Wylie |
།།། བི་མ་དང་གཡུ་སྒྲས་བསྒྱུར་རོ།།། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་མ་ཡཱུ་ར་གྲཱི་བཱ་གྲནྠ་ཏནྟྲ་ཕ་ལ་མ་ནུཏྟ་ར་ཡཱ་ན། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། འབྲས་བུ་བླ་ན་མེད་པའི་ཐེག་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་སྙིང་པོ་བྱང་ཆུབ་ལ་བཞུགས་པའི་སྐུ་རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཀྱེ་མ། ཐུགས་རྗེ་ཆེན་པོ་བདག་གི་གདུང་བརྒྱུད་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འབྲས་བུ་བླ་ན་མེད་པའི་ཐེག་པ་ཇི་ལྟར་བསྟན་པར་བྱ་ཞེས་ཞུས་པས། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། འབྲས་བུ་བླ་ན་མེད་པའི་ཐེག་པ་ལ་སྤྱིར་ལྔ་སྟེ། དེ་ཡང་གཞི་ལམ་འབྲས་བུ་རྣམ་གསུམ་གྱིས་དོན་ངེས་པར་བྱེད་པ། དེ་གཞི་དངོས་པོའི་འདུག་ཚུལ་གྱི་ལེའུས་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྱུར་བར་བསྟན་པ་དང། དེའི་དོན་ངེས་པར་བྱེད་པ་ལམ་ལ་གནས་པ་མཉམ་པ་ཉིད་ཀྱི་ལེའུས། ཆོས་ཇི་བཞིན་པར་བཞག་པ་བསྟན་པ་དང། འབྲས་བུ་རང་རིག་པའི་ཡེ་ཤེས་རྟོགས་པ་མངོན་དུ་བྱེད་པ་བསྟན་པ་དང། དེ་ཡང་སྤྱོད་པ་རྣམ་པར་དག་པ་འདམ་གྱི་པདྨ་ལྟར་བསྟན་པའི་ལེའུ་ཡིས། འཕྲལ་བྱུང་གི་རྣམ་རྟོག་ཆོས་ཉིད་དུ་བསྟན་པ་དང། ཡོན་ཏན་གྱི་རྩལ་མ་འགགས་པ་དང། ནམ་མཁའ་སྤྲིན་དང་ཆར་གྱི་ཚུལ་དུ་བསྟན་པའི་ལེའུས། གཞན་དོན་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་དང་པོའོ།།།། བཅོམ་ལྡན་འདས་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ།། གཞི་རྩ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། ། ཟབ་ཅིང་ཕྲ་བས་དཔག་པའི་ཡུལ་ལས་འདས།། ཡངས་ཤིང་ཁྱབ་པས་ནམ་མཁའི་མཐའ་དང་མཉམ།། སྦོམ་ཞིང་རགས་པས་སྣང་སྲིད་དབང་དུ་སྡུད།། དེ་འདྲའི་ཆོས་སྐུ་བླ་མེད་བྱང་ཆུབ་སེམས།། མ་བྱུང་མ་སྐྱེས་འོད་ཀྱི་སྙིང་པོ་ཅན། ། འགྲོ་བ་ཡོངས་ཀྱི་དཔལ་མགོན་བྱང་ཆུབ་སེམས།། སྒྲ་དང་ཐ་སྙད་ཚིག་གི་སྤྱོད་ཡུལ་མིན།། དཔག་མེད་བསམ་འདས་མི་གནས་མྱ་ངན་འདས།། དོན་གྱི་སྙིང་པོ་བླ་མེད་བྱང་ཆུབ་སེམས། ། སྨྲ་བསམ་བརྗོད་མེད་རིག་པས་ཕ་རོལ་ཕྱིན།། མི་སྐྱེ་མི་འགག་རང་རིག་བྱང་ཆུབ་སེམས།། མི་གནས་བདག་མེད་རྣམ་པར་དག། མ་བཅོས་ལྷུན་གྲུབ་སྙིང་པོ་བྱང་ཆུབ་མཆོག། ཅིར་ཡང་སྣང་བ་བདེ་ཆེན་ལོངས་སྤྱོད་སྐུ། ། རང་བྱུང་ཡེ་ཤེས་སྤྲུལ་སྐུ་བྱང་ཆུབ་སེམས།། བདག་མེད་ཕྱོགས་བྲལ་དོན་དམ་ལྷུན་གྱིས་རྫོགས།། ཉག་གཅིག་མ་འགགས་སྙིང་པོ་བྱང་ཆུབ་སེམས།། མི་བསྐྱོད་དབྱིངས་ནས་རང་བྱུང་ཀུན་ལ་ཁྱབ། ། མཁའ་ལྟར་དངོས་མེད་ཞི་བ་གཅིག་ཏུ་གྲགས།། ཉི་མའི་སྙིང་པོ་དངོས་མེད་མྱ་ངན་འདས།། རང་བྱུང་འགག་མེད་སྐར་ཚོགས་གྲངས་མང་ཡང།། བདག་ཉིད་ཆེན་པོ་མི་འགྱུར་བདག་ཉིད་སྐུ།། ཐུགས་རྗེ་ཐབས་མཁས་ནམ་མཁའ་སྤྲིན་གྱི་ཚུལ། ། ཕན་གནོད་ཡོད་མེད་སྙིང་པོ་ཡ་བྱང་ཆུབ་ལམ་ཡང་བྱུང། མ་བརླ།། ལས་དང་ཐུགས་རྗེ་ནམ་མཁའ་སྤྲིན་གྱི་ཚུལ།། གཞི་རྩ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས།། རིག་པའི་རྩལ་ཆེན་མ་འགགས་རང་བཞིན་ཡོངས་ལ་ཁྱབ། ། རྡོ་རྗེ་སེམས་དཔའ་ཐུགས་རྗེ་འོད་པོ་ཆེ།། ཉི་མ་ཐག་དང་ཆུ་སྲིན་ག་བུར་བཞིན།། རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཉག་གཅིག་མ།། དགའ་རབ་རྡོ་རྗེ་མཁས་པའི་སྐྱེས་མཆོག་གིས། ། ལས་འཕྲོ་སྐལ་བར་ལྡན་པའི་ཐུགས་རྒྱུད་ལས།། བསྣན་འབྲི་མེད་པའི་རིན་ཆེན་གཏེར་འདི་ཆོངས།། སྣོད་ངན་བུ་དང་རྒྱུད་ངན་སློབ་མ་ལ།། ཆུ་སྲིན་གྲེ་བ་བཞིན་དུ་དམ་དུ་སྡོམས།། ཞེས་བཀའ་སྩལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ལ་ཞུ་བ་དྲུག་ཞུས་པ། ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི། ནད་པ་ལྟ་བུའོ།། དུག་ལྟ་བུའོ། ། རོ་མྱགས་ཀྱི་འདམ་རྫབ་ལྟ་བུའོ།། མུན་པ་ལྟ་བུའོ།། སྦྱོར་རྩི་ལྟ་བུའོ།། ཚེར་མ་ལྟ་བུའོ།། ཞེས་ཞུས་པས། རྡོ་རྗེ་འཛིན་པ་ཉོན་ཅིག། ངས་གདམས་པའི་ཚིག་གསུམ་བསྟན་གྱིས། ལེགས་པར་ཡིད་ལ་ཟུང་ཞིག། འཁོར་བའི་རྒྱ་མཚོ་ལས་ཐག་རིང་རྣམ་པར་དག་པའི་ཞིང་དུ་བསྒྲལ་བ་དང། འཁོར་བའི་འདམ་རྫབ་ལ་རྡོ་རྗེའི་རྫོང་བཅའ་བ་དང། སྡུག་བསྔལ་གྱི་བྱེ་བྲག་ནོར་བུ་རིན་པོ་ཆེར་བསྒྱུར་བ་དང་གསུམ་ལས། རིགས་ཀྱི་བུ་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འབྱུང་བ་ལྔས་བསྡུས་པ་ཐམས་ཅད་སྔོན་བྱུང་གི་དུས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། མ་བྱས་པས་སྣང་བ་བདེ་ཞིང་ཡངས་པ། ཟུག་རྔུ་མེད་པ། རྒྱ་ཡོངས་སུ་མ་ཆད་པ་ཚིག་དང་དབང་པོའི་སྤྱོད་ཡུལ་མེད་པ། བརྗོད་བྱ་ཐམས་ཅད་ལས་འདས་པ། འདས་ཞེས་བྱ་བ་ཡང་མིང་གི་རྣམ་གྲངས་ཏེ། དེ་ཅི་ལ་ཡང་མི་གནས་པའོ།། དེས་ནི་འཁོར་བའི་རྒྱ་མཚོ་མཐའ་རིང་བ་རྣམ་པར་དག་པའི་ཞིང་དུ་བསྒྲལ་བའོ། ། ཁམས་གསུམ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་གྲུར་ཚུད། མ་རིག་པའི་རྒྱར་འཐུམས་ནས་སྡུག་བསྔལ་བར་གནས་ཀྱང། སྙིང་པོ་བྱང་ཆུབ་ཀྱིས་སེམས་རང་བྱུང་གིས་འོད་གསལ་བ། རྒྱུ་རྐྱེན་མེད་པར་ཀ་དག་པས། རྡོ་རྗེ་ལྟ་བུའི་ཡེ་ཤེས་ལ་གནས་སུ་རུང་གིས། རྡོས་པ་ཅན་ཤེས་རབ་ཀྱི་སྙིང་པོ་མེད་པ་ནི་མ་ཡིན་ནོ།། རྒྱུད་དྲུག་གི་སེམས་ཅན་ཐམས་ཅད། རྡོ་རྗེ་ལྟ་བུའི་སྐུ་དྲི་མ་མེད་པར་གནས་པས་ཡོངས་ལ་ཁྱབ་པ། གཞན་དབང་དུ་མ་གྱུར་པ། ཟད་ཅིང་བྲི་བ་མེད་པས་རྒྱ་མ་ཆད་པ། ཐབས་ཀྱི་རྒྱལ་པོ་སྟོབས་ཀྱི་རིག་པ་ཤར་བས། འཁོར་བ་ཉིད་རང་བྱུང་གི་ཡེ་ཤེས་སུ་ཀ་དག། སྡུག་བསྔལ་གྱི་འདམ་རྫབ་ཉིད་ཆོས་ཉིད་བདེ་བ་ཆེན་པོར་རང་དག་པས། འཁོར་བའི་འདམ་རྫབ་ལ་རྡོ་རྗེའི་རྫོང་བཅའ་བའོ།། རིགས་ཀྱི་བུ་ཉོན་ཅིག། སེམས་ཅན་ཐམས་ཅད་ལ་ལུས་གསུམ་དུ་ཤེས་པར་བྱའོ།། ཡེ་ཤེས་ཀྱི་ལུས་སྡུག་བསྔལ་གྱི་མཐའ་ལས་གྲོལ་བའོ། ། བག་ཆགས་མིན་པའི་ལུས་ཤ་ཁྲག་གི་རྡོས་པ་ཅན། གཉིས་འབྲེལ་གྱི་ལུས་སེམས་བདེ་སྡུག་གཉིས་འཛིན། གཞི་ཤེས་པ་ཆོས་ཀྱི་སྐུ་ལ། བག་ཆགས་ཀྱི་ནད་མེད་ཀྱང། རྣམ་རྟོག་སེམས་ཀྱི་ཡུལ་ལས་བག་ཆགས་ནད་དུ་ལངས་ཀྱང། གསོ་བྱེད་སྨན་པའི་རྒྱལ་པོས་བཟང་དྲུག་སྨན་གྱིས་གསོ་ཞེས་བྱུང་སྟེ། མ་རིག་པ་འཁོར་བའི་ནད། རིག་པ་མྱ་ངན་ལས་འདས་པས་གསོ། རྣམ་རྟོག་དུག་ལྟ་བུའི་ནད་ཆོས་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོས་གསོ། ། སྡུག་བསྔལ་འདམ་རྫབ་ཆེན་པོའི་ནད།། བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་གསོ།། གཏི་མུག་མུན་པ་ལྟ་བུའི་ནད། ཤེས་རབ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུས་གསོ། ། བག་ཆགས་སྦྱོར་རྩི་ལྟ་བུའི་ནད། རང་བཞིན་མེད་པ་མན་ཤེལ་ལྟ་བུས་གསོ།། རྟོག་པ་རྩིང་ཞིབ་ཟུག་རྔུ་ཚེར་མ་ལྟ་བུའི་ནད། མཉམ་པ་ཉིད་མི་གཡོ་བ་རྒྱ་མཚོ་ལྟ་བུས་གསོ། དེས་ནི་སྡུག་བསྔལ་གྱི་བྱེ་བྲག་ནོར་བུ་རིན་པོ་ཆེ་ལྟར་བསྒྱུར་བ་ཞེས་བྱའོ། ། ཞེས་བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། གཞི་ཆོས་སྐུའི་རང་བཞིན་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཡང་ཞུས་པ། ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆང།། ཟག་མེད་ལམ་ལ་རབ་གནས་པའི།། དེ་བཞིན་གཤེགས་པའི་བསམ་གཏན་གྱིས།། བློ་དངོས་གཉིས་མེད་སྦྱོར་བ་ནི།། སངས་རྒྱས་ཉིད་ཀྱི་དགོངས་པ་སྟེ། ། ཐབས་ལ་མཁས་པས་བསྟན་དུ་གསོལ། ཞེས་ཞུས་པས། རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག། དྲི་བ་དྲིས་པ་ལེགས་སོ།། དེ་བཞིན་གཤེགས་པའི་དགོངས་པ་དཔག་ཏུ་མེད་ཀྱང། སེམས་ཅན་གྱི་བློའི་བྱེ་བྲག་དང་སྦྱར་ནས། ཆོས་ཇི་བཞིན་པ་ལ་བློ་དེ་བཞིན་མི་གནས་པའི་ཆེད་དུ། མར་མེའི་སྡོང་བུ་བསྣན་པའི་ཚུལ་དུ་མ་བཅོས་ཇི་བཞིན་གནས་ན་དེ་བཞིན་ཉག་གཅིག་ཅེས་བྱའོ།། དེ་ཡང་ལུང་ལས། བསྟན་བྱ་སྟོན་བྱེད་གཉིས་ཡོད་ན། ། བསྒོམ་བྱ་སྒོམ་བྱེད་ཅི་ཕྱིར་མེད།། ཞེས་འབྱུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་བྱང་ཆུབ་ཀྱི་སྙིང་པོ་བསྟན་ཏེ། སྙིང་པོ་བསྟན་པར་བྱ་བའི་དོན་དུ། དུས་རྟག་ཏུ་སྙིང་པོ་ལ་གནས་པར་བྱའོ།། རྟོགས་པའི་དོན་ཤེས་བྱ་བ་མ་རིག་ཀྱང། བཀའ་ལུང་གི་ཕྱི་མོ་རང་རྒྱུད་ལ་མ་གསལ་གྱི་བར་དུ། ཤེས་བྱ་ལ་གསལ་གདབ་ཅིང་ཏིང་ངེ་འཛིན་ལ་གནས་པར་བྱའོ།། བྱང་ཆུབ་སྙིང་པོ་འགྱུར་མེད་ཆོས་ཀྱི་སྐུ།། གཞན་ནས་མ་བཙལ་སེམས་ཉིད་མངོན་སངས་རྒྱས། ། རང་ལ་གནས་པའི་དོན་དེ་སེམས་ཀྱིས་སེམས་ལ་ལྟོས།། མ་བྱུང་མ་སྐྱེས་རང་བྱུང་ཆོས་ཀྱི་སྐུ།། མི་གཡོ་མི་འགྱུར་མཉམ་པ་ཆེན་པོར་གཞག། གསལ་བ་རྟོག་མེད་ཡེ་ཤེས་ཆོས་ཀྱི་སྐུ། ། མ་བཅོས་བདེ་བ་ཆེན་པོའི་ངང་དུ་གཞག། སྐུ་གསུམ་ལྷུན་གྲུབ་བཀོད་པ་རྒྱན་གྱི་སྐུ།། བདེ་ཆེན་འདུ་འབྲལ་མེད་པའི་ངང་ལ་གཞག། ཐིག་ལེ་ཉག་གཅིག་རང་བཞིན་སྤྲོས་དང་བྲལ།། སྣ་ཚོགས་ཤར་ཀྱང་ཉག་གཅིག་ཉིད་དུ་བསྒོམ། ། ནམ་མཁའི་མཐོངས་ནས་གསལ་བའི་ཉི་ཤར་བཞིན།། སྐྱེ་མེད་དབྱིངས་ནས་རང་བྱུང་འོད་གསལ་བ།། ཐུགས་རྗེ་སྤྲུལ་པའི་འོད་ཟེར་འཕྲོ་བར་བསྒོམ། སྣང་སྲིད་རྣམ་དག་པདྨའི་དཀྱིལ་འཁོར་ན། ། བསྐྱེད་རྫོགས་རྣམ་གསུམ་མ་ཆགས་མ་བཙལ་ལྷུན་གྱིས་རྫོགས།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་དག་པའི་སྐུ།། ཀུན་ཏུ་བཟང་པོའི་མཛད་སྤྱོད་རྫོགས་པར་བསྒོམ། སྒྲིབ་གཉིས་མ་སྦྱངས་ཚོགས་གཉིས་ལྷུན་གྱིས་རྫོགས། ། མན་ཤེལ་སྐུ་ལྟར་དྲི་མེད་གདོད་ནས་དག། རྣམ་རྟོག་སྐྱོན་བྲལ་ཡེ་ཤེས་ལྷུན་གྱིས་གྲུབ།། རང་བྱུང་རྡོ་རྗེ་སྙིང་པོ་ཡིན་པར་བསྒོམ།། མ་