Wylie |
རྒྱ་གར་སྐད་དུ། དེ་བ་ཏནྟྲ་རཏྣ་ཀུ་ཊ་ནཱ་མ། བོད་སྐད་དུ། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། ། ཡེ་གྲོལ་ཡེ་ཤེས་རང་ལ་ཤར།། ཕྱི་ནང་མེད་པའི་ཟང་ཐལ་གནས།། ཆེན་པོ་ལྔ་ཡི་བསྟན་པ་ལ།། རང་སྣང་ཆེན་པོ་རྣམ་དག་ཡིན།། དེ་ཡང་ཐོག་མ་མེད་པའི་དུས།། གཞི་གསུམ་དབྱེར་མེད་ལྷུན་གྱིས་གྲུབ། ། ཡང་དག་ཡེ་ཤེས་སྣང་བ་དང།། དག་པ་འཇིག་རྟེན་སྣང་བ་དང།། མ་དག་འཁྲུལ་པའི་སྣང་བ་གསུམ།། དབྱེར་མེད་ལྷུན་གྱིས་གྲུབ་པ་ཡིན།། ཡང་དག་ཡེ་ཤེས་སྣང་བ་ནི།། སྐུ་གསུམ་རང་སྣང་ལྷུན་གྱིས་གྲུབ། ། དེ་ཡང་ཕྱོགས་སུ་མ་ལྷུང་རྒྱ་མ་ཆད།། དག་པ་འཇིག་རྟེན་སྣང་བ་ཡིན།། འོད་ལྔ་ལ་སོགས་ལྷུན་གྱིས་གྲུབ།། དེ་ཡང་ཕྱོགས་སུ་མ་ལྷུང་རྒྱ་མ་ཆད།། མ་དག་འཁྲུལ་པའི་སྣང་བ་ཡང།། འགྲོ་དྲུག་ལ་སོགས་ལྷུན་གྱིས་གྲུབ། ། དེ་ཡང་ཕྱོགས་ལྷུང་མེད་པ་ཡིན།། ཆོས་ཉིད་གདལ་བའི་ཕོ་བྲང་ན།། ཀུན་གཞི་སྤྱི་ས་མི་ཟད་གཏེར།། གཏེར་གྱི་འབྱུང་གནས་རིན་ཆེན་གླིང།། ག་བུར་ལྟ་བུའི་གཞི་མ་ཡིན།། ཕྱོགས་མེད་ཆེན་པོའི་སྣང་བ་ཡིན། ། ཞེས་གསུངས་སོ།། དེ་ནས་གསང་བའི་བདག་པོ་དེས།། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། སྤྱི་ས་དེ་ལྟར་ཡིན་པ་ལ། དེ་ལས་འཁྲུལ་པ་ཇི་ལྟར་ལགས།། ཀུན་བཟང་སངས་རྒྱས་ཇི་ལྟར་ལགས། ། བྱིན་རླབས་འབྱུང་བ་ཇི་ལྟར་ལགས།། འཁྲུལ་པར་སྣང་བ་ཇི་ལྟ་བུ།། ལྡོག་བཅས་ཆོས་དེ་གང་ལ་གསུངས།། ཞེས་ཞུས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་བཅོམ་ལྡན་ཀུན་བཟང་གིས།། དེ་ལས་འཁྲུལ་པ་བསྟན་པ་ནི།། ཀུན་གཞི་གཏེར་གྱི་འབྱུང་གནས་ལ།། ལྷུན་གྲུབ་ཡོན་ཏན་ཕྱོགས་མེད་ཀློང།། དཔེར་ན་རྒྱ་མཚོར་ཆོས་མཐུན་པ།། རང་བྱུང་རླུང་གི་རྟ་ཕོས་བསྐྱོད། ། མ་ནིང་རྣམ་གསུམ་ཡིད་འགྱུས་པས།། འགྱུ་བ་རླུང་གི་མིག་ཅན་དེ།། རང་སྣང་འོད་ལྔའི་ལམ་དུ་ཞུགས།། ང་ཉིད་མཁྱེན་པའི་ཤེས་རབ་ཡིན།། རྣམ་གསུམ་ཤེས་པས་ཤེས་རབ་མཆོག། མཆོག་གི་སྐུ་གསུམ་རང་ལ་ཤར།། འདས་པ་ལྔ་ཡི་ཀློང་དུ་གྲོལ།། གསུམ་སེལ་སྒྲིབ་པ་ཀུན་ལས་གྲོལ།། སངས་རྒྱས་ལྔ་བདག་ཅོད་པན་ཅན།། ཡེ་ཤེས་འབའ་ཞིག་ལས་བྱུང་བ།། མགོན་པོ་ཀུན་གྱི་ཡབ་མེས་ཡིན། ། ཀུན་ཏུ་བཟང་པོ་བློ་གྲོས་བཟང།། ཐོག་མའི་སངས་རྒྱས་འོད་དཔག་མེད།། སངས་རྒྱས་ཀུན་གྱི་གཙོ་བོ་ཡིན།། ང་མེད་པ་ཡྀ་སྔོན་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། ཡེ་ཤེས་བྱ་བའི་མིང་ཡང་མེད། ། ཆོས་སྐུ་བྱ་བའི་མིང་ཡང་མེད།། ཆོས་ལས་གྲོལ་བའི་སངས་རྒྱས་ཡིན།། ཐིག་ལེ་ཆོས་མིན་ཡེ་ཤེས་ཀློང།། བྱ་བཙལ་མེད་པས་རང་གྲོལ་ཡྀན།། རང་བྱུང་རང་གི་འོད་སྣང་སངས།། འདས་པ་ལྔ་རུ་རྒྱས་པས་མཆོག། དོན་གྱི་ཡེ་ཤེས་ཁོང་ནས་ཤར།། ཡེ་ཤེས་ཁོང་ཤར་མིག་ཕྱེད་པས།། ཡེ་ཤེས་མིག་ཅན་དྲི་མ་མེད།། མ་རིག་སྒོ་ངའི་སྦུབས་འབྱེད་པ།། རང་བྱུང་ཡིད་ཀྱི་ཤེས་རབ་ཀྱི།། འགྱུ་བའི་ལིང་ཏོག་གསེར་གྱི་ཐུར་མས་ཕྱེད། ། མིག་གི་དབང་པོ་སོ་སོར་མ་འགག་པ།། སོ་སོར་རྟོག་པའི་ཡེ་ཤེས་ཡིན།། རང་བཞིན་མེད་པའི་ཟང་ཐལ་དེ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན།། དེ་ཉིད་རང་གསལ་ཆེན་པོར་ཤར། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། ། ཕྱི་ནང་མེད་པར་མཉམ་པས་ན།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན།། ཐམས་ཅད་མ་ལུས་ལྷུན་གྲུབ་པས།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། ཡེ་ཤེས་ཡིན་པས་རྩོལ་བསྒྲུབ་མེད།། ཡོན་ཏན་ཡེ་ཤེས་ལྔ་དང་ལྡན། ། འབྲས་བུ་སྐུ་གསུམ་ཁོང་ནས་ཤར།། མཆོག་གི་དང་པོ་སྐུ་གསུམ་འཆང།། སྐུ་གསུམ་རང་གྲོལ་ལམ་གྱི་མཆོག། ཡེ་ཤེས་རང་ཤར་རིག་པའི་མཆོག། འདས་པ་ལྔ་པོ་འབྲས་བུའི་མཆོག། ཡེ་ཤེས་ཟང་ཐལ་གདམས་པའི་མཆོག་སངས་རྒྱས་ཀུན་གྱི་དགོངས་པ་ཡིན། ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཀུན་ཏུ་བཟང་པོ་རང་སྣང་གི་ལེའུ་སྟེ་གཉིས་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས། ། འགྲོ་དྲུག་མ་དག་འཁྲུལ་པ་ཇི་ལྟར་ལགས།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཐོག་མ་མེད་པའི་གཞི་མ་དེ།། དེ་ཡོད་པས་ན་འགྲོ་དྲུག་ཀྱང།། མི་འཁྲུལ་པ་ཡི་རང་དབང་མེད།། དེ་ཡང་ཇི་ལྟར་འཁྲུལ་ཞེ་ན། ། ཀུན་གཞིའི་རླུང་ཆེན་མ་འགགས་པས།། མ་ནི་རླུང་གི་འཁྲུལ་པ་ཡིན།། དེ་ཡང་ཀུན་གཞི་སྤྱན་ཡིན་ཏེ།། གཞི་གསུམ་དབྱེར་མེད་སྤྱན་ཆེན་པོ།། གྱེན་དང་ཐད་ཀ་ཐུར་དུ་གཟིགས། ། གཟིགས་པའི་སྤྱན་གསུམ་ཁོང་ནས་ཤར།། ཐུར་དུ་གཟིགས་པ་འགྲོ་དྲུག་སྤྱན། འགྱུ་བའི་སྤྱན་གྱིས་ཀུན་ཏུ་བལྟ།། འོད་ལྔ་ལམ་གྱི་རྟ་ཕོ་ལ།། ཆགས་སྡང་ལྔ་ཡིས་འཁྲུལ་པ་ཡིན།། ལས་ནི་ལུང་མ་བསྟན་གྱི་ལས། ། རྒྱུ་རྐྱེན་དུས་མཚུངས་རྒྱུ་ལྟར་འཁོར།། མ་རིག་འདམ་དུ་བྱིང་བ་ཡིན།། དམྱལ་བ་ལ་སོགས་འགྲོ་དྲུག་འཁྲུལ།། ལས་ཀྱི་འབྲས་བུ་ལུང་མ་བསྟན།། ཚེ་ཚད་ལ་སོགས་དུས་ལ་ངེས་པ་མེད།། དེ་ནི་ཐུར་དུ་གཟིགས་པའི་སྤྱན། ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེའི་སྤུངས་པ་ལས། འགྲོ་དྲུག་རང་སྣང་གི་ལེའུ་གསུམ་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས།། འགྲོ་དྲུག་འཁྲུལ་པ་ཇི་ལྟར་བཟློག། ཅེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། འགྲོ་དྲུག་འཁྲུལ་པ་བཟློག་པ་ནི། ངོ་བོ་ཉིད་ཀྱི་བྱིན་རླབས་ནི། ཆོས་ཀྱི་སྐུ་ཡི་བྱིན་རླབས་སོ།། དེ་ཡི་བྱིན་རླབས་རྡོ་རྗེ་སེམས་དཔའ་ཁྱོད།། དེ་ཡི་བྱིན་རླབས་སྣང་བ་ཐུབ་པ་དྲུག། ཐུན་མོང་ལྡོག་པའི་སྟོན་པ་ཡིན། ཁྱད་པར་བཀའ་བརྒྱུད་བྱིན་བརྒྱུད་དང།། ཐུགས་སུ་བརྒྱུད་པའི་སྟོན་པ་གསུམ།། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ནི།། བྱིན་གྱིས་བརླབས་ཀྱི་བསྐོར་བ་ཡིན། མཆོག་གི་སྐུ་གསུམ་རང་སྣང་བས། ཡེ་ཤེས་རང་སྣང་འཁོར་ལོ་བསྐོར།། རྟོག་པ་ཡེ་ཤེས་འཁོར་ལོ་ཡིན།། ཆོས་ཀྱི་འཁོར་ལོ་ཕྱི་ནང་གསང་བ་གསུམ།། དེ་དོན་རྟོགས་པའི་བྱིན་རླབས་བརྒྱུད་པ་ཡིན།། ཉི་མའི་སྙིང་པོ་ཟེར་དང་འོད། ། ཟླ་བ་ལྟེང་ཀའི་གཟུགས་སྣང་བ།། ཐ་དད་དུ་མར་མཐོང་བ་ལྟར།། སྐུ་གཅིག་ཡོངས་ལ་སྣང་བས་སྤྲུལ་སྐུ་ཡིན།། ཡེ་ཤེས་ཕྱོགས་མེད་ཤར་བས་ཐུགས་རྗེ་འོད་པོ་ཆེ།། ཀུན་ལ་སྙོམས་པས་ཐུགས་རྗེ་ཕྱོགས་མེད་ཤར། ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། བྱིན་རླབས་འབྱུང་བ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས།། རྒྱུད་ལུང་འབྱུང་བ་ཇི་ལྟར་ལགས།། དེ་ཡི་ངོ་སྤྲོད་ཇི་ལྟར་བགྱི། ། ཞེས་ཞུས་པས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རང་བཞིན་བྱིན་རླབས་ངོ་བོའི་རྒྱུད། རང་བཞིན་རྒྱུད་ལ་རྣམ་པ་གཉིས།། ངེས་པའི་རྒྱུད་དང་དོན་གྱི་རྒྱུད།། ངེས་རྒྱུད་སངས་རྒྱས་དགོངས་པ་ཡིན། ། རྒྱུན་དུ་མི་འགྱུར་རྒྱུད་ཀྱི་མཆོག། དེ་དོན་ཐུགས་ལ་གང་གནས་པ།། དོན་རྒྱུད་ཆེན་པོ་ཡིན་པར་བཤད།། བྱིན་རླབས་རྒྱུད་ལ་རྣམ་པ་གསུམ།། ངོ་བོ་ཉིད་ཀྱི་བྱིན་རླབས་དང།། རྩོལ་དང་བཅས་དང་རྩོལ་མེད་དང། ། རང་བཞིན་བྱིན་རླབས་རྣམ་པ་གསུམ།། ངོ་བོ་བྱིན་རླབས་རང་སྣང་ཡིན།། རྩོལ་མེད་བྱིན་རླབས་ཐུགས་རྗེའོ།། རྩོལ་བཅས་བྱིན་རླབས་གདམས་པའོ།། རང་བཞིན་བྱིན་རླབས་ཀུན་ལ་འཇུག། དེ་དོན་གཏན་ལ་གང་འབེབས་པ། ། མན་ངག་ཀུན་གྱི་མཆོག་ཏུ་བཤད།། དེ་དོན་ཐུགས་ལ་གང་གནས་པ།། ལུང་རྣམས་མ་ལུས་ཐུགས་ལ་གནས།། རྒྱུད་ལུང་མན་ངག་དབྱེར་མེད་པས།། ཐིག་ལེ་ཡེ་ཤེས་བརྩེགས་པ་ཡིན། ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། བྱིན་རླབས་ཀྱི་རྒྱུད་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས།། བཅོམ་ལྡན་ཀུན་ཏུ་བཟང་པོ་ལ།། རྩོལ་མེད་བྱིན་རླབས་ཇི་ལྟར་ལགས། ། ཞེས་ཞུས་པས། བཀའ་སྩལ་པ། བྱིན་རླབས་དབང་ལས་འཇུག་པས་ན།། དབང་གི་གདམས་པ་བཤད་པར་བྱ།། དབང་ལ་ཕྱི་ནང་གསང་བ་གསུམ།། ལྷ་དབང་ཡེ་ཤེས་སྐུ་ཡི་དབང། ། ཆོས་དབང་རིག་པ་སེམས་ཀྱི་དབང།། རྩོལ་མེད་ཡེ་ཤེས་ཐིག་ལེའི་དབང།། དེ་འདོད་པ་ཡི་གང་ཟག་གིས།། ལུས་སྲོག་བུ་སྨད་འཁོར་རྫས་ཀུན།། བྱིན་རླབས་ཞུ་བའི་ཡོན་དུ་དབུལ།། སྦྱིན་པ་བསམ་གྱིས་མི་ཁྱབ་པས། ། དབང་བསྐུར་ནུས་པའི་བླ་མ་ལ།། ཡོན་ཕུལ་ཡོན་ཏན་བསམ་མི་ཁྱབ།། སློབ་དཔོན་གདམས་པས་མ་བརྒྱན་པ།། དེ་འདྲའི་སློབ་དཔོན་བསྟེན་མིན་ཏེ།། དེ་བསྟེན་བྱིན་རླབས་འབྱུང་མི་འགྱུར།། སློབ་མ་ཤེས་རབ་མ་བརྒྱན་ཅིང། ། གདམས་པ་གཟུང་མི་ཐུབ་པ་ནི།། དེ་ནི་སློབ་མ་སྣོད་མིན་ཏེ།། དེ་ལ་བྱིན་རླབས་འཇུག་མི་འགྱུར།། ཇ་ལོག་པས་ནི་དོན་ཀུན་འགྲུབ།། ལྷ་དབང་ཡེ་ཤེས་དབང་བསྐུར་བས།། མིག་གི་གཟུགས་སྣང་མ་འགགས་པས། ། རྣམ་པར་སྣང་མཛད་གཟུགས་ཀྱི་དབང།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན།། དེ་ཡིས་དོན་ལ་བསྐྱོད་མེད་པས།། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ།། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། ། དེ་ཡི་ཡོན་ཏན་རྩལ་སྣང་བ།། སྣང་བ་མཐའ་ཡས་འོད་དཔག་མེད།། སོ་སོར་ཀུན་ཏུ་རྟོགས་པ་ཡིན།། ཡོན་ཏན་ཕྱོགས་རིས་མི་མངའ་བས།། རིན་ཆེན་འབྱུང་ལྡན་འོད་འཕྲོ་བས།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། ། ཐམས་ཅད་རང་བྱུང་གྲུབ་པས་ན།། དོན་ཡོད་གྲུབ་པ་རྡོ་རྗེའི་སྙིང་པོ་ཡིན།། བྱ་བ་གྲུབ་པའི་ཡེ་ཤེས་ཞེས་ཀྱང་བརྗོད།། རྣ་བ་མི་བསྐྱོད་ལྕེ་ནི་འོད་དཔག་མེད།། སྣ་ནི་རིན་འབྱུང་འོག་སྒོ་དོན་གྲུབ་སྐུ།། ལྔ་ལྡན་ཡེ་ཤེས་རང་ལ་སྣང་བས་ན། ། ལྷ་དབང་ཡེ་ཤེས་སྐུ་ཡི་དབང་བསྐུར་ཡིན།། འབྱུང་བ་ལྔ་ཡི་གཟུགས་སྟོང་པས།། ནམ་མཁའ་དབྱིངས་ཕྱུག་ཆོས་ཀྱི་དབྱིངས།། དེ་ཡི་ངོ་བོ་སངས་རྒྱས་སྤྱན།། འོད་གསལ་ཡེ་ཤེས་མེ་ལོང་ལྔ། ། ཡོན་ཏན་རྩལ་སྨིན་གོས་དཀར་མོ།། སོ་སོར་རྟོགས་པའི་ཡེ་ཤེས་རྫོགས།། ཡོན་ཏན་ཐམས་ཅད་འདུས་པ་མཱ་མ་ཀཱི།། ཀུན་ལ་ཡངས་དོག་མེད་པས་མཉམ་པ་ཉིད།། དེ་ཡི་དོན་ལ་འདའ་མེད་པས།། དམ་ཚིག་སྒྲོལ་མ་ཞེས་བྱའོ། ། ཐམས་ཅད་གཅིག་ཏུ་གྲུབ་པས་བྱ་བ་གྲུབ།། ཡེ་ཤེས་ཐམས་ཅད་རྫོགས་པས་འཁོར་ལོ་ཡིན།། འགྱུར་བ་མེད་པས་རྡོ་རྗེ་ཡིན།། སྐྱོན་གྱིས་མ་གོས་པདྨ་ཡིན།། ཐམས་ཅད་འབྱུང་བས་རིན་པོ་ཆེ། ། ཀུན་ལ་ཁྱབ་པས་རྒྱ་གྲམ་མེ།། ཐམས་ཅད་རྫོགས་པས་སེང་གེ་ཡིན།། མ་ལུས་ཐེག་པས་གླང་པོ་ཆེ།། དུག་ལྔ་སྐུ་རུ་ཤར་བས་རྨ་བྱ་ཡིན།། ཐམས་ཅད་ཤུགས་ལས་གྲོལ་བས་རྟ་མཆོག་ཡིན། ། ཐོག་མེད་སྤྱན་ཆེན་མངའ་བས་མཁའ་ལྡིང་ཡིན།། དེ་ཡི་དོན་རྟོགས་རྩོལ་མེད་དབང་བསྐུར་ཡིན།། མི་འདའ་བ་ཡི་རྒྱ་ཞིག་ཐོབ་ལ་ཞོག། ཆོས་སྐུ་དྲི་མ་མེད་ཅིང་གཟུགས་སྐུ་མེད།། འགྱུར་མེད་གསེར་མདོག་འཇམ་དཔལ་སྐུ། ། དེ་དོན་ལག་ཏུ་གཏད་པས་འགྱུར་མེད་རྟོགས།། ཕྲིན་ལས་ཐམས་ཅད་རྫོགས་ཤིང་དབང་ཐོབ་པས།། མི་ཤིགས་བཅོམ་ལྡན་རྡོ་རྗེའི་སྐུ།། ཡེ་ཤེས་སྤྱན་ཆེན་རང་ལ་ཤར་བས་ན།། སྤྱན་རས་གཟིགས་དབང་སེང་གེ་རྣམ་པར་བརྩེགས། ། འཁོར་བ་མ་བཅོས་རང་གྲོལ་འོད་གསལ་བ།། རྡོ་རྗེ་མི་གཡོའི་སྐུ་སྟེ་རང་བྱུང་ཡིན།། ཐུགས་རྗེ་ཀུན་ལ་འཕྲོ་བས་འོད་ཟེར་ཅན།། སངས་རྒྱས་བྱིན་རླབས་ཕོག་པས་སྒྲོལ་མ་ཡིན། ། སྣང་བ་ལྷུག་པར་སྣང་བས་ཕག་གདོང་མ།། ཤེས་རབ་ཁོང་ཤར་རལ་གྲི་ཡིན།། ཡེ་ཤེས་ཟང་ཐལ་རྡོ་རྗེ་དང།། སྐུ་གསུམ་བྱིན་རླབས་སྣང་བ་ཕྲེང་བ་དང།། ཡོན་ཏན་སྣ་ཚོགས་གཅོད་པའི་རལ་གྲི་དང། ། ཆོས་སྐུ་ཡོན་ཏན་རྒྱས་པས་ཨུཏྤལ།། ཡོན་ཏན་གཏེར་འཆང་བུམ་པ་དང། སྐུ་གསུམ་རང་ལ་གནས་པས་ཁ་ཊྭཱཾ་ག། ཐམས་ཅད་རང་ལ་རྫོགས་པས་དབང་ཆེན་ཐོབ།། ཅེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ལྷ་དབང་ལུས་ལ་བསྐུར་བ་དང། རྩོལ་མེད་རང་སྣང་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་བཀའ་སྩལ་པ། རྩོལ་བཅས་ལྷ་དབང་བསྟན་པ་ནི།། དང་པོ་བུམ་པའི་དབང་ཡིན་ཏེ། ། བུམ་པ་ལྷ་ཡི་གྲངས་དང་མཐུན།། དེ་ལ་དབང་ལྔ་རྫོགས་པ་ནི།། བུམ་པ་གཞལ་ཡས་ཁང་ཡིན་པས།། བྷྲུཾ་ལས་གཞལ་ཡས་ཁང་དུ་བསྐྱེད།། དེ་ཡི་ནང་དུ་བུམ་རྫས་བླུགས།། གདན་དང་བསྐྱེད་དང་སྤྱན་འདྲེན་བསྟིམ། ། འཛབ་དང་བསྙེན་བསྒྲུབ་བྱས་ནས་ནི། དེ་ནས་འོད་དུ་ཞུ་ནས་ནི།། སྤྱི་བོ་དག་ནས་དབང་བསྐུར་བ།། བུམ་པའི་དབང་ཞེས་བརྗོད་པ་ཡིན།། ལུས་ཀྱི་སྒྲིབ་པ་དག་པར་བྱེད།། བུམ་པ་བུམ་རྫས་བསྐྱེད་བྱ་ཐབས་ཀྱི་དབང། ། ལྷ་རྣམས་བཀུག་བསྟིམ་སྦྱོར་བ་མཛད།། ཤེས་རབ་དབང་དུ་བསྟན་པ་ནི།། སྦྱོར་བ་བྱང་ཆུབ་སེམས་ཀྱི་ཆུ།། ཡེ་ཤེས་དབང་དུ་བསྟན་པ་ཡིན།། རྡོ་རྗེ་ལྕེ་སྟེང་བཞག་པ་ཡིས།། ངག་གི་སྒྲིབ་པ་དག་པར་བྱེད། ། ལྷ་ལ་ཡེ་ཤེས་རྒྱས་བཏབ་ནས།། སྐྱེ་བ་མེད་པར་བསྟན་པ་ནི།། ཚིག་གི་དབང་དུ་བརྗོད་པ་ཡིན།། སེམས་ཀྱི་སྒྲིབ་པ་དག་པར་བྱེད།། ཅེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། བུམ་པའི་དབང་གི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་བཀའ་སྩལ་པ། ཐབས་དང་ཤེས་རབ་དབང་ལ་རྣམ་ལྔ་སྟེ།། ཕ་ནི་ཐབས་ཀྱི་རང་བཞིན་ཏེ།། ལུས་ཀྱི་བུམ་པ་སྣང་བ་ཡིན།། སྐྲ་དང་ལུས་རྒྱན་ལུས་པོ་ནི།། སྐུ་གསུམ་དག་པའི་སྣང་བའོ། ། སྒོ་ལྔ་འབྲུ་ལྔ་ཡེ་ཤེས་ལྔ།། ཕུང་པོ་ལྔ་ནི་རིན་ཆེན་སྣ་ལྔ་ཡིན། རང་བྱུང་བདུད་རྩི་སྨན་ལྔའི་ངོ་བོ་ལ།། རྣམ་ཤེས་ལྔ་ནི་དྲི་ལྔ་ཡིན་པར་བཤད།། བྱང་ཆུབ་སེམས་ནི་བདུད་རྩི་འོ་མ་ཆུ། ། དབུགས་ནི་གཟུངས་ཐག་ཐུགས་རྗཻས་འབྲེལ།། དེ་ནི་བུམ་པའི་དབང་ཡིན་ནོ།། རང་ལ་སྣང་བ་ཐབས་ཀྱི་དབང།། དེ་ལྟར་ཤེས་པས་ཤེས་རབ་དབང།། ཡེ་ནས་གྲུབ་པ་ཡེ་ཤེས་དབང།། དེ་མཚོན་པ་ནི་ཚིག་དབང་ངོ། ། ཤེས་རབ་དབང་ལ་རྣམ་པ་ལྔ།། བྷ་ག་བུམ་པའི་རང་བཞིན་ནོ།། རཀྟ་བུམ་རྫས་རང་བཞིན་ནོ།། རྩ་གསུམ་ཉེད་པ་ཐབས་ཀྱི་དབང།། ཟུང་འཇུག་སྟོང་པ་ཤེས་རབ་དབང།། བདེ་བའི་ཡེ་ཤེས་གསང་བའི་དབང། ། ངག་གིས་བརྒྱན་པ་ཚིག་དབང་ངོ།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱུད་ལས། ཐབས་དང་ཤེས་རབ་ཀྱི་དབང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་ཡང་བཀའ་སྩལ་པ། ། གསང་བའི་དབང་ལ་རྣམ་ལྔ་སྟེ།། རྡོ་རྗེ་བུམ་པ་ཆོས་ཀྱི་སྐུ།། རྩ་གསུམ་བརྒྱན་པ་ལོངས་སྐུ་ཡིན།། ཐིག་ལེ་སྤྲུལ་པའི་སྐུ་རུ་བཤད།། བདེ་བ་ཆེན་པོ་བུམ་རྫས་ཡིན།། དེ་ནི་བུམ་པའི་དབང་ཡིན་ནོ།། ཡིག་འབྲུ་བཀོད་པ་ཐབས་ཀྱི་དབང། ། ལྷ་རྣམས་སྦྱོར་བ་མཛད་པ་ནི།། བྷ་ག་སྟོང་པ་ཤེས་རབ་དབང།། བྱང་ཆུབ་སེམས་འཕྲོས་གསང་བའི་དབང།། རྒྱས་གདབ་པ་ནི་ཚིག་དབང་ཡིན།། ཡེ་ཤེས་ས་བོན་དགུག་པ་དང། ། དམ་ཚིག་ས་བོན་བསྐྱེད་པ་དང།། སྦྱོར་བ་གཉིས་མེད་བསྟིམ་པ་དང།། བདེ་བའི་མཆོད་པ་འབུལ་བ་དང།། མཆོད་པ་ཕྱོགས་བཅུར་སྤྲོ་བ་དང།། དེ་རྣམས་རྒྱས་སུ་གདབ་པ་ནི།། རྩོལ་བ་དང་བཅས་དབང་ཞེས་བརྗོད། ། ཅེས་གསུངས་སོ། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། གསང་བའི་དབང་གི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། ཚིག་གི་དབང་ལ་རྣམ་ལྔ་སྟེ། ། སྣང་སྲིད་ཚིག་ཏུ་སྟོན་པ་ནི།། དངོས་པོ་སྣ་ཚོགས་གཟུགས་སྣང་བ། འབྱུང་བ་ལྔ་ནི་བུམ་པར་བཤད། ཁ་དོག་སྣ་ཚོགས་བུམ་པའི་རྒྱན།། དབྱིངས་སུ་སྣང་བ་མགུལ་ཆིངས་ཡིན།། འདུ་འབྲལ་མེད་པ་གཟུངས་ཐག་ཡིན། འགྲོ་དྲུག་ལོངས་སྐུར་ཅིར་སྣང་བ།། བུམ་པའི་རྫས་སུ་བསྟན་པ་ནི།། དེ་ནི་བུམ་པའི་དབང་ཡིན་ནོ།། སྣང་སྲིད་བསྡུས་ནས་ལམ་དུ་བསླང།། སྣང་བ་རང་བྱུང་ཡེ་ཤེས་ཤར།། བླ་མའི་གདམས་པས་ཕྱོགས་མེད་གྲོལ། ། རང་སྣང་ཡེ་ཤེས་འཕེལ་འགྲིབ་མེད།། ཕྱི་ནང་མེད་པ་ཡེ་ཤེས་སྐུ།། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། དེ་ནི་ཐབས་ཀྱི་དབང་མཆོག་ཡིན།། ད་ནི་ཤེས་རབ་དབང་བསྟན་པ།། ཐུགས་རྗེ་འགག་པ་མེད་པ་དེ། ། ཡིད་འགྱུས་སྣང་སྲིད་སེམས་སུ་ཤར།། གཟུང་འཛིན་རྩ་བ་མ་རིག་ཅན།། གཉིས་མེད་རིག་པ་ཕྱི་ནང་མེད།། ཡེ་ཤེས་ཤེས་རབ་ཟང་ཐལ་བས།། ཡེ་ཤེས་ཤེས་རབ་ཟང་ཐལ་དེ།། ཚད་མ་ཁོང་ནས་ཤར་བས་ན། ། མི་བསླུ་བ་ཡི་གཏན་ཚིགས་ཡིན།། ཡིད་ཆེས་ངེས་པའི་དབང་དུ་བཤད།། ད་ནི་ཡེ་ཤེས་དབང་བཤད་དེ།། ཡེ་ནི་ཀུན་གཞི་སྤྱི་ས་ཡིན།། ཤེས་པ་གཞི་ལས་གྲོལ་བའོ།། གྲོལ་བ་གཞན་རྐྱེན་མ་ཡིན་ཏེ། ། རང་རྐྱེན་ཤེས་པས་གྲོལ་བར་བསྟན།། མེ་ལོང་བྱད་ཀྱི་དཔེ་བཞིན་ནོ།། ཐིག་ལེ་ཡེ་ཤེས་ཁོང་ནས་ཤར།། ཕར་བལྟས་པས་ནི་ཚུར་ལ་གསལ།། ཡེ་ཤེས་ཟང་ཐལ་ཁོ་ན་ཡིན།། མ་བཅོས་པ་ཡི་ཟང་ཐལ་ལ། ། མ་བྱས་པ་ཡི་རང་བྱུང་ཤར།། རང་གྲོལ་སྦྲུལ་གྱི་མདུད་པ་ལྟར།། རང་གྲོལ་དུག་ལྔ་ཁོང་དུ་གྲོལ།། རྩེ་གཅིག་ཟང་ཐལ་ཆེན་པོར་སླེབས།། ད་ནི་ཚིག་དབང་དོན་བཤད་དེ།། ནོར་བུ་རིན་ཆེན་གླིང་དག་ན།། ས་རྡོ་ལ་སོགས་མིང་ཡང་མེད། ། གདམས་པའི་ཚིག་དབང་ཐོབ་པས་ན།། འཁོར་བ་བྱ་བའི་མིང་ཡང་མེད།། འཁོར་བ་ཐིག་ལེར་དབང་བསྐུར་བས།། རྨ་བྱས་ཧ་ལ་བཟའ་བ་འདྲ།། སྤུ་ཁ་སྣ་ཚོགས་མདངས་དང་ལྡན། ། དེ་བཞིན་དུག་གི་དབང་བསྐུར་ན།། འདྲེ་དང་ནད་ཀྱིས་མི་ཚུགས་སོ།། དེ་བཞིན་དུག་ལྔའི་དབང་བསྐུར་ན།། འཁོར་བའི་དགྲ་ཡིས་མི་ཚུགས་སོ།། ཐིག་ལེ་ཡེ་ཤེས་ངོ་བོ་རྩལ།། ལས་དང་དེ་བཞིན་གནས་པ་ནི། ། ལམ་དང་སྒོ་དང་ཡོན་ཏན་དང།། འབྲས་བུ་རྣམ་བརྒྱད་དབྱེར་མེད་པས།། དཔེ་ཡི་ངོ་སྤྲོད་ཤེལ་གྱིས་མཚོན།། རྟགས་ཀྱི་ངོ་སྤྲོད་ཙིཏྟ་ཡིན།། རིན་ཆེན་ཟུར་བརྒྱད་འབར་བ་ཡིན།། དོན་ནི་ཐིག་ལེ་ཡེ་ཤེས་ཏེ། ། རྩ་ཆེན་བརྒྱད་ལ་གནས་པ་ཡིན།། རྟགས་ཀྱི་རྩ་དང་ཡོན་ཏན་རྩ།། རྣམ་པ་བརྒྱད་དུ་ཤེས་པར་བྱ།། དེ་ནི་རྟེན་གྱི་གསང་ལམ་ཡིན།། མ་རིག་པ་ཡི་གདར་བཅད་པས།། རིག་པའི་ཡེ་ཤེས་ཁོང་ནས་རྡོལ།། ཐིག་ལེ་བརྩེགས་པའི་དབང་མཆོག་ཐོབ། ། ཚིག་དབང་ཞེས་ནི་དེ་ལ་བྱ།། འཁོར་བ་རྩད་གཅོད་ཅེས་ཀྱང་བྱ།། མ་རིག་མིག་འབྱེད་ཅེས་ཀྱང་བྱ།། རིག་པའི་ཡེ་ཤེས་ཞེས་ཀྱང་བྱ།། ཡེ་ཤེས་རང་ཤར་ཞེས་ཀྱང་བྱ།། ཤེས་རབ་རང་བྱུང་ཞེས་ཀྱང་བྱ། ། ཡེ་ཤེས་ཐིག་ལེ་ཁོང་ནས་ཤར།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཚིག་དབང་རིན་པོ་ཆེའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། ཉོན་ཅིག་གསང་བའི་བདག་པོ་ཁྱོད། ། དབང་བསྐུར་ཡོན་ཏན་བསྟན་པ་ནི།། བུམ་པའི་དབང་བསྐུར་ཉོན་མོངས་སྒྲིབ་པ་དག། ཐབས་ཀྱི་དབང་བསྐུར་ལས་ཀྱི་སྒྲིབ་པ་དག། ཤེས་རབ་དབང་བསྐུར་ཤེས་བྱའི་སྒྲིབ་པ་དག། གསང་བའི་དབང་བསྐུར་ངོ་བོའི་སྒྲིབ་པ་དག། ཚིག་གི་དབང་བསྐུར་རྣམ་སྨིན་སྒྲིབ་པ་དག། བུམ་དབང་བསྐུར་བས་སྤྲུལ་སྐུ་འཐོབ།། ཐབས་ཀྱི་དབང་བསྐུར་ལོངས་སྐུ་འཐོབ།། ཤེས་རབ་དབང་བསྐུར་ཆོས་སྐུ་འཐོབ། ། གསང་བའི་དབང་བསྐུར་ཡེ་ཤེས་སྐུ།། ཚིག་གི་དབང་བསྐུར་རང་གྲོལ་འཐོབ།། དབང་མ་བསྐུར་བར་ཆོས་འཆད་པ།། ལོང་བས་ལོང་བ་ཁྲིད་པ་འདྲ།། སློབ་དཔོན་ཚད་མར་མ་གྱུར་པས།། གདམས་པ་མེད་པར་དབང་བསྐུར་བྱེད། ། སྔགས་མེད་དུག་ལ་རྔུབ་པ་འདྲ།། སློབ་མ་ཚད་དང་མི་ལྡན་པས།། དབང་བསྐུར་ནོད་པ་བྱེད་པ་དེ།། སྦྲང་མ་མེ་ལ་མཆོངས་པ་འདྲ།། སློབ་དཔོན་ཚད་ལྡན་དབང་བསྐུར་ན། ། བདུད་རྩིའི་ལོངས་སྤྱོད་སྤེལ་བ་འདྲ།། སློབ་མ་ཚད་ལྡན་དབང་ནོད་པ།། བྱ་རྒོད་གནམ་འཕང་གཅོད་པ་འདྲ།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། དབང་བསྐུར་བའི་ཡོན་ཏན་དང་སྐྱོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ལྟ་བ་རིག་པ་རང་རྩལ་བསྟན་པ་ནི།། ལྟ་བ་སྐྱེ་མེད་རྣམ་པར་དག། རང་བཞིན་ཆོས་སྐུ་བརྗོད་ལས་འདས། ། གཉིས་མེད་རང་སྣང་མ་བཅོས་པ།། ཆོས་ཉིད་སྐྱེ་མེད་ཤེས་བྱའི་གཤིས།། སེམས་ཉིད་མ་བཅོས་བློ་ལས་འདས།། སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ།། ནམ་མཁའ་ལྟ་བུའི་ཆོས་ཉིད་ལས།། ཉི་ཟླ་སྐར་ཚོགས་མ་འདྲེས་རྫོགས། ། ཚོགས་རྫོགས་རང་བྱུང་ལྟ་བའི་མཆོག། དངོས་པོ་མེད་པ་རང་སར་གྲོལ།། རང་གྲོལ་འུབ་ཆུབ་ལྟ་བའི་ཀློང།། ལྟ་བ་ཀློང་ཆེན་མཐའ་གྲོལ་ཡིན།། ལྟ་བ་རིག་པའི་དབང་ཐོབ་ན།། སྐྱེ་བ་མེད་པའི་དགོངས་པ་ཐོབ། ། བསྒོམ་པ་རིག་པ་རང་རྩལ་དབང།། མཚན་བཅས་བསྒོམ་དང་མཚན་མེད་བསྒོམ།། དང་པོ་མ་ཤར་ཤར་བར་བྱེད་པ་ལ།། ནམ་མཁའ་སྟོང་པའི་མཁའ་དཀྱིལ་བསྒོམ།། དེ་ལས་ཧཱུ~ཾ་ཞུ་རྡོ་རྗེར་བསྒོམ། ། རྡོ་རྗེ་འོད་ཞུ་རྡོ་རྗེ་སེམས་དཔར་བསྒོམ།། སྐུ་མདོག་དཀར་པོ་གངས་རིར་ཉི་ཤར་འདྲ།། གཡས་ན་རྡོ་རྗེ་རྩེ་ལྔ་བསྣམས།། གཡོན་པས་དྲིལ་བུ་དཀུ་རུ་བརྟེན།། རྒྱན་རྣམས་ཀུན་གྱིས་བརྒྱན་པར་བསྒོམ། ། ཨོཾ་བཛྲ་ས་ཏྭ་ཧཱུ~ཾ། དབང་པོ་འབྲུ་ལྔ་ཐུགས་ཀྱི་ཡང་སྙིང་བཟླ། བཛྲ་ཨཱ་ཧར་ཧཱུ~ཾ། དྷཱུ་པེ་ཧཱུཾ། པུཥྤེ་ཧཱུཾ། ཨཱ་ལོ་ཀེ་ཧཱུཾ། གནྡྷེ་ཧཱུཾ། ནེ་བི་ཏེ་ཧཱུཾ། ཤབྟ་རཏྣ་ཧཱུཾ། ཞེས་མཆོད་པས། འགྲོ་དྲུག་ཞུ་ནས་བདག་ཞུ་སྟེ།། སྤྱི་གཙུག་རྡོ་རྗེ་སེམས་དཔར་ཐིམ། ། རྡོ་རྗེ་སེམས་དཔའ་འོད་དུ་ཞུ།། རྡོ་རྗེ་དཀར་པོ་རྩེ་ལྔར་གྱུར།། རྡོ་རྗེ་འོད་ཞུ་ཧཱུཾ་ལ་ཐིམ།། ཧཱུཾ་གི་ཞབས་བསྐྱེད་ཞུ་ནས་ནི།། འ་ཡང་འོད་དུ་ལྟེམས་ཀྱིས་ཞུ།། དེ་ནས་ཧ་ཡང་འོད་དུ་ཞུ་བ་ཡིས། ། དེ་ཡང་ཟླ་བ་དག་ལ་ཐིམ།། ཟླ་བ་འོད་ཞུ་ཐིག་ལེ་ལ།། ཐིག་ལེ་འོད་ཞུ་ཡེ་ཤེས་ཟང་ཐལ་བསྒོམ།། དེ་ནི་ཐིག་ལེ་ཁོང་ཤར་ཡིན།། མཚན་བཅས་སྐུ་ཡི་བསྒོམ་པའོ།། ཐུགས་ཀྱི་ཕྱག་མཚན་བསྒོམ་པ་ནི། ། དང་པོ་རང་གི་སེམས་ཉིད་སྟོང་པར་བསྒོམ།། དེ་ཡི་ངང་ལས་རྡོ་རྗེར་བསྒོམ།། རྡོ་རྗེའི་ནང་དུ་རང་ཉིད་ནི།། རང་གསལ་འཕྲོ་བ་མེད་པར་བསྒོམ།། དེ་ཡིས་ཐུགས་ཀྱི་བསྒོམ་པ་རྫོགས།། ད་ནི་གསུང་གི་བསྒོམ་པ་བསྟན། ། དང་པོ་རང་བྱུང་སེམས་ཉིད་སྟོང།། མཚོན་པའི་ཧཱུཾ་ཡང་སྔོན་དུ་བྲི།། དེ་ལ་ཤེས་པ་གཏད་ལ་བསྒོམ།། དེ་ནས་ཤེས་པ་ཧཱུ~ཾ་དུ་བསྒོམ།། ཧཱུ~ཾ་ལ་ཤེས་པ་ཚུད་པ་ནི།། སེམས་ཟིན་པ་ཡི་ཚད་ཡིན་ནོ།། དེ་ནས་སྣང་བ་སྣ་ཚོགས་ཀུན། ། ཧཱུ~ཾ་དུ་མི་འགྱུར་རང་དབང་མེད།། ཧཱུ~ཾ་དེ་ཞུ་ནས་རང་གསལ་ཟང་ཐལ་བསྒོམ།། དེས་ནི་གསུང་གི་དགོངས་པ་རྫོགས།། ཨཱ+ོཾ་དང་ཨཱཿདང་ཧཱུ~ཾ་དང་ནི།། འཁོར་ལོ་རྡོ་རྗེ་པདྨ་དང། ། ཡིག་འབྲུ་གང་ཡང་རུང་བ་ལ། སྤྲོ་དང་བསྡུ་བ་བྱས་གྱུར་ན།། མཚན་བཅས་བསྒོམ་པ་རྫོགས་པ་ཡིན།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ལྟ་བསྒོམ་རིག་པ་རང་རྩལ་གྱི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་མཚན་མེད་བསྒོམ་པ་བསྟན་པ་ནི།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད།། རང་གི་བྱང་ཆུབ་སེམས་ཉིད་ནི།། སྟོང་གསལ་ཁྱབ་པའི་དོན་དེ་ནི།། རང་གི་སྙིང་གི་དཀྱིལ་དུ་བསྒོམ། ། གཟུང་འཛིན་རྣམ་པ་སྐྱེས་པའི་ཚེ།། དེ་ཉིད་སྟོང་པ་ཉིད་དུ་བསྒོམ།། དེ་ནས་ཤེས་པ་གསལ་གདབ་ལ།། མར་མེ་ལྟ་བུར་བསྒོམ་པར་བྱ།། གཟིངས་ཐོག་བྱ་འཕུར་སླར་ལ་ལྡོག། འཕྲོ་བ་སྟོང་པར་བསྒོམས་པས་གཟུང་འཛིན་ལྡོག། དཔེར་ན་ཆུ་ལ་འཁྱགས་ཞུ་བཞིན།། དུག་ལྔ་བསྒོམས་པས་གཟུང་འཛིན་འཇིག། དཔེར་ན་ནམ་མཁའ་སྤྲིན་དངས་བཞིན།། རྟོག་པ་སྐྱེ་མེད་བསྒོམས་པས་གྲོལ་བར་འགྱུར།། བྱ་བ་བཏང་པའི་སྐྱེས་བུ་བཞིན། ། ལྷང་ངེ་མ་བཅོས་ངང་ལ་བཞག། སྟོང་ཉིད་འོད་གསལ་བསྒོམ་པར་བྱ།། དང་པོ་སྔ་དྲོ་ནས་བརྩམས་ནས།། ཚོགས་དྲུག་འོད་གསལ་བསྒོམ་པར་བྱ།། ཤེས་པ་འཁྱོག་པ་བསྲངས་ནས་ནི།། ལུས་ཀྱིས་ངལ་དུབ་ཤ་ཆང་སྤང། ། དཀར་གསུམ་དག་ལ་བརྟེན་པ་ནི།། ཐུན་དགུར་བཅད་ལ་བསྒོམ་པར་བྱ། ཁམས་དང་སྦྱར་ཞིང་བསྒོམ་པ་ནི།། སྲོད་ནས་བརྩམས་ཏེ་བསྒོམ་པ་ལ། འགྱུ་བ་འོད་གསལ་བསྒོམ་པར་བྱ། ། ཐུན་དང་ཁམས་རྣམས་གོང་དང་མཐུན།། སྤྱོད་པ་འོད་གསལ་ཁོ་ནར་བྱ།། གུང་ལ་འགྱུ་བ་རྗེས་མེད་བསྒོམ། འོད་གསལ་ཐུན་ཚད་ཁམས་དང་སྦྱར།། རྨི་ལམ་འབྱོངས་ན་ལམ་ཆེན་ཡིན།། འོད་གསལ་སྒྱུ་ལུས་མཁས་པས་བསྒོམ། ། སྒྱུ་ལུས་བསྒོམས་པས་ཤེས་གྱུར་ན།། དེ་ནས་རིག་པ་འོད་གསལ་བསྒོམ།། རིག་པ་འོད་གསལ་ཤེས་ནས་ནི།། དེ་ནས་ཡེ་ཤེས་འོད་གསལ་བསྒོམ།། ཡེ་ཤེས་འོད་གསལ་ཤེས་ནས་ནི།། ཐིག་ལེ་འོད་གསལ་མཐར་ཐུག་བསྒོམ། ། མ་ཤར་བ་ལ་ཤར་བ་བྱ།། ཤར་བ་བོགས་དབྱུང་བརྟན་པའི་འབྲས་བུ་བསྟན།། ཐོ་རངས་རང་སྣང་འོད་གསལ་བསྒོམ་པར་བྱ།། རྨིས་པའི་ཆོ་འཕྲུལ་རང་སྣང་འོད་གསལ་ཡིན། ། བཙུན་མོ་བདེ་སྐྱོང་རྨིས་ནས་ནི།། བུ་བཙས་ལོ་གསུམ་ལོན་པ་རྨི།། བུ་ཡང་ཤི་སྟེ་བསྲེགས་པ་རྨི།། མྱ་ངན་ཆེན་པོ་སྐྱེས་ཀྱང་རྨི།། དེ་རྨིས་སད་པར་གྱུར་པ་ན།། སྡུག་བསྔལ་ཤེས་པ་ཙམ་གྱིས་གྲོལ།། དེ་བཞིན་རྨིས་པ་ཅི་བྱུང་ཡང། ། འཁྲུལ་པའི་སྣང་བར་རྟོགས་གྱུར་ན།། དེ་ཉིད་གཉིད་པས་བསྒོམ་པ་ཡིན།། དུས་བཞི་མཉམ་སྦྱོར་དགོངས་པའི་མཆོག། བསམ་གཏན་རང་གྲོལ་གདམས་པའི་མཆོག། ཟང་ཟིང་ཤེས་པ་གནད་ཀྱི་མཆོག། ཅེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། སྒོམ་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སྤྱོད་པའི་ཁྱད་པར་བསྟན་པ་ནི། ། དང་པོ་ལྟ་སྒོམ་དང་བཅས་ནས།། ནགས་ཁྲོད་དགོན་པར་གཅིག་པུར་གནས།། དུར་ཁྲོད་ཝ་སྐྱ་གྲོགས་སུ་བཙལ།། ལྟ་བ་གདེང་ཆུད་བག་ཚ་མེད།། གདོན་པའི་སྨྲ་བཅད་ཤིན་ཏུ་གཅེས། ། བསྒོམ་པ་གདེང་ཆུད་ཉམ་ང་མེད།། གང་ཡང་སྤྱོད་པའི་གྲོགས་སུ་འགྱུར།། སེམས་ཀྱི་སྨྲ་བཅད་ཅེས་བྱའོ།། འཁུ་འཕྲིག་མེད་པའི་རང་སྒྲ་སྒྲོགས།། ཐམས་ཅད་གསུང་གི་འཁོར་ལོར་ཤེས།། གསུང་གི་སྨྲ་བཅད་ཅེས་བྱའོ། ། གཅེར་བུའི་སྤྱོད་པས་ཅི་དགར་གནས།། ཚོགས་དྲུག་ལྷུག་པའི་སྤྱོད་པ་ཡིན།། ལུས་ཀྱི་སྨྲ་བཅད་ཅེས་བྱའོ།། འཁོར་བའི་རིག་མ་མཚན་ལྡན་ལ།། བག་ཚ་ཉམ་ང་མེད་པར་ནི།། ཅི་སྤྱོད་བདེ་བའི་རླན་གྱིས་འཚོ། ། འཁོར་བའི་སྨྲ་བཅད་ཅེས་བྱའོ།། གདམས་པ་གསང་གནས་རང་དོན་བསྒྲུབ།། བྱིན་རླབས་ཕྱོགས་མེད་འཆར་བ་ནི།། རིག་པའི་སྤྱོད་པ་ཞེས་བྱ་སྟེ། གདམས་པའི་སྨྲ་བཅད་ཅེས་བྱའོ།། ཡུལ་ཁྱིམས་སྤངས་ནས་ཕྱོགས་མེད་འགྲོ། ། སྒྲོ་དང་སྐུར་བ་ཉམ་ང་མེད།། དམན་པའི་སྤྱོད་པས་འཁྱམས་པ་ནི།། གསང་བའི་སྤྱོད་པ་ཞེས་བྱ་སྟེ།། ཡུལ་གྱི་སྨྲ་བཅད་རྗེས་སུ་བརྗོད།། ཕྱོགས་བཅུར་འཁྱམས་ཤིང་བདུད་རྩི་བསྟེན། ། རྟོག་པ་ཐམས་ཅད་རང་སར་དག། རྣམ་པར་རྒྱལ་བའི་སྤྱོད་པ་ཡིན།། བརྟུལ་ཤུགས་སྤྱོད་པ་ཞེས་ཀྱང་བྱ།། ཟས་ཀྱི་སྨྲ་བཅད་ཅེས་བྱའོ།། ཐམས་ཅད་རང་སྣང་རང་བྱུང་བས། རྟོགས་པས་རྩི་ལ་མ་རྟོགས་བདུད། ། བདུད་ནི་འདྲེ་རུ་ཤར་བ་ཡིན།། རྩི་ནི་ལྷ་རུ་ཤར་བ་ཡིན།། བདུད་རྩི་འབྱུང་བའི་རྒྱུ་ནི་རང་བྱུང་ཡིན།། བསྒྲུབ་པའི་བདུད་རྩི་མ་ཡིན་རང་བྱུང་བདུད་རྩི་ཡིན།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། དེ་ལྟར་བྱས་པའི་འབྲས་བུ་བསྟན་པ་ནི།། ཐིག་ལེ་མི་འདའ་ཡེ་ཤེས་ཀློང་སླེབས་ནས།། མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ་ཐོབ་འགྱུར། ། ལུས་ཀུན་ལས་ནི་རབ་གྲོལ་ཏེ།། ལུས་ཀྱི་མཐའ་རྟོགས་ཡེ་ཤེས་ལུས།། གནས་ཀྱི་མཐའ་གྲོལ་ཐིག་ལེར་བརྡལ།། སྐད་ཅིག་གཅིག་གིས་དོན་དང་མཇལ།། འཁོར་བ་མ་སྤངས་གནས་སུ་དག། མྱ་ངན་འདས་པ་རང་ལ་ཤར།། ཡེ་ཤེས་ཐིག་ལེའི་རྩེ་མོར་སླེབ།། ཕྱི་ནང་མེད་པར་དབྱིངས་དང་མཇལ། བགྲོད་པ་མེད་པར་རང་སར་སླེབ།། སྦྱང་པ་མེད་པར་གནས་སུ་དག། བསྒྲུབ་པ་མེད་པར་འབྲས་བུ་ཐོབ། ། མ་བྱས་པ་རུ་ལས་རྣམས་ཟིན།། མ་བཀྲུས་པ་རུ་དྲི་མ་དག། སྒྲོན་མ་མ་བཏེག་མུན་པ་སངས། ཁམས་གསུམ་རྩ་བ་དེ་རུ་ཆོད།། སྲིད་གསུམ་ལོ་མ་དེ་རུ་ཆོད།། སྔ་མ་ཕྱི་མའི་བར་མཚམས་ཆོད།། སྲིད་པ་རྒྱས་ཐེབས་ཆོས་སྐུར་ཤར། ། འཇིག་རྟེན་གསུམ་གྱི་ཟམ་པ་བརྒལ།། དབང་ཕྱུག་ཆེན་པོའི་མ་མར་ཐོབ།། ཚངས་པ་ཆེན་པོའི་མེ་ལོང་རྙེད།། དགའ་བོ་འཇོག་པོའི་རིན་ཆེན་ཐོབ།། དཀར་པོ་སྤྱན་གཅིག་ཤེལ་མཁར་ཐོབ། ། ཧ་ནུ་བག་ཤུའི་རལ་གྲི་ཐོབ།། ནག་པོ་བཀྲག་མེད་ཁྲམ་བམ་ཐོབ།། གནོད་སྦྱིན་ཀུན་ལ་སྒྲིབ་ཀྱི་ཤེལ་སྒོང་ཐོབ།། གཤིན་རྗེའི་རྒྱལ་པོའི་ལྕགས་མཁར་ཐོབ།། སྲིད་པའི་རྒྱལ་མོའི་གཏེར་མཛོད་ཐོབ། ། གསུང་མཆོག་དམར་པོའི་ཞགས་པ་ཐོབ།། ལྷ་སྲིན་སྡེ་བརྒྱད་སྲོག་རྩ་ཆོད།། ཆོས་འཁོར་སྐྱོང་བའི་རྒྱལ་བློན་འབངས་དང་གསུམ།། མ་ལུས་ལུས་པ་མེད་པའི་སྲོག་རྩ་ཆོད།། ལྷ་ཁང་ཞིག་པས་སྒོ་ལྕགས་སྟོར། ། ལྡེ་མིག་ཚིག་པས་དབྱེ་རུ་མེད།། ཕ་སྤུན་གཉིས་ཀྱིས་དམེ་བྱས་པས། ཁམས་གསུམ་འཁོར་བའི་སྐྱེ་རྒྱུད་བཅད།། རྣམ་པར་སྣང་མཛད་ཞིང་ཁམས་མཐོང།། རྡོ་རྗེ་སེམས་དཔའི་མེ་ལོང་མཐོང།། སྣང་བ་མཐའ་ཡས་ཞིང་ཁམས་མཐོང། ། རིན་ཆེན་འབྱུང་ལྡན་ཡོན་ཏན་མཐོང།། དོན་ཡོད་གྲུབ་པའི་ཞིང་ཁམས་མཐོང།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། འབྲས་བུ་རང་སའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། དེ་རྣམས་ཡོན་ཏན་བསྟན་པ་ནི།། ལྟ་བ་བསྟན་པས་ཆོས་སྐུ་ཐོབ།། སྒོམ་པ་བསྟན་པས་ལོངས་སྐུ་ཐོབ།། སྤྱོད་པ་བསྟན་པས་སྤྲུལ་སྐུ་ཐོབ། ། འབྲས་བུ་བསྟན་པས་རང་གྲོལ་ཐོབ།། ལྟ་བས་དུག་ལྔ་ཞི་བར་བྱེད།། སྒོམ་པས་ཉོན་མོངས་ཞི་བར་བྱེད།། སྤྱོད་པས་འདྲེ་གདོན་ཞི་བར་བྱེད།། འབྲས་བུས་འདོད་ཁམས་ཞི་བར་བྱེད།། ལྟ་བ་རྟོགས་པས་ཡེ་ཤེས་ཤར། ། སྒོམ་པ་རྟོགས་པས་ཉམས་མྱོང་ཤར།། སྤྱོད་པ་རྟོགས་པས་ཐུག་ཕྲད་ཤར།། འབྲས་བུ་རྟོགས་པས་ཐིག་ལེ་ཤར།། ལྟ་བ་རང་གྲོལ་རིག་པའི་གནད།། ཡེ་ཤེས་ཟང་ཐལ་དབང་པོ་ཡིན།། བསྒོམ་པ་རང་གྲོལ་གདམས་པའི་གནད། ། ཉམས་མྱོང་འོད་གསལ་དབང་པོ་ཡིན།། སྤྱོད་པ་རང་གྲོལ་ཐབས་ཀྱི་གནད།། གཉིས་མེད་རང་ཤར་དབང་པོ་ཡིན།། འབྲས་བུ་རང་གྲོལ་ཡེ་ཤེས་གནད།། རིག་པ་ཡུལ་མེད་དབང་པོ་ཡིན། ཉམས་མྱོང་ཡེ་ཤེས་འཆར་བ་ལ།། གཟུང་འཛིན་གཉིས་ཀྱི་ལམ་སྣ་ལ།། གཉིས་མེད་ངོ་སྤྲོད་དབང་པོ་གཅེས།། མ་རིག་འཁོར་བར་འཁྱམས་པ་ལ།། རིག་པའི་ཡེ་ཤེས་ངོ་སྤྲོད་དགོས།། འགྱུ་བ་སྣ་ཚོགས་འཁྲུལ་པ་ལ། ། ཡེ་ཤེས་ངོ་སྤྲོད་ཕྱོགས་མེད་དགོས།། འཁོར་བའི་རྩ་བ་ཉོན་མོངས་ཡིད།། རང་གྲོལ་ཤེས་རབ་ངོ་སྤྲོད་དགོས།། དེ་ནི་ངོ་སྤྲོད་རྣམ་པ་བཞི།། འགྱུ་བ་ངང་སངས་ཤར་གྲོལ་བའི། ཁ་མིག་འཁྱར་དང་གཟེར་ཐེབས་པས། ། སྒོ་དང་དབང་དང་གཟེར་ལྟ་བུ།། དེ་ནི་དབང་བསྐུར་འདུས་པ་ཡིན།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཡོན་ཏན་དང་འབྲས་བུ་དམར་ཁྲིད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ། །།། ད་ནི་རིག་པ་ཡེ་ཤེས་རྩོལ་མེད་དབང་བསྟན་གྱིས།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། ཐིག་ལེར་རང་བྱུང་དབང་བསྐུར་བས།། བརྡའ་དང་རྟགས་དང་དོན་དུ་བསྟན།། སྤྱི་ནི་བརྡ་ཡི་དབང་བསྟན་པ། ། རིན་ཆེན་མན་ཤེལ་ཟང་ཐལ་དེ།། བྱས་པས་མ་བྱས་རང་བྱུང་ཡིན།། མན་ཤེལ་ཟང་ཐལ་ཡིན་པ་ནི།། ཐིག་ལེ་ཟང་ཐལ་ཡིན་པའི་བརྡའ།། ཤེལ་གྱི་ངོ་བོ་འོད་གསལ་བ།། ཐིག་ལེ་འོད་གསལ་ཡིན་པའི་བརྡའ། ། ཤེལ་ལ་ཟུར་དྲུག་ཤར་བ་ནི།། འགྲོ་དྲུག་རང་སར་གྲོལ་བའི་བརྡའ།། ཤེལ་ལ་ཐེལ་དྲུག་བྱུང་བ་ནི།། ཐིག་ལེ་ཟུར་གྲཝ་མེད་པའི་བརྡའ།། མན་ཤེལ་མཐིང་གར་ཤར་བ་ནི།། ཐིག་ལེ་འགྱུར་བ་མེད་པའི་བརྡའ། ། མན་ཤེལ་གཞི་ལ་འོད་གནས་པས།། ཐིག་ལེའི་ཡོན་ཏན་མ་འགགས་བརྡའ།། ཤེལ་ནི་དྲི་མེད་རང་བྱུང་བས།། ཆོས་སྐུ་དྲི་མ་མེད་པའི་བརྡའ།། ཤེལ་གྱི་སྣང་བ་མ་འགགས་པས།། ལོངས་སྐུ་གཞི་ལ་གནས་པའི་བརྡའ། ། མན་ཤེལ་དེ་ལ་འོད་ཤར་བས།། སྤྲུལ་སྐུས་འགྲོ་དོན་བྱེད་པའི་བརྡའ།། སྤྱན་གསུམ་ཡེ་ཤེས་རྣམ་པ་གསུམ།། སྟོན་པ་གསུམ་གྱི་བརྡའ་ཡིན་ནོ།། ད་ནི་རྟགས་ཀྱི་བརྡའ་བསྟན་ཏེ།། ཙིཏྟ་ཁོང་སྟོང་ཟང་ཐལ་དེ། ། ཐིག་ལེ་ཡེ་ཤེས་རང་བྱུང་རྟགས།། སྙིང་ལ་རྩ་བཞི་ཟང་ཐལ་བ།། ཐིག་ལེ་ཟང་ཐལ་ཡོད་པའི་རྟགས།། སྙིང་སྟོང་དཀར་པོར་འདུག་པ་སྟེ།། ཐིག་ལེ་འོད་གསལ་ཡོད་པའི་རྟགས།། ཙིཏྟ་ཟུར་དྲུག་འབར་བ་ནི། ། འགྲོ་དྲུག་གཡང་ས་གཅོད་པའི་རྟགས།། སྙིང་ལ་ཐེལ་དྲུག་བྱུང་བ་ནི།། ཐིག་ལེ་ཆོས་མིན་ཡོད་པའི་རྟགས།། སྙིང་མཚམས་ཆོས་ཉིད་རྩས་མཚོན་པ།། ཐིག་ལེ་འགྱུར་མེད་ཡོད་པའི་རྟགས།། ཙིཏྟ་ཟུར་བརྒྱད་འབར་བ་ནི། ། ཐིག་ལེའི་ཡོན་ཏན་མ་འགགས་རྟགས།། སྙིང་ནི་ཟུར་གསུམ་དབྱིབས་སུ་ཤར།། སྐུ་གསུམ་རང་ལ་གྲུབ་པའི་རྟགས།། སྙིང་ལ་སྟོད་སྨད་དབུས་དང་གསུམ།། སྤྱན་གསུམ་རང་ལ་ཡོད་པའི་རྟགས། ། ཐིག་ལེ་ཡེ་གནས་རང་ལ་གྲུབ།། དེ་ལྟར་ཤེས་ན་དབང་གི་རྒྱལ་པོ་ཡིན།། དེ་ལྟར་ཤེས་ན་དབང་བསྐུར་བླ་མ་ཡིན།། བཙལ་མི་དགོས་པ་མཆོག་གི་དབང།། ཐིག་ལེ་ཡེ་ནས་ཡོད་པ་དབང་གི་རྒྱལ་པོ་ཡིན། ། རིག་པ་རང་གནས་དབང་གི་རྫས་སུ་བཤད།། རིག་པ་རང་གནས་དབང་གི་བསྐུར་ཐབས་ཡིན།། ཐིག་ལེ་རང་ཤར་དབང་གི་འབྲས་བུ་ཡིན།། ཙིཏྟ་བུམ་པའི་དབང་ཞེས་བརྗོད།། མིག་ལ་སྤྱན་གྱི་ངོ་སྤྲོད་པས། ། དེ་ནི་ཐབས་ཀྱི་དབང་ཞེས་བརྗོད།། ཡིད་ལ་ཤེས་རབ་ངོ་སྤྲད་པས།། དེ་ནི་ཤེས་རབ་དབང་ཞེས་བརྗོད།། འགྱུ་བ་ཡེ་ཤེས་ངོ་སྤྲད་པས།། གསང་བའི་དབང་ཞེས་དེ་ལ་བྱ།། མ་རིག་ཡེ་ཤེས་ཟང་ཐལ་ལ། ། གཟུང་འཛིན་ཐིག་ལེ་ཁོང་ནས་ཤར།། ཚིག་དབང་རིན་པོ་ཆེ་ཞེས་བརྗོད།། ཅེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཐིག་ལེ་དང་ཡེ་ཤེས་ཀྱི་དབང་གི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སྤྱན་གྱི་དབང་བསྐུར་བསྟན་པ་ནི།། ཐོག་མ་གཏེར་གྱི་འབྱུང་གནས་ན།། ལྷུན་གྱིས་གྲུབ་པའི་སྤྱན་གནས་ཏེ།། གསལ་བ་གཞན་དབང་མ་གྱུར་རང་གསལ་སྤྱན། ། དེ་ནི་ཐབས་ཀྱི་སྤྱན་ཡིན་ནོ།། འགག་མེད་གཞན་དབང་མ་གྱུར་པ།། དེ་ནི་ཤེས་རབ་སྤྱན་ཡིན་ནོ།། ཟང་ཐལ་གཞན་དབང་མ་གྱུར་པ།། དེ་ནི་ཡེ་ཤེས་སྤྱན་གྱི་གཞི།། དེ་གསུམ་དབྱེར་མེད་དབང་ཡིན་པས། ། ལྷུན་གྲུབ་ཡོངས་སུ་རྫོགས་པའི་སྤྱན།། དེ་ནི་གཞི་ཡི་སྤྱན་གྱི་དབང།། དེ་ནས་ལམ་གྱི་དབང་བསྟན་པ།། དཔེ་དོན་རྟགས་ཀྱི་དབང་བསྟན་ནོ།། དཔེར་ན་རིན་ཆེན་མན་ཤེལ་ཏེ།། སྤྱན་གསུམ་དབང་གི་དཔེ་ཡིན་ནོ། ། རྟགས་ནི་མིག་ལ་ཤར་བའོ།། སྤྱི་ཡི་རྟགས་དང་དོན་དུ་འབྲེལ།། ནང་གི་དབང་རྟགས་སྙིང་ཡིན་ནོ།། དོན་གྱི་རྟགས་དང་སྦྱར་བ་གཅེས།། ཕྱི་ཡི་དབང་རྟགས་མིག་ཡིན་ནོ།། ངོ་སྤྲོད་བྱས་ཏེ་རྟགས་སུ་བསྟན། ། མིག་གཡས་ཆོས་ཀྱི་སྤྱན་གྱི་རྟགས།། གཡོན་པ་ཤེས་རབ་སྤྱན་གྱི་རྟགས།། མཛོད་སྤུ་ཡེ་ཤེས་སྤྱན་གྱི་རྟགས།། དོན་གྱི་སྤྱན་གསུམ་འགྱུ་