད་འདི་ལྟར་ཡིན་ནོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་གཟིགས་མོའོ།། ཡུལ་ལོ།། ང་ཉིད་ལས་བྱུང་བའི་ཆོས་ཉིད་དོ།། ཡེ་ནས་མ་བྱུང་བ་འབྱུང་བར་བྱེད་པའི་ཡུལ་ལོ།། མ་བྱུང་བ་འབྱུང་བར་བྱེད་པའི་དམ་ཚིག་གི་ཡུལ་ལོ།། སྐུ་གསུང་ཐུགས་མངོན་པར་བསྟན་པ་ཉིད་དོ། ། སྐུ་གསུང་ཐུགས་མཐར་མི་ཟད་པའི་མཛོད་དོ།། སྟོན་པ་མཐར་མི་ཟད་པའི་དོན་ཉིད་དོ།། སྐུ་གསུང་ཐུགས་རོལ་པའི་ཆོ་འཕྲུལ་ཆེན་པོ་རོལ་པ་ཉིད་དོ།། རྫུ་འཕྲུལ་ཆེན་པོ་ཉིད་ཀྱི་རང་བཞིན་ནི་ངའི་མཐུ་ལས་བྱུང་བ་ཉིད་དོ། ངའི་སྟོབས་ལས་བྱུང་བའི་ཆོས་སོ།། སྐུ་གསུང་ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོ་ཉིད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་ང་ཉིད་ཀྱི་ཡུལ་ལོ། ། བཞུགས་གནས་སོ།། གཞལ་ཡས་ཁང་ངོ།། འདི་དག་ཐམས་ཅད་ནི་ངའི་སྐུའོ།། ངའི་གསུང་ངོ།། ངའི་ཐུགས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། སངས་རྒྱས་ཀྱི་ས་རྫོགས་པ་ཆེན་པོ་ཉིད་དོ། ། སངས་རྒྱས་ཉིད་དོ།། བྱང་ཆུབ་ཆེན་པོར་རྫོགས་པ་ཉིད་དོ།། སངས་རྒྱས་ཀྱི་ཞིང་བདེ་བ་ཆེན་པོ་ཉིད་དོ།། བྱང་ཆུབ་ཀྱི་ས་ཉིད་དོ།། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ། ། སྐུ་རྨད་དུ་བྱུང་བ་ཉིད་དོ།། གསུང་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ཐུགས་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ཆོས་རྨད་དུ་བྱུང་བ་ཉིད་ཡིན་ནོ།། གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རོལ་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རྫུ་འཕྲུལ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཡང་འདི་ཉིད་ཡིན་ནོ།། སངས་རྒྱས་ཀྱི་ས་ཆེན་པོ་རྨད་དུ་བྱུང་བ་ཡང་འདི་ཉིད་ཡིན་ནོ། ། སངས་རྒྱས་རྣམས་ཀྱི་ལྟ་བ་རྨད་དུ་བྱུང་བ་ཡང་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་མཐར་ཕྱིན་པ་ཡང་འདི་ཉིད་ཡིན་ནོ།། སྟོན་པ་ཕུན་སུམ་ཚོགས་པས་བསྟན་པ་ཕུན་སུམ་ཚོགས་པ་བསྟན་པ་ཡང་འདི་ཡིན་ནོ། ། ཉན་པ་ཕུན་སུམ་ཚོགས་པས་ཉན་པ་ཡང་འདི་ཉིད་དོ།། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་ཡང་འདི་ཉིད་དོ།། སངས་རྒྱས་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་ཡང་འདི་ཉིད་ཡིན་ནོ། ། འདོད་ཡོན་ལྔའི་མཚན་ཉིད་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་ཐུགས་མཐར་ཐུག་པ་ཡང་འདི་ཉིད་ཡིན་ནོ།། སྐུའི་སྤྲུལ་པའི་ཆོས་ཉིད་ལ་རོལ་པའི་ཆོ་འཕྲུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཉིད་ཀྱི་འཁོར་ལོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། ། འཁོར་བ་ཡང་ཆོས་ཉིད་མ་རིག་པས་འཁོར་ཞིང་ཆོས་ཉིད་ལ་ཆོས་ཉིད་གནས་པ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སྐུ་གསུང་ཐུགས་ལས་མ་གཏོགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། འཁོར་བ་དང་ཉོན་མོངས་པའི་མིང་ཡང་མེད་དོ།། སངས་རྒྱས་འབྱུང་བ་ལས་མ་གཏོགས་པ་སེམས་ཅན་དུ་སྐྱེ་བའི་མིང་ཡང་མེད་དོ།། སྐུ་སྣང་བ་ལས་མ་གཏོགས་པ་སེམས་ཅན་གྱི་རང་བཞིན་དང། ཆེན་པོ་ལྔ་ཡེ་ནས་མེད་དོ།། སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལས་མ་གཏོགས་པར་སེམས་ཅན་དང་སྡུག་བསྔལ་མིང་ཡང་མེད་དོ།། སངས་རྒྱས་ཀྱི་ངེས་པའི་ས་ཆེན་པོ་རྫོགས་པ་གཅིག་པུ་ལས་མ་གཏོགས་པར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་ཡུལ་དང་གནས་ཉིད་ལས་མེད་པས་ང་ལས་བྱུང་བའི་ཆོས་ལས་སེམས་ཅན་གྱི་ཡུལ་དང་གནས་མེད་དོ། ། སྐུ་རྨད་དུ་བྱུང་བ་དང། བྱང་ཆུབ་ཀྱི་སེམས་རྨད་དུ་མེད་པའི་རང་བཞིན་བསྟན་པས་ངེས་པའི་གསང་བའི་མན་ངག་བསྟན་པའོ།། སེམས་དཔའ་ཆེན་པོ། རྒྱལ་བ་རྣམས་ཀྱི་སྐུ་སྣ་ཚོགས་ཅིར་ཡང་སྣང་བ་ནི། ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། ཞེས་གསུངས་པ་ཡིན་ནོ།། སྐུའི་ཁ་དོག་ཇི་ལྟར་སྣ་ཚོགས་ཅིར་ཡང་རོལ་པ་ནི་རིན་ཆེན་དང་འདྲ་སྟེ། རིན་པོ་ཆེ་དཀར་པོ་ཡང་རིན་པོ་ཆེའོ།། དམར་པོ་དང་སེར་པོ་དང་སྔོན་པོ་དང། ལྗང་གུ་ལ་སོགས་པ་ནི་ཁ་དོག་ཅི་འདྲ་ཡང་རིན་པོ་ཆེ་ཉིད་དོ།། འདི་ནི་རིན་པོ་ཆེ་ཡིན་ལ་འདི་ནི་རིན་པོ་ཆེ་མིན་པ་ནི་མ་ཡིན་ནོ།། དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་སྐུ་ཡང་ཁ་དོག་ཐམས་ཅད་དུ་སྣང་བ་དང། དབྱིབས་ཐམས་ཅད་ཇི་ལྟ་བུར་འདུག་པ་དང། དྲི་ཅི་མནམ་པ་དང། རོ་ཇི་ལྟར་བྲོ་བ་དང། གཟུགས་ཇི་ལྟར་སྣང་བ་དང། སྒྲ་ཇི་ལྟར་ཐོས་པ་དང། རེག་བྱ་ཇི་ལྟར་ཚོར་བ་ཐམས་ཅད་ཉིད་ཀྱི་སྐུ་ཡིན་ཏེ། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ་ཡིན་གྱི་ཁ་དོག་དང་དབྱིབས་འདི་ནི་རྒྱལ་བའི་སྐུ་ཡིན། འདི་ནི་མ་ཡིན་པ་ལྟ་བུ་ནི་མ་ཡིན་ནོ།། དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ།། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། ཞེས་གསུངས་སོ། ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ནི་ཡེ་ཤེས་བརྒྱད་སོ་སོར་དབྱེར་མེད་པ་གང་གིས་མི་ཆོད་པའི་དོན་རིག་པའི་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པར་ཤར་བ་ནི་ཐུགས་སོ། ། སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་ཞིང། ཐུགས་ཉིད་ལས་མ་གྱུར་པ་མེད་དོ།། དེ་བཞིན་གཤེགས་པ་རྣམས་ཟད་པའི་མཐའ་མེད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཡང་ཟབ་ཅིང་མེད་པའི་དུས་མེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ལ་ཟད་ཅིང་སྟོངས་པའི་དུས་མེད་པ་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ཡིན་ཏེ། སྐུ་གསུང་ཐུགས་ཟད་ཅིང་སྟོངས་པའི་དུས་མེད་པ་ཉིད་རྨད་དུ་བྱུང་བ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ལས་མ་གཏོགས་པར་སྟོང་གསུམ་གཞན་ན་མེད་དོ། ། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ནི་སྐུ་གསུང་ཐུགས་སོ་སོར་དབྱེར་མེད་པའི་དོན་དང། རང་བཞིན་ཀུན་ལ་སྣང་བར་བྱེད་ཅིང་སོ་སོའི་དོན་གོ་བ་ཉིད་དུ་སྟོན་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ངོ།། གསུང་ལས་གྱུར་པ་རྣམས་ནི་སྒྲ་སྐད་སྣ་ཚོགས་ཅིར་ཡང་འབྱུང་བ་དང། མིང་དང་ཚིག་མང་པོ་རྣམས་ལ་སོགས་པ་དང། སྒྲ་སྐད་མང་པོ་འབྱུང་བ་རྣམས་ལ་གསུང་དུ་མ་གྱུར་པ་གཅིག་ཀྱང་མེད་དེ། སྐུ་དང་ཐུགས་ཉིད་གསུང་ངོ།། གསུང་ཐུགས་ཉིད་སྐུ་ཡིན་ཏེ། གསུང་སྤྲུལ་པའི་སྐུ། ཐུགས་སྙིང་པོ་བྱང་ཆུབ་མཆོག་གི་སྐུ། སྐུ་ལོངས་སྤྱོད་རྫོགས་པའི་སྐུའོ།། སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་ནི། སྐུ་རྨད་དུ་བྱུང་བ་འདི་ཉིད་ཡིན་པར་རིག་པར་བྱའོ།། ཡེ་ནས་ཡོད་ཅིང་རྟག་པར་བཞུགས།། རང་བྱུང་ཆེ་བའི་བདག་ཉིད་སྐུ། ། བདག་ཉིད་ཡེ་ནས་དག་པ་ཆོས་ཀྱི་སྐུ།། བདག་ཉིད་སྐུ་གསུམ་ལྷུན་གྱིས་གྲུབ།། འགྱུར་བ་མེད་པས་བསོད་ནམས་སྐུ།། ཡེ་ནས་རྫོགས་པས་སྤྲུལ་པའི་སྐུ།། ལྷུན་གྱིས་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ། བྱ་རྩོལ་མེད་པས་སྙིང་པོ་བྱང་ཆུབ་སྐུའོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། སྐུ་གསུང་ཐུགས་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། སེམས་དཔའ་ཆེན་པོ། འདོད་ཆགས་དང་ནི་ཞེ་སྡང་དང།། གཏི་མུག་ང་རྒྱལ་ཕྲག་དོག་ནི། ། རྡོ་རྗེ་ཐེག་པ་ཆེན་པོ་ཉིད།། སྙིང་རྗེ་མེད་པར་གསོད་པ་དང།། འཇིགས་པ་མེད་པར་སྦྱོར་བ་དང།། གཙང་སྨེ་མེད་པར་ཟ་བ་དང།། རང་གི་ཁུ་བས་རང་མཆོད་པ།། རྡོ་རྗེ་ཐེག་པའི་ཆོས་ཉིད་ཡིན། ། སེམས་ཅན་བརྩེ་བ་མེད་པ་དང།། མ་བྱིན་ལེན་དང་མི་ཚངས་སྤྱོད།། གཞན་ལ་སློང་བར་མི་བྱེད་པ།། རྡོ་རྗེ་ཐེག་པའི་དམ་ཚིག་སྟེ།། ཇི་སྙེད་རང་བྱུང་བྱང་ཆུབ་སེམས།། བདེ་བ་གསལ་བའི་དཀྱིལ་འཁོར་ལ། ། རྒྱལ་བ་བདག་ཉིད་རྟག་པར་བཞུགས།། རྡོ་རྗེ་ཐེག་པ་གསང་བ་རྨད་དུ་བྱུང་བའོ།། གང་ཞིག་བྱང་ཆུབ་མཆོག་འདོད་པ།། རྟག་ཏུ་བདག་ཉིད་མཆོད་པར་བྱ།། མཆོད་པ་ཀུན་གྱིས་རྟག་ཏུ་མཆོད། ། ཡིད་བཞིན་རིན་ཆེན་ལ་སོགས་རྣམས།། སངས་རྒྱས་འདོད་ན་བདག་ཉིད་མཆོད།། སངས་རྒྱས་ཞིང་ཁམས་ཐམས་ཅད་དུ།། བདག་ཅག་ཀུན་གྱི་ལྷ་ཡིན་པས།། ཀུན་གྱི་མཆོད་པས་བདག་ལ་མཆོད། ། སེམས་ཅན་ཐམས་ཅད་བསད་ནས་ནི།། རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ།། འདོད་ཆགས་འདོད་པས་རྟག་ཏུ་སྦྱིན།། འདི་ནི་གསང་བའི་བྱང་ཆུབ་སེམས།། སངས་རྒྱས་ཉིད་དུ་ཆུད་མི་ཟ།། དེ་ནི་སངས་རྒྱས་དངོས་གྲུབ་ཡིན། ། དངོས་གྲུབ་བདག་ལ་ཡོད་པའི་ཕྱིར།། ཡིད་དུ་འོང་བའི་བདག་ཉིད་བསྒོམ།། མཁས་པས་མཆོད་པ་བདག་ལས་བྱུང།། བདག་ལས་བྱུང་བའི་མཆོད་པ་རྣམས།། བདག་ཉིད་བདག་ལ་མཆོད་པར་བྱ། ། མཁས་པས་བདག་གི་ཁུ་བ་དག། སྦྱོར་བའི་དོན་གྱི་རྟག་ཏུ་དབྱུང།། འདི་ནི་སངས་རྒྱས་བདག་ཉིད་ཡིན།། སྤྱོད་པ་མཁའ་དང་མཚུངས་པའོ།། འདི་ནི་རྡོ་རྗེ་ཐེག་པའི་སྤྱོད་པ་རྨད་དུ་བྱུང་བའོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། རྨད་དུ་བྱུང་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། བདག་ལས་བྱུང་བའི་ཁུ་བ་ཡིས།། བདག་གི་ལུས་ལ་རབ་བརྒྱན་ནས།། སངས་རྒྱས་མཐོང་བས་ཡིད་དུ་འོང།། འཇིག་རྟེན་ཁམས་རྣམས་དབང་གྱུར་པ། ། ང་ཡི་ལུས་ཉིད་སྔགས་ཀྱི་ལྷ།། རྟག་པར་མཆོད་ན་སངས་རྒྱས་འགྲུབ།། གང་གིས་མཆོད་པས་དངོས་གྲུབ་ཐོབ།། ངག་དང་ཡིད་ཀྱང་ཕྱག་རྒྱ་ཡིས།། སྤྱོད་པ་ཅི་ཡང་སྤྲུལ་པའི་སྐུ།། དངོས་གྲུབ་མཆོག་རྣམས་བདག་ལས་བྱུང། ། བྱང་ཆུབ་མྱུར་དུ་ཐོབ་པ་ཡིན།། ལུས་དང་ངག་དང་གསང་བའི་སྔགས།། ནམ་མཁའ་བཞིན་དུ་མཉམ་པར་གནས།། སེམས་ལ་དམིགས་པ་བདག་མེད་པ།། ལྷ་ཡི་ཏིང་འཛིན་གསང་བའི་སྔགས། ། ངོ་བོ་ཉིད་ཀྱིས་དམིགས་སུ་མེད།། ཀྱེ་སེམས་དཔའ་ཆེན་པོ། ང་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པའི་སྟོང་པའི་ཆོས་ལ་སྟོང་པའི་ཆོས་མེད་དེ་མི་གནས་སོ།། བྱང་ཆུབ་སེམས་ལ་བྱང་ཆུབ་ཏུ་བསྒྲུབ་པའི་སེམས་མེད་དེ་མི་གནས་སོ། ། སྲིད་པའི་ཆོས་ཐམས་ཅད་ལ་སྲིད་པ་མེད་དེ་མི་གནས་སོ།། ཆོས་ལ་སེམས་མེད་པས་རྣམ་པར་དག་པ་ལ་གཉིས་མེད་དོ།། སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། ཡིད་ལ་བྱེད་པར་མངོན་པར་སངས་རྒྱས་སོ།། སེམས་ཅན་གསང་བ་མཆོག་གི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་ལྷ་ཉིད་ཡིན་པས། སངས་རྒྱས་ཀུན་གྱི་གསང་བར་མཛད་པའོ།། ང་ལས་བྱུང་བའི་ཆོས་ཆེན་པོ་ལྔ་ཉིད། ཡེ་ཤེས་གསང་བའི་དཀྱིལ་འཁོར་གྱི་ལྷ་ཉིད་ཡིན་པས་དངོས་གྲུབ་གཞན་ནས་བསླང་དུ་མེད་པས། དུས་གསུམ་གྱི་བདེ་བར་གཤེགས་པ་གསང་བ་ཆེན་པོ་ཉིད་དོ།། སེམས་དཔའ་ཆེན་པོ། སངས་རྒྱས་ཀུན་གྱི་བྱང་ཆུབ་ཀྱི་སེམས་འདི་ནི་སངས་རྒྱས་ཉིད་ཀྱི་ཐུགས་ལས་བྱུང་བ་ཉིད་ཡིན་ནོ། ། དེའི་ཕྱིར་སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། སེམས་དཔའ་དེ་བཞིན་རིག་པར་གྱིས། དེ་ནས་རྡོ་རྗེ་སེམས་དཔའ་མཚན་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། རྡོ་རྗེ་སེམས་དཔའི་ཤེས་རབ་ཀྱི། ། ཡེ་ཤེས་ཕ་རོལ་ཕྱིན་པའི་གནས།། དུས་གསུམ་གཅིག་སྟེ་རྟག་པར་བཞུགས།། ཞེས་གསོལ་ཏོ།། སེམས་དཔའ་ཆེན་པོ་དེ་བཞིན་ཏེ།། རྣམ་པར་སྣང་མཛད་ཡེ་ཤེས་ནི།། བདེ་བར་གཤེགས་པའི་ཐུགས་ལ་གནས། ། ཡི་གེ་ཀུན་ལ་མི་སྣང་ཡང།། སེམས་ལ་གསལ་བར་མངོན་པར་སྣང།། སྐལ་ལྡན་རྣམས་ཀྱི་རང་རིག་པ།། དོན་ཆེན་ཡི་གེ་དམ་པ་སྟེ། ཁོང་ནས་འབྱུང་བ་སྐྱེ་བ་མེད།། སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། སངས་རྒྱས་ཀུན་གྱི་སྐུ་དྲི་མ་མེད་པ་ཉིད་ཡིན་ནོ།། དེའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡེ་ཤེས་འབའ་ཞིག་ལས་བྱུང་བ།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། ། སངས་རྒྱས་ཉིད་ཀྱིས་རྙེད་པ་ཡིན།། བདེ་བར་གཤེགས་པ་ཀུན་གྱི་གསང།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། སེམས་དཔའ་ཆེན་པོ་ཉོན་ཅིག། བདེ་བར་གཤེགས་པ་རྣམས་ཀྱི་རྒྱུད་གསང་བའི་དོན་རྣམ་པ་གསུམ་སྟེ། དོན་དང་ལུས་དང་ངེས་པའི་གསང་བ་དང་གསུམ་མོ།། དེའི་དོན་ནི་བཀྲི་བའི་དོན་མ་ཡིན་གྱི་ངེས་པའི་དོན་གཏན་ལ་ཕབ་པའོ། ། དེ་ལ་བདེ་བར་གཤེགས་པ་རྣམས་དང། སྣོད་བཅུད་ནམ་མཁའ་བསྡུས་པའི་ཆོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་ལུས་པ་མེད་པ་ཐམས་ཅད་དོན་གཅིག་སྟེ་སྐུ་གསུང་ཐུགས་སུ་འདུས་སོ། ། སྐུ་གསུང་ཐུགས་ཀྱི་དོན་ནི་དབྱེར་མེད་དེ། གང་གིས་ས་མི་ཤིགས་གང་གི་མི་ཆོད་གང་གི་མི་ཕྱེད་པ་རྡོ་རྗེ་ལྟ་བུའོ།། སྐུ་གསུང་ཐུགས་སུ་མ་གྱུར་པའི་དངོས་པོར་ལུས་པའི་ཆོས་གཅིག་ཀྱང་མེད་པས་སྐུ་གསུང་ཐུགས་ལྷུན་གྱིས་རྫོགས་པར་གཏན་ལ་ཕབ་པའོ། ། དེའི་ཕྱིར་རྡོ་རྗེའི་ཆོས་སོ།། རྡོ་རྗེའི་ཐེག་པའོ།། ལུང་འདི་བསྒོམ་པ་ལས་ཤེས་པར་བྱའོ།། བསྒོམ་པ་ནི་ལྷ་དང་བདག་ཏུ་དོན་གཅིག་པས་གཉིས་སུ་མེད་པ་ལ་བྱའོ། ། ཤེས་པར་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དོན་མ་ནོར་བར་ཤེས་པ་དང། བདག་ཉིད་ཀྱི་རང་བཞིན་ཤེས་པར་བྱ་བ་དང། བལྟ་བ་མ་ནོར་བར་ཤེས་པར་བྱ་བ་དང། རྡོ་རྗེ་སེམས་དཔའི་ཐུགས་གསང་བའི་རྒྱུད་མ་ནོར་བར་ཤེས་པར་བྱ་བ་དང། རྡོ་རྗེ་སེམས་དཔའི་རང་བཞིན་ཤེས་པར་བྱ་བ་དང། རྡོ་རྗེ་སེམས་དཔའི་ཡོན་ཏན་དང། རྡོ་རྗེ་སེམས་དཔའི་རྣམ་པར་རོལ་པ་ཆེན་པོ་མ་ནོར་བར་ཤེས་པ་དང། རྡོ་རྗེ་སེམས་དཔའི་སྤྱོད་པ་དང། ཆོས་ཉིད་ལ་ལོངས་སྤྱོད་ཆེན་པོས་མངའ་མཛད་པའི་དོན་མ་ནོར་བར་ཤེས་པར་བྱའོ།། ངེས་པའི་གསང་བའི་མན་ངག་ནི་རྨད་དུ་བྱུང་བའི་དོན་ནོ།། རྨད་དུ་བྱུང་བ་གསང་བ་ནི་ཐམས་ཅད་བདག་ཉིད་ལས་བྱུང་ཞིང་བདག་ཉིད་ཀྱིས་མཛད། བདག་ཉིད་ལས་སྤྲོས་ཤིང་བདག་ཉིད་དེ་ལ་རོལ་ལོ།། བདག་ལས་སྤྲུལ་ཞིང་བདག་ཉིད་ཡོངས་སུ་སྡུད། བདག་ཉིད་ལས་བྱུང་བའི་ཆོས་ལ་བདག་ཉིད་ལོངས་སྤྱོད་མཛད། བདག་ཉིད་ཀྱི་ཡོན་ཏན་ལས་བདག་ཉིད་ཆེ་བ་སྟོན། བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ་བདག་ཉིད་སྟོན་པར་བྱེད།། སླར་ཡང་བདག་ཉིད་ཀྱི་དབྱིངས་སུ་འདུས་ཏེ། བདག་ཉིད་ལས་མ་བྱུང་བའམ། བདག་ཉིད་དུ་མ་གྱུར་པ་གཅིག་ཀྱང་མེད་དོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། སངས་རྒྱས་ཀུན་གྱི་ཐུགས་ནི་གང།། བདེ་གཤེགས་ཐམས་ཅད་འབྱུང་གནས་སོ། ། སེམས་ཅན་གྱི་རྣམ་པར་ཤེས་པ་བརྒྱད་པོ་ནི། གསང་བ་འདུས་པའི་དཀྱིལ་འཁོར་ཡེ་ཤེས་རང་ལས་བྱུང་བ་ཡེ་ཤེས་ཀྱི་ལྷ་ཉིད་དོ།། རྣམ་པར་ཤེས་པའི་ཡུལ་བརྒྱད་ནི། མཆོད་པའི་ལྷ་མོ་བརྒྱད་དང། དངོས་གྲུབ་ཀྱི་རྫས་བརྒྱད་དོ།། སེམས་དཔའ་ཆེན་པོ་སྒོ་ལྔ་སྟེ། ཤེས་རབ་ཟབ་མོའི་སྒོ་དང། གསང་རྒྱུད་མཐར་མི་འགེག་པའི་སྒོ་དང། ཆོས་ཀྱི་འཁོར་ལོ་མཐར་བསྐོར་བའི་སྒོ་དང། སྐུ་གསུང་ཐུགས་ཉིད་དུ་གྱུར་པའི་སྒོ་དང། འབྲས་བུ་ཡོད་པའི་སྒོའོ།། སེམས་དཔའ་ཆེན་པོ་སྒོ་ལྔའི་རྣམ་པར་ཤེས་པ་ལ། ཡིད་ཀྱི་དཀྱིལ་འཁོར་གསལ་བར་གྱུར་པ་ནི་ཡི་གེ་འཁོར་ལོ་གསལ་བར་བྱེད་པའི་དཀྱིལ་འཁོར་གསང་བ་ཉིད་དོ། ། རྣམ་པར་ཤེས་པ་དང། ཡུལ་དང་དབང་པོ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་ཏེ། མཚན་དང་དཔེ་བྱད་ཀུན་འདས་ཏེ་ཡིད་ཀྱི་ལྷའོ།། དེའི་ཕྱིར་ངག་ནི་འདས་པའི་སྐུ། ལུས་ནི་ད་ལྟར་བྱུང་བའི་སྐུ། སེམས་ནི་མ་བྱུང་བའི་སྐུ།། ངག་ནི་འདས་པའི་ལམ། ལུས་ནི་ད་ལྟར་བཞུགས་པའི་ལམ། སེམས་ནི་ཕྱིས་འབྱུང་བའི་ལམ་ཉིད་དོ།། ངག་ནི་འདས་པའི་ཡུལ། ལུས་ནི་ད་ལྟར་བཞུགས་པའི་ཡུལ།། སེམས་ནི་ཕྱིས་འབྱུང་བའི་ཡུལ་ལོ། ། སེམས་དཔའ་ཆེན་པོ་དེའི་ཕྱིར། སངས་རྒྱས་ཀྱི་ནི་མཁྱེན་པའི་ཡུལ། སངས་རྒྱས་ཉིད་ཀྱི་གསང་བའི་གནས་སོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། སེམས་ནི་ཇི་བཞིན་མཉམ་པ་ཡི།། སངས་རྒྱས་རྣམས་ཀྱི་རྣལ་འབྱོར་རོ།། ཡང་དག་བདག་མེད་དེ་བཞིན་ཉིད།། ཡང་དག་ལམ་སྟེ་ཡི་གེ་མེད།། འགྲོ་བ་མེད་པས་ལམ་ཡང་མེད། ། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ནི།། ཡེ་ཤེས་རོལ་པའི་རྒྱན་ཉིད་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། སངས་རྒྱས་འབྱུང་བའི་ཡེ་ཤེས་ལམ།། སྐུ་གསུང་ཐུགས་ཀྱི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་ཐར་པའི་ལམ། ། ཆོས་ཉིད་འཁོར་བའི་རྒྱ་མཚོ་མཐའ་རིང་ལ།། ཉོན་མོངས་སེམས་ཅན་གནས་པ་རྣམས།། བྱང་ཆུབ་སེམས་ནི་ཐབས་ཆེན་གྱིས།། བསད་པ་འབའ་ཞིག་ལས་སུ་རུང། ། མཆོད་པ་ཆེན་པོ་བདེ་བ་ཆེ།། འདོད་ཆགས་ཆེན་པོ་དགའ་བའི་མཆོག། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཞེ་སྡང་ཆེན་པོ་རྫོགས་སངས་རྒྱས།། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ། ། ཕྲག་དོག་ཆེན་པོ་མཆོད་པ་ཆེ།། ཕྲག་དོག་ཆེན་པོ་དགའ་བས་དགའ།། མཆོད་པ་ཆེན་པོ་ང་རྒྱལ་ཆེ།། ང་རྒྱལ་ཆེན་པོ་རྒྱལ་བས་རྒྱལ།། ཀྱེ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ནི་ཐུགས་རྗེ་རོལ་པ་མཛད་པའི་དོན་དུ་བྱང་ཆུབ་ཀྱི་སེམས་རོལ་པའི་ཡུལ་ལས་མ་གཏོགས་པ། དམྱལ་བའི་གནས་ནི་ཡེ་ནས་མེད། དམྱལ་བའི་རྒྱུ་མེད་དེའི་དངོས་ཀྱང་མེད། སེམས་དཔའ་ཆེན་པོ་མ་སྐྱེས་པའི་ཆོས་རྣམས་ལ་ནམ་ཡང་སྐྱེ་བར་མི་འགྱུར་རོ། ། སངས་རྒྱས་དང་སེམས་ཅན་ནི་གཉིས་སུ་མེད་དེ། གཅིག་ཏུ་གྱུར་པའོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ནི། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་ཉིད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི།། འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། བདེ་བ་ཆེན་པོ་ཆོས་ཉིད་འབྱུང་བའི་དཀྱིལ་འཁོར་ཉིད་དོ། ། དེའི་ཕྱིར། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི།། སངས་རྒྱས་ཐུགས་ལ་གསལ་བས་གསང།། རྣམ་ཤེས་དམིགས་པའི་ཡུལ་ལས་འདས།། གསང་བ་མཆོག་གི་བདེ་བ་ཡིས།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། ། འདི་ནི་གསང་བའི་བྱང་ཆུབ་སེམས།། ཞེས་གསུངས་སོ།། སེམས་དཔའ་ཆེན་པོ། ཡང་དག་སངས་རྒྱས་རྣམ་རིག་པ།། རྟག་པར་སངས་རྒྱས་ཉིད་ལ་གནས།། ནམ་མཁའ་ལྟ་བུར་ཆགས་པ་མེད།། ཕུང་པོ་ལྔ་དོན་དེ་ཉིད་ཤེས། ། མི་འཕོ་བ་ཡི་དོན་ཡང་རིག། མི་འཕོ་བ་ཡི་ལམ་ལ་གནས།། རང་བཞིན་མེད་པའི་དོན་ཤེས་ཤིང།། རང་བཞིན་མེད་པའི་ལམ་ལ་གནས།། མ་སྐྱེས་པ་ཡི་སེམས་ཉིད་ལ།། སེམས་ཅན་སྐྱེ་བའི་རྒྱུ་མི་གནས། ། མ་རིག་མེད་པས་འཁོར་བ་མེད།། མྱ་ངན་མི་འདའ་རྟག་པར་བཞུགས།། མྱ་ངན་འདས་པའི་ལམ་ཡང་མེད།། སྲིད་པའི་ཆོས་ལ་རང་བཞིན་མེད།། ལུས་དང་ངག་ཡིད་དག་པ་ལ།། ཆོས་རྣམས་རང་བཞིན་གནས་པར་ཟད། ། སེམས་ཅན་མེད་པས་སངས་རྒྱས་མེད།། སངས་རྒྱས་ལམ་ལ་མི་གནས་ཏེ།། འཁོར་བའི་སྐྱོན་གྱིས་ཡོངས་མི་གོས།། རྣམ་པར་ཐར་པའི་སྒོ་ནས་འདས།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་ལས། སངས་རྒྱས་ཐམས་ཅད་འདུས་ནས། ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ།། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། གང་ཞིག་ཐོག་མར་བྱང་ཆུབ་སེམས། ། བླ་མེད་དཀྱིལ་འཁོར་སྒོམ་པ་རྣམས།། སྙིང་པོ་བྱང་ཆུབ་བཞུགས་པར་གསུངས།། འཛམ་བུའི་གླིང་དུ་གསུངས་པ་ཡི།། ད་ལྟར་བཞུགས་དང་འདས་པ་དང།། མ་འོངས་སངས་རྒྱས་མཛད་རྣམས་ལ། ། ཐམས་ཅད་དོན་དུ་བཤད་པར་གསོལ།། དེ་ནས་སྐྱོབ་པའི་སངས་རྒྱས་རྣམས།། གསུང་བ་འདི་ནི་ཡང་དག་བཤད།། བྱང་ཆུབ་སེམས་ནི་མ་ཡིན་པ།། ཁམས་གསུམ་གནས་པའི་སེམས་ཅན་ལ།། ཕན་པའི་སྨན་ནི་གཞན་མེད་དོ། ། བྱང་ཆུབ་སེམས་ཀྱི་དོན་རིག་པ།། འཁོར་བའི་ཆོས་ནི་རྒྱུ་མེད་དོ།། མྱུར་དུ་བྱང་ཆུབ་ཀུན་གྱིས་ཐོབ།། མི་སྐྱེ་མི་འཇིག་བདེ་ལ་གནས།། སྐུ་གསུང་ཐུགས་ཀྱི་གསང་བ་ལས།། ཡང་དག་སྙིང་པོ་བྱུང་བ་ནི། ། དེ་ནི་བྱང་ཆུབ་སེམས་ཞེས་བྱ།། དེ་ལས་བྱུང་བའི་རིག་པ་ནི།། རྨད་དུ་བྱུང་བའི་བྱང་ཆུབ་སེམས།། གསང་བ་མཆོག་གི་རིན་པོ་ཆེ།། སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ཡིན།། སངས་རྒྱས་རྣམས་ཀྱི་གསང་བ་ཡི། ། ཁམས་གསུམ་བླ་ན་མེད་པའི་ལམ།། ས་རྣམས་མཉམ་པས་དབྱེར་མེད་དེ།། ས་རྣམས་མཉམ་པ་ཉིད་ཀྱི་ས།། རྣལ་འབྱོར་རང་རིག་ཆེན་པོ་ཡིས།། གསང་བའི་དོན་རྣམས་གཅིག་བསྒོམས་པས།། ཡེ་ཤེས་རང་བྱུང་བྱང་ཆུབ་སེམས། ། སངས་རྒྱས་ཐམས་ཅད་བདག་གིས་བྱས།། ཡེ་ཤེས་ལྷ་རྣམས་རང་ལས་བྱུང།། འདི་ནི་རྨད་དུ་བྱུང་བའི་སྐུ།། གསང་བའི་དཀྱིལ་འཁོར་དམ་པ་ཡིན།། འཛབ་དང་བསྙེན་པ་འབུལ་མི་དགོས། ། བྱང་ཆུབ་སེམས་ཀྱང་བསྐྱེད་དུ་མེད།། ལྷ་ཡང་གཞན་ནས་འབོད་མི་དགོས།། མཆོད་པ་གཞན་དུ་མི་མཆོད་དེ།། དངོས་གྲུབ་གཞན་ལས་མི་བླང་ངོ།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། བླ་ན་མེད་པ་རྟོགས་འགྱུར་བ། ། རྒྱལ་བས་གསུངས་པའི་ཡེ་ཤེས་གང།། དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས།། སེམས་དཔའ་ཆེན་པོ་གསང་བ་མཆོག་གི་དཀྱིལ་འཁོར་འདི་ནི། སངས་རྒྱས་ཉིད་ཀྱིས་མཁྱེན་པ་ཡིན་ནོ། ། སེམས་ཅན་མང་པོས་བྱས་པ་ནི།། གསང་བ་མཆོག་གི་དོན་ཉིད་དེ།། སངས་རྒྱས་ཉིད་ཀྱིས་མཛད་པ་ཡིན།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། ཁམས་གསུམ་རིན་ཆེན་རྙེད་པའི་མི།། ཇི་ལྟར་འདོད་པ་བཞིན་དུ་འགྲུབ།། རབ་ཏུ་དགེས་པར་མཛད་ནས་ནི།། ཁམས་འདི་ཡིད་བཞིན་ཉིད་དུ་འགྱུར།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉིད་ཡིན་ནོ། ། དེ་སྐད་གསུངས་པའི་ཆོས་ཐོས་ནས།། རྡོ་རྗེ་སེམས་དཔའ་དཔའ་བོ་ཡང།། འཇིགས་ཤིང་སྔངས་ནས་གདན་ལས་ལངས།། དགའ་བའི་ཚིག་གིས་འདི་སྐད་གསོལ། ། མཆོད་པ་སྣ་ཚོགས་བྱས་ནས་ནི།། སྣང་མཛད་རྡོ་རྗེ་རྒྱལ་སྤྱན་ལ།། དགའ་བའི་བསམ་པས་སྟོད་བྱེད་པ།། སངས་རྒྱས་ཀུན་བས་སྔར་སངས་རྒྱས།། མི་ཤེས་དྲི་མ་སྤངས་ནས་མེད།། དཔལ་གྱི་རྣམ་རྒྱལ་དེ་བཞིན་ཉིད། ། ལོངས་སྤྱོད་དབང་ཕྱུག་དཔལ་དང་མཉམ།། རྡོ་རྗེ་ཉི་མ་གཟི་བརྗིད་དང།། མདོག་སྡུག་ཤིན་ཏུ་འབར་བ་ཡི།། བཞད་ཅིང་རྨད་དུ་མཛད་པ་ཡིས།། དགའ་མགུ་རང་བ་རྣམས་སུ་འགྱུར། ། པདྨ་བཞད་པས་ཆོས་ཀུན་གྱིས།། རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང།། བྱང་ཆུབ་སེམས་འདིས་མཉེས་གྱུར་ནས།། སྐད་ཅིག་ཉིད་ལ་དོན་རྟོགས་ཏེ།། སྙིང་པོ་བྱང་ཆུབ་ཉིད་དུ་འགྱུར།། རྡོ་རྗེའི་གདན་ལ་ཡང་སངས་རྒྱས། ། ལམ་འདི་རྫོགས་པའི་བྱང་ཆུབ་སེམས།། ཚེ་འདི་ཉིད་ལ་བདེ་བ་དང།། ཕྱི་མ་འབྱུང་བར་བདེ་བ་དང།། སངས་རྒྱས་རྣམས་ཀྱི་བདེ་བ་དང།། སངས་རྒྱས་ཉིད་ཀྱང་རྫོགས་གྱུར་ཏེ། ། སངས་རྒྱས་ཉིད་དང་སྐལ་བ་མཉམ།། ཞེས་གསོལ་ཏོ།། དེ་ནས་སྟོན་པ་བླ་ན་མེད།། རབ་ཏུ་དགེས་པ་མཛད་ནས་འཛུམ།། དེ་ནས་ཐུགས་གསང་བའི་སྒྲོན་མ་འདི་གསུངས་སོ།། རྨད་བྱུང་བྱང་ཆུབ་སེམས་བསྒོམ་པ། ། འགྲོ་བ་མྱུར་དུ་བྱང་ཆུབ་སྟེ།། མ་སྐྱེས་བྱང་ཆུབ་རྨད་བྱུང་བ།། ཉོན་མོངས་ལས་ཀྱིས་གོས་མི་འགྱུར།། བྱང་ཆུབ་སེམས་འདི་བྱང་ཆུབ་ཉིད།། ཚོགས་རྣམས་མ་བསགས་ཅིག་ཆར་རྫོགས།། རང་གི་སྙིང་པོ་རང་བྱས་ན། ། བསམས་ན་ལྷུན་གྱིས་གྲུབ་པའི་སྐུ།། སངས་རྒྱས་མི་བསྒོམ་བདག་ཉིད་བསྒོམ།། སྙིང་པོ་མི་བརྗོད་བདག་ཉིད་བརྗོད།། སངས་རྒྱས་མ་མཐོང་ཆོས་ཉིད་མཐོང།། བདག་ཉིད་མ་མཐོང་སྐུ་གསུམ་མཐོང། ། འཁོར་བ་མ་མཐོང་བདེ་བ་ཉིད།། རང་གི་ལྷར་ནི་རང་བསྒོམས་ན།། བསོད་ནམས་རྡོ་རྗེ་ཅིག་ཆར་རྫོགས།། རང་གི་སྙིང་པོ་རང་སྔགས་ཀྱིས།། བསྒྲུབ་པའི་སྙིང་པོར་ཆུད་མི་ཟ།། ཕྱག་རྒྱ་མི་བསྐྱོད་ཡན་ལག་བསྐྱོད། ། སངས་རྒྱས་མི་གཤེགས་བདག་ཉིད་གཤེགས།། སངས་རྒྱས་མི་མཆོད་བདག་ཉིད་མཆོད།། སྟོན་པ་མི་མཐོང་བདག་ཉིད་མཐོང།། སངས་རྒྱས་མ་མཐོང་སློབ་དཔོན་མཐོང།། གཟུགས་ཉིད་མ་མཐོང་ཆོས་སྐུ་མཐོང། ། དཔེ་བྱད་མི་བལྟ་རང་གཟུགས་བལྟ།། ཡང་དག་ཡེ་ཤེས་རང་རིག་ནས།། མྱུར་དུ་བླ་མེད་སྦྱོར་བ་ཡིན།། ཐམས་ཅད་འབྱུང་བའི་སྦྱོར་བ་ཡིན།། བདག་གི་ལྷར་ནི་བདག་གི་བྱ།། འདི་ནི་སངས་རྒྱས་ཀུན་གྱི་དཔལ། ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཏེ།། ཤེས་རབ་མ་ལུས་ཕུན་སུམ་ཚོགས།། འདི་འདྲའི་དཀྱིལ་འཁོར་བླ་ན་མེད།། སངས་རྒྱས་དེ་བཞིན་གཤེགས་པས་གསུངས།། ཐེག་པ་གསུམ་གྱི་ངེས་འབྱུང་ལ། ། ཐེག་པ་གཅིག་གི་འབྲས་བུར་གནས།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། སེམས་དཔའ་ཆེན་པོ། སྨན་མཆོག་ནད་མེད་བདེ་འཚོ་བ།། དུས་གསུམ་སྨན་མཆོག་བྱང་ཆུབ་སེམས། ། འཇིག་རྟེན་སྨན་རྣམས་འདི་ཡིན་ནོ།། བྱང་ཆུབ་སེམས་ཀྱིས་བྱས་པ་རྣམས།། དགེ་ཚུལ་དཔག་བསམ་ལྗོན་ཤིང་བཞིན།། རྟག་ཏུ་བྱང་ཆུབ་བདེ་བའི་ས།། བྱང་ཆུབ་མཆོག་གི་སྙིང་པོར་འགྱུར། ། སེམས་དཔའ་ཆེན་པོ། ཕུང་པོ་ལྔ་ནི་རིགས་ལྔར་རྫོགས་པར་ལྷུན་གྱིས་གྲུབ་པའི་གསང་བའི་དཀྱིལ་འཁོར་ཡིན་ནོ།། སེམས་དཔའ་ཆེན་པོ། གཟུགས་ཀྱི་མཚན་ཉིད་མང་པོ་སྣ་ཚོགས་པར་འབྱུང་བ་རྣམས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་མོ་དང། སེམས་དཔའ་དང་སེམས་མ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ལྷུན་གྱིས་གནས་པ་སྟེ། དེའི་དོན་ནི་འདུས་པ་དང། ཚོགས་པ་དང། ཡོངས་སུ་རྫོགས་པ་དང། མཚན་ཉིད་སོ་སོར་སྣང་བའོ།། དེ་ལ་ཚོགས་ཤིང་འདུས་པ་ནི་དཀྱིལ་ལ། མཚན་ཉིད་སོ་སོར་སྣང་བ་ནི་འཁོར་ཏེ། འདི་ནི་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དུ་མངོན་པར་རྫོགས་པའི་དཀྱིལ་འཁོར་ཆེན་པོ་སྟེ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ།། སྐུ་ནི་སྙིང་པོ་བྱང་ཆུབ་ན་བཞུགས་པ་དང་རང་བྱུང་ཡེ་ཤེས་ཀྱི་སྐུའོ།། བྱང་ཆུབ་སེམས་ནི་ཆོས་ཉིད་བྱང་ཆུབ་སེམས་སོ། ། ཕྱག་རྒྱ་ནི་བྱང་ཆུབ་ཀྱི་ཕྱག་རྒྱའོ།། ཞལ་ནི་ཕྱོགས་བཞིར་གཟིགས་ཏེ། དེ་ནི་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཞེས་གསུངས་པའི་རྒྱུད་ལས་བཤད་པ་ཡིན་ནོ།། ས་ནི་ཡེ་ཤེས་བླ་མའི་ས་ཉིད་དོ། ། སེམས་དཔའ་ཆེན་པོ་གཟུགས་ཀྱི་ཕུང་པོ་ལས་ཚོར་བ་སྣ་ཚོགས་འབྱུང་བ་ནི་ཚོར་བའི་ཕུང་པོ་སྟེ། རིན་པོ་ཆེའི་རིགས་ལྷུན་གྱིས་རྫོགས་པའི་ལྷ་དང། ལྷ་མོ་དང། སེམས་དཔའ་དང་སེམས་མ་ལ་སོགས་པ་རིན་པོ་ཆེའི་རིགས་ལྷུན་གྱིས་རྫོགས་ཏེ། དེ་ལ་གཅིག་ཏུ་འདུས་ཏེ་དབྱེར་མེད་པ་ནི་དཀྱིལ། མང་པོ་ཚོགས་པ་ནི་འཁོར་ཏེ། ཚོར་བའི་ཕུང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་ནི། རིན་པོ་ཆེའི་འབྱུང་ལྡན་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་སྟེ། དབང་ཆེན་རོལ་པའི་དཀྱིལ་འཁོར་ཉིད་དོ།། བྱང་ཆུབ་ཀྱི་སེམས་ནི་ཐུགས་རིན་པོ་ཆེའོ།། ཕྱག་རྒྱ་ནི་དབང་སྦྱིན་པའི་ཕྱག་རྒྱའོ།། སྐུ་ནི་རིན་ཆེན་འབྱུང་ལྡན་གྱི་སྐུའོ།། ས་ནི་ཡི་གེ་འཁོར་ལོའི་སའོ། ། སེམས་དཔའ་ཆེན་པོ་ཚོར་བའི་ཕུང་པོ་ལས་འདུ་ཤེས་སྣ་ཚོགས་འབྱུང་བ་ཉིད་ནི་པདྨའི་རིགས་ཏེ། འདུ་ཤེས་མང་པོ་སྣ་ཚོགས་པ་འབྱུང་བ་ཉིད་ནི། པདྨའི་རིགས་ལྷུན་གྱིས་རྫོགས་ཏེ། པདྨའི་རིགས་ཀྱི་ལྷ་དང་ལྷ་མོ་དང། སེམས་དཔའ་དང་སེམས་མ་ལ་སོགས་པ་རྫོགས་པས་ཆོས་ཀྱི་དཀྱིལ་འཁོར་ཆེན་པོ་རང་བྱུང་བ་ཉིད་ཡིན་ཏེ། སྐུའི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ཉིད་དོ།། ཐུགས་རྗེ་འབྱུང་བ་ཞེས་ཀྱང་གསུངས་སོ། ། སྐུ་ནི་བསོད་ནམས་ཀྱི་སྐུའོ།། བྱང་ཆུབ་ཀྱི་སེམས་ནི་ཡེ་ཤེས་ཀུན་ཏུ་སྤྲོས་པའོ།། ས་ནི་རྡོ་རྗེ་འཛིན་གྱི་སའོ།། ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱའོ།། སེམས་དཔའ་ཆེན་པོ་འདུ་ཤེས་ཀྱི་ཕུང་པོ་ལས་འདུ་བྱེད་ཀྱི་ཕུང་པོ་སྣ་ཚོགས་འབྱུང་བ་ནི་ལས་ཀྱི་རིགས་ཏེ། འདུ་བྱེད་མང་པོ་འབྱུང་བ་ཉིད་ལས་ཀྱི་རིགས་ཀྱི་ལྷ་དང་ལྷ་མོ་དང། སེམས་དཔའ་དང་སེམས་མ་ལ་སོགས་ཏེ། ལས་ཀྱི་རིགས་ལྷུན་གྱིས་རྫོགས་ཏེ། བདག་ཉིད་ལས་བྱུང་བ་མངོན་པར་རྫོགས་པར་སངས་རྒྱས་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཉིད་དོ།། བྱང་ཆུབ་སེམས་ནི་རྡོ་རྗེའོ།། སྐུ་ནི་ལོངས་སྤྱོད་རྫོགས་པའོ།། ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱའོ། ། ས་ནི་ཀུན་ཏུ་བཟང་པོ་མཆོག་ཉིད་ཀྱི་སའོ།། སེམས་དཔའ་ཆེན་པོ་འདུ་བྱེད་ཀྱི་ཕུང་པོ་ལས། འབྱེད་པའི་རྣམ་པར་ཤེས་པ་མང་པོ་སྣ་ཚོགས་པར་འབྱུང་བ་ཉིད་དོ།། རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣམ་པར་ཤེས་པ་མང་པོ་ཉིད་རྡོ་རྗེ་རིགས་ཀྱི་ལྷ་དང་ལྷ་མོ་དང། སེམས་དཔའ་དང་སེམས་མ་ལ་སོགས་པ་རྡོ་རྗེའི་རིགས་ལྷུན་གྱིས་རྫོགས་ཏེ། སྔོན་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འབྱུང་བའི་དཀྱིལ་འཁོར་ཡིན་ཏེ། ཐམས་ཅད་ཀྱི་དབྱིངས་རྣམ་པར་དག་པ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཉིད་དོ།། བྱང་ཆུབ་ཀྱི་སེམས་ནི་སྤྲོས་པ་མེད་པའོ།། སྐུ་ནི་རྡོ་རྗེ་སྙིང་པོའི་སྐུའོ།། ཕྱག་རྒྱ་ནི་དམ་ཚིག་གསང་བའི་ཕྱག་རྒྱའོ།། ས་ནི་བྱ་བ་མེད་པའོ། ། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ནང་ན་འདི་ནི་གསང་བ་ཆེན་པོ་གསང་བ་མཆོག་ཡིན་ནོ།། ཕུང་པོ་ལྔ་ལ་རིགས་མང་པོ་དང། ལྷ་དང་ལྷ་མོ་མང་པོ་དང་ཁ་དོག་མང་པོ་དང་ཡེ་ཤེས་དང་དཀྱིལ་འཁོར་མང་པོ་ཚོགས་ཤིང་འདུས་པས། ཚོགས་ཀྱི་དཀྱིལ་འཁོར་ཉིད་དོ།། གསང་བ་ཐམས་ཅད་འདིར་འདུས་པས་གསང་བ་འདུས་པའི་དཀྱིལ་འཁོར་ཉིད་དོ།། ཁམས་གསུམ་བླ་ན་མེད་པ་གསང་བ་མཆོག་གི་དཀྱིལ་འཁོར་རྨད་དུ་བྱུང་བ་བསྟན་པ་སྟེ། དཀྱིལ་འཁོར་ལྔ་པོ་འདི་དག་ནི་རིམ་གྱིས་བཀོད་པ་མ་ཡིན་ཏེ། ལྷའི་ཏིང་ངེ་འཛིན་གང་བསྒོམ་པའི་སྐུ་ལས་སྐུ་ལྔ་ལྷུན་གྱིས་རྫོགས་པར་རང་བཞིན་གྱིས་གནས་པ་དང། དཀྱིལ་འཁོར་གཅིག་ལ་དཀྱིལ་འཁོར་ལྔ་ཆར་རྫོགས་པར་རང་བྱུང་སྟེ།། བཀོད་ཅིང་བསྐྱེད་མི་དགོས་སོ།། བྱང་ཆུབ་སེམས་ཀྱང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་ལས་བྱང་ཆུབ་ཀྱི་སེམས་རང་བྱུང་བས་རང་བྱུང་མཆོག་གི་དཀྱིལ་འཁོར་རོ། ། ཕྱག་རྒྱ་ཡང་རང་བཞིན་གྱིས་གསལ་བར་འབྱུང་བས་རང་བྱུང་མཆོག་གི་ཕྱག་རྒྱའོ།། དེ་བཞིན་དུ་སྐུ་དང་ཡེ་ཤེས་དང། རིགས་དང་ཕྱག་མཚན་དང། ཁ་དོག་ཐམས་ཅད་གཅིག་ལ་ཀུན་རྫོགས་པར་འབྱུང་ཞིང་རང་བཞིན་གྱིས་གནས་སོ། ། གསང་བ་རྨད་དུ་བྱུང་བ་ལས། ཁམས་གསུམ་བླ་ན་མེད་པའི་སངས་རྒྱས་གསང་བའི་ས་གོང་ན་མེད་པར་རྫོགས་པའི་ས་སྟེ།། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་མཐའ་ཀླས་མུ་མེད་པའི་སེམས་ཅན་རེ་རེ་ལ། དཀྱིལ་འཁོར་ལྔ་ལྔ་རང་བཞིན་གྱིས་ཡོད་པ་དང། སྣོད་ཀྱི་འཇིག་རྟེན་ཆེན་པོ་ལྔ་གཅིག་གི་མཚན་ཉིད་ལ་ཡང་དཀྱིལ་འཁོར་ལྔ་རྫོགས་པར་བཞུགས་པས་དེའི་ཕྱིར་གསང་བ་རྨད་དུ་བྱུང་བ་ཉིད་དོ། ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ།། དཀྱིལ་འཁོར་རྨད་དུ་བྱུང་བ་ཉིད་དོ།། བལྟ་བ་རྨད་དུ་བྱུང་བ་ཉིད་དོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་དོ།། སངས་རྒྱས་རྨད་དུ་བྱུང་བ་ཉིད་དོ།། རོལ་པ་རྨད་དུ་བྱུང་བ་ཉིད་དོ།། མཁྱེན་པ་རྨད་དུ་བྱུང་བ་ཉིད་དོ།། ཡེ་ཤེས་རྨད་དུ་བྱུང་བ་ཉིད་དོ།། ཆོ་འཕྲུལ་ཆེན་པོ་དང་རྫུ་འཕྲུལ་ཆེན་པོ་དང། འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་དོ།། མཛད་པ་རྨད་དུ་བྱུང་བ་ཉིད་དོ།། སྐུ་གསུང་ཐུགས་རྨད་དུ་བྱུང་བ་ཉིད་དོ།། དུས་གསུམ་རྨད་དུ་བྱུང་བ་ཉིད་དོ།།། སྲིད་པ་གསུམ་རྨད་དུ་བྱུང་བ་ཉིད་དོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། ཁམས་གསུམ་བླ་ན་མེད་པ་གསང་བ་མཆོག་གི་དཀྱིལ་འཁོར་རྨད་དུ་བྱུང་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། སེམས་དཔའ་ཆེན་པོ་དེ་བས་ན།། སངས་རྒྱས་སངས་རྒྱས་མ་ཡིན་པའི། ། སེམས་ཅན་སེམས་ཀྱི་རྒྱུ་ནི་གང།། བྱང་ཆུབ་སེམས་ནི་མ་ཡིན་པའི།། ཆོས་དང་ཆོས་ཉིད་དངོས་ནི་གང།། དཀྱིལ་འཁོར་མང་པོ་གསུངས་པ་ཉིད།། རྫོགས་པའི་དཀྱིལ་འཁོར་བདག་ལ་འདུས། ། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ།། ཡེ་ཤེས་རྡོ་རྗེའི་ཐུགས་ལ་གནས།། རྡོ་རྗེ་ཡེ་ཤེས་མཆོག་ཉིད་ནི།། བདག་ཉིད་སྦྱོར་བ་བསྟན་པའོ།། ཐམས་ཅད་རང་བྱུང་དཀྱིལ་འཁོར་རོ།། དཀྱིལ་འཁོར་ལྔར་མ་འདུས་པའི་ཆོས། ། སངས་རྒྱས་ཉིད་ལ་མི་མངའ་འོ།། ཀྱེ་སེམས་དཔའ་ཆེན་པོ། སྐྱེ་བའི་སེམས་ཅན་ཐམས་ཅད་ཀྱང། དབྱིངས་གསུམ་རྣམ་པར་དག་པའི་སྐྱེ་བ་མེད་པའི་སངས་རྒྱས།། བྱང་ཆུབ་སེམས་ཀྱི་ངོ་བོ་འདི། ། སངས་རྒྱས་གསང་བ་ཉིད་ལས་གསུངས།། གང་ཕྱིར་སངས་རྒྱས་ཉིད་ཀྱིས་གསུངས།། བྱང་ཆུབ་སེམས་ནི་སྤུ་གྲིའི་སོ།། ཏིལ་མར་ངར་བཏགས་རལ་གྲི་བཞིན།། བྱང་ཆུབ་སེམས་འདི་ཡོངས་ཀྱི་ལམ།། སྐྱོན་གྱིས་མ་གོས་པདྨ་བཞིན།། བསྐལ་པར་འབར་བའི་མེ་བཞིན་དུ།། སྡུག་བསྔལ་བདེ་བ་ཅི་སྤྱོད་ཀྱང།། རྣལ་འབྱོར་བླ་མེད་སངས་རྒྱས་འགྲུབ།། སངས་རྒྱས་ཆོས་དང་དགེ་འདུན་དང།། བླ་ན་མེད་པ་ཐམས་ཅད་ཀྱང།། ང་ཡི་བྱང་ཆུབ་སེམས་ལ་གནས།། མཚན་དང་དཔེ་བྱད་ཀུན་ལས་འདས།། ཡིད་བཞིན་ནོར་བུ་རིན་ཆེན་ལྟར།། མ་བསམས་ལྷུན་གྱིས་གྲུབ་པའི་སྐུ།། ཁམས་གསུམ་འདི་ན་གཅིག་པུར་གནས།། གཅིག་པུར་རབ་ཏུ་ཆེ་བའི་ས།། གསང་བ་མཆོག་གི་དགྱེས་པ་ན།། ཐམས་ཅད་བདག་ཉིད་གཅིག་ཏུ་བཞུགས།། ཁམས་གསུམ་མེད་པར་གནས་མེད་པར།། སེམས་དང་ཆོས་ཉིད་གཅིག་ཏུ་འདུས།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས།། གསང་བ་མཆོག་གི་བརྡའ་ཡིས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