བཅོས་ཆོས་སྐུ་ཀུན་གཞི་བྱང་ཆུབ་སེམས། ། ས་ལ་མ་བགྲོད་ལམ་ལ་མི་གནས་ཀྱང།། རྟོགས་པ་གདེང་དུ་མ་གྱུར་བར་དུ་བསྒོམ།། སངས་རྒྱས་ཉག་གཅིག་ཆོས་ལ་མི་གནས་ཀྱང།། འཁྲུལ་རྟོག་སྤང་ཕྱིར་ཆོས་ཉིད་ངང་དུ་བསྒོམ།། དུག་ལྔ་ཡེ་ཤེས་ལྔ་རུ་སངས་རྒྱས་ཀྱང། ། རྣམ་གྲོལ་ཟག་མེད་ལྔ་རུ་གསལ་བར་བསྒོམ།། འབྱུང་ལྔ་ལྷ་མོ་ལྔ་རུ་སངས་རྒྱས་ཀྱང།། མཛེས་པའི་ལྷ་མོ་སྤྲུལ་སྐུར་གསལ་བར་བསྒོམ།། སྣང་སྲིད་རྣམ་དག་བརྗོད་པ་ལས་འདས་ཀྱང། ། ཞིང་ཁམས་རྣམ་དག་ཆོས་ཀྱི་སྐུ་ཡི་ངང་དུ་བསྒོམ།། བྱང་ཆུབ་སེམས་ལ་སྐྱེ་ཤི་མི་མངའ་ཡང།། འདུ་འབྲལ་མེད་པའི་རྐྱེན་གྱི་ཐེག་པ་བསྒོམ།། སྣོད་བཅུད་དངོས་པོ་ཡེ་ནས་རྣམ་དག་ཀྱང།། ཅི་ལའང་མ་ཆགས་མི་རྟོག་ཏིང་འཛིན་བསྒོམ། ། འཁོར་དང་ལོངས་སྤྱོད་སྐར་ཚོགས་རྒྱས་པ་ཡང།། ཅི་ལའང་མ་ཆགས་རང་བཞིན་རྣམ་དག་བསྒོམ།། སྒྱུ་མའི་ཕུང་པོ་ཡེ་ཤེས་གནས་ཡིན་ཀྱང།། མ་ཆགས་མི་གནས་བཏང་སྙོམས་ཆེན་པོར་གཞག། ཀུན་གཞིའི་རྣམ་ཤེས་ཀུན་ལ་མི་འཁོར་བས།། རང་བྱུང་ཡེ་ཤེས་བདག་མེད་མྱ་ངན་འདས།། རྟག་ཆད་ཚིག་ལས་འདས་པར་སུན་ཕྱུང་ནས།། མཐོ་དམན་ཀློང་དུ་ཁོད་བསྙམས་ཏེ།། མཉམ་པ་ཆེན་པོས་མཉམ་ལས་འདས་པར་བསྒོམ། ། བརྗོད་པའི་ཐ་སྙད་ཀུན་ལས་འདས་རྟོགས་ན།། རྣམ་དག་བྱང་ཆུབ་དབྱིངས་ཀྱི་བསྒོམ་པ་ཡིན།། ཞེས་བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། གཞི་ལམ་དང་བཅས་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞུས་པ།། སྟོན་པ་ཐུགས་རྗེ་ཆེ་མངའ་བ།། འགྲོ་བའི་མགོན་པོ་དེ་བཞིན་གཤེགས།། གཞི་ལམ་གཉིས་སུ་མེད་པ་ཡི། ། ལམ་གྱི་འབྲས་བུ་བཤད་དུ་གསོལ།། ཞེས་ཞུས་ཏེ། རིགས་ཀྱི་བུ་ཉོན་ཅིག། དྲི་བ་དྲིས་པ་དེ་ལེགས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདམས་པ་རིན་པོ་ཆེ་ནི། བརྗོད་པས་ཐོག་ཏུ་མི་ཕེབས་ཤིང་བསྟན་པར་དཀའ་ན་ཡང། ངས་རེ་ཞིག་མཚོན་པའི་ཚིག་འགའ་ཙམ་སྨྲ་ཡིས། ལེགས་པར་ཡིད་ལ་ཟུང་ཞིག། རིགས་ཀྱི་བུ་འབྲས་བུ་བླ་ན་མེད་པ་ནི་གུད་ནས་མི་འབྱུང་ངོ།། གཞི་ལམ་གཉིས་སུ་མེད་པར་མཉམ་པའི་དུས་ན། དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བྱ་སྟེ། ལྷག་མཐོང་དང་ནི་ཞི་གནས་གཉིས་སུ་མེད་པར་རང་བྱུང་གི་ཡེ་ཤེས་མར་མེ་རླུང་གིས་མ་བསྐྱོད་པ་ལྟར། ཤེས་བྱ་ཉམས་སུ་མྱངས་ན། གཞི་ལམ་འབྲས་བུ་མཐར་ཕྱིན་སངས་རྒྱས་ཉག་གཅིག་མ་ཞེས་བྱ་སྟེ། ཡེ་ཤེས་དབྱིངས་ན་གསལ་ན་འབྲས་བུ་ཉག་གཅིག་མ།། དབྱིངས་ཉིད་རིག་པར་ཤེས་ན་འབྲས་བུ་ཉག་གཅིག་མ།། གཟུགས་སྐུ་འོད་དུ་ཤར་བ་འབྲས་བུ་ཉག་གཅིག་མ། ། བདེ་ཆེན་ཟག་པ་མེད་པས་འབྲས་བུ་ཉག་གཅིག་མ།། སྣང་སྲིད་དབང་དུ་འདུས་ན་འབྲས་བུ་ཉག་གཅིག་མ།། ཏིང་འཛིན་རོ་ལ་མ་ཆགས་ན་འབྲས་བུ་ཉག་གཅིག་མ། ། འཁོར་བ་རང་བཞིན་མེད་ན་འབྲས་བུ་ཉག་གཅིག་མ།། མཚན་མ་ཟིལ་གྱིས་གནོན་ན་འབྲས་བུ་བདེ་བ་ཆེ།། ཞེས་པའི་དོན་ནོ།། རྒྱུ་ཆོས་ཀྱི་སྐུ་ལས། འབྲས་བུ་གཟུགས་སྐུ་གཉིས་བྱུང་བ་ཡང། ཐིག་ལེའི་རྩལ་མ་འགགས་པ་ཡིན་ཏེ། དེ་ཡང་རྒྱུ་འབྲས་དབྱེར་མི་ཕྱེད་པའི་རྩལ་ཉིད་རྩལ་དུ་ཤེས་པའི་དུས་ན་འབྲས་བུ་སྐུ་གསུང་ཐུགས་མཐར་ཕྱིན་པའོ།། སྐུ་གསུམ་རང་བྱུང་དུ་ཤར་ནས། ཡེ་ཤེས་