Wylie |
། ཤྲཱི་སིདྷ་དང་བཻ་རོའི་འགྱུར། ། འདི་མི་གནས་ཡུལ་མེད་ཀྱི་ལེའུ་ཉེར་གཉིས་པ་ཁྱུང་ཆེན་གྱི་རྒྱུད་ཡིན།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཤིན་ཏུ་གུས་པས་ཕྱག་འཚལ་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྣམ་པར་གྲོལ་པའི་ལམ་ལ་བཞུགས་སོ།། བདེ་བར་གཤེགས་པ་ལེགས་སོ་ཞེས་བསྟོད་དེ། ཅང་མི་སྨྲ་བར་འཁོར་རྣམས་འདུས་ཏེ་འདུག་གོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུ་ན་ཏུ་བཟང་པོ་ཉིད་ཀྱིས་ཉིད་ཆེ་བའི་ལྷུན་ལ་བཞུགས་ཏེ་བརྗཽད་པ། དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ།། མི་གནས་ཐིག་ལེ་ཇི་བཞིན་ཉིད་ཀྱི་ངང།། རང་བྱུང་ཡེ་ཤེས་ཀུན་ཏུ་ཇི་བཞིན་གནས། ། ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད།། སྤྱོད་བཞིའི་དོན་ཚོལ་ཁྱད་པར་དོན་མེད་པས།། གཟུགས་མེད་ཆོས་ཀུན་བསྒོམ་དུ་ག་ལ་ཡོད།། སེམས་ནི་གཞི་སྟེ་ཆོས་རྣམས་སྣ་ཚོགས་ལམ།། མཆོག་ཏུ་སྟོང་པ་དེ་བཞིན་ཆོས་ལ་གནས། ། གནས་དང་མི་གནས་རང་བཞིན་ཉིད་ཀྱི་ལམ།། ཇི་བཞིན་ཉིད་དུ་བསྒོམས་པས་རྙེད་མི་འགྱུར།། ཆགས་པས་གྲོལ་བ་འདི་ལ་འདོད་པ་མིན།། དབང་པོ་རྣོ་བརྟུལ་ཆོས་ལམ་འཛིན་པས་ཀྱང། ། རྙེད་པའི་ཡུལ་མེད་སྙིང་པོ་མི་འབྱུང་ཞིང།། དཔག་ཅིང་གཞལ་བས་འདི་ལ་དཔོགས་པ་མིན།། ནམ་མཁའི་མཐའ་བཞིན་གང་ཡང་ཐོག་པ་མེད།། སྟོང་པའི་སྟོང་པ་ནོར་བུ་རིན་ཆེན་བཞིན།། དམིགས་པ་མེད་ཅིང་འགྱུར་བར་མི་བྱེད་པར། ། རང་བཞིན་གནས་པས་རེ་བ་ཐམས་ཅད་སྐོང།། བརྟག་མེད་བཞག་ན་ལེགས་པའི་འབྱུང་བ་ཆེ།། དྲན་དང་ཞི་བ་འབྱེད་མེད་སྙིང་རྗེས་བསྟན།། བླ་མེད་བྱང་ཆུབ་སྙིང་པོར་འགྲོ་བའི་ལམ། ། དེ་ལྟའི་ཡུལ་མེད་སངས་རྒྱས་མཐོང་བ་མེད།། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད།། སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར།། སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ། ། རང་རིག་བྱང་ཆུབ་སེམས་ཉིད་སངས་རྒྱས་སྐུ།། གཞན་གྱིས་ནོར་མིན་ཡེ་ནས་གནས་པ་ཡིན།། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས།། མ་གཡོག་ནང་དུ་བཙལ་བའི་གནས་མེད་དེ།། ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། ། ཁྱུང་ཆེན་ནམ་མཁར་ལྡིང་སྟེ་འགྲོ་བ་བཞིན།། རང་བཞིན་སྤྲོ་བ་མེད་ཅིང་བསྡུ་བ་མེད།། རྒྱ་མཚོ་ཆེན་པོ་བཞིན་དུ་ཡེ་གནས་ལ།། ཆོས་རྣམས་སྣ་ཚོགས་མ་ལུས་འབྱུང་བར་བྱེད། ། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་དག་པ་ལ།། སྐྱེ་ཞིང་འཕོ་བའི་གནས་མེད་དེ་བཞིན་ཉིད།། བཤད་པ་བཞིན་དུ་བརྟགས་པའི་ཆོས་ཀུན་ལས།། རྙེད་པར་མི་འགྱུར་ནང་གི་སེམས་ལས་བཙལ། ། འཁྲུལ་པ་རྣམས་ཀྱི་སྒོ་ཙམ་ཉིད་དུ་ནི།། ཚིག་དང་ཡི་གེར་སྟོན་པས་བཤད་པ་ཡིན།། རང་རིག་བྱང་ཆུབ་སྙིང་པོ་ཆོས་ཀྱི་དབྱིངས།། ཆོས་དབྱིངས་གཞན་ནས་མི་རྙེད་དེ་བཞིན་ཉིད།། མཁས་པ་རྣམས་ཀྱིས་དེ་བཞིན་ཤེས་པར་གྱིས། ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། སེམས་ལས་མ་གཏོགས་པའི་ཆོས་གུད་ན་བསྟན་དུ་མེད་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཉིད་ལ་ཉིད་བརྗོད་པ། ། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ།། བསྔོ་བའི་ཆ་ཤས་ཕྲ་མོ་ཡུལ་ལས་བྱུང་བ་སྟེ།། རྟོག་བསྒོམ་ཆོས་ཀྱི་ཁྱད་པར་དོན་མེད་པས།། རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། ། བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད།། ལྷག་པའི་དོན་མེད་འདི་ཡི་རང་བཞིན་ལས།། སྙིང་པོའི་རང་བཞིན་འབྱུང་བས་ཆོས་སྐུ་གནས།། མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ། ། རྟག་ཏུ་འདུག་པར་འདོད་པའི་དྲང་སྲོང་ཉིད།། རྣམ་དག་ལམ་དེར་ཞུགས་པས་མཉམ་པའི་རྒྱལ་པོ་འཐོབ།། གང་ལ་ཐོས་པར་མི་རིགས་བསྙད་པ་ཀུན་དང་བྲལ།། ཆོས་དང་ཆོས་མིན་འདྲེས་ཤིང་དབྱེར་མེད་ལ། ། དོན་དམ་ཆོས་ཞེས་ལྷག་པའི་གནས་ཞེས་བཤད་པའང་མེད།། འཁྲུལ་དང་བྱང་ཆུབ་ལམ་དེ་རྟོག་པས་འཐོབ་པའང་མེད།། བྱང་ཆུབ་ལམ་ཆེན་ཚིག་གི་མཐའ་ལས་འདས།། འདི་དང་སངས་རྒྱས་འདྲ་སྟེ་ཐམས་ཅད་མཁྱེན། ། མི་ཕྱེད་རྟོག་པར་ཞུགས་ཕྱིར་བསམ་པ་ཀུན་དང་བྲལ།། དེ་ཉིད་དེ་བཞིན་ཉིད་ལ་རྟག་ཏུ་བཞུགས་པ་ཡིན།། ལམ་མེད་ལམ་དུ་འཇུག་པ་འཁྲུལ་པའི་ནད་ཆེ་བས།། བཙལ་བར་འདོད་པས་རི་དགས་སྨིག་རྒྱུ་བསྙེག་པ་འདྲ། ། རྙེད་པའི་ཡུལ་མེད་བཙལ་བས་མི་འབྱུང་ཞིང།། གང་ལའང་མ་ཆགས་ཡེ་ཤེས་དབྱིངས་འདས་ཕྱིར།། ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན།། དེ་ཕྱིར་བྱང་ཆུབ་ཉིད་ལ་རྟག་ཏུ་གཞོལ་བར་བྱ། ། མི་གཏང་བྱང་ཆུབ་ཉིད་ཀྱི་དྲན་པ་ཤིན་ཏུ་བསྐྱེད།། མི་གཡོ་རང་བཞིན་གནས་པས་སྨན་ཆེན་མ་བྱས་ན།། མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར།། ལམ་མེད་ལམ་དུ་འཇུག་པས་ལམ་འདི་མི་རྙེད་དེ། ། ཆུས་གདུངས་གླང་ཆེན་སྨིན་རྒྱུ་བསྙེག་པ་འདྲ།། བསྐལ་པར་བགྲོད་ཀྱང་རྙེད་པར་རབ་ཏུ་དཀའ།། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། ཡང་དག་པའི་དོན་འདིས་མ་ཟིན་ན་སངས་རྒྱ་བར་བྱ་བའི་ཐབས་མེད་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ལ་ཉིད་ཀྱིས་བརྗཽད་པ།། དཀྱིལ་འཁོར་སྙིང་པོ་འདི་ནི་སྐུ་རྣམས་བཞི།། ཕྱག་རྒྱའི་དཀྱིལ་འཁོར་སྐུ་ལ་ཡེ་ནས་རོལ། ། ཐམས་ཅད་མ་ལུས་རྫོགས་པའི་ཀློང་ཆེན་འདི།། བལྟ་བའི་ཡུལ་མེད་བྱ་བྲལ་མྱ་ངན་འདས།། ནམ་མཁའ་ལ་ནི་ས་ཆུ་མེ་རླུང་རྫོགས།། ཡེ་ཤེས་སྙིང་པོ་འདི་ལ་ཆོས་རྣམས་མ་ལུས་རྫོགས། ། སྐུ་དང་ཡེ་ཤེས་ཡོན་ཏན་ཤར་བ་རྣམས།། ཉིད་ལས་བྱུང་བའི་གཟུགས་བརྙན་ཡིན་པས་དེ།། བློ་ལ་གང་སྣང་སྙིང་པོའི་གོལ་སར་གསུངས།། བླ་མེད་མཆོག་ལ་རང་རིག་དེ་བཞིན་པ།། མི་བསམ་མི་གཡེངས་མི་དམིགས་དེ་བཞིན་ཉིད། ། དམ་པར་མི་གསུང་དེ་བཞིན་དེ་བཞིན་བཞག། བརྗོད་བསམ་རྟོག་པ་ཡིན་པས་བསམ་མི་བྱ།། གྲུབ་མཐའ་མི་དཔྱོད་དེ་བཞིན་དེ་བཞིན་ཉིད།། མཐའ་མེད་ཡང་དག་མཐའ་སྟེ་མཐའ་ལས་འདས། ། ཡུལ་དུ་མི་བལྟ་དེ་བཞིན་དེ་བཞིན་གཞག། གཞག་པའི་སེམས་ཀྱང་མི་གཏང་བཏང་སྙོམས་གཞག། ཕྱག་རྒྱ་སྟོང་གཞིལ་བསྒོམ་པ་གོལ་བ་ཡིན།། མི་གནས་གནས་པའི་ཡུལ་མེད་ཕྱག་རྒྱའི་མཆོག། ཡུལ་མེད་ཇི་བཞིན་ངང་ལ་བརྩོན་པར་བཞག། བླུན་པའི་ཚུལ་དུ་ཅི་ཡང་བསམ་པ་མེད།། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་སྙིང་པོ་ཉིད།། ཐམས་ཅད་མ་ལུས་སྦྱོར་བའི་ཐིག་ལེ་ཆེ།། རྒྱལ་པོའི་ཚུལ་དུ་ཆེ་བའི་ངང་ལ་གནས། ། གཞན་ཀྱི་འཁོར་ལྡན་ཀུན་རྫོབ་འདུ་འབྲལ་མེད།། རྒྱ་མཚོའི་ཚུལ་དུ་སྡུད་འབྱུང་གཏིང་དཔག་མེད།། མྱ་ངན་འདས་འཁོར་ལྷུན་རྫོགས་ངང་གིས་འབྱུང།། དཔེ་མེད་དཔག་ཏུ་མེད་དེ་ཤིན་ཏུ་ཟབ།། རྡོ་རྗེའི་ཚུལ་དུ་མི་འཇིག་འདུ་འབྲལ་མེད། ། ཡེ་ཤེས་དཀྱིལ་འཁོར་ཀུན་དང་དེ་བཞིན་གནས།། བསྐལ་པའི་མེ་ཡི་ཚུལ་དུ་གཅིག་ཏུ་གནས།། སྣང་སྲིད་ཡེ་རྒྱས་བཏབ་ནས་གཅིག་པུར་བཞུགས།། ལྷུན་རྫོགས་ཐབས་མཁས་འཁོར་བའི་ལྟོ་བ་ཅན། ། ཁྱུང་དང་སེང་གེའི་བུ་དང་རྒྱལ་པོའི་བུ།། མངལ་ནས་གཉེན་པོའི་ཚུལ་དུ་གཞན་ཟིལ་གནོན།། གཉེན་པོ་མ་བསྒྲུབས་ཡེ་ནས་གཉེན་པོ་ལྟར།། མི་གནས་གནས་མེད་དམིགས་པ་མེད་པའི་ལམ། ། རྒྱུ་འབྲས་མི་འབྱེད་མཉམ་པའི་སྙིང་པོ་འདི།། འཁོར་བ་མྱ་ངན་འདས་པའི་གཉེན་པོ་ཡིན།། གཉེན་པོ་མ་བསྒྲུབས་ཡེ་ནས་གཉེན་པོར་གནས།། འཕུར་སྐྱེན་བྱ་ནི་སྒོང་བཅག་མཁའ་ལ་འཕྱོ།། ལུང་ལ་མི་ལྟོས་ཡི་གེས་མཚོན་མེད་པའི། ། ཉེ་ལམ་བདེ་རྫོགས་བྱ་བྲལ་ལྷུན་རྫོགས་ནི།། འཇུག་སྒོ་ལམ་ལ་མི་ལྟོས་ཡེ་རྒྱས་ཡིན།། ཁྱུང་ཆེན་གཤོག་རྒྱས་མཁའ་ལ་མ་ཆགས་ལྟར།། ཐེག་པ་ཀུན་རྒྱལ་བླ་མེད་ཡངས་པའི་ས། ། ཡེ་གནས་ས་ལ་མི་ཆགས་བདེ་ལ་ལྷུན་གྱིས་རྫོགས།། ཁྱུང་ཕྲུག་སྒོ་ངའི་ནང་ནས་ལུས་རྒྱས་ལྟར།། སྐྱེ་མེད་དེ་བཞིན་ཉིད་ཀྱི་རང་བཞིན་འདི།། དེ་བཞིན་ཐིག་ལེའི་ཀློང་ནས་དེ་བཞིན་རྒྱས།། བྱ་བྱེད་མེད་པའི་ཆོས་འདི་མི་མཐོང་ན། ། ཀུན་ཏུ་འོད་ས་བསྐལ་པར་མཐོང་མི་སྲིད།། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། བསྒོམ་པའི་ཐབས་དེ་བཞིན་ཉིད་དང་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་ལ་བརྗོད་པ། ། ཁྱུང་ཆེན་ནམ་མཁར་མི་གནས་ས་ལ་མི་གནས་ལྟར།། ཀུན་འདུས་ཀུན་ཀློང་ཀུན་གྱི་ཡིད་བཞིན་ནོར།། མི་དམིགས་མི་སྐྱེ་མི་འགག་སྣང་བ་མེད། ། སངས་རྒྱས་འཚོལ་བར་མི་བྱེད་དེ་བཞིན་ཉིད།། ཐམས་ཅད་ལྷུན་གྱིས་གྲུབ་པས་བྱ་བྱེད་བྲལ།། ས་བཅུ་མཐར་ཕྱིན་པ་ཉིད་དེ་འཛིན་དེ་རྟོགས་པས།། དེ་ལའང་མི་གནས་གནས་པའི་གནས་དང་བྲལ། ། ལམ་མེད་ལམ་དུ་འདོད་པས་འགྲོ་ས་འཁྲུལ།། འབྲས་བུ་ཐོབ་རེ་འཇིགས་པས་དོན་མི་མཐོང།། ཡང་དག་མཐའ་ལ་བསྙེག་པས་ལུང་དང་བྲལ།། དེ་བཞིན་དབྱིངས་སུ་འདོད་པས་བདེ་མི་རྙེད།། འདོད་ཡོན་ཉོན་མོངས་སྤངས་པས་བྱང་མི་ཆུབ། འཁོར་བ་རྒྱབ་ཕྱོགས་མྱ་ངན་ཡོང་མི་འདའ།། ས་དང་ཕ་རོལ་ཕྱིན་ལམ་ཟད་མཐའ་མེད།། སྣང་སྲིད་ཕྱག་རྒྱར་བསྒོམས་པས་སངས་མི་རྒྱ།། བྱང་ཆུབ་སེམས་ལུང་ཡང་དག་དམ་པའི་ལུང། ། ལུང་གི་རྒྱལ་པོས་གཏན་ལ་མ་ཕབ་ན།། ཚིག་འཆལ་མུ་ཅོར་སྨྲ་བས་དོན་མི་རྙེད།། གང་ལའང་མི་གནས་མི་གནས་ཉིད་ཀྱང་འདས།། སྨིག་རྒྱུའི་ཆུ་རུ་བསྙེག་པས་ཆུ་མི་རྙེད།། བདེན་པ་གཉིས་འཛིན་ཡི་གེས་དོན་མི་རྙེད། ། འཕུར་རྐྱེན་བྱའམ་རྒྱལ་པོས་ཕྲུ་གུ་ལྟར།། གཞན་གྱིས་མི་བསྙད་ཡེ་ནས་དེ་བཞིན་པས།། ཚད་མས་མི་གཞིག་ལུང་གི་ཚད་མ་ཡིན།། འཁྲུལ་པའི་ཚད་གསུམ་རྟོག་པའི་ཚིག་ལམ་ཕབ། ། བྱིས་པས་བསླུས་པའི་ཆོས་ལ་དེ་ཡོད་པས།། བླ་མེད་ལམ་འདིར་དོན་འདི་མི་དགོས་ཚད་མེད་ལུང།། ཤེས་རབ་ཆུང་བས་འདི་ལ་དཔོག་ཅིང་ལམ་བགྲོད་བྱེད།། འདི་འདོད་པ་ལ་འདི་མི་གནས་ཏེ་རྟོག་པའི་ཀླུང། ། ཡང་དག་མི་སྲིད་བྱང་ཆུབ་གཏིང་ནས་མེད།། ཀུན་ཁྱབ་ཡེ་སངས་རྒྱས་ཏེ་སྒོ་ཕུག་མེད།། ཚིག་གིས་ཕེབས་པར་མི་འགྱུར་འབྲས་ཐོབ་མེད།། ཁྱུང་ཆེན་ལུས་རྒྱས་འདབ་གཤོག་རྫོགས་པ་དེ།། གཞན་ནས་མ་བཙལ་ཡེ་ནས་རྫོགས་པ་ལྟར། ། རྡོ་རྗེ་སྐྱེ་འཇིག་མེད་པར་རྟོགས་པ་དེ་ཁོ་ན།། འཇུག་ལྟ་སྲུང་འཛིན་ཕྱིན་རྫོགས་ས་རྫོགས་ཤིང།། ཕྱག་རྒྱའི་དཀྱིལ་འཁོར་སྐུ་རྣམས་རྫོགས་པ་དང།། རང་བཞིན་ཉིད་ཀྱིས་ཡེ་ནས་རྫོགས་པ་ལས། ། བཙལ་ནས་བསྡུས་ཏེ་རྫོགས་པ་མ་ཡིན་པས།། ལྷུན་རྫོགས་ཐ་སྙད་མེད་པའི་བྱང་ཆུབ་སྟེ།། གཟུགས་སྐུ་ཇི་ལྟར་སྣང་ཡང་རང་བཞིན་རྫོགས།། ཀུན་རྫོབ་སྙིང་པོ་འདི་ནི་ནོར་བུའི་ཚུལ།། འདི་མ་མཐོང་བ་རྒྱ་མཚོ་གངྒཱ་ཡི། ། འགྲམ་ན་འདུག་པ་སྐོམ་དྲིར་འཆི་བཞིན་ནོ།། རྣམ་པར་མི་རྟོག་ཡེ་ཤེས་སྙིང་པོ་འདི།། ཐེག་པ་ཡོངས་ཀྱི་ཆོས་ལ་མ་སྦས་ཤིང།། སངས་རྒྱས་གསུང་གི་རྒྱུད་ལ་སྦས་པ་མེད།། བགྲོད་རྩོལ་ལམ་ལ་སྦྱངས་པས་རྙེད་མི་འགྱུར། ། མི་ལེན་མི་སྤང་བྱང་ཆུབ་སྤྱོད་རྣམས་ལ།། རྣམ་པ་ཀུན་ཏུ་རང་བཞིན་ཇི་བཞིན་གནས།། མི་རྟོག་ཡེ་ཤེས་དབྱིངས་ལས་འདས་པས་ན།། ཀུན་མཉམ་དབྱེར་མེད་རང་བཞིན་སྙིང་པོ་ལ། ། སྐུ་དང་ཡེ་ཤེས་ཏིང་འཛིན་བརྟག་མི་བྱ།། དམིགས་པའི་གཟའ་གཏད་ཞི་བའི་བྱང་ཆུབ་ལ།། ཡེ་ཤེས་རོལ་པས་ཆོས་ཉིད་བསྒོམ་མི་བྱ།། ཏིང་འཛིན་རོ་ལ་ཆགས་མེད་ཐིག་ལེར་དག། གར་སྟབས་རོལ་མོ་སྣ་ཚོགས་བསྒྱུར་བ་ཡང། ། ལུས་ལས་མ་གོས་གཞན་གྱི་ཡིད་སྡུད་ལྟར།། ཐབས་ཀྱི་རྒྱལ་པོ་ལུང་གི་སྙིང་པོ་འདི།། ངོ་བོ་ཉིད་ལས་མ་གཡོས་ཀུན་གྱི་འབྲས།། བསྒྲུབས་པས་གྲུབ་པའི་འབྲས་བུ་ཀུན་ཡིད་ཚིམ། ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས།། ངོ་བོ་བསྟན་པ་དང། ཚད་མས་གཞིག་ཏུ་མི་རུང་བ་བསྟན་པ་དང། ལྷུན་གྱིས་རྫོགས་པར་བསྟན་པ་དང། རྟག་ཏུ་མེད་པར་བསྟན་པ་དང། ཀུན་གྱི་འབྲས་བུ་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཉིད་དང་དབྱེར་མེད་པའི་འཁོར་རྨད་དུ་བྱུང་བ་ལ་ཉིད་ཀྱིས་བརྗོད་པ།། སྒྲིབ་པ་སྣོད་དང་ཆོས་སྤང་ལས་ཀྱི་སྒྲིབ་ཕྲ་རགས། ། རྟེན་ཅིང་འབྲེལ་པར་འབྱུང་བས་འདི་ཡི་གཏིང་མི་རྙེད།། མཚན་ཉིད་གསུམ་ལྡན་ཆོས་ཀྱི་ཚོགས་ཀྱང་དག་པར་འགྱུར།། བདག་མེད་རྣམ་པ་གཉིས་ཀྱི་ཚིག་གཉིས་ཡེ་ནས་ཞི།། སྙིང་རྗེའི་རྒྱུན་ཆད་སེམས་ཅན་མ་མཐོང་སེམས་ཅན་མེད། ། ཐམས་ཅད་མཉམ་པ་ཉིད་ཡིན་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ།། གཉིས་མེད་དེ་བཞིན་ཉིད་དུ་གཅིག་པའི་ཆོས་ཉིད་ཡིན།། རྡོས་པ་ཅན་གྱི་ཆོས་ཉིད་གཉེན་པོས་བཅོས་སུ་མེད།། ཏིང་འཛིན་བརྟན་པས་གཟུང་བའི་བསྒོམ་ཡུལ་བྲལ། ། ཤེས་རབ་གསུམ་གྱིས་སྤྱད་དུ་འདི་ལ་ག་ལ་ཡོད།། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ཀུན་གྱི་རང་བཞིན་ལ།། རང་བྱུང་ཡེ་ཤེས་དེ་ལ་འཕྱོ་བ་ཡིན་པ་ནི།། སོ་སོ་མ་ཡིན་གཅིག་གི་ངང་སྟེ་རྒྱུ་འབྲས་རྣམ་པར་དག། ཐུགས་རྗེ་བཞིན་དུ་བྱིན་གྱིས་རླབས་ཆེན་ཉིད་གྱུར་པས།། ཐམས་ཅད་བྱང་ཆུབ་ཆེན་པོ་མཆོག་ཏུ་མ་གྱུར་མེད།། སྡོམ་རྩོལ་འདུལ་དང་དམ་ཚིག་བསམ་ཡས་པ། ། མི་ཤེས་བྱིས་པས་བསླད་པས་འཁྲུལ་པ་ཡིན་པའི་ཕྱིར།། ཅི་ཡང་མི་དགོས་བསྲུང་བ་མི་དགོས་བསྒོམ་མི་དགོས།། འདི་ལ་སྤྱོད་པ་མི་དགོས་འདི་ལས་གཞན་མི་དགོས།། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས་ཉིད་དེ། ། ཐམས་ཅད་ནད་གསོ་མཛད་པ་སྨན་པའི་རྒྱལ་པོ་ཡིན།། མཐོ་རིས་བགྲོད་པའི་རྒྱུད་དེས་བྱང་ཆུབ་ལམ་མི་རྙེད།། དུག་གསུམ་དུག་ལྔ་ཡེ་ནས་དག་པའི་སྨན་ཆེན་པོ།། ཇི་བཞིན་རང་བཞིན་གནས་པའི་སྨན་ཆེན་མ་བྱས་ན། ། འཁྲུལ་རྟོག་ལམ་ལ་གནས་པའི་ཐེག་དམན་རྣམས།། དུག་གསུམ་དུག་ལྔའི་ནད་ཀྱིས་འཚོ་བའི་གླགས་ཡོངས་མེད།། ཡེ་ནས་ས་རྫོགས་ལམ་གྱི་འགྲོ་ས་གདོད་ནས་དག། གདོད་ནས་ཐོབ་མིན་ཐོབ་པར་བྱ་བ་ཅི་ཡང་མེད། ། ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན།། བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད།། མི་དམིགས་མི་གནས་བསམ་པ་ཀུན་དང་བྲལ་བ་ནི། ། འདི་ལས་བསྟན་པའི་ལམ་མེད་གཅིག་དང་དུ་མ་མེད།། བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད།། གཅིག་ཏུ་ལྷུན་གྱིས་གྲུབ་པའི་དབང་ཕྱུག་རྡོ་རྗེ་ཉིད།། དཀྱིལ་འཁོར་ཀུན་གྱི་གཙོ་བོ་བདག་ཉིད་འདི། ། རླབས་ཆེན་ཁམས་གསུམ་འགུལ་བ་ཀུན་བསད་ཀྱང།། རང་བྱུང་མཁའ་ཀློང་དག་པའི་དབྱིངས་སུ་རྣམ་པར་དག། སྲོག་མེད་སྲོག་བཅད་དབྱིངས་ཀྱི་ནམ་མཁར་གཅིག་པས་ན། ། ནམ་མཁའི་དབྱིངས་ལ་དབྱིངས་ཉིད་རོལ་པ་མཛད།། ཁམས་གསུམ་ཀུན་བསད་མི་བསྐྱོད་ཞིང་དུ་དག་པ་ཡི།། སྲོག་དང་སྡིག་ཏུ་མཐོང་བའི་ཆོས་ལམ་གང་སྤྱོད་པའི།། ཆོས་ལམ་དེ་ཡི་བྱང་ཆུབ་བསྐལ་པའི་མཐར་ཡང་ནི། ། རྙེད་པར་མི་འགྱུར་བྱ་རྗེས་ཚོལ་བ་འདྲ་བ་ཡིན།། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། ཅིའང་ཐོབ་པར་བྱར་མེད་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