། ཀྱེ་གྲོགས་པོ་དག། བྱང་ཆུབ་སེམས་ནི་མངོན་སངས་རྒྱས།། འདི་དོན་དེ་ལྟར་གང་རིགས་པ།། རྣལ་འབྱོར་རྟག་ཏུ་བདེ་ལ་གནས།། དམྱལ་བའི་གནས་ཉིད་བླ་མེད་ལམ།། དམྱལ་བའི་ས་ན་དེ་ལྟར་སྤྱོད།། གནོད་སྦྱིན་སྲིན་པོ་གཤིན་རྗེའི་ཚོགས།། སངས་རྒྱས་ཡིན་པར་ཀུན་གྱིས་མཐོང།། དངོས་ལ་དམྱལ་བའི་རྒྱུ་མི་གནས།། དམྱལ་བའི་རྒྱུ་མེད་ཀུན་གྱི་རིག། དམྱལ་བའི་མེ་ལྕེའི་ཕྲེང་བ་རྣམས།། བྱང་ཆུབ་སེམས་ཡིན་གནོད་པ་འཇིལ།། དེ་ཕྱིར་སངས་རྒྱས་འབའ་ཞིག་རྣལ་འབྱོར་མེད།། དེ་ལ་ལམ་མེད་འགྲོ་བ་མེད།། སངས་རྒྱས་མེད་དེ་རྒྱུ་ཡང་མེད། ། བྱང་ཆུབ་མེད་དེ་མིང་ཡང་མེད།། བྱང་ཆུབ་ཉིད་ཀྱི་ས་ཡང་མེད།། སེམས་ཅན་མེད་དེ་སྲོག་ཀྱང་མེད།[་]། ཉོན་མོངས་མེད་དེ་འཁོར་བའང་མེད།། བདེ་བ་མེད་དེ་འབྲས་བུའང་མེད།། རེ་བ་མེད་དེ་དོགས་པའང་མེད། ། གནས་པ་མེད་ཅིང་ཡུལ་ཡང་མེད།། ཐེག་པ་མེད་ཅིང་འཇུག་པ་མེད།། སྨོན་པ་མེད་ཅིང་བསྒྲུབ་པ་མེད།། སྤང་པ་མེད་ཅིང་ལེན་པ་མེད།། སེམས་ཀྱི་གནས་ཀྱི་ཡུལ་མེད་པས།། བསྒོམ་དུ་མེད་པའི་བྱང་ཆུབ་སེམས། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སྔོན་ཆད་མ་མཐོང་མ་རིག་པའོ། ། བཅོམ་ལྡན་འདས་བདག་དང་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་སྔོན་མ་མཐོང་མ་རིག་པ་ངོ་མཚར་ཆེ་བའི་གསང་བ་ཆེ་བའི་ཆོས། དེ་བཞིན་གཤེགས་པའི་ཐེག་པ་གང་དང་ཡང་མི་མཐུན་པ། གསང་སྔགས་ཀྱི་ཐེག་པ་གང་དང་ཡང་མི་མཉམ་པ། གསང་བ་གང་དང་མ་འདྲེས་པ། ཐེག་པ་གང་དང་ཡང་ཐུན་མོང་མིན་པའི་ཆོས་བྱང་ཆུབ་ཀྱི་སེམས་མིན་པའི་ཆོས་དང་ཆོས་ཉིད་མེད་པ། སངས་རྒྱས་མེད་པར་སེམས་ཅ་ཨན་མིང་མེད་པས་རོལ་པའི་དགེས་པ་ལས་མ་གཏོགས་པར་སྡུག་བསྔལ་གྱི་མིང་མེད་པར་སྐུ་གསུང་ཐུགས་ཉིད་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བསྐོར་བ་མ་ཡིན་པར་འཁོར་བའི་རྒྱུད་དང་འཁོར་བའི་ཆོས་ཡེ་ནས་མེད་པར་བྱང་ཆུབ་སེམས་ཀྱི་ས་ལ་སྦྱོར་བ་མ་གཏོགས་པར་དམྱལ་བའི་མིང་ཡང་མེད་པ་དང། ཐམས་ཅད་མཁྱེན་པ་ལས་མ་གཏོགས་པར་མ་རིག་པ་མིང་ཡང་མེད་པའི་ཆོས་དོན་མ་ནོར་བར་ཐུགས་སུ་ཆུད་པ། ཐུགས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒྲོན་མའི་གསང་བ། གསང་བ་རྨད་དུ་བྱུང་བའི་མན་ངག་རྫོགས་པར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང། བདག་གི་དོན་དུ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་དོན་འདི་ལྟ་བུ་རྫོགས་པར་གསུངས་པ་དེ་རྒྱུ་གང་གིས་མཁྱེན་པར་གྱུར། དེ་སྐད་གསོལ་པ་དང། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། སངས་རྒྱས་བཅོམ་ལྡན་འདས་ནི་ཚད་མེད་པའི་ཡོན་ཏན་གྱིས་བསོད་ནམས་གྱི་ཚོགས་དཔག་ཏུ་མེད་པ་རྣམས་ཡང་དག་པར་བསགས་ཏེ་མཁྱེན་ཏོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚད་མེད་པར་ཡང་དག་པའི་ཐབས་རྫོགས་པར་ཐུགས་སུ་ཆུད་ཅིང་མཁྱེན་ཏོ། ། ཚད་མེད་པའི་ཡོན་ཏན་གྱི་འབྱུང་ཁུངས་སུ་གྱུར་པས་ཐུགས་སུ་ཆུད་ཅིང་མཁྱེན་ནོ།། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་ལྡན་པས་ཐུགས་སུ་ཆུད་དེ་མཁྱེན་ནོ། ། སངས་རྒྱས་བཅོམ་ལྡན་འདས་ནི་སྣོད་ཇི་ལྟ་བ་བཞིན་མི་མཉམ་པ་དང་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པས་ཐུགས་སུ་ཆུད་དེ་མཁྱེན་ཏོ།། སངས་རྒྱས་བཅོམ་ལྡན་འདས་ནི་ཤེས་རབ་ཚད་མེད་པ་བསགས་པས་ཐུགས་སུ་ཆུད་དེ་མཁྱེན་ནོ། ། སངས་རྒྱས་བཅོམ་ལྡན་འདས་ནི་སྤྱོད་པ་ཚད་མེད་པའོ།། སངས་རྒྱས་བཅོམ་ལྡན་འདས་ནི་སྐྱེ་བ་ཚད་མེད་པ་རྣམས་ཀྱི་སྣོད་དུ་གྱུར་པར་མཛད། སངས་རྒྱས་བཅོམ་ལྡན་འདས་ནི། སྣོད་ཇི་ལྟ་བ་བཞིན་དོན་དེ་ལྟ་བུར་མཛད་པས། སྣོད་ཇི་བཞིན་དུ་སེམས་ཅན་གྱི་དོན་མཛད་དོ།། ཇི་ལྟར་གདུལ་བ་བཞིན་སེམས་ཅན་གྱི་དོན་མཛད་པ་དང། མོས་པ་ཇི་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང། ཐུགས་སུ་ཆུད་དེ་མཁྱེན་ཅིང་སྣོད་དང་སྦྱར་ཞིང་གསུངས་པ་ཡིན་ནོ།། སེམས་དཔའ་ཆེན་པོ་གསུང་རྡོ་རྗེ་སྨྲ་བ་ཉིད་དོ།། སྦྱོར་བ་ནི་ལུས་ངག་ཡིད་གསུམ་སོ་སོ་མ་ཡིན་ཐ་མི་དད་པ་གཉིས་སུ་མེད་པར་རིག་པར་བྱེད་པ་ནི་སྦྱོར་བའོ། ། སྒྲོལ་བ་ནི་ལུས་དང་ངག་དང་སེམས་དབྱེར་མེད་པ་རྡོ་རྗེ་ཉིད་གང་ནའང་མི་གནས་པ་དང། ཆོས་ཐམས་ཅད་གང་ནའང་མི་གནས་པ་དང། ཆོས་ཐམས་ཅད་གང་ནའང་མི་གནས་པ་ཉིད་སྒྲོལ་བའོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་གསང་བའི་རྒྱུད་དུ་བྱུང་བའི་གསང་བ་ཆེན་པོ་གསང་བ་འབུམ་སྡེ་ལས།། རྡོ་རྗེ་སེམས་དཔའ་རིག་པ་བསྟན་པ་གསང་བ་ཐམས་ཅད་ཀྱི་གསང་བ་མཆོག་རྨད་དུ་བྱུང་བའི་མན་ངག། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་ཉི་ཤུ་པའོ།།།། རྫཽགས་སོ།།།།
CLOSE WINDOW