Wylie |
། སྔགས་ཀྱི་སྲུང་མ་རྣམས་ཀྱིས་སྲུངས་ཤིག། ཡང་དག་པ་ལགས་སོ།། རྫོགས་སོ། རྒྱ་གར་སྐད་དུ།། སྒྲ་བསྒྱུར་བ་ཁུངས་བཙུན་པའི་དགོས་པ། མ་ཆེན་པོ་ཧཱ་རིག་པ། བིདྱཱ་རང་གྲོལ། སྦ་མུསྟི་སརྦ་ཐམས་ཅད་གྷཊྚི་ཏ་ཏན་ཏྲ་རྒྱུད་ནཱ་མ་ཅེས་བྱ་བ། བོད་སྐད་དུ། རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་འགྲོལ་བའི་རྒྱུད་ཅེས་བྱ་བ།། བཅོམ་ལྡན་འདས་སྟོབས་ཀྱིས་རྣམ་པར་བསྒྱིངས་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་སྟོན་པས། གིས་བསྟན་པའི་དུས་གཅིག་ན།། རིགས་ཀྱི་བུ་རྣམས་འཁོར། ལེགས་པར་དགེ་བའི་སེམས་ཀྱིས་ཉོན་ཅིག། རིག་བསྟན་པ། པའི་སྒྲོན་མ་འབར་བ་ངས་བསྟན་ནས། འཁོར་རྣམས་ཀྱི་རྒྱུད་འགྲོལ་བར་བྱའོ། ། སེམས་ཀྱི་རྣམ་རྟོག་གིས་གཞན་དུ་མ་ཡེངས་ཤིག། མ་རིག་པའི་མཐའ་རྣམ་པ་བཞི་ཕྲོལ་ཅིག། དེ་སྐད་ཅེས་མཐའ་རྣམ་པ་བཞི་དང་བྲལ་བའི་རིག་པས་ཡུལ་ཆོས་ཀྱི་ཕོ་བྲང་ལ་གཟིགས་ནས། རིག་པ་རྣམ་པར་དག་པའི་ཀློང་འོད་ཀྱི་ཡུལ་སྐུའི་མཁའ། གསུང་གི་ཟེར། ཐུགས་ཀྱི་དཀྱིལ། ཆོས་ཉིད་ཀྱི་གནས། ཤེས་རབ་ཀྱི་རྒྱན། འོག་མིན་གྱི་གནས། ཕོ་བྲང་རྣམ་པར་དག་པ་ནས་དེ་སྐད་ཅེས་གསུངས་སོ། ། གསུང་ངོ།། གསུང་བར་འགྱུར་རོ།། འདི་སྐད་བདག་འཁོར་རྣམས་ཀྱྀས། གིས་ཐོས་འཁོར་ལ་བསྟན་པ། པའི་དུས་གཅིག་ན།། སྤྲུལ་པ་སྐུའི་ཞིང་ཁམས་རྣམ་པར་བཀོད་པ། དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བར། བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོ་ཞེས་བྱ་བས། འཁོར་ནི་ལྷ་དང། མི་དང། ལྷ་མ་ཡིན་དང། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་འདུས་ནས། བསྟན་པ་བཀའི་བགྲོ་བ་མཛད་པས།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྒྱུད་ཆེན་པོ་ཡང་དག་པའི་འགྲོལ་ལུགས་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀྱེ་འདུས་པ་ཆེན་པོའི་ཚོགས་ཉོན་ཅིག། གསང་སྔགས་རང་བྱུང་གི་ཐབས་ཆེན་པོ་ངས་བསྟན་གྱིས་ལེགས་པར་ཉོན་ཅིག། གཏན་ཚིགས་རང་བྱུང་གི་རྒྱུད་ཆེན་པོ་འདི་ཡིས། ཆོས་ཐམས་ཅད་ཀྱི་དོན་གསལ་བར་བྱེད་དོ།། དེ་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པས། ཀྱེ་མ་ཡེ་ཤེས་ཀློང་ཡངས་ཉིད།། རྒྱ་ཆེ་རྒྱུད་ཆེན་པོ་བས་ཀུན་གྱི་སྙིང་པོར་འདོད།། རབ་ཏུ་ཟབ་པའི་ཐུགས་ཀྱི་དགོངས་པ་ཉིད། ། མ་ལུས་བཅུད་ཕྱུང་ཀུན་གྱི་དོན།། འདི་བསྟན་རྟོག་པ་སེལ་བར་འགྱུར།། དབང་པོ་ཐ་མའི་གང་ཟག་རྣམས།། འདི་ནས་ཤི་འཕོས་བར་དོ་ནས།། ཕྱེད་སྣང་སྤྲུལ་སྐུ་ཡི། སྤྲུལ་པའི་ཞིང་ཁམས་སུ།། སྐྱེས་ནས་འཁོར་བ་ཀུན་གྱི་ལམ་ལས་ཐར། ། དང་པོའི་མཚན་དང་གྲོལ་ལུགས་ཀྱང།། གླེང་གཞི་དང་ནི་གླེང་སློང་ངོ།། དང་པོ་གླེང་གཞིའི་རྒྱུད་བསྟན་ཏོ།། སྟོན་པ་ཕུན་སུམ་ཚོགས་པ། གནས་དང་འཁོར་དང་དུས།། བསྟན་པ་དང་ནི་བཤད་ལུགས་སོ། ། རྒྱུད་ཆེན་རྒྱལ་པོ་འདི་ཉིད་ལ།། བཤད་པའི་གནས་དང་ལོངས་སྤྱོད་རྣམས།། ཕྱི་དང་ནང་དང་གསང་འོག་དཔུང་སྟེ་བཤད་པའོ། བ་དང། དེ་བཞིན་ཡོངས་སུ་རྫོགས་པའོ།། དེ་ལྟར་ཀུན་ལ་ཤེས་པར་བྱའོ། ། གླེང་གཞི་བསྟན་པ་འདི་ལྟ་སྟེ།། སྟོན་གླེང་བསླང་བསྟན་པའོ། པའི་ཡུལ་དང་འཁོར་རྣམས་དང།། ཡབ་ཀྱི་གླེང་བསླང་ཀུན་ཏུ་ཤེས།། དེ་ཡང་མཚན་བཤད་འདི་ལྟ་སྟེ།། མཚན་དང་ཕྱག་དང་ཀླད་ཀྱི་དོན་དམ་བཅའོ། དེ་ཉིད་ཀླད་ཀྱི་ཚིག་ཏུ་བསྟན།། གཞུང་ལ་བསྟན་པ་འདི་ལྟ་སྟེ།། མདོ་དང་རྒྱས་པ་ཆེན་པོ་དང།། ཤིན་ཏུའང་རྒྱས་པ་ཆེན་པོར་བཤད།། དེ་ནི་གཞུང་གི་ཚིགས་སུ་བསྟན།། མཇུག་གི་དོན་ནི་འདི་ལྟ་སྟེ།། བཀྲོལ་ཏེ་བཤད་མན་ངག་དོན་གྱི་བཤད་འགྲེལ་གྱིས། ། རྒྱུད་ཆེན་དེ་ལ་དེ་བསྟན་ནོ།། གསང་སྔགས་ཀུན་གྱི་བཤད་ལུགས་ནི།། དེ་བཞིན་ཀུན་ལ་ཤེས་པར་བྱའོ།། ལེའུའི་མཚན་དང་དབྱེ་བ་རྣམས།། རང་རང་མཚན་ལ་སྦྱར་ཏེ་བཤད། ། སྒྲ་དང་སྔགས་དང་སྦྱར་ལུགས་རྣམས།། དེ་ཡང་བསྟན་པ་འདི་ལྟ་སྟེ།། སྒྲ་ལ་རྣམ་པ་བཞི་ཡིས་བསྟན།། རིང་དང་ཐུང་དང་ཆེ་བ་དང།། དེ་བཞིན་སྒྲ་ཡི་སྒྲ་ཞེས་བྱའོ།། གང་ནས་གང་དུ་སྒྲ་བྱུང་ཡང། ། འདི་ལྟར་ཀུན་ལ་ཤེས་པར་བྱ།། ཡི་གེའི་སྔགས་ལ་འདི་ལྟ་སྟེ།། ལོག་དང་འདོགས་དང་ཡན་ལག་རྣམས།། གང་ཡིན་པ་ཡང་འདིར་བརྗོད་ཅིང།། གང་ལ་གང་གིས་འཚམས་པར་འབོད།། ལོག་པར་བཏགས་པ་མངོན་གྱུར་ཏེ། ། མ་ཉིད་སོ་ལ་བཞག་པ་སྟེ།། ཡན་ལག་མྱ་ངན་འདས་ཡིག་ཡིན།། འདོགས་ནི་འཁོར་བ་ཁོ་ནའོ།། དེ་བཞིན་སྔགས་དང་ཡི་གེ་རྣམས།། གང་ལ་གང་འཚམས་དེ་འབོད་དེ།། རྒྱུད་ལ་སོགས་པའི་བཤད་ལུགས་རྣམས། ། གོང་དུ་བཤད་པ་ཁོ་ནར་ཟེར།། ཐམས་ཅད་དེ་ཡིས་འགྲོལ་བར་འགྱུར།། རང་གྲོལ་ཐབས་ཆེན་རྒྱུད་ཆེན་འདིས།། ཐམས་ཅད་གྲོལ་བའི་ཤེས་རབ་མཆོག། འདི་ཡིས་བཤད་ཅིང་འདི་ཡིས་བཀྲོལ། ། རྒྱུད་རྣམས་ཀུན་གྱི་མདུད་པ་རྣམས།། འདི་ཡིས་བཅིངས་པ་འགྲོལ་བའོ།། དང་པོ་ལ་ཡང་འདིས་བསྟན་ཏོ།། ཕྱི་ཡི་དོན་ཉིད་འདི་ལྟ་སྟེ།། གནས་དང་དུས་ལ་སོགས་པ་རྣམས།། གང་དུ་བསྟན་ཅིང་བཤད་པའོ། ། ནང་གི་དོན་ནི་