གཟུགས་ཀྱི་སྐུར་སྣང་ལ་གཟུགས་ཉིད་རང་བཞིན་རྣམ་པར་དག་སྟེ་མཚན་མ་ལས་འདས་ན་འབྲས་བུ་ཡེ་ཤེས་སུ་གྲུབ་པའོ། ། ངོ་བོ་ཉིད་ཀྱི་སྣང་བ་སྣང་ཚོད་དང་གྲག་ཚོད་མེ་ལོང་གཡའ་དག་པ་ལྟར་བསྟན་ཀྱང།། དོན་དམ་པ་སྤྲོས་དང་བྲལ་བ་རང་བཞིན་རྣམ་པར་དག་ན་འབྲས་བུ་མི་གནས་པའི་ཡེ་ཤེས་ཆེན་པོ་ཞེས་བྱའོ། ། མཚན་མ་དང་བྲལ་བ་ཆོས་ཀྱི་སྐུ་བྱ་བ་ཐམས་ཅད་དང་བྲལ་ན་འབྲས་བུ་བླ་ན་མེད་པ་ཞེས་བྱའོ།། ཕྱིར་མི་ལྡོག་པའི་ལུང་ངེས་པ་བཀའ་ལུང་གི་ཕྱི་མོ་ལས། ཡེ་ཇི་བཞིན་པའི་རྡོ་རྗེ་འཆང་ཆེན་པོ། རྒྱུད་དག་པའི་རྡོ་རྗེ་འཆང་ལ་སྣང་བའི་དུས་ན་རྒྱུ་འབྲས་དབྱེར་མི་ཕྱེད་པའི་རང་བྱུང་གི་བཅོམ་ལྡན་འདས་ཞེས་བྱ་སྟེ། རྒྱུད་དག་པའི་དབྱིངས་ཉིད་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བའི་དུས་ན། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་མི་ཕྱེད་པས་སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ཞེས་བྱ་བར་གྲགས་ཏེ་འབྲས་བུ་མཐར་ཕྱིན་པའོ། ། རང་གི་ཤེས་བྱ་མཐར་ཕྱིན་པའི་དུས་སུ་བདུད་དང་མུ་སྟེགས་ཀྱིས་གླགས་མི་རྙེད་ལ། ཕྱ་དང་དབང་ཕྱུག་གིས་གྲོགས་བྱར་མེད་དེ། རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་ཅིང། ནོར་བུ་རིན་པོ་ཆེ་ལྟར་ཟད་མི་ཤེས་ལ། ཤེས་བྱ་རང་གི་ངོ་བོར་ཤེས་བྱ་རང་གི་ངོ་བོས་དབང་བསྒྱུར་བའི་དུས་ན་འཕགས་པ་གཙུག་ཏོར་དྲི་མ་མེད་པ་ཞེས་གྲགས་སོ།། བྱང་ཆུབ་སེམས་ལ་བྱང་ཆུབ་ཀྱི་སེམས་གནས་པའི་དུས་སུ་རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བའི་ཚུལ་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་ཆོས་ཅན་མཚན་མར་སྣང་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་གྲགས་སོ། ། ཆོས་ཐམས་ཅད་ལ་དབྱེ་བ་མེད་ཅིང་བཟང་ངན་མི་བལྟ། བདག་གཞན་དུ་མི་བལྟ་བའི་དུས་ན། ནམ་མཁའ་དང་ཉི་མའི་ཚུལ་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ཀུན་ནས་གཟིགས་ཞེས་གྲགས་སོ། ། ཆོས་ཐམས་ཅད་གང་ཡང་མི་ལེན། གང་ཡང་མི་འདོར་གང་གིས་ཀྱང་མི་བསྒྲིབ།། གང་གིས་ཀྱང་གྲོགས་མི་ནུས། གང་ལ་ཡང་མི་བརྟེན། གང་དུ་ཡང་མི་གོལ། རང་བཞིན་རྣམ་པར་དག་པས་མཐའ་མེད། ། ཤེས་བྱའི་ངོ་བོ་ལ་མ་བསྒྲིབས་ཡོངས་སུ་གསལ་བས། ཆད་པའི་མཐའ་མེད་པས། འཕགས་པ་ནམ་མཁའི་སྙིང་པོ་ཞེས་གྲགས་སོ།། ཞེས་བྱང་ཆུབ་སེམས་དཔའ་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། གཞི་ལམ་འབྲས་བུ་རྣམ་པ་གསུམ་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། འཇམ་དཔལ་གཞོན་ནུ་དཔལ་བོ་མཆོག། གཞི་ལམ་འབྲས་བུ་མཐར་ཕྱིན་པས། ། ཉོན་མོངས་འཁོར་བའི་རྒྱུན་བཅད་དེ།། དག་པའི་ཞིང་དུ་ཡང་དག་བསྒྲལ།། རྣམ་རྟོག་དཔའ་བོ་ཟིལ་གྱིས་མནན་པའི་ཕྱིར།། སྤྱོད་པའི་ཚུལ་ཁྲིམས་བཤད་དུ་གསོལ།། ཞེས་ཞུས་པས། རྡོ་རྗེ་འཛིན་པ་ང་ལ་ཉོན། ། སྤྱོད་པ་རྣམ་པ་གསུམ་དུ་བརྟགས།། གླང་པོ་ཆེ་ལམ་དུ་ཞུགས་པའི་སྤྱོད་པ་དང། སྨྱོན་པ་སྙིང་སྟོར་དྲན་པ་མེད་པའི་སྤྱོད་པ་དང། ཤེད་མ་བྱེའི་བུ་ཆུང་ལྟ་བུའི་སྤྱོད་པའོ།། དེའི་གྲོགས་གསུམ་ལ། འདམ་གྱི་པདྨའི་མེ་ཏོག་དང། བྱ་ཐིབ་ཚང་དུ་འཇུག་པ་དང། བུ་གཅིག་པའི་མ་ལྟ་བུ་སྟེ། དེ་ནི་རྣལ་འབྱོར་ཆེན་པོའི་སྤྱོད་པ་ཡིན། དཔའ་བརྟུལ་སྟག་གི་སྤྱོད་པ་དང། བརྟུལ་ཞུགས་ཕག་གི་སྤྱོད་པ་དང། ཆགས་མེད་བུང་བའི་སྤྱོད་པ་དང། དབང་སྡུད་མུ་སྟེགས་ཀྱི་སྤྱོད་པ་དང། བདེ་བ་མཐུན་འཇུག་གི་སྤྱོད་པའོ།། དེ་ནི་རྣལ་འབྱོར་འབྲིང་གི་སྤྱོད་པ་ཡིན་ནོ།། དམན་པ་ཕྱག་དར་ཁྲོད་པའི་སྤྱོད་པ་དང། མཚོན་པ་ཉམས་མྱོང་གི་སྤྱོད་པ་དང། འདོད་པ་བྱ་ཡི་སྤྱོད་པའོ།། དེ་ནི་རྣལ་འབྱོར་ཐ་མའི་སྤྱོད་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལྟ་བ་ཀློང་དུ་གྱུར་པའི་སྤྱོད་པ་ནི། ཐ་མལ་གྱི་ཤེས་པའོ།། ཞེས་ཐུགས་ཀྱི་རྒྱུད་ནས་ཀྱང་བཤད་པའོ། ། ཆོས་ཉིད་ཀློང་དུ་གྱུར་པའི་སྤྱོད་པ་ནི།། ཅི་ལ་ཡང་མ་ཆགས་མ་ཞེན་པའོ།། ཉམས་མྱོང་རྒྱུད་ལ་སྐྱེས་པའི་སྟོང་པ་ནི། སྲབ་ལ་འཕྱར་བའོ།། བརྟུལ་ཞུགས་སྤྱོད་པའི་སྤྱོད་པ་ཡི། བྱ་རི་སྐྱེགས་ལྟ་བུ་སྟེ་མ་ངེས་པའོ། ། ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའི་སྤྱོད་པའི་མཐའ་ནི་མ་བཅོས་པའོ།། རང་བཞིན་རྣམ་པར་དག་པའི་དུས་ཅི་ལ་ཡང་མ་ཞེན་པའི་སྤྱོད་པ་རྣམ་པར་དག་པའོ།། བདེ་བ་ཆེན་པོའི་ཡུལ་ཤར་བའི་དུས་སུ། ཟུག་རྔུའི་མཐའ་རང་བཞིན་གྱིས་འགགས་པའོ།། ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་ན། སྙིང་རྗེ་ཆེན་པོ་ཁྱད་པར་ཅན་གྱི་སྤྱོད་པ་སྐྱེ་བར་འགྱུར་རོ།། འདོད་པ་མེད་པ་འགྲོ་བ་རིགས་དྲུག་གི་གནས་ཡུལ་སྣང་བའི་དུས་སུ། ཆོས་ཐམས་ཅད་ཅི་ལ་ཡང་མ་ཆགས་པའི་སྤྱོད་པ་སྐྱེ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡུལ་དུ་སྣང་བའི་དུས་སུ། ཐུན་མོང་གི་དངོས་པོ་འགགས་ནས་ངོ་ཚ་བ་དང་བག་ཚ་བའི་འདུ་ཤེས་མེད་དེ། ཚིག་ནམ་མཁའ་ལ་ཁུངས་འདོན་ཅིང་སྤྱན་ནམ་མཁའ་ལ་གཟིགས་ཏེ། མཛུབ་མོ་ནམ་མཁའ་ལ་གཏོད་པའི་སྤྱོད་པ་འཆར་རོ།། ཆོས་ཀྱི་སྐུའི་སྤྲུལ་པའི་སྐུ་ཉམས་སུ་བསྟར་བའི་དུས་སུ། ལུས་ལ་གྲང་དྲོ་དང་ན་ཚ་མེད་ཅིང་གཅེར་བུའི་སྤྱོད་པ་ཤུགས་འབྱུང་དུ་འཆར་ཏེ་ནམ་མཁའི་རི་མོ་ལ་ཁུངས་འདོན་པའོ།། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བའི་དུས་སུ། ཟས་ཀྱི་འདུ་ཤེས་ཆུང་ཞིང་གྲོགས་ལ་མ་ཆགས་པར་རི་དྭགས་རྨས་མ་ལྟར་གཅིག་པུར་རི་སུལ་འགྲིམ་པའི་སྤྱོད་པ་འཆར་རོ། ། སེམས་ཡེ་ཤེས་ཀྱི་དབང་དུ་འདུས་ཤིང་སྣང་བ་ཆོས་ཉིད་ཀྱི་དབང་དུ་འདུས་པའི་དུས་ནི། ནམ་མཁའ་ལ་འགྲོ་བ་དང་ཆུ་ལ་མི་ནུབ་པར་འགྲོ་བ་དང། གཞན་གྱིས་མི་སྣང་བའི་རྩོལ་བ་སྤྱོད་པར་འགྱུར་རོ།། རིག་པ་དབྱིངས་ལ་ཤར་བའི་དུས་སུ། ཡུལ་གཞན་གྱི་སྣང་བ་མཐོང་བར་འགྱུར་རོ།། སེམས་ལས་སུ་རུང་བའི་དུས་སུ། གཞན་གྱི་སེམས་ཤེས་ཤིང་དངོས་པོ་ཐམས་ཅད་ལ་རྫུན་དུ་སྣང་བར་འགྱུར་རོ།། ཆོས་ཉིད་སྟོང་པ་ཉིད་ལས་སུ་རུང་བའི་དུས་སུ་ཕྱིའི་འབྱུང་བ་དང་མི་མ་ཡིན་གྱི་སྒྲ་ཐམས་ཅད་སེལ་བར་འགྱུར་རོ། ། སྤྱོད་པ་རྣམ་པར་དག་པ་དེ་རྣམས་ནི་རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ལ་སྣང་སྟེ། ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་པའོ།། ན་མོ་བུདྡྷ་ཡ། ཏདྱ་ཐཱ་དྷརྨཱ་སར་གྷ་རི། མཉྫུ་ཤྲཱི་ཨཱ་པྲ་བྷ། བྷ་ག་བ་ཏི་པ་པ་རི། སུ་ཀ་ཨ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་མགུ་ཡི་རང་སྟེ། བཅོམ་ལྡན་འདས་ལ་ཐལ་མོ་མཉམ་པར་སྦྱར་ནས། ཡན་ལག་ལྔ་ས་ལ་བཙུགས་ཏེ། ཀྱེ་ལེགས་སོ་ལེགས་སོ་དཔལ་ལྡན་མགོན་པོ་ཆེ། ། ཞལ་ནས་ཕྱུང་བས་བཀའ་སྩལ་ཏེ།། གསུང་བ་དེ་ཉིད་དོན་གྱི་མཆོག། བདག་བློའི་མུན་པ་ཁ་འབྱེད་པའི།། སྣང་གསལ་ཐུགས་རྗེ་འོད་ཀྱི་མེ།། སེམས་ཅན་ཀུན་གྱི་བསྐྱབས་མཛད་པས། ། མགོན་པོ་དྲི་མེད་ཡེ་ཤེས་སྐུ།། འགྲོ་བའི་དོན་དུ་སྐུར་སྤྲུལ་པའི།། རང་བྱུང་སངས་རྒྱས་རྣམ་པར་གཟིགས།། བྱམས་མགོན་ཐུགས་རྗེས་སྐྱབས་མཛད་ཅིང།། སངས་རྒྱས་ལོག་པར་དད་སེལ་ལ།། གུས་པའི་ཚུལ་གྱིས་སྐྱབས་སུ་མཆི། ། ཞེས་བརྗོད་ནས་བསྟོད་པའོ།། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། སྤྱོད་པ་བརྟག་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲི་བ་དྲིས་པ། འཇམ་དཔལ་གཞོན་ནུ་ཐུགས་རྗེ་ཅན།། ཞུ་བ་ཞུས་པ་ལེགས་གསུངས་པས།། འགྲོ་མགོན་རྡོ་རྗེ་སེམས་དཔར་བཤད།། སངས་རྒྱས་ཐུགས་ཀྱི་དཔལ་བེའུ།། སངས་རྒྱས་དབུ་ཡི་གཙུག་ཏོར་དང། ། སངས་རྒྱས་ཞལ་གྱི་ལྗགས་བཟང་ནས།། འོད་ཟེར་འབྱུང་བ་བསྟན་དུ་གསོལ།། ཞེས་དྲི་བ་དྲིས་ཏེ།། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། ཁྱོད་ཀྱིས་དྲི་བ་དྲིས་པ་དེ་ལེགས་སོ།། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་ཐུགས་རྗེ་འབྱུང་བ་ནི་ངས་བརྫོད་ཀྱིས་མི་ལངས་ཤིང་བསམ་གྱིས་མི་ཁྱབ་པ་མ་འོངས་པའི་སེམས་ཅན་ལ་མདོ་ཙམ་ཞིག་བསྟན་ཀྱིས་ཉོན་ཅིག། ཐུགས་རྗེའི་བྱེ་བྲག་གང་གི་ཡང་རྩལ་མ་འགགས་པར་ཡིན་གྱིས། དཔེར་ན་ནམ་མཁའ་ལས་སྤྲིན་དང། ཆར་གྱི་ཚུལ་བཞིན་འབྱུང་སྟེ། ཐུགས་རིན་པོ་ཆེའི་དཔལ་བེའུ་ནས། སངས་རྒྱས་བྱམས་པ་མི་མཉམ་མགོན་པོ་ཞེས་བྱ་བ་བྱུང་ནས། རང་བཞིན་རྣམ་པར་དག་པའི་ཆོས་བསྟན་ཏོ། ། དབུ་ཡི་གཙུག་ཏོར་ནས་འཇམ་དཔལ་དྲི་མེད་སྙིང་པོ་ཞེས་བྱ་བ་བྱུང་ནས། སྐུ་གདུང་དང་རིང་བསྲེལ་གྱི་ཆོས་བསྟན་ཏོ།། ཞལ་གྱི་ལྗགས་བཟང་ནས་སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ནས། རྒྱུ་འབྲས་ཀྱི་ཆོས་མ་ལུས་པ་བསྟན་ཏོ།། སངས་རྒྱས་སྟོང་གི་ཡོན་ཏན་ནི།། སངས་རྒྱས་གཅིག་པུ་ཉིད་ལ་འདུས།། གཅིག་པུར་རབ་ཏུ་སྣང་བའི་ཆོས།། འགྲོ་བ་ཀུན་ལ་རང་བཞིན་གནས། ། ཞེས་འབྱུང་སྟེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་སྟེ། དེ་དག་ཀྱང་སངས་རྒྱས་འོད་དཔག་མེད་ཆེན་པོའི་རྩལ་སྣང་ངོ།། སངས་རྒྱས་འོད་དཔག་མེད་ཉིད་འགྲོ་བ་ཡོངས་ཀྱི་སྙིང་པོར་ཤར་བས། འགྲོ་བ་སེམས་ཅན་ཐམས་ཅད་ལ།། སྙིང་པོ་རྣམ་དག་ཡེ་ཤེས་རྫོགས།། ཞེས་གསུངས་སོ།། སངས་རྒྱས་ཀུན་གྱི་གཙུག་ཕུད་ལྔ།། རྒྱལ་མཚན་རྩེ་མོ་བཞིན་དུ་གནས། ། སངས་རྒྱས་ཀུན་གྱི་ཆེ་བ་ལྔ།། ནམ་མཁའ་བཞིན་དུ་ཁྱབ་པར་གནས།། རྡོ་རྗེ་སྙིང་པོ་བླ་ན་མེད།། རིན་ཆེན་གཙུག་ཏོར་དྲི་མ་མེད།། ཉེས་པའི་རྐྱེན་རྟོགས་སེལ་བར་བྱེད།། པདྨའི་སྙིང་པོ་འོད་འབར་བ། ། མཐའ་ལ་མི་གནས་ཕྱག་རྒྱ་ཆེ།། མགོན་པོ་དྲི་མ་མེད་པའི་སྐུ།། ཡོན་ཏན་ཀུན་གྱི་སྙིང་པོར་བཤད།། ཐབས་མཁས་ཐུགས་རྗེ་སྟོབས་ཀྱི་བདག། བདུད་