བའི་མིག། འགྱུ་བའི་སྤྱན་ལ་ངོ་སྤྲད་ན།། སྤྱན་གྱི་དངོས་གྲུབ་ཐོབ་པར་འགྱུར། ། རྣ་བ་གཡས་པ་ཆོས་ཀྱི་སྤྱན།། གཡོན་པ་ཤེས་རབ་ཆེན་པོའི་སྤྱན།། མིག་ནི་ཡེ་ཤེས་སྤྱན་ཡིན་ནོ།། རྣ་བ་ཆོས་ཉིད་རྩ་གནས་པ།། སྒྲོ་འདོགས་གཅོད་པའི་ངོ་སྤྲོད་བྱ།། མིག་ལ་ཡེ་ཤེས་རྩ་གནས་པས། ། ཟང་ཐལ་རྟོགས་པའི་ངོ་སྤྲོད་བྱ།། སྙིང་ལ་ཤེས་རབ་རྩེ་གནས་པས།། ཡེ་ཤེས་ངོ་སྤྲོད་ཤིན་ཏུ་གཅེས།། གློ་སྒང་གཉིས་ལ་རྩ་གཉིས་གནས།། གཟུང་འཛིན་གཉིས་སྣང་བློ་ཡི་རྩ།། མིད་བར་དབུས་ཀྱི་རྩ་གནས་པ། ། སེམས་ཀྱི་རྟ་ཕོ་བྱེད་པའི་རྩ།། སྙིང་མཚམས་ཐུགས་ཀར་འབྲེལ་པའི་རྩ།། དབུགས་ཆེན་དབུགས་མེད་སོ་མཚམས་ཡིན།། སྙིང་ལ་རྩ་ཆེན་བརྒྱད་གནས་པ།། ཐིག་ལེ་ཡེ་ཤེས་བརྒྱད་ཀྱི་རྩ།། མགྲིན་པ་རྩ་ལྔ་འོད་གསལ་བ། ། བར་དོ་འོད་དུ་འཆར་བའི་རྩ།། ཐིག་ལེ་བཙན་ཐབས་རྟགས་སུ་བཤད།། མཛོད་སྤུ་ཐིག་ལེ་ཟང་ཐལ་རྩ།། འདས་པ་ལྔ་ཡི་རྩ་ཡིན་ནོ།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། སྤྱན་དང་རྩའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སྐུ་གསུམ་དབང་བསྐུར་བསྟན་པ་ནི།། སྙིང་ག་འོད་དཔག་མེད་པའི་དབང།། དཔག་མེད་ཡེ་ཤེས་ཡོན་ཏན་དབང། ། ཡེ་ནས་ཡོད་པའི་དབང་ཡིན་ནོ།། མ་བསྐུར་སྤྱད་པར་མི་ནུས་ཏེ།། བསྐུར་བས་ཐོབ་པའི་དབང་ཡིན་ནོ།། ཆོས་གསུམ་འདུས་པ་འོད་དཔག་མེད།། ཀུན་ཏུ་བཟང་པོའི་དགོངས་པ་ཡིན།། དེ་ལ་གློ་མཚམས་འོད་སྲུངས་ནི། ། རྡོ་རྗེ་སེམས་དཔའ་ཁོང་ཤར་ཡིན།། གློ་བའི་མཐིལ་དུ་མར་མེ་མཛད།། དགའ་རབ་རྡོ་རྗེ་རིག་པ་རང་གྲོལ་ཡིན།། སྟོན་པ་སྐུ་གསུམ་རང་ལ་གནས།། ཡེ་ནས་གཞི་ལ་གྲུབ་པས་ན།། སྐུ་གསུམ་དབང་བསྐུར་ཞེས་ཀྱང་བྱ། ། མགྲིན་པ་འོད་སྲུངས་དབང་བསྐུར་ཐོབ།། མིག་ལ་མར་མེ་མཛད་ཀྱི་དབང།། མ་བསྐུར་མུན་པ་འཐིབས་པ་ཡིན།། བསྐུར་བས་མུན་པ་ཡུལ་ན་མེད།། མར་མེ་མཛད་ཀྱི་དབང་བསྐུར་རྫོགས། ། བསྐལ་པ་སྟོང་གི་མུན་པ་ལ།། མར་མེ་མཐེབ་མོ་ཙམ་གྱིས་སེལ།། མ་རིག་མུན་པ་འཐིབས་པ་ལ།། མར་མེ་མཛད་ཀྱི་དབང་བསྐུར་བས།། མ་རིག་མུན་པ་སྐད་ཅིག་སངས།། དེ་ལྟར་བསྐུར་བའི་དབང་མཆོག་ནི། ། བསྒྲུབས་པས་འགྲུབ་པར་མི་འགྱུར་ལ།། དཔྱད་པས་གཏན་ལ་མི་ཕེབས་སོ།། བརྗོད་པས་བློ་ཐོག་མི་ཕེབས་སོ།། ཐོས་མང་ཚིག་ཆོགས་མང་པོས་ཀྱང།། དེ་ནི་གཏན་ལ་མི་ཕེབས་སོ། ། མ་བསྟན་ཤེས་པར་མི་འགྱུར་རོ།། བསྟན་ན་མི་འཆར་མི་སྲིད་དོ།། དེ་བས་འདོད་པ་འབྱུང་མི་འགྱུར།། དབང་གི་རྒྱལ་པོ་སྐུ་གསུམ་དག། རྟགས་ཀྱི་རྒྱལ་པོ་བསྟན་དུ་ཡོད།། དཔེ་ཡི་རྒྱལ་པོ་མཚོན་དུ་ཡོད། ། ཐིག་ལེའི་རྒྱལ་པོ་སྤྲད་དུ་ཡོད།། ངོ་སྤྲོད་རྒྱལ་པོ་ཐིག་ལེ་རང་སྣང་ཡིན།། ཉམས་ཀྱི་རྒྱལ་པོ་ཡེ་ཤེས་རང་སྣང་ཡིན།། གཞི་ཡི་རྒྱལ་པོ་ལྷུན་གྲུབ་ཡོངས་རྫོགས་ཡིན།། འབྲས་བུའི་རྒྱལ་པོ་ཆོས་ལ་གྲོལ་བ་ཡིན། ། ཐུགས་རྗེའི་རྒྱལ་པོ་སྐུ་གསུམ་རང་འཁྲུངས་ཡིན།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། སྐུ་གསུམ་དབང་བསྐུར་གྱི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། གཞི་ཡི་སྐོར་ལུགས་མ་ཤེས་ན།། ནོར་བུ་རིན་ཆེན་སྟོར་བ་འདྲ། ཀུན་གཞི་ཞིང་ས་ལྟ་བུ་ལ།། ཆོས་ཀྱི་སྒོ་མོ་ཟུག་པ་རྩ་བ་འདྲ།། ཐེག་གསུམ་གཅིག་ཏུ་འདྲིལ་བས་སྡོང་པོ་འདྲ།། ཐེག་དགུ་རང་ལ་ཤར་བས་གྱེས་པའི་ཡལ་ག་འདྲ། ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲིར་ཤར་བས་རྒྱས་པ་ལོ་འདབ་འདྲ།། མེ་ཏོག་སྣ་ཚོགས་གསལ་བས་ལོངས་སྐུ་འདྲ།། དྲི་མཆོག་སྣ་ཚོགས་འབྱུང་བས་སྤྲུལ་སྐུ་འདྲ།། འབྲས་བུ་རང་སར་སྨིན་པས་ཆོས་སྐུ་འདྲ། ། དེ་ནི་ཡར་གྱི་འདྲིལ་ལུགས་ཡིན།། མར་གྱི་འདྲིལ་ལུགས་བཤད་པ་ནི།། ཀུན་གཞི་མ་འགགས་ཡངས་པ་ལ།། ཉོན་མོངས་སྒོ་མོ་ཟུག་པས་རྩ་བ་འདྲ།། དུག་གསུམ་གཅིག་ཏུ་འདྲིལ་བས་སྡོང་པོ་འདྲ། ། ཉོན་མོངས་ལྔ་རུ་གྱེས་པས་ཡལ་ག་འདྲ།། ཉོན་མོངས་བརྒྱད་ཁྲིར་ཤར་བས་རྒྱས་པ་ལོ་འདབ་འདྲ།། མེ་ཏོག་གསལ་ལ་མཛེས་པས་འབྱུང་ལྔ་འདྲ།། འབྲས་བུ་རང་སར་སྨིན་པས་འགྲོ་དྲུག་གོ། ཕྱོགས་མེད་རྟོགས་ན་རྫོགས་ཆེན་ཡིན།། ཕྱོགས་ཆར་འཛིན་པ་འཁྲུལ་པ་ཡིན།། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས།། མ་རྟོགས་པ་དང་ལོག་པར་རྟོག། དེ་ཡིས་འབྲས་བུ་འཐོབ་མི་འགྱུར།། འབྲས་བུའི་རྫོགས་ལུགས་མ་ཤེས་ན། ། ལོ་ཏོག་སད་ཀྱིས་ཁྱེར་བ་འདྲ།། མཐོང་སྟོང་ཐ་དད་མ་ཤེས་ན།། གོལ་སྒྲིབ་གདར་ཤ་མི་ཆོད་པས།། ལ་མི་ཟློས་པའི་སྐྱོན་དུ་འགྱུར།། ནོར་བུ་རིན་ཆེན་བཞག་ནས་མཆིང་བུ་འཚོལ་བ་འདྲ། ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཐེག་པ་དང་འགྲོ་དྲུག་བསྡུ་བའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སྣང་བ་ལྔ་ལ་ངོ་སྤྲད་པ། ། མེ་ལོང་ནང་གི་བྱད་ལྟར་ཤར།། སྣང་བས་གནོད་པ་མི་ནུས་པས།། སྣང་བ་དབང་དུ་འདུས་པ་ཡིན།། རྒྱུད་དྲུག་དག་ལ་ངོ་སྤྲད་པས།། རིག་པ་འོད་གསལ་ལྷག་མཐོང་ཤར།། ཞི་གནས་དགོངས་པ་རང་སར་གྲོལ། ། འགྲོ་དྲུག་དབང་དུ་འདུས་པ་ནི།། དུག་སྦྲུལ་འགྲོ་བའི་མདུད་པ་འདྲ།། ཡེ་ཤེས་འོད་གསལ་ངོ་སྤྲད་པས།། ཐིག་ལེ་ཡེ་ཤེས་རང་ལ་ཤར།། འགྲོ་དྲུག་གཡང་ས་དབང་དུ་འདུས།། རི་རབ་རྩེ་མོར་ཕྱིན་པ་འདྲ། ། ལྔ་གསུམ་བཅོ་ལྔས་མིག་འབྱེད་པ།། དབང་པོའི་རིམ་པས་ཤེས་པར་བྱ།། ཕྱི་འགྱུ་འགྲོ་དྲུག་རང་སྣང་ཡིན།། ནང་འགྱུ་ལྷ་ཡི་རྣལ་འབྱོར་ཡིན། གསང་འགྱུ་ཐིག་ལེ་སྣང་ཐོག་ཤར།། དངོས་གཞི་གཉིས་པོ་མ་ཤེས་ན། ། ལོང་བས་ལོང་བ་ཁྲིད་པ་འདྲ།། འཁྲུལ་གཞི་འཁྲུལ་པ་དངོས་པོ་གསུམ།། དེ་ཡི་ས་མཚམས་མ་ཤེས་ན།། རྒྱལ་བུ་རྐང་ནས་འཁྱམས་པ་འདྲ།། འཁོར་བ་འཁྲུལ་པ་ལྡོག་པ་གསུམ།། དེ་ཡི་གདམས་པ་མ་ཤེས་ན། ། དམུས་ལོང་བྱང་ཐང་ལུས་པ་འདྲ།། གཞི་དང་ཚིག་དང་དཔེ་ཐོག་ཤོར།། དེ་གསུམ་ངོ་ཡིས་མ་ཟིན་ན།། ཇོ་བོས་མ་འཆུན་ཁོལ་པོ་འདྲ།། སྣང་རྒྱ་རིག་རྒྱ་གདམས་པའི་རྒྱ།། རྒྱ་གསུམ་རང་ཤར་མ་ཤེས་ན། ། ཁྱི་མོ་ནད་ཟན་བྱེད་པ་འདྲ།། ད་ལྟ་འཆི་ཀ་བར་དོ་གསུམ།། གདམས་པའི་རྩི་ཡིས་མ་ཐེབས་ན།། ཤིང་གི་རང་ཐག་བསྐོར་བ་འདྲ།། གོ་བ་རྟོགས་པ་ཆོད་པ་གསུམ།། དེ་གསུམ་ཚད་དུ་མ་སྐྱོལ་ན།། མ་འཛད་མེད་པར་གསེར་ཉོ་འདྲ། ། བརྒྱུད་པ་གདམས་པ་ཉམས་དང་གསུམ། དེ་གསུམ་མེད་པར་སློབ་མ་བསྟན།། ཆུ་ཤིང་སྙིང་པོ་བཏོན་པ་འདྲ།། དབང་དང་ལག་ལེན་ཉམས་མྱོང་གསུམ།། དེ་གསུམ་མེད་པར་དབང་བསྐུར་བ། ། ནོང་བུས་རྒྱལ་ས་བཟུང་པ་འདྲ།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ངོ་སྤྲོད་གནད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ངོ་སྤྲོད་བཞི་དང་དུས་བཞི་མཉམ་སྦྱོར་དང།། སེམས་དང་ཡེ་ཤེས་དབྱེ་བ་དང།། རིག་པའི་ཡེ་ཤེས་ངོ་སྤྲོད་པ།། འབྲིང་གི་གདམས་པ་ཡིན་པར་བཤད།། གསང་ལམ་བཞི་ཡི་ངོ་སྤྲོད་དང།། འོད་གསལ་འཁོར་ལོའི་གཟེར་གདབ་པ། ། སྣང་བ་འོད་གསལ་འཁོར་ལོ་བསྐོར།། གནད་དང་ལོག་གནོན་ཤེས་པར་བྱ།། ཚོགས་དྲུག་འོད་གསལ་འཁོར་ལོ་བསྐོར།། ཚོགས་དྲུག་རང་གྲོལ་དབང་པོ་ཡིན།། འགྱུ་བ་འོད་གསལ་འཁོར་ལོ་བསྐོར། གཟུང་འཛིན་དངས་པ་དབང་པོ་ཡིན།། ཤེས་རབ་རིག་པའི་ངོ་སྤྲོད་བསྟན།། འཁོར་འདས་རུ་གཅོད་དབང་པོ་ཡིན།། ཡེ་ཤེས་དངོས་འཛིན་དབང་པོ་ནི།། ཡེ་ཤེས་སྤྱན་གྱིས་བྱེད་པ་ཡིན།། སྤྱན་གསུམ་དབང་བསྐུར་བྱེད་པ་ལ། ། གནས་ཚལ་བཞུགས་ཚུལ་རྟོགས་ཚུལ་དང།། བསྐུར་ཚུལ་འཆར་ཚུལ་གྲོལ་ཚུལ་གྱིས།། སྤྱན་གྱི་དབང་བསྐུར་ཐོབ་པ་ཡིན།། དྲུག་གསུམ་བཅོ་བརྒྱད་དག་གིས་མིག་ཕྱེ་ནས། ། ཆོས་དང་ཤེས་རབ་སྤྱན་གྱི་དབང།། རང་དབང་རང་གིས་ཐོབ་པས་རྒྱལ་པོ་ཡིན། ཡེ་ཤེས་གསལ་འགྲིབ་མེད་པ་དེ། ཟབ་དང་འགགས་མེད་འགག་པ་མེད།། ཡེ་ཤེས་དབང་གི་བསྐུར་ཐབས་ཡིན།། ཤེས་རབ་ཐོགས་པ་མེད་པ་དེ། ། མྱུར་དང་དྲག་དང་སྐད་ཅིག་ལ།། བཟུང་སྟེ་དབབ་དང་ཕྱིར་ལྡོག་པ།། ཤེས་རབ་དབང་གི་བསྐུར་ཐབས་ཡིན།། ཆོས་ཉིད་རང་གྲོལ་མྱུར་བ་དེ།། མྱུར་དང་གསལ་དེ་སྐད་ཅིག་ལ།། ཆོས་ཀྱི་དབང་གི་བསྐུར་ཐབས་ཡིན། ། ཡེ་ཤེས་སྤྱན་གྱི་གནས་ཚུལ་དམིགས།། བཞུགས་ཚུལ་ཟང་ཐལ།། རབ་དང་འབྲིང་དང་ཐ་མ་གསུམ།། སྣང་བ་རྒྱ་ཡན་རིག་པ་རང་གྲོལ་དང།། ཆོས་ཉིད་འོད་གསལ་ཆེན་པོ་གསུམ། ། དབྱེ་དུས་ཕྱེད་དུས་བྱེད་པའི་ཚད།། མ་ཕྱེད་སྐྱོན་ཡོན་འབྲས་བུ་རྣམས།། གདེང་ལྡན་བླ་མ་སློབ་མ་ཡིན།། འདི་འདྲ་རྒྱ་མཚོའི་ཕ་བོང་བཞིན།། བསྐལ་པ་འཁྲུགས་ཀྱང་ཁར་འབྱུང་མིན།། རུས་སྦལ་གྲེ་བར་ནོར་བུ་ཆུད་པ་བཞིན་དུ་སྡོམས། ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། དམར་ཁྲིད་དམར་བྱང་དང། དོན་སྐོར་སངས་རྒྱས་ངོ་སྤྲོད་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། འཆི་བ་འཆི་ལྟས་འཆི་རྩིས་སུ།། རླུང་དང་ཐིག་ལེ་རྩ་དང་གསུམ།། ནད་དང་གདོན་དང་རྣམ་སྨིན་གསུམ།། འབྱུང་བ་འཁྲུགས་པའི་ནད་ཡིན་ཏེ།། དཀར་ན་གྲང་བ་ཆུ་ཡི་དུག། དམར་ན་ཚ་བ་མེ་ཡི་དུག། མཐིང་ན་བད་ཀན་ནམ་མཁའི་དུག།། སེར་ན་མཁྲིས་པ་ས་ཡི་དུག། ལྗང་ནག་འདུ་བ་རླུང་གི་དུག། དཀར་ན་ཆུ་ཡི་རླུང་ལ་རྒྱལ་པོའི་གདོན།། མཐིང་ནག་ནམ་མཁའི་རླུང་ལ་བདུད་ཀྱི་གདོན། ། དམར་ནག་མེ་ཡི་རླུང་ལ་བཙན་ཁམས་གདོན།། སེར་ནག་ས་ཡི་རླུང་ལ་དམུ་ཚོགས་གདོན།། ལྗང་ནག་རླུང་གི་རླུང་ལ་སྣ་ཚོགས་འདྲེ་ཀུན་གདོན།། རྐང་མཐིལ་དུ་དཀར་ནག་ཡིན་ནམ་དྲོད་སྟོར་ན། ། དམྱལ་བར་འགྲོ་བའི་སྔ་ལྟས་ཡིན།། གསང་བར་པྲེ་དམར་དྲོད་སྟོར་ན།། ཡི་དྭགས་འགྲོ་བའི་སྔ་ལྟས་ཡིན།། ལྟེ་བར་སུ་མཐིང་དྲོད་སྟོར་ན།། བྱོལ་སོང་འགྲོ་བའི་སྔ་ལྟས་ཡིན།། སྙིང་གར་ནརྀ་སེར་དྲོད་སྟོར་ན། ། མི་རུ་འགྲོ་བའི་སྔ་ལྟས་ཡིན།། མགྲིན་པ་ཨ་ལྗང་དྲོད་སྟོར་ན།། ལྷ་མ་ཡིན་དུ་སྐྱེ་བའི་ལྔ་ལྟས་ཡིན།། སྤྱི་བོར་ཨ་ལྗང་དཀར་ཡིན་ནམ་དྲོད་སྟོར་ནས།། ལྷ་རུ་སྐྱེ་བའི་སྔ་ལྟས་ཡིན།། དེ་ཡང་དམྱལ་བ་ལ་སོགས་སྣང་བ་བསྒྱུར། ། མི་ལུས་ཐོབ་པའི་སྣང་བ་ཐམས་ཅད་བཤད།། དབང་པོ་རྒྱུ་ལྟར་འཁོར་བར་བྱེད།། རླུང་ནི་ལྔ་གསུམ་བཅོ་ལྔ་བརྟགས།། ཐིག་ལེ་མིག་གི་བ་ཐག་ཡལ།། བླ་རྩ་སྟོར་ན་འཆི་བར་བཤད།། གནམ་གྱིས་རེ་ཐག་ཆད་པ་དང། ། ཆོས་ཀྱི་དབྱིངས་ཀྱི་རྔ་སྒྲ་ཆད།། ཤེས་རབ་སྤྱན་གྱིས་ཤེས་པར་འགྱུར།། ཡེ་ཤེས་སྤྱན་གྱི་ཐིག་ལེ་ནུབ།། རྟ་མཆོག་སྔོན་པོའི་ག་ཕུར་སྟོར།། ཏི་ཚེ་གངས་ཀྱི་རླངས་པ་ཡལ།། གློག་ལྕམ་དམར་པོའི་སྦྲང་རྩི་ཡལ། ། རྒྱ་མཚོར་ཆུ་བྲན་ཐམས་ཅད་འདུས།། དབུས་ཀྱི་ཀ་བ་བཙན་ཆེན་འཆུས། ཁོལ་པོ་བཞི་པོ་ཀ་བཞིན་རེངས།། དཔག་བསམ་ཤིང་གི་མེ་ཏོག་ཡལ།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ། འཆི་བ་འཆི་ལྟས་འཆི་རྩིས་དང་རྟགས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། འཆི་གའི་གདམས་པ་བསྟན་པ་ནི།། མཐུན་པའི་དཔེ་དང་འགལ་བའི་རྐྱེན། ། རྐྱེན་གཉིས་དག་གིས་འཆི་བ་ཡིན།། མཐུན་རྐྱེན་འདུ་དུས་འཆར་བའི་དུས།། གྲོལ་བའི་དུས་དང་རྣམ་པ་བཞི།། དབང་པོ་རབ་འབྲིང་ཐ་མ་གསུམ།། བར་དོ་ཡོད་དང་བར་དོ་མེད། ། རྒྱལ་ཐབས་སྤྱི་བླུག་ཚུལ་དུ་བསྟན།། བར་དོ་ཡོད་དང་འབྲིང་དང་ཐ་མ་གསུམ།། ཆོས་ཉིད་བར་དོ་འཁྲུལ་པ་ལྔ།། རང་རྐྱེན་མཐུན་པའི་གྲོགས་སུ་འཆར།། ཆོས་ཉིད་རང་སྣང་དོན་གྱི་མེ་ལོང་ཡིན།། མཐུན་རྐྱེན་རང་སྣང་ངོ་སྤྲོད་བླ་མའི་གདམས་པར་འཆར། ། དེ་ནི་རང་སྣང་རྐྱེན་དུ་འཆར་ཞེས་བྱ།། འགལ་རྐྱེན་འོད་ལ་ཆགས་སྡང་སྐྱེ།། དེ་ཡི་འབྲས་བུ་གཞན་རྐྱེན་འགྲོ་དྲུག་འཁྲུལ།། འཁོར་བ་རྣམ་བཞིར་འཁྱམས་པ་འགལ་རྐྱེན་ཡིན། ། རྒྱུ་ལྟར་འཁོར་བ་མ་རིག་དུག་ལྔ་ཡིན།། ནག་པོ་ལྟར་འཁོར་ལས་ཀྱི་རྣམ་སྨིན་ཡིན།། དཀར་པོ་ལྟར་འཁོར་ལས་ཀྱི་འབྲས་བུ་ཡིན།། འབྲས་བུ་ལྟར་འཁོར་གྲགས་ཆེན་སངས་རྒྱས་ཡིན།། འཁོར་བ་རྣམ་བཞི་སྲོག་གཅོད་སྣང་ཆེན་སངས་རྒྱས་ཡིན། ། སྣང་བ་གཞན་དབང་མ་གྱུར་དབང་བསྐུར་རྒྱལ་པོ་ཡིན།། ཞེས་གསུངས་སོ།། དེ་ནས་ཡང་བཀའ་སྩལ་པ།། འཁོར་བ་རྣམ་བཞིའི་འབྲས་བུ་བསྟན་པ་ནི། ། རྒྱུ་ལྟར་འཁོར་བ་དང་པོའི་ལས་དང་ནི།། རྒྱུ་དང་རྐྱེན་གྱིས་འགྲོ་བ་དྲུག་སྐྱེས་སོ།། ལས་དང་འཕྲོ་དང་མཐུན་པའི་འབྲས་བུ་ནི།། ལས་ནི་དགེ་དང་མི་དགེ་ལུང་མ་བསྟན་གྱི་ལས།། དགེ་བའི་ལས་ལ་མཚན་བཅས་མཚན་མེད་དོ། ། མཚན་བཅས་རྣམ་པ་གཉིས་ཡིན་ཏེ།། འོག་མའི་དགེ་བ་བཅུ་པོ་དང།། སྔགས་དང་ཡི་དམ་བསྒོམ་བཟླས་བྱ།། དེ་ནི་ལས་ཀྱི་རྣམ་གྲངས་ཡིན། བསྡུ་པ་དགེ་དང་མི་དགེ་གཉིས་སུ་འདུས།། དེ་ཡང་ཆོས་དང་སྤྱོད་པ་ཡིན་པར་བཤད། ། ལས་མེད་ལུས་མི་ལེན་པས་འཕྲོ་མེད་པ།། དེ་ནི་ཐིག་ལེ་ཆོས་མིན་ཡིན།། འོད་ལུས་ཡིད་ལུས་ཤ་ཁྲག་ལུས་དང་གསུམ།། འཁོར་བའི་ལུས་ལ་བསམ་མི་ཁྱབ།། བསྡུས་པས་ལུས་གསུམ་དག་པར་འདུས་པ་ཡིན། ། ལས་ནི་ད་ལྟ་འཕྲོ་ནི་བར་དོར་མཐུད།། མཐུད་པའི་འབྲས་བུ་གནས་སྐབས་རང་སོར་སྦྱར།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། བར་དོ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ། །།། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག། མི་ལུས་ཆགས་ལུགས་བསྟན་པ་ནི།། སྐྱེ་བ་རྒས་པ་ན་བ་དང།། འཆི་བ་དང་ནི་རྣམ་པ་བཞི།། སྐྱེ་བ་རྣམ་པ་ལྔ་ཡིན་ཏེ། ། མངལ་དང་སྒོ་ང་ལས་སྐྱེ་དང།། དྲོད་ལས་སྐྱེ་དང་གཤེར་ལས་སྐྱེས།། རྫུས་ཏེ་སྐྱེ་བ་རྣམ་པ་ལྔ།། མངལ་ནས་སྐྱེ་བ་ཤ་ཁྲག་ལུས།། ཡིད་ལུས་འོད་ལུས་རྫུས་ནས་སྐྱེ།། དྲོད་གཤེར་སྐྱེ་བ་ཤ་ཁྲག་ལུས།། སྐྱེ་བ་འབྱུང་བས་འཆི་བ་འབྱུང། ། དེ་ཡང་ལུས་ཀྱི་ཆགས་ལུགས་པ།། ཕོ་དང་མོ་དང་མ་ནིང་དང།། ཕོ་མོ་རྒོད་དང་མ་ནིང་ཚན་པོ་ཆེ།། དེ་ཡང་ཇི་ལྟར་ཆགས་ཞེ་ན།། རྟེན་གྱི་གནད་ནི་རྩ་ཡིན་ཏེ།། དེ་ལྟར་རླུང་ན་རླུང་ཡིན་ནོ། ། དེ་ལ་རྟེན་གྱི་རྩ་བསྟན་པ།། དང་པོ་གཞི་ལ་ལྷུན་གྱིས་གྲུབ།། ཕྲ་བའི་རྩ་དང་རླུང་དང་ནི།། རགས་པའི་རྩ་དང་རླུང་དང་གསུམ།། དེ་ནས་དངོས་པོའི་རྩར་འཁྲུལ་ཏེ།། དངོས་པོ་ཕ་མའི་ཐིག་ལེ་དཀར་དམར་ཏེ། ། རགས་པའི་རྩ་རུ་མཐོང་བ་ལས།། རགས་པ་རྩར་གྱུར་དངོས་པོར་སྨིན།། ཐིག་ལེ་རྩ་ཡི་རྒྱལ་པོ་དེ།། དེ་ལས་སྤུ་ཙམ་ཙར་གྱིས་བྱུང།། རྐྱང་མ་ཞེས་བྱའི་རྩ་རུ་གྲགས།། དེ་ནས་ཡང་ཅིག་ཟླ་རུ་བྱུང།། རོ་མ་ཞེས་བྱ་གཉིས་སུ་བྱུང། ། དེ་ཡི་དབུས་སུ་གསུམ་དུ་བྱུང།། དེ་གསུམ་འདུས་པས་སྙིང་དུ་བྱུང།། ཨ་ཝ་དྷུ་ཏི་ཞེས་ཀྱང་བྱ།། དེ་ནས་སྤྲུལ་གནས་ལྟེ་བར་བྱུང།། མ་ཡི་སྲོག་རྩ་ཡལ་ག་བུ་ཡི་ལྟེ་བར་འབྲེལ་ནས་གནས།། ལྟེ་བའི་རྩ་ནས་ཐམས་ཅད་སྐྱེད། ། མས་ཟོས་བུ་ཡི་ལྟེ་བར་འཁོར།། དེ་ནས་ལུས་ལ་འཁོར་བས་ན།། ལྟེ་བ་སྤྲུལ་པའི་འཁོར་ལོ་ཡིན།། དེ་ནས་ཐུར་དུ་བྱུང་བ་ལ།། མ་ཡིས་ཟོས་པ་བུ་ལ་ཐིམ།། བུ་ཡིས་ཟོས་པ་གསང་སྒོར་འཁོར། ། གསང་བའི་འཁོར་ལོ་ཞེས་ཀྱང་བརྗོད།། སྙིང་གར་ཕ་ཡི་ཐིག་ལེའི་རྩལ།། དམར་མོ་མ་ཡེ་ཤེས་རབ་རྩལ།། མཐིང་ག་རིག་པ་སེམས་ཀྱི་རྩལ།། དེ་ཡིས་ཐམས་ཅད་ཚང་བས་ན།། ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། ། སྙིང་ལ་ཆོས་ཉིད་རྩ་ཡིས་བསྐོར།། ཞི་བ་ལ་སོགས་ཆོས་སྐུའི་རྟེན།། ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བརྗོད།། འགྱུ་བ་མཛོད་སྤུར་འཁྱིལ་བའི་ལམ།། མགྲིན་པའི་རྩ་ལ་ལོངས་སྤྱོད་བྱེད།། ལོངས་སྤྱོད་འཁོར་ལོ་ཞེས་ཀྱང་བྱ། ། གསང་བའི་རྩ་ལ་ཐམས་ཅད་འདུས།། བདེ་བ་གསལ་བ་མི་རྟོག་པས།། ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བྱ།། མཛོད་སྤུར་ཡེ་ཤེས་རྩ་གནས་པ།། རྟེན་གྱི་འབྱུང་གནས་ཞེས་བྱའོ།། རོ་མ་རྐྱང་མ་གཉིས་པོའི་ཁ། ། སྣ་ལ་ཟུག་པས་ཕོ་ཡི་རྟེན།། གསང་བར་ཟུག་པས་མོ་ཡི་རྟེན།། ཡར་མར་སྣོལ་མར་འབྱུང་བ་ནི།། མ་ནིང་ཞེས་སུ་བཤད་པ་ཡིན། ཁ་ལ་གང་འགྲིབ་འཕེལ་བ་ནི།། ཕོ་མོ་རྒོད་ཅེས་འགྱུར་པ་ཡིན། ཁ་གཉིས་ཟུམ་ནས་མ་ཕྱེད་པས།། མ་ནིང་ཚན་པོ་ཆེ་ཞེས་བརྗོད།། དེ་ལྟར་སྤྱོད་པ་རླུང་ཡིན་ནོ།། ཕོ་རླུང་དྲག་ལ་མོ་རླུང་དལ།། དལ་བར་རྒྱུ་བས་ཐུར་དུ་བྱུང།། དྲག་པར་རྒྱུ་བས་གྱེན་དུ་བྱུང།། ལུང་དུ་མ་བསྟན་རླུང་དག་ལས། ། ཕོ་མོ་རྒོད་དང་མ་ནིང་ཚན་པོ་ཆེ།། དེ་ལྟར་གྲུབ་པར་ཤེས་པར་བྱའོ།། དེ་ནས་རུས་པའི་གནད་བསྟན་པ།། མཛོད་སྤུའི་རྟེན་དུ་སྨིན་རུས་ཆགས།། དེ་ལས་གྱེས་པས་དཔྲལ་རུས་བྱུང།། དེ་ལས་མུར་གོང་རུས་པ་བྱུང། ། དེ་ལས་ཟ་བའི་ཟ་འགྲམ་བྱུང།། དེ་ནས་ཡ་ཐོད་མ་ཐོད་བྱུང།། དེ་གཉིས་འབྲེལ་པས་རུས་སྲུབ་བྱུང།། སྙིང་དང་འབྲེལ་བས་སྲོག་རུས་ཆགས།། དེ་རྣམས་འཚོགས་པས་སོག་པ་ཆགས། ། དེ་རྣམས་ཚིགས་སུ་བཅད་པས་ཚིགས་པ་ཆགས།། རུས་པ་ཐམས་ཅད་ཁྱབ་པས་རྩིབ་མ་ཆགས།། རུས་པས་ལུས་ཀྱི་སྟོབས་སྐྱེད་བརླ་རུས་ཆགས།། དེ་རྣམས་མ་འགགས་པ་སྐྱོད་པས་རྐང་ལག་ཡིན།། དེ་ནས་མཇུག་རུས་འཕོང་རུས་ཆགས། ། དེ་ནས་གཞུག་གུ་ཆུང་དུ་ཆགས།། དེ་ནི་རུས་པའི་ཆགས་ལུགས་རྫོགས།། དེ་ནི་ཤ་ཡི་ཆགས་ལུགས་སྟོན།། སྨིན་མ་པགས་པའི་ཤ་ཡང་སྨིན།། དང་པོ་དེ་ལ་སྨིན་པས་སྨིན་མ་ཡིན། ། དེ་བཞིན་རིམ་གྱིས་ཆ་མཉམ་མོ།། དེ་ལ་རྩ་ཡི་མཚན་ཉིད་ཀྱང།། རྩ་བ་གཅིག་ཏུ་འདུས་པ་ཡིན།། གཅིག་པོ་རང་འབྱུང་གནས་པའི་རྩ།། དེ་ལས་གྱེས་པའི་ཕོ་རྩ་དང། མོ་རྩ་དང་ནི་ཡེ་ཤེས་རྩ།། མ་ནིང་ཕོ་མོ་རྒོད་དང་ནི། ། མ་ནིང་ཚན་པོ་ཆེ་ཡི་རྩ་དང་གསུམ།། དེ་ལས་གྱེས་པས་འཁོར་ལོ་ལྔ།། དེ་ལ་བརྒྱ་དང་རྩ་བཞི་ཡོད།། དེ་ལས་གྱེས་པའི་རྩ་རྣམས་ནི།། སྟོད་ན་བརྒྱད་ཁྲི་བཞི་སྟོང་ཡོད།། སྨད་ནས་བརྒྱད་ཁྲི་བཞི་སྟོང་ཡོད། ། དེ་ལས་གྱེས་པས་བསམ་མི་ཁྱབ།། དཔེར་ན་ཁ་ཤོ་བ་ཡི་ལོ་མ་འདྲ།། དཔེར་ན་ཤ་མོའི་སུལ་བཞིན་ནོ།། རླུང་དང་ཐིག་ལེ་ཡང་ནི་དེ་དང་འདྲ།། རྩ་དང་ཁྲག་དང་དྲོད་དང་རླུང།། ཤ་དང་ས་རྣམས་བརྟེན་པས་ན། ། བརྟེན་པ་རྩ་ཞེས་བརྗོད་པ་ཡིན།། དེ་ལ་འབྱུང་བ་བརྟེན་པས་ན།། འབྱུང་བའི་ནད་རྣམས་འཁྲུགས་ནས་ནི།། དེ་ལས་བགེགས་རྟེན་གདོན་དུ་ཆེ།། དེ་ལ་དབུགས་རྟེན་ཆད་པས་འཆི།། འབྱུང་བ་ཆ་མ་སྙོམས་པས་འཕེལ་འགྲིབ་འབྱུང། ། དེ་ལས་རྒས་ཤིང་འཁོགས་པ་འབྱུང་བར་འགྱུར།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། ལུས་ཀྱི་མན་ངག་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ཕྱི་རྩ་ལུས་ལ་གནས་པ་ནི། ཁ་ཤོའི་ལོ་མ་འདྲ་སྟེ་སྤེལ་བར་གནས།། དེ་ལ་བཤད་ན་བསམ་མི་ཁྱབ།། ནང་རྩ་རུས་པ་དག་ལ་གནས།། དེ་ནི་གསེར་གྱི་མེ་ཏོག་འདྲ་སྟེ་ཡོན་ཏན་རྒྱས། ། གསང་རྩ་སྙིང་ལ་གནས་ཏེ་འཁོར་ལོ་འདྲ།། དེ་འདྲ་སྐྱོན་ཡོན་འབྱེད་པའི་རྩ།། གདམས་པའི་རྩ་ནི་རྣ་བ་མིག་ལ་གནས།། གནད་ཀྱི་མན་ངག་རབ་ཏུ་གཅེས།། ཚད་མས་འཇལ་བའི་སྲང་དང་གྲུབ་མཐའ་སྐྱོང་བའི་སྲང། ། ལག་ཕྲད་བྱེད་པའི་སྲང་དང་གསུམ་དུ་འདུས།། ཚད་མས་འཇལ་བའི་སྲང་ནི་བརྒྱུད་པ་ཡིན།། གྲུབ་མཐའ་སྐྱོང་བའི་སྲང་ནི་འབྲས་བུ་ཡིན།། ལག་ཕྲད་བྱེད་པའི་སྲང་ནི་གདམས་པ་ཡིན། ། སྣང་བ་དབང་དུ་འདུས་པས་རིག་པ་གཅེར་བུར་ཐོན།། རིག་པ་དབང་དུ་འདུས་པས་སངས་རྒྱས་ཡུལ་མེད་མཐོང།། རང་གྲོལ་དབང་དུ་འདུས་པས་ཆོས་མིན་ཚད་ལས་གྲོལ།། བརྒྱུད་པ་ཚད་དང་མི་ལྡན་ན། ། གནད་མེད་ཕྱི་བ་རྐོ་བ་འདྲ།། གདམས་པ་ཚད་དང་མི་ལྡན་ན།། རྒྱུས་མེད་ཚོན་སྐྱོང་མེད་པ་འདྲ།། བཀའ་རྒྱུད་ཚད་དང་མི་ལྡན་ན།། བེའུ་ཐག་སྦྲེལ་ནས་ལྷུང་བ་འདྲ།། བྱིན་རྒྱུད་ཚད་དང་མི་ལྡན་ན། ། གྲོག་པོ་སྐམ་པོར་ཉ་བསྒུག་འདྲ།། སྙན་བརྒྱུད་ཚད་དང་མི་ལྡན་ན།། སྒོ་ང་རུལ་པ་གནོད་པ་འདྲ།། ཐུགས་རྒྱུད་ཚད་དང་མི་ལྡན་ན།། རྨིག་པའི་ཚང་ནས་ཆུ་འཚོལ་འདྲ།། ཉམས་མྱོང་ཚད་དང་མི་ལྡན་ན།། སྨྱོན་པའི་ལག་ཏུ་མདུང་བསྐུར་འདྲ། ། དེ་རྣམས་ཚད་དང་ལྡན་པ་ནི།། ནོར་བུ་རིན་ཆེན་འཆང་བ་འདྲ།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། རྩ་དང་ཚད་མའི་ལེའུ་སྟེ་ཉེར་དྲུག་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། བྱིན་རྒྱུད་ཚད་དང་ལྡན་པ་ནི།། མཁའ་འགྲོ་མ་ནི་རབ་གནས་ཏེ།། རང་བཞིན་ངོ་བོ་སྤྲུལ་པ་གསུམ།། རང་བཞིན་མཁའ་འགྲོ་རྣམ་པ་ལྔ།། རྡོ་རྗེ་མཁའ་འགྲོ་རིན་ཆེན་དང། ། པདྨའི་མཁའ་འགྲོ་ལས་འགྲོ་དང།། དེ་བཞིན་རིགས་ཀྱི་མཁའ་འགྲོ་དང།། རྣམ་པ་ལྔ་རུ་ཤེས་པར་བྱ།། ངོ་བོའི་མཁའ་འགྲོ་རྣམ་པ་གསུམ།། འབྱུང་བ་རྣམ་ལྔའི་མཁའ་འགྲོ་ལྔ།། དབྱིངས་ཀྱི་མཁའ་འགྲོ་རྣམ་ལྔ་ཡིན། ། འབྱུང་བ་ལུས་ཀྱི་མཁའ་འགྲོ་ལྔ།། དམ་ཚིག་དྲི་སྣོམ་མཁའ་འགྲོ་ཡིན།། རྣམ་ཤེས་སྒོ་ལྔ་མཁའ་འགྲོ་ལྔ།། ལུས་ཀྱི་མཁའ་འགྲོ་རྣམ་ལྔ་ཡིན།། སྤྲུལ་པའི་མཁའ་འགྲོ་རྣམ་པ་གསུམ།། ཀུན་གཞི་ཡེ་ཤེས་མཁའ་འགྲོ་ཡིན། ། ཡིད་ནི་རྡོ་རྗེའི་མཁའ་འགྲོ་ཡིན།། རྣམ་ཤེས་ཤ་ཟ་མཁའ་འགྲོ་ཡིན།། རྣ་བ་མཁའ་འགྲོ་གློག་ཕྲེང་མ།། མིག་གཡོན་ཉི་མའི་འོད་ཟེར་ཅན།། མིག་གཡས་ཟླ་བའི་འོད་ཟེར་ཅན།། ལྕེ་ནི་མཁའ་འགྲོ་མཚོ་སྐྱེས་མ། ། སྣ་ནི་མཁའ་འགྲོ་དྲི་མ་མེད།། ལུས་ནི་མཁའ་འགྲོ་དུང་སྐྱོང་མ།། དེ་ནི་མཁའ་འགྲོའི་བརྒྱུད་པ་ཡིན།། མཁའ་འགྲོའི་བྱིན་རྒྱུད་བསྟན་པ་ནི།། མཁའ་ནི་རིག་པའི་སྣང་བའོ།། འགྲོ་བ་འགྱུ་བ་ཐོགས་མེད་དོ། ། དེ་གཉིས་འདུས་པའི་དབང་བསྐུར་བས།། བྱིན་རླབས་ཕྱོགས་རིས་མེད་པར་འཆར།། བྱིན་རླབས་ནང་ནས་ཤར་ཙམ་ན།། ཉམས་མྱོང་ཚད་ལྡན་སྐྱེ་བ་ཡིན།། ཉམས་མྱོང་ཡེ་ཤེས་རང་ཤར་བས། ། ཡེ་ཤེས་ཚད་དང་ལྡན་པས་ན།། སངས་ལ་མི་རྒྱའི་རང་དབང་མེད།། སངས་རྒྱས་ས་ལ་གྲོལ་ཙམ་ན།། ཐུགས་རྗེ་མི་འབྱུང་རང་དབང་མེད།། ཐུགས་རྗེ་ཕྱོགས་མེད་ཤར་ཙམ་ན།། བྱིན་རླབས་མི་འཇུག་རང་དབང་མེད། ། ཅེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། མཁའ་འགྲོ་མ་དབང་བསྐུར་བའི་ལེའུ་སྟེ་ཉེར་བདུན་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ཐེག་པའི་ཁྱད་པར་བསྟན་པ་ནི། ། ཉན་ཐོས་འབྲས་བུ་དགྲ་བཅོམ་པ།། བསྐལ་པ་གྲངས་མེད་བདུན་ན་འདོད།། དུག་ལྔ་དགྲ་བཞིན་སྤང་བ་ཡིན།། ཐེག་ཆེན་དབུ་མ་སྟོང་པར་འདོད།། གཅིག་དང་དུ་བྲལ་ལ་སོགས་པ། ། གཏན་ཚིགས་གཞིག་ནས་སྟོང་པར་འདོད།། དེ་ཡང་དུག་དང་སྦྱོར་བ་ཡིན།། ཤེས་རབ་ཕ་རོལ་ཕྱིན་ལ་སོགས།། མདོ་རྒྱུད་སྔགས་ཀྱི་ཁྱད་པར་གང།། མདོ་རྒྱུད་དབང་གི་གདམས་པ་མེད།། སྔགས་ལ་རྣམ་པ་གཉིས་ཡིན་ཏེ། ། ཕྱི་པ་དང་ནི་ནང་པའོ།། ཕྱི་པའི་དབང་ལས་ནང་པའི་དབང།། ཕན་པའི་དབང་བཅུ་ཁྱད་པར་འཕགས།། ནང་གི་རྒྱུད་ནི་དབང་ལྔ་དང།། བདུད་རྩི་ལྔ་ཡིས་ཁྱད་པར་འཕགས།། དེ་བས་རྫོགས་ཆེན་ཁྱད་པར་ཆེ། ། སྔགས་ནི་བསྒྲུབ་བསྒྱུར་འབྲས་བུར་འདོད།། རྫོགས་ཆེན་རྟོགས་པས་སངས་རྒྱས་པ།། ཚིག་དབང་གཅིག་གིས་རྟོགས་པར་འདོད།། དབང་བསྐུར་རྫོགས་པ་དབང་ལྔ་ཡིན།། དེ་ནི་འོག་མ་རྣམས་ལ་མེད། ། མཆོད་པ་རྣམ་ལྔ་ལྟ་སྒོམ་པ།། དེ་ནི་ཀྲི་ཡ་ཡིན་པར་འདོད།། མཆོད་པ་རྣམ་ལྔ་སྐུ་ལྔ་བསྒོམ།། དེ་ནི་ཡོ་ག་ཡིན་པར་འདོད།། བདུད་རྩི་ལྔ་མཆོད་རིགས་ལྔ་བསྒྲུབ།། དེ་ནི་མ་ཧཱ་ཨ་ནུར་འདོད། ། གསང་སྔགས་དབང་གིས་ཁྱད་པར་འཕགས།། རྫོགས་ཆེན་ཐམས་ཅད་ཆོས་སྐུར་རྟོགས།། རིག་པ་རྩལ་གྱི་དབང་ཆེན་ཐོབ།། དེས་ན་ཁྱད་པར་རབ་ཏུ་ཆེ།། སྙན་བརྒྱུད་རིན་ཆེན་སྦྱངས་པ་འདི།། ཐམས་ཅད་ངོ་སྤྲོད་པ་ལ་འགོད། ། དུས་བཞི་མཉམ་སྦྱོར་ཁྱད་པར་ཆེ།། གཞི་ལས་གྲོལ་བས་ཁྱད་པར་འཕགས།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། ཐེག་པའི་ཁྱད་པར་མཚོན་པའི་ལེའུ་སྟེ་ཉེར་བརྒྱད་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། རྫོགས་པའི་རྫོགས་ལུགས་བསྟན་པ་ནི།། ཉོན་མོངས་དུག་ལྔའི་དགྲ་བཅོམ་ནས།། འདས་པ་ལྔ་རུ་གྲོལ་བས་ན།། ཉན་ཐོས་གྲུབ་མཐའི་འབྲས་བུ་རྫོགས། ། ངོ་བོ་གསལ་བས་སེམས་ཙམ་རྫོགས།། རང་བཞིན་སྟོང་པས་དབུ་མ་རྫོགས།། འདས་པ་གསུམ་གྱིས་ཀྲི་ཡ་རྫོགས།། སྐུ་ལྔ་རིགས་ལྔ་དབྱིངས་དང་ཡེ་ཤེས་ཀྱིས།། ཡོ་ག་མ་ཧཱ་ཨ་ནུའི་ཐེག་པ་རྫོགསཔ། ། འདས་པ་ལྔ་ཡིས་ཐམས་ཅད་ཁྱབ།། རྫོགས་པ་ཆེན་པོའི་ལྟ་བ་རྫོགས།། ཕྱོགས་སུ་མ་ལྷུང་རྒྱ་མ་ཆད།། མཚན་མ་རང་སར་གྲོལ་བ་ནི།། སྙན་བརྒྱུད་བྱིན་རྒྱུད་གྲུབ་མཐའ་རྫོགས།། ལྟ་སྒོམ་སྤྱོད་པ་འབྲས་བུ་རྫོགས། ། ཡེ་ཤེས་ལྔ་དང་སྐུ་ལྔ་རྫོགས།། འགྲོ་བ་རིགས་དྲུག་མུ་སྟེགས་རྟག་ཆད་རྫོགས།། འགག་པ་མེད་པའི་ཤེས་རབ་རང་བྱུང་བས།། མཚན་མ་སྣ་ཚོགས་དག་པའི་ཞིང་དུ་སངས།། ཆོས་མིན་འབྱེད་པ་མེད་པའི་ཀློང་དུ་རྒྱས། ། མ་བསྒྲིབས་ཡོངས་ལ་གསལ་བས་ན།། ཅིར་ཡང་མི་འགག་ཕྱོགས་རིས་མི་མངའ་བས།། ཐམས་ཅད་མ་ལུས་ལུས་མེད་རང་སྣང་ཡིན།། ཤེས་རབ་ཡོངས་གཅོད་མ་འགགས་པས། ། ངེས་པའི་ཚིག་ནི་མཁྱེན་པའི་ཡེ་ཤེས་ཡིན།། དབྱེ་བ་ཕྱི་ནང་གསང་བ་ཡང་གསང་ཡིན།། ཤེས་རབ་ལྡང་ཚད་ཆོས་ཀུན་རང་གྲོལ་ཡིན།། འུབ་ཆུབ་ཡེ་ཤེས་ཤེས་པས་ཤེས་རབ་ཡིན།། རང་སྣང་རང་འབྱུང་ཤེས་པས་སྦྱིན་པ་རྫོགས། ། རིག་པ་རང་གྲོལ་ཤེས་པས་ཚུལ་ཁྲིམས་རྫོགས།། གཉིས་མེད་ཟང་ཐལ་ཤར་བས་བཟོད་པ་རྫོགས། ཆོས་མིན་ཟང་ཐལ་ཤར་བས་བརྩོན་འགྲུས་རྫོགས།། ཐམས་ཅད་ཐིག་ལེར་ཤར་བས་བསམ་གཏན་རྫོགས། ། སྣང་སྲིད་ལྷག་མཐོང་ཤར་བས་ཤེས་རབ་རྫོགས།། ཆོས་སྐུ་རང་ལ་ཤར་བས་ཐབས་ཆེན་རྫོགས།། མཚན་མ་རང་གྲོལ་སྟོབས་ཀྱང་རྫོགས།། སྣང་བ་རྒྱ་ཡན་སྨོན་ལམ་རྫོགས། ། འདུ་འབྲལ་མེད་པས་ཡེ་ཤེས་རྫོགས།། འོད་ལྔ་འབྱུང་བས་རིན་ཆེན་སྣ་ལྔ་རྫོགས།། རྫོགས་པའི་གདམས་ངག་མ་ཤེས་ན།། བོང་བུས་སེང་ལྤགས་གོན་པ་འདྲ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། རྫོགས་ལུགས་ཀྱི་ངོ་སྤྲོད་དབང་བསྐུར་ཆེན་པོའི་ལེའུ་སྟེ་ཉེར་དགུ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། དེ་ནི་སྤྱི་ཡི་མཚན་ཉིད་ཡིན།། རང་གི་མཚན་ཉིད་འདི་ལྟ་སྟེ། ། མིག་ནི་ཡུལ་ལས་འདས་པར་རྫོགས།། རྣ་བ་སྐུ་ལས་འདས་པར་རྫཽགས།། ལྕེ་ནི་གཉིས་མེད་འདས་པར་རྫོགས།། སྣ་ནི་ཡེ་ཤེས་ཟང་ཐལ་རྫོགས།། འོག་སྒོ་གཞི་ལས་འདས་པར་རྫོགས།། ཚོགས་བརྒྱད་ཐིག་ལེ་ཡེ་ཤེས་བརྒྱད་དུ་རྫོགས། ། ཕུང་པོ་ལྔ་ནི་འདས་པ་ལྔ་རུ་རྫོགས།། དུག་ལྔ་ཁོང་ཁྲོ་འདས་པ་ལྔ་རུ་རྫོགས།། འབྱུང་ལྔ་ཤ་ཁྲག་དྲོད་སེམས་དབུགས།། འདས་པ་ལྔ་རུ་རྫོགས་པས་དབང་ཆེན་ཐོབ།། སྙིང་སྟོད་སྐུ་ལས་འདས་པར་རྫོགས། ། དབུས་ནི་ཡུལ་ལས་འདས་པར་རྫོགས།། སྨད་ནི་གཉིས་མེད་འདས་པར་རྫོགས།། བུབ་རིལ་ཆོས་ལས་འདས་པར་རྫོགས།། རྩ་རྣམས་ཐམས་ཅད་མཁྱེན་པར་རྫོགས།། ཟུར་བརྒྱད་ཡེ་ཤེས་བརྒྱད་དུ་རྫོགས། ། ཐེལ་བརྒྱད་ཐིག་ལེ་བརྒྱད་དུ་རྫོགས།། ཤེལ་གྱི་སྦུ་གུ་ཐུགས་རྗེའི་རོལ་པར་རྫོགས།། ངོ་བོ་སྐུ་ལས་འདས་པར་རྫོགས།། རང་བཞིན་ཡུལ་ལས་འདས་པར་རྫོགས།། ཐུགས་རྗེ་གཉིས་མེད་འདས་པར་རྫོགས། ། ཡོན་ཏན་ཡེ་ཤེས་ཟང་ཐལ་རྫོགས།། ཕྲིན་ལས་ཐམས་ཅད་མཁྱེན་པར་རྫོགས།། ས་རྣམས་མ་ལུས་བགྲོད་མེད་རྫོགས།། སྣང་བ་འོད་གསལ་ཕྱི་ཡི་ཚོགས་ལམ་རྫོགས།། ཚོགས་དྲུག་རང་གྲོལ་ནང་གི་ཚོགས་ལམ་རྫོགས། ། འགྱུ་བ་ལམ་ཁྱེར་གསང་བའི་ཚོགས་ལམ་རྫོགས།། སྣང་རིག་དབྱེར་མེད་ཤར་བས་སྦྱོར་ལམ་རྫོགས།། ཡེ་ཤེས་ཟང་ཐལ་ཤར་བས་མཐོང་ལམ་རྫོགས།། གཉིས་མེད་ཟང་ཐལ་ཤར་བས་བསྒོམ་ལམ་རྫོགས། ། ཐམས་ཅད་མཚན་མ་རང་སར་གྲོལ།། མཐར་ཕྱིན་ལམ་ནི་རྫོགས་པའོ།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། དབང་རྫོགས་རང་ཆས་སུ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། གཞི་དང་ལམ་དང་འབྲས་བུ་རྣམས།། དེ་ཡི་ངོ་སྤྲོད་བསྟན་པར་བྱ།། ཉན་ཐོས་དུག་ལྔ་སྤངས་ལམ་ཡིན། ། བྱང་ཆུབ་སེམས་དཔའ་སྤྱོད་ལམ་ཡིན།། སྔགས་ཀྱི་ཐེག་པ་བསྒྱུར་ལམ་ཡིན།། རྫོགས་ཆེན་གཞི་ལམ་དབྱེར་མེད་ཡིན།། བཀའ་རྒྱུད་གཞི་ལམ་རང་གྲོལ་ཡིན།། ཐུགས་རྗེ་བཀྲག་མདངས་ཉི་མ་འབུམ་གྱི་གཟི། ། བདག་བློ་འཁྲུལ་པའི་བློ་ཡི་མུན་པ་བསལ། ཐུགས་རྗེ་སྤྱན་ཅན་ཡེ་ཤེས་ཁོང་ནས་ཤར།། འཁོར་བ་རྣམ་བཞིའི་སྲོག་བཅད་པས།། ཐྀག་ལེ་ཡེ་ཤེས་ཟང་ཐལ་ཐོབ།། གཞི་དང་རྒྱུད་དང་ལམ་དང་འབྲས་བུ་ཆོད། ། སད་པ་བཞི་དང་བདུད་བཞི་ཆོམས་པ་ཡིན།། ཡེ་ཤེས་ཉི་མ་ཐུགས་ཀྱི་ཀློང་ལས་ཤར།། སྐུ་བཞི་རང་སར་གྲོལ་བས་བདུད་བཞིའི་སྒྲིབ་པ་དག། འོད་ལྔ་ལམ་དུ་ཤར་བས་འཁོར་བའི་རྩ་བ་སྨིན། ཁམས་གསུམ་རྩ་བ་ཆོད་པས་སྲིད་གསུམ་རྩེ་ནས་འགྱེལ། ། གཞི་དང་འོད་སྣང་བར་ན་གཉིས་མེད་ཤར་བས་ཡོན་ཏན་ཡེ་ཤེས་ལྔ།། ཡིད་དང་འགྱུ་བ་འོད་དང་གསུམ།། རང་བྱུང་རང་ལ་ཤར་བས་སྐུ་གསུམ་ལམ་དུ་བསླང། ། འབྱུང་ལྔ་རང་བྱུང་འོད་ལས་གྲོལ་བ་ན།། ལྔ་ལྡན་ཡེ་ཤེས་མིག་གཅིག་དྲི་མ་མེད།། ཐུགས་རྗེ་བྱིན་རླབས་མཁའ་ལ་ཉི་ཤར་འདྲ།། བསྐལ་པ་བར་པའི་སངས་རྒྱས་འོད་སྲུངས་དང།། ཐོག་མའི་སངས་རྒྱས་འོད་དཔག་མེད་པ་དང། ། ཐ་མའི་སངས་རྒྱས་མར་མེ་མཛད་དང་གསུམ།། བཀའ་བགྲོས་རྒྱུད་དུ་བྱིན་བརླབས་ནས།། སངས་རྒྱས་བཀའ་བགྲོས་རྒྱུད་ཅེས་བྱ།། གཞི་ཡི་ཆོས་ལྔ་ལྷུན་གྲུབ་ཡིན།། དེ་མ་ཤེས་པས་འཁྲུལ་པ་ཡིན། ། ལམ་གྱི་འོད་ལྔ་རང་སྣང་ཡིན།། དེ་མ་ཤེས་པས་འཁོར་བ་ཡིན།། འབྲས་བུ་འཁོར་བ་རྣམ་བཞི་ཡིན།། དེ་མ་ཤེས་པས་དངོས་པོ་ཡིན།། གཞི་ཤེས་པས་ནི་གྲོལ་པ་དེ།། ཐམས་ཅད་མཁྱེན་པ་ཐོབ་པ་ཡིན། ། ལམ་ཤེས་པས་ནི་རང་བྱུང་བ།། འཁོར་བའི་གཡང་ས་ཆོད་པ་ཡིན།། འབྲས་བུ་འདས་པ་སྔར་གྲོལ་བས།། འཁོར་བའི་འབྲས་བུ་ཆོད་པ་ཡིན།། ཡེ་ཤེས་སྤྱན་གསུམ་གཅིག་ཏུ་དྲིལ། སངས་རྒྱས་སྤྱན་ཞེས་རབ་ཏུ་བརྗོད། ། སངས་རྒྱས་ཀུན་གྱི་དགོངས་པ་ནི།། གོས་དཀར་མོ་ཞེས་བརྗོད་པ་ཡིན།། དགོངས་པ་ཕྱོགས་མེད་ཁྱབ་པ་ཡིན།། ནམ་མཁའི་དབྱིངས་ཕྱུག་མ་ཞེས་བརྗོད།། ཐུགས་རྗེའི་རླན་དང་མི་འབྲལ་བས།། མཱ་མ་ཀི་ཞེས་རབ་ཏུ་བརྗོད། ། ཐུགས་རྗེ་ཀུན་ལ་སྙོམས་པར་འཆར།། དམ་ཚིག་སྒྲོལ་མ་ཞེས་བྱའོ།། ཐིག་ལེའི་རང་བཞིན་ཤེས་རབ་སྙིང་རྗེ་སྟེ།། ཕྱི་ཡི་ཁྱད་པར་ཐེག་པ་ཆེ་ཆུང་བསྟན།། འོག་མ་རྣམས་ནི་རང་དོན་སྤྱོད་པ་ཡིན། ། སྔགས་ཀྱི་ཐེག་པ་གཉིས་ཀ་སྤྱོད་པ་ཡིན།། རྫོགས་པ་ཆེན་པོ་དབྱེ་བ་མེད་པ་ཡིན།། བཀའ་རྒྱུད་འདི་ནི་བདག་དོན་གཞན་དོན་གཉིས།། རང་གྲོལ་དབང་པོའི་ཁྱད་པར་སྟོན་པ་ཡིན།། ཐབས་དང་ཤེས་རབ་ཉན་ཐོས་ཉིད་དུ་ལྟུང། ། སྙིང་རྗེ་དང་ནི་ཤེས་རབ་ཀྱིས།། འགྲོ་དོན་མ་ལུས་བྱེད་པ་པོ།། སྙིང་རྗེ་ཆེན་པོ་ཅིར་མི་མཛད།། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ཀྱིས་འགྲོ་དོན་བྱེད།། གྲོལ་ནས་གྲོལ་བའི་ལམ་ཡང་སྟཽན། ། ལམ་རྣམས་ཀུན་གྱི་མཆོག་ཏུ་བཤད།། ཐུན་མོང་ཁྱད་པར་མཆོག་དང་གསུམ།། ལོག་ལྟ་མ་དད་ལེ་ལོ་དང།། མ་རིག་པ་དེ་ལམ་དུ་སློང།། ངོ་སྤྲོད་སངས་རྒྱས་ས་ལ་འགོད།། ལམ་གྱི་མཆོག་ཅེས་བྱ་བའོ། ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ངོ་སྤྲོད་ཀྱི་ལྟ་བསྒོམ་ལས་གྲོལ་བའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། རྩ་དང་རླུང་དང་ཐིག་ལེ་དང།། ཡེ་ཤེས་རྣམ་པ་བཞི་རུ་འདུས།། ཐུན་མོང་ཁྱད་པར་མཆོག་དང་གསུམ།། ཐུན་མོང་འཁོར་ལོ་ལྔ་ལ་གནས།། བརྒྱ་དང་ཉི་ཤུ་རྩ་བཞི་ཡོད།། དེ་ཡང་བསྡུས་པས་གསུམ་དུ་འདུས། ། དེ་ཡང་ཨ་བ་དྷཱུ་ཏིར་འདུས།། ཨ་ནི་ཚིག་དབང་རིན་པོ་ཆེ།། ཝ་ནི་གསང་བའི་ཡེ་ཤེས་དབང།། འ་ནི་ཤེས་རབ་དབང་ཡིན་ནོ།། དྷཱུ་ནི་ཐབས་ཀྱི་དབང་ཡིན་ནོ།། ཏི་ནི་བུམ་པའི་དབང་ཞེས་བྱ།། ཐམས་ཅད་འདུས་པས་བུམ་པའི་དབང། ། ཚིག་ཏུ་མཚོན་པས་མིང་གི་དབང།། བརྒྱུད་པ་མ་ཆད་ཆུ་ཡི་དབང།། རང་ཆོས་སྟོན་པས་དབུ་རྒྱན་དབང།། ཟུང་དུ་འབྲེལ་བས་རྡོ་རྗེ་དྲིལ་བུའི་དབང།། རིག་པའི་དབང་ལྔ་ཞེས་ཀྱང་དེ་ལ་བྱ། ། དེ་ནི་ཁྱད་པར་དབང་ཞེས་བྱ།། ད་ནི་མཆོག་གི་རྩ་བསྟན་པ།། ཟག་པ་མེད་པའི་དབང་བསྐུར་ཏེ།། གཞི་ལ་རྩ་རླུང་ལྷུན་གྱིས་གྲུབ།། ཕྲ་བའི་རྩ་དང་རིག་པའི་རྩ།། དངོས་པོ་འཁྲུལ་པའི་རྩ་དང་གསུམ། ། དང་པོའི་རྩ་ནི་ཟག་བཅས་ཡིན།། དེ་ལ་སྦྱངས་ན་བདེ་བ་སྐྱེ།། བདེ་བ་སྐྱེས་ནས་ལམ་དུ་འཇུག། ཟག་མེད་རྩ་ནི་བཀའ་བརྒྱུད་ཡིན།། གཞི་ཡི་རྩ་དང་རླུང་དང་ནི།། ཐིག་ལེ་ལྷན་སྐྱེས་ཡེ་ཤེས་དང།། ལམ་དུ་ད་ལྟ་བར་དོ་ལ། ། ཟག་པ་མེད་པའི་ངོ་སྤྲོད་ཡིན།། འབྲས་བུ་རང་སར་གྲོལ་བའོ།། ངོ་སྤྲོད་ཤིན་ཏུ་གཅེས་པ་ཡིན།། དེ་ཡང་བཀའ་བརྒྱུད་བྱིན་བརྒྱུད་དང།། ཐུགས་སུ་བརྒྱུད་པའི་རྩ་ཡིན་པས།། བསྐལ་པ་འཁྲུགས་ཀྱང་ཁར་མ་འབྱིན། ། སེམས་ཅན་ལས་འཕྲོ་མེད་པ་དང།། འོག་མའི་གྲུབ་མཐའི་སྒོར་ཞུགས་པས།། དངངས་ཤིང་སྐྲག་ནས་སྐུར་བ་འདེབས།། དེ་ཡི་རྣམ་སྨིན་འབྲས་བུ་ཡིན།། རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར། ། དེས་ན་བསྐལ་པར་ཁར་མ་འབྱིན།། དུས་ངན་ཐ་མ་བྱུང་བའི་ཚེ།། མར་མེ་འཆི་ཀར་གསལ་བ་ཡིན།། བསྟན་པ་ནུབ་ཀར་དམ་ཆོས་དར།། གསལ་བ་རང་གིས་འཆི་བ་ཡིན།། དར་བ་རང་གིས་ནུབ་པ་ཡིན། ། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། རྩ་རླུང་ཐིག་ལེ་ཡེ་ཤེས་རླུང་གི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་འདི། ། ངོ་སྤྲོད་དབང་བསྐུར་རྒྱུད་ཡིན་ཏེ།། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིན།། འཁོར་བ་དོང་སྤྲུག་རྒྱུད་དུ་ཟུང།། ཡེ་ཤེས་སྤྱན་གསུམ་རྒྱུད་དུ་ཟུང།། དབང་བསྐུར་རྒྱལ་པོའི་རྒྱུད་དུ་ཟུང། ། ཡེ་ཤེས་རྟེན་རྫོགས་རྒྱུད་དུ་ཟུང།། ཡེ་ཤེས་འཁོར་ལོའི་རྒྱུད་དུ་ཟུང།། ངོ་སྤྲོད་ཆེན་པོའི་རྒྱུད་དུ་ཟུང།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔས་གསོལ་བ།། ལེགས་སོ་རྫོགས་སངས་རྒྱས་པའི་མཆོག། དེ་ལྟར་གསུངས་པར་རྗེས་ཡི་རང། ། འཁོར་རྣམས་རབ་ཏུ་དགྱེས་པའོ།། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེ།། ཞེས་གསུངས་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་སོ་གསུམ་པའོ། །།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ་རྫོགས་སོ།། བི་མ་ལའི་གདམས་པ། བོད་རྒྱལ་ཁམས་ཡོངས་ལ་བཙད་པོ་ཆེ་ན་ཁྲིམས་ཀྱིས་ཆེ།། བོད་འབངས་ཡོངས་ལ་དཀོན་མཆོག་མཉན་ན་བདེ། ། སྔགས་པ་ཀུན་གྱིས་ངན་སྔགས་ཐུབ་ན་བཙུན།། རྣལ་འབྱོར་རྣམས་ཀྱིས་ཚུལ་འཆོས་སྤངས་ན་བཟང།། བླ་མའི་གདམས་པ་བསྒྲུབས་ན་གྲུབ།། གཙོ་བོ་རྣམས་ཀྱིས་ཆད་ལས་མི་འགལ་བཟང།། མོ་བཙུན་རྣམས་ཀྱིས་ལུས་ཁྲིམས་དམ་ན་བཙུན། ། ཆོས་སྐྱོང་སྲུང་མས་བསྟན་པ་བསྲུངས་ན་བཙུན།། གདམས་ངག་སྲོག་ལས་གཅེས་པ་བྱས་ན་ཕྱི་ཕྱིར་བཙུན།། སློབ་དཔོན་བི་མ་ལས་དེ་སྐད་གསུངས་སོ།།།།
CLOSE WINDOW