ལ་སྤྱན་གཟིགས་ཏེ་ཅང་མི་སྨྲ་བར་བཞུགས་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཉིད་ལ་བརྗོད་པ།། སྐུ་ཡི་དཀྱིལ་འཁོར་དཀྱིལ་འཁོར་མཆོག་ཏུ་འགྱུར། ། དེ་བཞིན་ཉིད་དུ་འདུས་བསམ་ངོ་བོ་ཉིད།། མཆོད་བསྟོད་སྤྱན་དྲངས་ཕྱག་རྒྱ་བཟླས་པ་དང།། ཕྱག་རྒྱའི་སྐུར་ནི་འདི་ལ་བསྒོམ་མི་དགོས།། སྒྱུ་མའི་གཟུགས་བརྙན་འདི་ལས་འབྱུང་བས་ན། ། ལོ་མ་མི་བསྙད་ཤེས་པས་འབྲས་ཐོབ་མིན།། སྒྱུ་འདྲའི་ཕྱག་རྒྱ་ལུགས་མའི་ཕྱག་རྒྱ་ལ།། འབྲས་བུ་རྣམ་པར་གྲོལ་པའི་ལམ་མི་གནས།། དེ་ཡིས་རྣམ་གྲོལ་དག་པའི་ལམ་ཆེན་རྙེད་འགྱུར་ན།། མཐོང་ཐོས་ལ་སོགས་ཕྱག་རྒྱའི་ངོ་བོར་གནས། ། ཆགས་ཡོད་ཕྱིར་ན་གནས་པ་ཡོད་མ་ཡིན།། ལྷུན་གྲུབ་སངས་རྒྱས་ཀུན་ཀྱང་རྒྱས་བཏབ་པས།། ཐམས་ཅད་མ་ལུས་ཀུན་ཏུ་བཟང་པོའི་ངང།། ཡེ་ཤེས་སྙིང་པོ་ཕྱག་རྒྱ་ཐམས་ཅད་ཟུང། ། བླང་དོར་མེད་པའི་སྐྱེས་མཆོག་བླ་མེད་ས།། འདི་འདྲའི་དོན་ཉིད་བྱིས་པས་མི་ཤེས་ཕྱིར།། ཅི་ཡང་མི་དམིགས་གཏི་མུག་ངང་ཉིད་འདི།། འཁྲུལ་པའི་ཆོས་ལམ་དག་པ་ཡོངས་མི་གནས།། ཟངས་ལ་གསེར་རྩིས་གསེར་དུ་འགྱུར་རུང་གིས། ། ཟངས་རྩི་གསེར་དུ་བསྒྱུར་དུ་ཡོད་མ་ཡིན།། འདི་ཡི་རྩི་ཡིས་གཞན་གྱི་འབྲས་རུང་གིས།། གཞན་གྱི་དོན་གྱིས་འདི་ཡི་དོན་མི་རུང།། འདི་ནི་གང་དང་བསྒྲུན་དུ་ཡོད་པ་མ་ཡིན་པས། ། བྱང་ཆུབ་བདེ་ཆེན་རྒྱལ་བའི་ཡུམ་ཞེས་བྱ།། རིན་ཆེན་སྒྲོམ་བུ་ཐེབ་རྒྱས་བཏབ་པ་བཞིན།། རང་བཞིན་གནས་པས་འདི་ནི་བསྟན་པར་དཀའ།། སྲིད་གསུམ་དབང་བསྒྱུར་དེ་བཞིན་ཉིད་དུ་གནས།། འདུ་མཆེད་ལྷག་པར་གནས་པའི་དབང་ཡང་རྫོགས། ། དཀའ་ཐུབ་མི་དགོས་སྙིང་པོ་དེ་མ་ཐག་པ་ཉིད།། སྡུག་བསྔལ་དེས་ནི་བུདྡྷའི་ལམ་མི་རྙེད།། སྡོམ་སྲུང་ལ་སོགས་རྩ་བ་བྱང་ཆུབ་རིང།། གང་ཡང་མ་ཡིན་རང་རིག་དེ་ཁོ་ཡིན། ། དཀའ་ཐུབ་སྤྱོད་པ་ཡིས་ནི་དོན་འཚོལ་བ།། གླང་པོ་ཞོན་ནས་གླང་རྗེས་གཅོད་དང་འདྲའོ།། ནང་ནས་མི་བཙལ་ནང་གི་རང་བཞིན་ཉིད།། ཕྱི་ནས་མི་བཙལ་ཕྱི་ཡི་རང་བཉིན་ཉིད།། གཉི་གར་མི་གནས་གནས་མེད་གནས་ལ་གནས། ། གནས་མཆོག་རྒྱལ་བའི་དཀྱིལ་འཁོར་དེ་ཉིད་ནི།། བྱང་ཆུབ་སྙིང་པོའི་ངོ་བོར་ཐམས་ཅད་གཅིག། གང་དུའང་མ་སོང་གར་ཡང་མི་འགྲོ་ཞིང།། ཡུལ་ན་མི་གནས་ཕྱོགས་ན་གནས་མིན་ཏེ། ། འདི་འདྲར་བསྟན་དུ་མེད་པའི་རང་རིག་དེ།། བྱང་ཆུབ་སྙིང་པོ་ཉིད་ན་དེ་བཞིན་ཉིད།། གང་དུའང་མ་སོང་རང་ལ་རབ་ཏུ་གནས།། བྱ་བྲལ་ནམ་མཁའ་ཇི་བཞིན་ལྷུན་གནས་པས།། ཁ་དོག་དབྱིབས་ཀྱིས་མཚོན་དུ་ག་ལ་ཡོད། ། ཡི་གེ་རྒྱུད་མེད་བསྒོམ་དུ་མེད་པ་ཡིན།། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་བཙལ་ཐབས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཉིད་ལ་ཉིད་ཀྱིས་བརྗོད་པ། བཞི་བཅུ་རྩ་གཉིས་འོད་འབར་དངོས་འབྱུང་བས།། ཐམས་ཅད་ཀུན་གཡོས་སྟོང་གསུམ་ལ་སོགས་གྲགས།། འབྱུང་བ་ལྔ་སོགས་ཐམས་ཅད་ཀུན་ཏུ་གཡོས། ། གསུམ་ཤར་གསུམ་གྱིས་སྣ་ཚོགས་མ་ལུས་སྡུད།། དཀྱིལ་འཁོར་འོད་འབར་གསུམ་དུ་བསམ་ཡས་ཏེ།། ཡི་གེའི་འཁོར་ལོ་དཀྱིལ་འཁོར་ཕྱག་རྒྱར་བསྟན།། སྣ་ཚོགས་འདོད་ཡོན་མཆོག་ཏུ་རྨད་གྲགས་པ། ། བྱེད་པ་གཙོ་བོར་དམིགས་པ་དེ་ལ་འདུད།། མེད་ལ་ཡོད་པར་བརྟགས་པའི་རྟོགས་པའི་རྒྱུན།། བསྐལ་པར་བྱང་ཆུབ་ཐོབ་དཀའ་འཁྲུལ་པའི་ལམ།། བྱིས་པའི་ལམ་བཞིན་འབྲས་བུར་འགྱུར་བར་དཀའ། ། མཚན་མའི་ཡུལ་ལ་ཆགས་པས་ཡང་དག་དོན།། རྙེད་པའི་ཡུལ་མེད་ཆགས་ཕྱིར་ཆགས་ལ་གནས།། སྣང་མེད་བྱང་ཆུབ་སེམས་ཀྱི་ཐིག་ལེ་འདི།། ཅིས་ཀྱང་བཤིག་ཏུ་མེད་པ་རྡོ་རྗེའི་སྐུ།། འཁོར་ལོ་རབ་བསྐོར་ཐིག་ལེ་གཅིག་ཏུ་བཟླུམས། ། གང་ཡང་མི་འབྱེད་མཉམ་པ་ཆེན་པོའི་ངང།། མཉམ་ཉིད་སྙིང་པོ་རྟོག་པ་ལས