འདི་ལྟ་སྟེ།། དང་པོ་ལོ་རྒྱུས་དོན་བཤད་དང།། རྩ་བ་དང་ནི་དགོས་ཆེད་དང།། ཡི་གེ་དང་ནི་ཚིག་དོན་དང།། དེ་བཞིན་ནང་དུ་བཤད་པར་བྱ།། ལོ་རྒྱུས་རྣམ་པ་གསུམ་གྱིས་བསྟན།། དགོངས་པས་བརྒྱུད་དང་བརྡའ་ཡིས་བརྒྱུད། ། སྙན་ཁུང་བརྒྱུད་པ་གསུམ་དུ་གྲགས།། རྩ་བའི་དོན་ལ་འདི་ལྟ་སྟེ།། གདམས་ངག་ཉི་ཤུ་རྩ་གཅིག་གིས།། རིག་པའི་འཁོར་ལ་བསྟན་པར་བྱ།། དགོས་ཆེད་དོན་ལ་འདི་ལྟ་སྟེ། ། རིག་པའི་ཡེ་ཤེས་གཏན་ལ་འབེབས།། དེ་ཡི་དགོས་ཆེད་བསྟན་པ་དང།། རྒྱུད་ལུང་མན་ངག་ཐམས་ཅད་ཀུན།། འདི་ཡིས་ཡང་དག་འགྲོལ་བའི་ཕྱིར།། དགོས་ཆེད་གཉིས་སུ་བསྟན་པའོ།། ཡི་གེའི་དོན་ལ་འདི་ལྟ་སྟེ། ། ཐམས་ཅད་སྡུད་ཕྱིར་བསྟན་པ་དང།། ཐམས་ཅད་འབྱུང་ཕྱིར་བསྟན་པའོ།། བཤད་ཐབས་ཚིག་དོན་འདི་ལྟ་སྟེ།། ཚིག་གི་སྒོ་ནས་ཡང་དག་བཤད།། ཚིག་ལ་བཤད་ལུགས་གྲངས་མང་ཡང།། འོག་ནས་རྒྱས་པར་འབྱུང་བའོ། ། ཀླད་ཚིག་རྒྱས་པར་བསྟན་བྱའི་ཕྱིར།། དྲིས་པ་དག་དང་དྲིས་ལན་རྣམས།། འཁོར་དང་སྟོན་པ་ཉིད་དུ་བསྟན།། དེ་ཡང་མདོ་དང་རྒྱས་པའོ།། བཤད་ཐབས་ལུགས་དང་མདོ་རྒྱས་རྣམས།། ཡང་དག་ཚིག་དང་འབྲེལ་བར་བཤད། ། དེ་ཡང་དང་པོ་སྤྲུལ་པའི་གནས།། ལོ་རྒྱུས་དོན་དང་བཅས་ཏེ་བཤད།། སྤྲུལ་པ་རང་བཞིན་གནས་དང་ནི།། ཤིན་ཏུ་འདས་པའི་གནས་སུ་བཤད།། སྤྲུལ་པའི་རྒྱུ་དང་ངེས་ཚིག་དང། ། བཤད་ཐབས་རིམ་པ་འདི་ལྟ་སྟེ།། དང་པོ་སྤྲུལ་པའི་རྒྱུ་བསྟན་པ།། ཡང་དག་སྦྱངས་དང་དོན་ཆེན་མཐོང།། གང་ཟག་ཆེན་པོ་དེ་རྣམས་ཀུན།། བརྟེན་ཅིང་དབུགས་ཆེན་འབྱིན་གྱུར་པས།། སྤྲུལ་པའི་རྒྱུ་ཞེས་ཀུན་ཏུ་གྲགས། ། སྤྲུལ་པའི་ངེས་ཚིག་འདི་ལྟ་སྟེ།། ཕྱེད་སྣང་ཞེས་ཀྱང་འདི་ལ་བྱ།། འཁོར་བ་ལོག་ཅིང་དག་པའི་ཞིང་ལ་སྣང།། ཕྱེད་སྣང་དཀྱིལ་འཁོར་ཆེན་པོར་བཤད།། གང་ལ་གང་འདུལ་དེར་སྟོན་ཅིང། ། མཛད་པའི་ཕྲིན་ལས་མཐར་ཕྱིན་གྱུར་པ་ན།། སྤྲུལ་སྐུ་ཕྱེད་སྣང་ཞེས་ཀྱང་ཀུན་ཏུ་གྲགས།། རིམ་པ་བཞིན་དུ་ཀུན་ཏུ་བཤད།། དེ་བཞིན་ཀླད་ཀྱི་ཚིག་རྣམས་ཀུན།། རྒྱས་པར་ཡང་དག་བཤད་པའོ།། ཡང་དག་ཚད་མའི་དོན་དེ་ཉིད། ། སུས་ཀྱང་ཤེས་པར་མེད་འགྱུར་ཞིང།། ཡང་ན་གཏན་ཚིགས་བཤད་མི་དགོས།། ཐེག་དམན་གཞན་དག་ཟིལ་མནན་ཕྱིར།། ཚིག་ཆེན་དོན་ཆེན་བསྟན་པར་བྱ།། ཚིག་ལ་ཡང་དག་དོན་ཆེན་མི་རྟོག་གིས། ། དེ་ནི་མདོར་བསྟན་གོང་ཚིག་གོ། རྒྱུད་ཆེན་རྒྱལ་པོ་བཤད་ལུགས་རྣམས།། འདི་བཞིན་ཚིག་དོན་ལེགས་པར་བསྟན།། རྒྱུད་ཆེན་རྒྱལ་པོ་འདི་ཉིད་ལ།། ཤློ་ཀ་ནི་བདུན་བརྒྱ་ལྔ་བཅུའོ།། ཚིག་ནི་བྱེ་བ་དང་ནི་བདུན་བརྒྱ་སྟེ། ། ཤད་ནི་འབུམ་དང་ཉིས་བརྒྱར་བཤད།། ལེའུ་བརྒྱད་ཅུ་རྩ་དྲུག་ལས།། འདུན་པའི་ཚིག་དང་བཤད་པའི་ཚིག། གབ་པའི་ཚིག་དང་སྤས་པའི་ཚིག། ཤིན་ཏུ་གསང་བའི་ཚིག་རྣམས་ཀུན།། རང་རང་དོན་དང་འབྲུ་ལ་སྦྱར། ། ཡོད་མེད་སྟོང་པའི་ཚིག་རྣམས་ཀུན།། དོན་དང་བསྟུན་ཏེ་བཤད་པར་བྱ།། དབུ་ཞབས་དོན་ནི་བདུན་གྱིས་བསྟན།། དོན་དུ་ཤེས་དང་ལན་ཚིག་དང།། འདི་ལྟར་རྒྱུད་ལས་ཤེས་པར་བྱ།། ཕྱག་འཚལ་བ་དང་མཚན་སྨོས་དང། ། བཤད་པར་དམ་བཅའ་ཀླད་ཀྱི་ཚིག། མདོ་དང་རྒྱས་པ་ཆེན་པོ་དང།། ཤིན་ཏུ་རྒྱས་པ་ཆེན་པོ་རྣམས།། གཞུང་གི་ཚིག་ཏུ་བསྟན་པའོ།། མན་ངག་རྟོགས་པའི་དོན་རྣམས་དང།། རྣམ་པ་བདུན་དུ་གྲགས་པ་ཡིན། ། དེ་ནི་དབུ་ཞབས་དོན་དུ་ཡང་དག་བསྟན།། ལེའུའི་དོན་རྣམས་སོ་སོ་ཡི།། མཚན་དུ་ཡང་དག་བཤད་པར་བྱ།། རྒྱུད་དང་ཡེ་ཤེས་བསྟན་པའི་ཕྱིར།། རྒྱུད་རྒྱལ་འདི་ཉིད་ཉོན་ཅིང་ལྟོས། ། གཞན་དག་མ་ཁྲོལ་བ་རྣམས་ཀྱང།། འདི་ལ་བསྟན་གྱི་འགྲོ་བར་གྱིས།། མཐར་ཕྱིན་འགྲོལ་བའི་རྒྱུད་ཆེན་འདི།། བཤད་ཅིང་དགྲོལ་བས་ཡིད་ཆེས་འགྱུར།། ཐེ་ཚོམ་མེད་ཅིང་རང་དོན་རྙེད།། མཐའ་ཡས་གཅིག་ཏུ་སྡུད་པའི་སེམས། ། ང་ཡིས་དོན་ཆེན་འབྱུང་བར་བཤད།། མཇུག་གི་དོན་དང་ཡན་ལག་དོན།། རབ་ཏུ་བཤད་པས་ཡིད་ཆེས་འགྱུར།། བསྟན་པའི་རྒྱལ་པོའི་བཤད་ལུགས་ཀྱང།། གནས་སྐབས་འདི་ལྟར་བསྟན་པའོ། ། ལུང་ལྟར་བཤད་དང་རྒྱུད་ལྟར་བཤད།། མན་ངག་ལྟ་བུར་བཤད་པ་གསུམ།། འཇུག་པའི་སྒོ་ལ་ཤེས་པར་བྱ།། ལུང་ལ་རྣམ་པ་གསུམ་གྱིས་བསྟན།། བསྟན་པ་འཇུག་པའི་ལུང་དང་ནི།། ཤིན་ཏུ་གནས་པ་དག་གི་ལུང། ། གཏན་ལ་ཕབ་པའི་ལུང་དུ་བསྟན།། རྒྱུད་ལ་རྣམ་པ་ལྔ་རུ་བསྟན།། ཕྱི་རྒྱུད་བཤད་པའི་རྒྱུད་དག་དང།། ནང་རྒྱུད་གཏན་ལ་འབེབ་རྒྱུད་དང།། གསང་རྒྱུད་མན་ངག་རྒྱུད་ཆེན་དང།། ཡོངས་སུ་རྫོགས་པ་ཉམས་བླངས་རྒྱུད། ། སྙན་ཁུང་བརྒྱུད་པའི་རྒྱུད་དུ་བསྟན།། མན་ངག་ལ་ཡང་རྣམ་གསུམ་སྟེ།། ཉམས་སུ་བླང་བར་བསྟན་པ་དང།། གཞན་དོན་བསྒྲུབ་ཕྱིར་བསྟན་པ་དང།། བྱ་བ་བཏང་ཕྱིར་མན་ངག་གོ། དེ་བཞིན་བཤད་ལུགས་རྫོགས་པར་བཤད།། ཀླད་ཚིག་བསྡུས་ཏེ་བསྟན་པའོ།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས།། ཀླད་ཚིག་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་འཇམ་དཔའ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་ཐམས་ཅད་མཁྱེན།། བདག་ཅག་མོས་པའི་འཁོར་རྣམས་ལ།། ཀླད་ཚིག་རྒྱས