བཞི་འདུལ་མཛད་དཔའ་བོའི་མཆོག། དག་པའི་ཞིང་དུ་ཡང་དག་སྒྲོལ། ། ཐུགས་རྗེའི་ཆུ་བོ་རྒྱུན་མ་ཆད།། ཤེས་རབ་གྲུ་ཡིས་སྒྲོལ་མཛད་པ།། སྤྲིན་ཆེན་གློག་གི་ཕྲེང་བ་ཅན།། རྒྱུན་གྱི་རྡོ་རྗེ་ཐུགས་རྗེའི་བདག། སྙིང་པོ་བདག་མེད་ཡ་མ་བརླ།། རྟོག་པའི་རྗེས་འབྲང་གཅོད་པའི་མཚོན། ། ནམ་མཁའ་ཉི་མའི་ཚུལ་བཞིན་དུ།། སྣང་མེད་བདེ་བའི་དབྱིངས་ཉིད་ནས།། འགག་མེད་རང་བྱུང་ཡེ་ཤེས་སྐུ།། ནམ་མཁའ་སྤྲིན་གྱི་ཚུལ་བཞིན་དུ།། རང་བྱུང་སྤྲོས་མེད་མཁའ་ལ་དེངས། ། རྒྱུ་འབྲས་དག་པའི་དབྱིངས་ཉིད་ལས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བའི་དུས་སུ་སྣོད་བཅུད་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་གདལ། མི་འབྱེད་པའི་བལྟ་བ་ནམ་མཁའ་དང་མཉམ་པར་རེ་དོགས་ཀྱི་འཕྲང་བཅད། ཟག་པ་མེད་པའི་ཡེ་ཤེས་རང་སྣང་བས་བདག་རང་གཞན་གྱི་དོན་མཐར་ཕྱིན། ཤེས་རབ་ཀྱི་སྟོབས་མ་འགགས་པས་བདུད་དང་སྲིན་པོའི་མཐུ་བྱིན་ཟིལ་གྱིས་གནོན། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་ཕ་མ་ཡིན་གྱིས། དེ་ཡང་དྲི་མ་མེད་པའི་དོན་གྱིས་གནས་པར་བྱའོ།། རྟོགས་པའི་དོན་ལ་རྩེ་གཅིག་ཏུ་མ་ཡེངས་པར་གནས་ན། བྱང་ཆུབ་སེམས་དཔའི་བསམ་གཏན་ཞེས་བྱ་སྟེ། རྡོ་རྗེའི་གདན་ལ་རྡོ་རྗེ་བཞག་པའོ།། འཇམ་དཔལ་དྲི་མེད་སྙིང་པོ་ངས། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། གསང་བའི་རྒྱུད་གསུམ་ཡང་དག་ཐུགས་ཀྱི་རྒྱུད།། ཐུགས་ཀྱི་ཀློང་ནས་བྱུང་ནས་གདམས་པར་བཞག། སངས་རྒྱས་ལག་ཏུ་གཏད་པའི་ཕྱིར།། སངས་རྒྱས་གཙུག་ཕུད་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཐུགས་ལས་ནོར་བུ་དྲྀ་མ་མེད་པའི་རྒྱུད་མཛད་དོ།། འབྲས་བུ་བླ་ན་ཡོད་པ་དང། བླ་ན་མེད་པའི་ཐེག་པ་ཤན་ཕྱེ་བའི་ཕྱིར། ལྗགས་ཀྱི་པདྨོ་ལས་སངས་རྒྱས་བྱེ་བ་རྣམ་པར་གཟིགས་བྱ་བ་ཕྱུང་ནས། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་མཛད་དོ།། སངས་རྒྱས་ལ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་ལུས་སུ་གནས་པའི་ཕྱིར་མཛོད་སྤུའི་བུ་ག་ནས། འོད་ཟེར་ལྔ་འཕྲོས་ནས། སངས་རྒྱས་འོད་ལྡན་མགོན་པོ་སྤྱན་རས་གཟིགས་ཞེས་བྱ་བ་ཕྱུང་ནས། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་མཛད་དོ།། ལས་དགེ་སྡིག་མཐོ་དམན་མེད་པར་ལ་བཟླ་བའི་ཕྱིར་ཤངས་ཀྱི་རླུང་སྒྲོམ་ནས་མཐུ་སྟོབས་ཀྱིས་བདག་པོ་ཕྱག་ན་རྡོ་རྗེ་ཕྱུང་སྟེ། བྱ་རྩོལ་མེད་པ་ཡེ་ཤེས་བླ་མའི་རྒྱུད་ཕྱུང་སྟེ། ཆོས་ལས་འདས་པའི་སྐུ་ཡོངས་སུ་རྫོགས་པར་བསྟན་ཏོ།། ཞེས་བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་ལས་ལེའུ་སྟེ་དྲུག་པའོ།།།། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ཅེས། འཇམ་དཔལ་དྲི་མ་མེད་པའི་སྙིང་པོས་བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་གདམས་པའོ། ། རྫོགས་སོ།། བར་འདིར་རྨ་བྱ་མཇིང་བསྣོལ་གྱི་མཐའི་མུན་སེལ་ཆེན་པོ་ལེའུ་ལྔ་པ་འཛུད། འདི་ཆོས་ཆེན་པོ་རྨད་དུ་བྱུང་བ་ཡིན། !།། བཅོམ་ལྡན་འདས་དཔལ་གྱི་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།
CLOSE WINDOW