་འདས་པས།། སྐུ་གསུང་ཐུགས་ཀྱི་སྙིང་པོ་རྟོག་མི་བྱེད།། རང་བཞིན་འོད་གསལ་ཡི་གེའི་རྣམ་པར་ཞི། ། དབྱིངས་ལ་དབྱིངས་ཀྱི་འོད་ནི་རྣམ་གསལ་བས།། ཡི་གེ་མིང་ཚིག་འདས་པའི་ཡི་གེ་མཆོག། སྟོང་གསུམ་རྒྱ་ཆད་སྟོང་ཉིད་རྣམ་པར་དག། གང་ལའང་མི་གནས་སུས་ཀྱང་དངོས་གྲུབ་ཉིད།། གཞན་ནས་ཐོབ་མེད་སྙིང་པོ་དེ་བཞིན་ཉིད། ། དེ་ལྟ་དེ་ལྟར་གནས་པ་གྲོལ་བའི་ལམ།། ཡེ་སངས་རྒྱས་པས་སངས་རྒྱས་བསྒྲུབ་མི་དགོས།། གདོད་ནས་བྱས་ཟིན་རྩོལ་བའི་ལས་མི་དགོས།། ལྷུན་རྫོགས་བདེ་བ་ཉིད་ལ་ཡེ་བཞུགས་པས། ། འབྲས་བུའི་ས་ཐོབ་མི་ལྟོས་རང་བཞིན་པ།། མཉམ་ཉིད་སྙིང་པོ་ངང་གི་ཇི་བཞིན་ལ།། བསྐྱེད་པའི་ཕྱག་རྒྱ་མི་དགོས་བསྐྱེད་མི་དགོས།། མི་གསུང་མཉམ་གཞག་གསང་སྔགས་བཟླས་པའི་གསུང།། མ་ཆགས་པ་ལ་ཤིན་ཏུ་ཆགས་པ་དང། ། ཆགས་པ་ཉིད་ན་དེ་ལ་ཆགས་མེད་པ།། དེ་ནི་ཆགས་པའི་རྒྱལ་པོ་ཆེན་པོ་སྟེ།། ཤིན་ཏུ་ཆགས་པ་ཆེན་པོ་ཡིན་པར་གྲགས།། ཅི་ལའང་མི་གནས་བསམ་པ་ལས་འདས་པ། ། ཏིང་འཛིན་བདེ་བའི་རོ་ལ་ཆགས་པ་མེད།། གཞི་རྩ་མེད་པའི་བྱང་ཆུབ་སེམས་ཉིད་འདི།། ཆོས་རྣམས་མ་ལུས་ཀུན་གྱི་རྩ་བ་ཡིན།། ཁ་དོག་དབྱིབས་མེད་མཚན་མ་རིགས་རྒྱུད་མེད།། ཡོད་མེད་མཐའ་འདས་དབུ་མ་ཡོད་མ་ཡིན། ། ཕོ་མོ་མ་ཡིན་མ་ནིང་ཉིད་ཀྱང་མིན།། གང་ཡང་མ་ཡིན་གང་གི་མཐར་མི་གནས།། མཐར་ཡང་མི་གནས་ཡང་དག་མཐའ་ལས་འདས།། ཁྱུང་ཆེན་མཁའ་ལྡིང་བྱ་ལམ་རྗེས་མེད་འདྲ།། ཁྱུང་ཆེན་གཤོག་རྒྱས་མཁའ་ལ་མི་ཆགས་ཚུལ། ། བསོད་ནམས་རྫོགས་པའི་ཐིག་ལེར་རྒྱུ་འབྲས་མེད།། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འོད་གསལ་བས།། རིགས་ཀྱི་ཕྱག་རྒྱ་གསལ་བ་བསྒོམ་མི་དགོས། ། མཆོག་གསུམ་ཆོས་སྐུའི་དཀྱིལ་འཁོར་བདག་ཡིན་པས།། སངས་རྒྱས་སྲས་ཚོགས་བཅས་ལ་ཕྱག་མི་འཚལ།། ཡེ་ཤེས་འབར་བའི་ཧོམ་ཁུང་བདག་གི་ཁར།། ཁམས་གསུམ་སྲིད་གསུམ་མ་ལུས་ཀུན་བསྲེགས་པས། ། ཕྲིན་ལས་རྣམ་བཞི་བསྲེག་པའི་ལས་མི་དགོས།། སྐྱེ་མེད་ཐིག་ལེས་འཁོར་བ་ཀུན་བསད་དེ།། ཡེ་ཤེས་སྙིང་པོས་འཁོར་བ་ཀུན་སྦྱངས་ནས།། རྒྱུ་འབྲས་མེད་པའི་ངང་དུ་རོ་གཅིག་པས། ། གཉིས་མེད་སྦྱོར་བ་འདི་ལ་བྱ་མི་དགོས།། ཕྱོགས་བཅུར་རྒྱ་ཆད་སྟོང་གསུམ་ཡེ་ནས་མེད།། སྲིད་གསུམ་མ་ལུས་ཡེ་ནས་དག་པའི་ཞིང།། ཇི་བཞིན་བཙན་པའི་ཡེ་རྒྱས་ཀུན་ལ་བཏབ།། ཀུན་བཟང་བརྡལ་བའི་ཞལ་བཟང་ཡངས་པ་ཡིན། ། ཁམས་གསུམ་སྣོད་བཅུད་མ་ལུས་དུས་གཅིག་གསོལ།། འཁོར་བའི་མིང་མེད་དཔེ་མེད་ཆེན་པོས་བསྒྲལ།། སངས་རྒྱས་སེམས་ཅན་བྱང་ཆུབ་ཆེན་པོར་འཁྱིལ།། ཐམས་ཅད་ཀུན་བསྒྲལ་གྲོལ་བའི་ལམ་གནས་པས། ། གནས་སྦྱང་སྦྱོར་སྒྲོལ་ཕྲིན་ལས་བྱ་མི་དགོས།། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། མ་ཧཱ་ཡོ་གའི་རྩོལ་བསྒྲུབ་ལ་ཚི་ཆད་དེ་བྱ་མི་དགོས་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། ཨེ་མ་ཧོ་དེ་བཞིན་གཤེགས་པའི་གཙོ།། ཐེ་ཚོམ་ཐམས་ཅད་གཅོད་མཛད་ཆེ་བའི་མཆོག། ཆོས་ཀྱི་ཆོས་ཉིད་དེ་བཞིན་ཉིད། ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་དང་དབྱེར་མེད་པའི་དཔའ་བོ་རྡོ་རྗེ་འཛིན་པ་ལ་བཀའ་སྩལ་པ། གང་ཡང་ཤེས་པར་མ་གྱུར་ཅིང། ། ཅིའང་ཤེས་པ་མེད་པ་ནི།། རྣམ་པའི་དེ་བཞིན་མ་ཡིན་དེ་མ་ཡིན།། གཞན་ནས་ཡོད་འོང་མ་ཡིན་དེ་བཞིན་ཉིད།། ཡེ་ཤེས་མི་གནས་པའང་དེ་ཉིད་ཡུལ་ཡང་མེད།། རྟག་མཐའ་མི་རྟག་མཐའ་གཉིས་འཇིག་པའི་ལམ། ། མཐའ་མེད་མཐའ་ལ་དཔྱོད་པས་དབུས་མི་མཐོང།། བསམ་གཏན་བསམ་གཏན་གཉིས་ལ་འཇུག་པའང།། འབྱུང་འཇུག་ལས་སྒོ་གཞན་ཟད་ཅིག་ཆར་འཇུག། དབང་པོ་བརྟུལ་པོ་མ་རབས་རིམ་གྱིས་འཇུག། དམ་པ་ཅིག་ཆར་དེ་བཞིན་ཉིད་གནས་པས།། རིམ་གྱིས་གནས་པ་སྒྲིབ་པ་ཆེན་པོར་གསུངས།། དུག་གི་རིགས་ཤེས་པས་ནི་དུག་མཐོང་ན།། ཟ་བར་མི་བྱེད་དེ་ཡིས་སྐྲག་པར་བྱེད། ། ཁོང་དུ་མི་གཏོང་ལྷན་ཅིག་གནས་མི་བྱེད།། ལྟ་ངན་ལ་སྤྱོད་ཞིབ་པའི་ཐེག་དམན་རྟགས།། ས་བཅུ་ཕ་རོལ་ཕྱིན་བཅུའི་ལམ་སྤྱོད་པ།། རྒྱུ་འབྲས་ལྷུན་གྲུབ་མཉམ་ཉིད་མཆོག་གི་ལམ།། ཡེ་གྲོལ་མཉམ་གནས་སྒྲོ་སྐུར་ཞི་བ་ཡི། ། ཡེ་ནས་བྱར་མེད་འདི་ཡི་དོན་མཐོང་ན།། འཇུག་པར་མི་ནུས་འདི་ཡིས་སྐྲག་འགྱུར་ནས།། ཆུད་པར་མི་བྱེད་ལྷན་ཅིག་འགྲོགས་མི་བྱེད།། འདི་ལ་ལྟ་བ་བཟང་སྟེ་ཡེ་ཁྱབ་ཀུན་ལ་གདལ།། སྤྱོད་པ་ཟབ་སྟེ་ཆུས་གདུངས་གླང་འཐུང་བཞིན། ། ཅི་ལའང་མི་སྤྱོད་དེ་བཞིན་བདེ་བར་གནས། ཕྱི་དང་ནང་མེད་ཡེ་ཤེས་ཡངས་པའི་མཁའ།། དུས་གསུམ་དུས་མེད་གཅིག་སྟེ་ཁྱད་པར་མེད།། སྔོན་མེད་ཕྱིས་མེད་གདོད་ནས་དག་པ་ཡིན། ། ལྟ་བས་བལྟར་མེད་ལྟ་བའི་ཚིག་ལས་འདས།། ཡིད་ཀྱིས་འཇོག་མེད་སྒོམ་པ་ཆེན་པོའི་ཀློང།། གདོད་ནས་དག་པའི་བདུད་རྩི་དེ་ལྟར་གནས།། རྣམ་རྟོག་འཁོར་བ་བཅད་པ་དེ་ཡི་ལས།། རྒྱུ་འབྲས་རོ་གཅིག་མཉམ་གནས་མཆོག་ཏུ་གནས། ། གང་ནའང་མི་གནས་བྱང་ཆུབ་སེམས་ལ་གནས།། རྒྱུ་དང་རྐྱེན་ལས་མ་བྱུང་སྐྱེ་ཤི་མེད།། རང་བཞིན་འོད་གསལ་བདུད་རྩི་ཆེན་པོ་འདི།། སུ་ཡིས་རྟོགས་པས་དངོས་གྲུབ་ཆེན་པོར་གསུངས། ། མཆོག་གི་དངོས་ལ་མཆོག་གྱུར་གང་གནས་པ།། རྒྱལ་མཆོག་ལྷུན་གྱིས་གྲུབ་པའི་དངོས་གྲུབ་པས།། ལྷ་ཀླུ་མཐུ་ཆེན་རྣམས་ཀྱིས་འཕྲོག་ཏུ་མེད།། འཇིག་རྟེན་འདས་ནས་འཇིག་རྟེན་འདི་ཉིད་ཀྱི། ། དགོས་པ་ཐམས་ཅད་འདི་ལས་འབྱུང་བར་འགྱུར།། འཇིག་རྟེན་དངོས་གྲུབ་ལ་སོགས་ཅི་རུ་རུང།། དངོས་གྲུབ་གཞན་ལ་བདུད་རྩི་མེད་པར་གྲགས།། སྟོན་པ་ཐབས་ལ་མཁས་པས་བཤད་པས་ཀྱང། ། དངོས་གྲུབ་འདི་ནི་སྟེར་བར་སྟོན་མི་དཔྱོད།། སངས་རྒྱས་ཉིད་ལའང་འདི་ནི་མངའ་བ་མེད།། དེ་ཕྱིར་སངས་རྒྱས་ཀྱིས་ཀྱང་འདི་ནི་སྟེར་མི་སྤྱོད།། བསམ་གཏན་བརྗོད་མེད་མཆོག་གི་བདུད་རྩི་འདི།། ཕལ་གྱིས་མི་ཐོབ་རིས་སུ་ཆད་མེད་དེ། ། རྣམ་པ་ཅན་ལ་ཤིན་ཏུ་གསང་བར་འགྱུར།། བལྟ་ཡང་མི་དགོས་ལྟ་བ་མཆོག་ཏུ་གྲགས།། ཅི་སྤྱོད་མི་རྟོག་སྐྱེ་བ་འདི་ཡི་དོན།། ཉམ་ང་སྐྱོན་གྱིས་མི་སྒྲིབ་འདི་ཡི་ལམ།། གཙང་སྨེའི་བློ་རྟོག་བོར་ནས་དོན་ལ་བསྙེགས། ། མ་སྲིང་ཀུན་སྦྱར་མཚམས་མེད་ཀུན་སྤྱོད་ཅིང།། ཆ་ཤས་ཕྲ་བའང་མ་རིག་ཉན་ཐོས་ནི།། ཤིན་ཏུ་གསང་བ་འདི་ནི་དམ་ཚིག་མཆོག། ཆུ་སྲིན་རྫས་འཛིན་ཚུལ་དུ་མི་གཏོང་ན། ། ཁྱད་པར་གྱུར་པའི་བདུད་རྩི་མཆོག་ཉིད་གྲུབ།། བྱས་ཟིན་བདེ་བ་ལྷུན་གྱིས་གྲུབ་པ་ཡི།། ཉེ་ལམ་བདེ་རྫོགས་ལྷུན་གྲུབ་པ་ཡིས།། བློ་འཆལ་འདི་ལྟར་དོན་ལ་མི་སྤྱོད་པ།། མཆིང་བུ་བྱི་དོར་བྱས་ཀྱང་རིན་ཆེན་མིན། ། སོལ་བ་སྒེག་པར་བྱས་ཀྱང་ཙནྡན་མིན།། སེང་གེའི་སྐད་ཀྱིས་གཞན་ཟིལ་གནོན་པ་དང།། ནམ་མཁའི་ཁམས་ནས་ཐམས་ཅད་འབྱུང་བ་བཞིན།། མ་མནན་མ་བྱུང་ངང་གིས་རང་བཞིན་འབྱུང། ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། ཐེག་པ་ཆེན་པོ་ལ་འཇུག་པའི་ཐབས་དང། ཞུགས་པ་ལ་སྐྱོན་མེད་པ་དང།། བདུད་རྩི་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་ལ་བརྗོད་པ། སྐྱེ་བོ་མོས་པའི་ཉོན་མོངས་དེ་ཉིད་ནི།། སེམས་ཀྱི་ཚུལ་ཁྲིམས་ཡིན་པ་རང་སྨྲ་ཞིང།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་ཀྱང་དེ་ཉིད་ཡིན།། གཞན་ན་མེད་དེ་དེ་ཉིད་དེ་ལྟའི་ངང། ། སེམས་ཅན་སངས་རྒྱས་གཉིས་ཀྱི་ངོ་བོ་ཉིད།། གཅིག་མིན་ཐ་དད་མིན་ཏེ་བརྟག་པར་དཀའ།། ཉོན་མོངས་ལྔ་ཉིད་བྱང་ཆུབ་ཆེན་པོའི་ལམ།། གཞན་གྱིས་མ་བསླད་དེ་ཉིད་དེ་ལྟར་ཡིན།། ཤེས་རབ་ཐབས་མེད་ཤེས་རབ་ཐབས་བསམ་ཡས། ། ཅིའང་མ་ཡིན་ཐམས་ཅད་ཀུན་གྱི་སྐུ།། ངོ་མཚར་རྨད་བྱུང་ཨེ་མ་ཧོ་ཁྱད་པར་ཅན།། ཉིད་ལ་ཉིད་ཀྱིས་ཡང་དག་དོན་བཤད་པ།། སེམས་ཅན་དོན་དུ་མ་གསུངས་སངས་རྒྱས་ཅིར་བསྟན་ཏོ། ། ཨེ་མ་ཧོ་སངས་རྒྱས་དམ་པ་ཉིད་ལ་རོལ་པས་ཀྱང།། ངོ་མཚར་རྨད་ཀྱི་ཆོས་འདི་གཏད་མི་བྱ།། རྟག་པ་ཆེན་པོ་རྟོགས་པར་རོལ་པ་ཆེ།། འདི་ལ་གནས་པའི་སྐལ་ལྡན་ལེགས་པ་ཆེ། ། འདི་ལ་སྤྱོད་པའི་སྐལ་ལྡན་སྤྱོད་པ་བཟང།། འདི་ལ་བལྟ་བའི་སྐལ་ལྡན་བལྟ་བ་བཟང།། འདི་ལ་གནས་པའི་སྐལ་ལྡན་འདུག་ས་བཟང།། ལམ་འདིར་འགྲོ་བ་རྣམས་ཀྱིས་རྣམས་རྫོགས།། ཕ་རོལ་ཕྱིན་བཅུ་ས་རྣམས་ཡེ་ནས་དག། འདུག་སར་འདུག་པས་སངས་རྒྱས་ས་ལ་གནས།། གར་དུའང་མ་ཕྱིན་དེ་བཞིན་ཉིད་ཀྱི་ངང།། ཉེ་ལམ་འདི་ལས་བདེ་བའི་ཉེ་བ་མེད།། གང་ཡང་མ་བསྒྲུབས་འབྲས་བུའི་ངོ་བོ་ཉིད།། རེ་མཛེས་ངོ་མཚར་ཆེ་བའི་གནས་ཆེན་འདི། ། བདག་ཉིད་ཆེན་པོ་སྐལ་ལྡན་ཉག་གཅིག་ལས།། སུས་ཀྱང་འདི་ཉིད་རིག་པར་དཀའ་བའི་ཕྱིར།། ཉིད་ལ་ཉིད་ཀྱི་བསྟན་པ་ངོ་མཚར་ཆེ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྒྱས་པའི་སྒོ། ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། ཆོས་ཉིད་ཀྱི་དོན་བསྟན་པར་དཀའ་བ་དང། ཉིད་ལ་ངོམས་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཆེན་པོ་རྒྱུད་ཀྱི་དོན་བཤད་པས་མཉེས་པར་གྱུར་ཏོ། ། མཉེས་ནས་རྒྱུད་ཀྱི་བདག་པོ་ལ་བསྟོད་པ། དཔལ་གྱི་སྐུ་མངའ་བཅོམ་ལྡན་ཉག་གཅིག་གཙོ།། བཟང་པོ་བླ་མེད་ཆེན་པོའི་དོན་མཛད་པ།། དོན་ཆེན་ཁྱད་པར་འཕགས་པ་རྒྱུད་ཀྱི་དོན།། ཉིད་ཀྱིས་ཉིད་ལ་བཤད་བྱས་རེ་མཛེས་མཆོག། ཡང་དག་ཉིད་ཀྱིས་ཡང་དག་ཉིད་གསུངས་པ།། ཡང་དག་ཉིད་ལ་སྣང་བའི་མཆོག་གི་དོན།། རྒྱལ་བ་ཐུབ་པ་ཁྱོད་ལ་ཕྱག་ཀྱང་འཚལ།། དཔའ་བོ་ཐར་ལམ་སྟོན་མཛད་ཁྱོད་ཉིད་ལ། ། ཡང་ནས་ཡང་དུ་འདུད་ཅིང་ཕྱག་ཀྱང་འཚལ།། ཨེ་མ་ཧོ་རེ་མཛེས་ངོ་མཚར་ཆེ་བའི་དོན།། སངས་རྒྱས་གསུངས་པ་མ་ཡིན་བདག་མེད་ཆོས།། རྒྱུ་འབྲས་གཉིས་ཟད་རྣམ་གྲོལ་དག་པའི་སྐུ།། ཟླ་རྒྱས་སྐུ་འདྲའི་སྐུ་ལ་འདུད་པར་བགྱིད། ། དམ་ཆོས་བདག་མེད་རྣམ་པར་དག་པའི་ཆོས།། དཔལ་གྱི་ཐུགས་ལས་གསུང་དུ་རབ་ཏུ་བསྒྲགས་པ་ཡི།། དྲི་མེད་གསུང་མཆོག་ཁྱོད་ལ་ཕྱག་ཀྱང་འཚལ།། འདི་འཆང་ཀློག་དང་ཁ་ཏོན་སེམས་པ་ཡི། ། རྒྱལ་སྲས་འཁོར་བཅས་གང་ཡང་འདི་འཛིན་པའི།། སྐལ་ལྡན་ཉག་གཅིག་དེ་ལ་བཞིན་ཕྱག་འཚལ།། དེ་རྗེས་བལྟ་ཞིང་དེ་བཞིན་གང་འཆང་བའི།། མ་རབས་ཐ་མལ་པ་ལ་སངས་རྒྱས་སུ། ། བལྟ་ཞིང་བལྟ་ཞིང་དེ་བཞིན་ཕྱག་ཀྱང་འཚལ།། འདི་ལ་གང་མོས་ཁཱ་དང་ཁྱི་ལ་སོགས།། དེ་ཡང་སངས་རྒྱས་ཉིད་དེ་ཀུན་ལས་འཕགས།། འཕགས་རྒྱལ་ཁྱེད་རྣམས་ལ་ནི་དེ་བཞིན་བཞིན་ཕྱག་འཚལ།། མཆོག་གསུམ་མཆོག་ཏུ་གྱུར་པའི་རྒྱལ་པོ་ལ། ། ཁྱད་པར་བསྟོད་པ་རེ་མཛེས་དོན་དང་ལྡན།། དེ་ནས་རྒྱུད་ཀྱི་བདག་པོ་ལ་གཏད་པ།། ཆོས་འཕགས་ཆོས་རྒྱལ་བླ་མེད་སྙིང་པོ་འདི།། ཡོངས་ལ་ཁྱབ་པའི་ཁྱད་པར་མཛེས་པས་ན། ། ཐུགས་ཀྱི་གཟེར་བསྐྱེད་དམ་ལ་རྣམས་ཀྱི་དོན།། ཡང་དག་བསྟན་པ་དེ་ལ་ཡེ་ནས་གནས།། སངས་རྒྱས་ས་ལ་རྟག་པར་བཞུགས་པ་ཡི།། ལྷུན་གྲུབ་མཆོག་ལ་འདི་ཡིས་བཞག་པར་བྱས།། བྱང་ཆུབ་སེམས་ཀྱི་ག་བུ་ཀློང་ཆེན་དུ། ། སངས་རྒྱས་སེམས་ཅན་མ་ལུས་བསྲེལ་ཏེ་ཞོག། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། བདག་པོ་ལ་བསྟོད་པ་དང། ཆོས་ལ་བསྟོད་པ་དང། དེ་འཛིན་པ་ལ་མཆོག་གསུམ་གྱི་ཚུལ་དུ་བསྟོད་པ་དང། རྒྱུད་གཏད་པའི་ལེའུ་སྟེ་བཅུ་པའོ།། རྒྱས་པ་ཆེན་པོ་བྱང་ཆུབ་སེམས་ཁྱུང་ཆེན་གྱི་རྒྱུད་རྫོགས་སོ།།།། ཤྲཱི་སིདྷ་དང་བཻ་རོའི་འགྱུར། །། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཡི་གེ་མེད་པའི་རྒྱུད།
CLOSE WINDOW