་བསྟན་དེ་ལྟར་ན།། གཞུང་གི་ཚིག་རྣམས་གསུང་དུ་གསོལ། ། ཞེས་ཞུས་སོ།། དེ་ནས་ཡང་བཀའ་སྩལ་པ།། ཀྱེ་མ་གཞོན་ནུར་གྱུར་པ་ཉོན།། ངས་བསྟན་དགྱེས་པའི་ཚུལ་གྱིས་ཉོན།། སྤྱིར་ནི་རྒྱུད་ཀྱི་བཤད་ལུགས་རྣམས།། གཞུང་ལ་རྣམ་པ་གསུམ་གྱིས་བསྟན། ། མདོར་བསྟན་རྒྱས་པར་བཤད་པ་དང།། ཤིན་ཏུ་རྒྱས་པར་བསྟན་པའོ།། མདོ་ལ་རང་རང་ཚིག་གིས་བསྟན།། རྒྱས་པ་གཞུང་དང་མཐུན་པའོ།། ཤིན་ཏུ་རྒྱས་པ་དོན་གསུམ་མོ།། བཤད་བྱ་རིམ་པ་རྣམ་གསུམ་འདོད། ། བཤད་པར་བྱ་བ་འདི་ལྟ་སྟེ།། རང་གི་གྲུབ་མཐའ་བསྐྱང་བ་དང།། གཞན་གྱི་གྲུབ་མཐའ་སུན་འབྱིན་ཕྱིར།། བཤད་བྱ་ཞེས་ནི་དེ་ལ་བྱ།། བཤད་པ་དངོས་གཞི་འདི་ལྟ་སྟེ།། དེ་ཡང་ཚིག་གི་དོན་གྱིས་བསྟན། ། རྣམ་པ་བཅུ་དང་ཉི་ཤུས་བསྟན་པའོ།། སྟག་མོའི་མཆོངས་སྟབས་ཤེས་རབ་ཀྱིས།། དོན་གྱི་ས་ཆེན་བཅད་དེ་བཤད།། ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས།། དོན་གྱི་ཁོག་ནི་ཕུབ་སྟེ་བཤད།། སེང་གེ་གདངས་སྐད་ལྟ་བུའི་བློས། ། ཐེག་དམན་ཟིལ་གྱིས་མནན་ཏེ་བཤད།། རུས་སྦལ་གོག་འགྲོས་ལྟ་བུའི་བློས།། ཡི་གེའི་འབྲུ་རྣམས་ཆོམས་པར་བཤད།། ཕོ་རོག་སོ་རྟོག་ལྟ་བུའི་བློས།། གོལ་སྒྲིབ་གདར་ཤ་བཅད་དེ་བཤད། ། གྱད་གྱི་དོར་ཐབས་ལྟ་བུའི་བློས།། རྒྱས་པ་དོན་ལ་བསྡུས་ཏེ་བཤད།། གླང་ཆེན་ཉལ་བ་ལྟ་བུའི་བློས།། ལྟ་བ་དམིགས་ལ་བཙུགས་ཏེ་བཤད།། མཁའ་ལྡིང་རྒུ་མཐུན་ལྟ་བུ་བློས།། དོན་གྱི་དམིགས་ནི་བཙལ་ཏེ་བཤད། ། གླག་མོ་གཟན་འཇུམ་ལྟ་བུའི་བློས།། དོན་ལ་ཐེ་ཚོམ་མེད་པར་བཤད།། གནའ་ཕྲུག་ཕྲག་འཛེགས་ལྟ་བུའི་བློས།། མི་འཚམས་པ་དང་འཚམས་པར་བཤད།། མུ་ཏིག་རྩར་བརྒྱུས་ལྟ་བུའི་བློས།། མན་ངག་དོན་དུ་བསྡེབས་ཏེ་བཤད། ། དུས་ཀྱི་འབྲུག་ཆར་ལྟ་བུའི་བློས།། ཕ་རོལ་སུན་རྣམས་ཕྱུང་སྟེ་བཤད།། མཚན་མོའི་བུང་བ་ལྟ་བུའི་བློས།། སྒོ་མོ་ཀུན་ནས་བསྡུས་ཏེ་བཤད།། དཔག་བསམ་ལྗོན་ཤིང་ལྟ་བུའི་བློས། ། ཤིན་ཏུ་རྒྱས་པ་ཆེན་པོར་བཤད།། མཁའ་གསལ་ཉི་མ་ལྟ་བུའི་བློས།། ཐམས་ཅད་ཡོངས་ལ་ཁྱབ་པར་བཤད།། གཏིང་གསལ་ཟླ་བ་ལྟ་བུའི་བློས།། འཁོར་བ་མྱ་ངན་འདས་པར་བཤད།། སེང་གེ་བཞུགས་ཚུལ་ལྟ་བུའི་བློས། ། བསྒོམ་པའི་དོན་དང་བསྟུན་ཏེ་བཤད།། ངང་མོ་མཐུན་འགྲོས་ལྟ་བུའི་བློས།། དོན་གྱི་ཁོག་ཕུབ་བསྡེབས་ཏེ་བཤད།། བར་སྣང་འཇའ་ཚོན་ལྟ་བུའི་བློས།། ཆོས་དབྱིངས་རྒྱན་དང་བཅས་པར་བཤད། ། སྤུ་གྲི་སོ་འདེབས་ལྟ་བུའི་བློས།། བལྟ་བ་ལ་ཤན་ཕྱེ་སྟེ་བཤད།། མེ་ལོང་དཀྱིལ་འཁོར་ལྟ་བུའི་བློས།། རྒྱུ་རྐྱེན་གཉིས་དང་བཅས་ཏེ་བཤད།། བར་སྣང་གློག་འགྱུ་ལྟ་བུའི་བློས།། ཚིག་རེ་དོན་རེ་མྱུར་བར་བཤད། ། ནམ་མཁའ་སྟོང་བ་ལྟ་བུའི་བློས།། རྒྱ་ཆེ་མཐར་ཐུག་མེད་པར་བཤད།། ཟུག་པ་རྩ་བ་ལྟ་བུའི་བློས།། རིག་པའི་དངོས་པོ་བསྟན་ཏེ་བཤད།། འདྲིལ་པ་སྡོང་པོ་ལྟ་བུའི་བློས།། ཆོས་རྣམས་དོན་ལ་དྲིལ་ཏེ་བཤད། ། གྱེས་པ་ཡལ་ག་ལྟ་བུའི་བློས།། མན་ངག་དོན་གྱིས་བརྟགས་ཏེ་བཤད།། རྒྱས་པ་ལོ་འདབ་ལྟ་བུའི་བློས།། ཉི་ཤུ་རྩ་གཅིག་དོན་རྣམས་བཤད།། གསལ་བ་མེ་ཏོག་ལྟ་བུའི་བློས།། སྒྲོན་མ་རྣམ་པ་གཉིས་ལྟར་བཤད། ། སྨིན་པ་འབྲས་བུ་ལྟ་བུའི་བློས།། འབྲས་བུ་རྒྱུར་མི་ལྡོག་པར་བཤད།། དེ་ལ་སོགས་པའི་བཤད་ཐབས་རྣམས།། རིམ་པ་བཞིན་དུ་ཤེས་པར་བྱ།། བཤད་པའི་ཐབས་དང་འཇུག་སྒོ་རྣམས།། དེ་བཞིན་ཉིད་དུ་ཤེས་པར་བྱའོ། ། དེ་ནས་ཡང་མཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྟོན་པ་ཡེ་ཤེས་སྐུ།། བཤད་པ་དངོས་ནི་ཇི་ལྟ་བུ།། བཤད་བྱའི་རིམ་པ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གཞོན་ནུ་འདི་དཔྱད། སྟོབས་ལྡན་ཉིད།། ངས་བསྟན་ལེགས་པར་དོན་གྱིས་ཉོན།། ཡིད་ལ་སོགས་པའི་བྱ་བ་མཐོང།། བཤད་བྱའི་རིམ་པ་འདི་ལྟ་སྟེ།། ཡང་དག་དོན་གྱི་བཤད་བྱ་ནི། ། གསང་བའི་ཚིག་དང་གབ་པའི་ཚིག། སྦས་པའི་ཚིག་རྣམས་བསྟན་བྱའི་ཕྱིར།། བཤད་བྱའི་རིམ་པའི་ངོ་བོ་ནི།། རྒྱུ་མཚུངས་ལྡན་པའི་ངེས་ཚིག་ལས།། གབ་དང་སྦས་པའི་བྱ་བ་རྣམས།། མ་ལུས་བཤད་པས་བཤད་ཅེས་བྱའོ། ། རིམ་པའི་མདོ་ཉིད་གསལ་བར་སྟོན།། དེ་ཡང་ཚིག་ཉིད་དོན་གྱིས་བསྟན།། འཛིན་མེད་བཤད་པ་ཀུན་གྱི་དངོས།། ཕྱི་ནང་ཀུན་གྱི་ཡེ་ཤེས་ལ།། བྱས་པས་བཤད་པའི་ཚིག་རྣམས་རྙེད།། བྱུང་བས་ཡེ་ཤེས་དོན་ལ་སྦྱོར། ། རིམ་པ་དངོས་མིན་བཤད་པར་བསྟན།། བཤད་བྱའི་རིམ་པའི་མཚན་ཉིད་ནི།། གང་ལ་འཛིན་པའི་བལྟ་བ་མེད།། དངོས་པོ་མེད་དང་སྣང་ཕྱིར་དང།། བཤད་པའི་སྒྲ་ནི་གྲགས་པས་སྟོང། ། བཤད་པའི་ཚིག་ནི་དོན་ལ་སྦྱོར།། བཤད་པའི་དོན་ནི་དབྱིངས་སུ་སྡུད།། བཤད་པའི་བལྟ་བ་ཐུག་པ་མེད།། བཤད་པའི་བསྒོམ་པ་མི་གནས་ཤིང།། བཤད་པའི་རྟགས་ལ་དུས་མཚམས་མེད།། བཤད་པའི་ཡུལ་ལ་དམིགས་པ་མེད། ། དེ་བཞིན་བཤད་པའི་རིམ་པ་རྣམས།། ཀུན་ལ་དེ་བཞིནཤེས་པར་བྱའོ།། ཨེ་མ་དོན་ཉིད་མཚོན་པའི་ཕྱིར།། བཤད་པའི་རིམ་པ་བརྗོད་པའོ།། བཤད་པའི་གཞུང་ལ་འདི་ལྟ་སྟེ།། བལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས། ། གནས་དང་དུས་དང་ཡང་དག་ཉིད།། དོན་དམ་མཚོན་པའི་ངང་དུ་གསུངས།། དབྱེ་བའི་བྱེ་བྲག་རྒྱས་པ་རྣམས།། སྡོམ་བྱང་ནས་ཀྱང་དེ་བཞིན་ནོ།། ཨེ་མ་གཞུང་ལུགས་རྒྱས་པར་བཤད་པ་རྣམས། ། དེ་ལ་དེ་ཡི་དོན་འབྱུང་བསྟན།། ཡང་དག་དགོངས་པ་དགྲོལ་བའི་ཕྱིར།། རང་གྲོལ་རང་གིས་དགྲོལ་བྱའི་ཕྱིར།། རྒྱུད་ཀྱི་རྒྱལ་པོ་འདི་བཤད་དོ།། གཞན་གྱི་བྱ་བ་རྫོགས་བྱའི་ཕྱིར།། རྒྱུད་ཆེན་ལེའུ་འདི་གསུངས་སོ། ། གྲོལ་ལུགས་བཤད་ལུགས་རྣམ་པ་གཉིས།། ཀུན་ལ་ཁྱབ་པ་ཤེས་པར་བྱ།། དེ་ཡང་བསྟན་ལུགས་འདི་ལྟ་སྟེ།། སྒྲ་ཡི་དོན་རྣམས་བཀྲོལ་བའི་ཕྱིར།། ཚིག་གི་དོན་རྣམས་བཤད་པར་བྱ། ། སྒྲ་ལ་རིང་དང་ཐུང་བ་རྣམས།། བསྟན་པ་འདི་ལྟར་ཡིན་པར་གསུངས།། ཨ་ལ་ཨ་བརྩེགས་རིང་བ་དང།། ཀ་ལ་ཀ་བཏགས་རིང་བར་བཤད།། བ་ལ་བ་བཏགས་ཆེ་བར་འབོད།། ཛ་ལ་ཛ་བཏགས་འཐུག་པོར་འབོད། ། ཉ་ལ་ཉ་བཏགས་རིང་པོར་འབོད།། ས་ལ་ས་བཏགས་ཐུང་ངུར་འབོད།། ཨ་ལ་ཨ་བཏགས་ཆེན་པོར་བཤད།། མ་ལ་མ་བཏགས་འཐུག་པོར་བཤད།། ག་ལ་ག་བཏགས་རིང་བར་བཤད།། ཚ་ལ་ཚ་བཏགས་ཐུང་ངུར་བཤད། ། ཧ་ལ་ཧ་བཏགས་ཆེན་པོར་འབོད།། ཙ་ལ་ཙ་བཏགས་མཐུག་པོར་འབོད།། ཁ་ལ་ཁ་བཏགས་རིང་པོར་བསྟན།། ང་ལ་ང་བཏགས་ཐུང་ངུ་ཡིན།། ས་པ་ལ་བ། ལ་ས་བཏགས་ཆེན་པོར་འབོད། ། ཐ་ལ་ཐ་བཏགས་མཐུག་པོ་ཡིན།། དེ་ལ་སོགས་པའི་ཡི་གེ་རྣམས།། འབྲུ་སྦྱར་དོན་ལ་ཤེས་པར་བྱ།། དེ་ཡང་དཀྲུགས་པ་འདི་ལྟ་སྟེ།། ཀ་ལ་ཙ་བཏགས་མཐུག་པོ་ཡིན།། ཐ་ལ་ན་བཏགས་མཐུག་པོར་འབོད། ། ཛ་ལ་ཁ་པ་ཡང། བཏགས་མཐུག་པོ་བསྟན།། མ་ལ་ཤ་བཏགས་མཐུག་པོར་བཤད།། ས་པ་ཡང་ལ་ཨ་བཏགས་མཐུག་པོའི་དོན།། ད་ལ་ན་ལ་ཏ་ཡང། ན་བཏགས་མཐུག་པོར་བཤད།། དེ་རྣམས་མཐུག་པོ་དག་ཏུ་འབོད། ། རིང་བའི་ཡི་གེ་འདི་ལྟ་སྟེ།། ཡ་ལ་ང་བཏགས་རིང་བར་བཤད།། ག་ལ་ཧ་བཏགས་རིང་བ་ཉིད་དུ་འབོད།། ཐ་ལ་ད་བཏགས་རིང་བ་ཉིད་དུ་བཤད།། འ་ལ་ཁ་བཏགས་རིང་བ་ཉིད་དུ་འབོད།། ཏ་ལ་ན་བཏགས་རིང་བར་བཤད། ། ཤ་ལ་ཞ་བཏགས་རིང་བའོ།། དེ་རྣམས་རིང་བ་ཉིད་དུ་བཤད།། འདི་རྣམས་ཆེ་བར་འབོད་པའོ།། ས་ས་ཡང་ལ་ལ་བཏགས་ཆེ་བ་ཉིད།། མ་ཡ་ཡང་ལ་དུ་བཏགས་ཆེ་བའོ།། ཀ་ལ་སྐྲེ་བཏགས་ཆེ་བར་འབོད། ། ཧ་ལ་ཏ་བཏགས་ཆེ་བ་ཉིད་དུ་འབོད།། ཉ་ལ་ར་བཏགས་ཆེ་བའོ།། ང་ལ་ཏེ་ཡང། དེ་བཏགས་ཆེ་བའོ།། ཡ་ལ་ལ་བཏགས་ཆེ་བ་ཉིད།། སྨ་ལ་ཁྲུ་བཏགས་ཆེ་བ་ཉིད།། དེ་རྣམས་ཆེ་བའི་ཡི་གེར་བཤད། ། ཐུང་བའི་གདོན་ནི་འདི་ལྟ་སྟེ།། ད་ལ་ང་ཡང། ཡ་བཏགས་ཐུང་ངུར་འབོད།། ག་ལ་ང་བཏགས་ཐུང་ངུར་བཤད།། ད་ལ་ང་བཏགས་ཐུང་ངུར་འབོད།། ཀ་ལ་ཞ་བཏགས་ཐུང་ངུར་བཤད།། ཛ་ཇ་ཡང་ལ་ད་བཏགས་ཐུང་བའོ། ། མ་ཡ་ཡང་ལ་ནི་བཏགས་ཐུང་བར་བཤད།། ཁ་ལ་ཨུ་བཏགས་ཐུང་བའོ། ས་ལ་ཏ་ད་ཡང། བཏགས་ཐུང་བ་ཉིད། ད་ལ་ན་བཏགས་ཐུང་བ་དག་དུ་བཤད།། དེ་ལ་ཡན་ལག་གང་བྱུང་བ། ། དེ་དང་མཐུན་པར་འབོད་པའོ།། དེ་བཞིན་ལེའུ་མཚན་བསྡུས་བསྟན། གཞུང་གི་ཚིག་རྣམས་ཀུན།། མདོ་དང་རྒྱས་པ་ཆེན་པོར་གསུངས།། ཡང་དག་གཏན་ལ་འབེབས་པའི་རྒྱུད།། ཀུན་གྱི་བཤད་ལུགས་མ་ནོར་བར། ། མཐོང་ཚད་རྟོགས་ཚད་རྣམས་སུ་བཤད།། གོམས་པའི་རྒྱུད་ལ་ཤེས་རིག་གསལ།། དེ་ཡང་རྒྱུད་ཀྱི་གཏན་ཚིགས་སོ།། རྒྱུད་ཆེན་ངེས་ཚིག་གཏན་ཚིགས་དང།། དང་པོ་ངེས་ཚིག་རྒྱུ་བསྟན་ཏེ།། བྱ་བ་རྒྱུ་ཡི་ངེས་ཚིག་དང། ། བྱེད་པ་རྐྱེན་གྱི་ངེས་ཚིག་གོ། བྱ་བ་རྒྱུ་ཡི་ངེས་ཚིག་ནི།། ཡན་ལག་བརྒྱད་དང་ལྡན་ཕྱིར་རྒྱུད།། བྱེད་པ་རྐྱེན་གྱི་ངེས་ཚིག་ནི།། རྒྱལ་བ་དགོངས་པས་བརྒྱུད་ཕྱིར་རྒྱུད།། ཡང་ན་སྙན་ཁུང་བརྒྱུད་པའམ། ། དེ་ཡི་ཕྱིར་ན་རྒྱུད་དུ་གསུངས།། དེ་ནི་གཞུང་ལུགས་རྒྱས་པའོ།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས།། གཞུང་དོན་བསྡུས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་གསུམ་པ་གཞུང་དོན་མདོར་བསྡུས་ལ་བསྟན། གསང་བའི་བདག་པོས་འདི་སྐད་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྟོགས་ལྡན་དོན།། གཞུང་གི་ཚིག་དོན་དེ་ལྟར་ན།། མཇུག་གི་ཚིག་དོན་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་ཡང་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་རྡོ་རྗེ་འཛིན།། ལེགས་པར་བརྟན་པའི་ཡིད་བཅས་ནས།། བསམ་པ་བརྟན་པོས་བཟུང་བར་གྱིས།། ཆོས་ལ་སོགས་པའི་རྟོགས་པ་རྣམས།། མི་འཇིགས་དད་པས་འཇུག་པའི་ཕྱིར།། ཡང་དག་དོན་གྱི་ལུང་འདི་བཤད། ། འཇིགས་བཅས་ཡིད་རྣམས་སྤངས་ལ་ཉོན།། ཀྱེ་མ་གསང་བདག་རྡོ་རྗེ་འཛིན།། མཚན་མ་སྤང་བའི་གཞུང་ལུགས་ནི།། གོང་དུ་བཤད་ཅིང་བཀྲོལ་བའོ།། མཇུག་གི་དོན་བསྟན་འདི་ལྟ་སྟེ། ། མན་ངག་དོན་དང་གཏན་ཚིགས་དོན།། མཐའ་སྡུད་རྣམ་པ་གསུམ་དང་ནི།། རྫོགས་པའི་ཆོས་རྣམས་ཀུན་ཏུ་གྲགས།། མཐའ་སྡུད་རྣམ་གསུམ་འདི་ལྟ་སྟེ།། གཏི་མུག་རྨོངས་པའི་མདུད་པ་དང།། ཞེ་སྡང་མངོན་སྣང་མདུད་པ་དང། ། འདོད་ཆགས་ལམ་གྱི་མདུད་པ་དང།། རྣམ་པ་གསུམ་དུ་ཀུན་ཏུ་གྲགས།། དེ་རྣམས་གསལ་ཕྱིར་གདམས་ངག་བསྟན།། དེ་ཡང་ཉི་ཤུ་རྩ་གཅིག་གིས།། བློ་ཡིས་ཐེ་ཚོམས་བསལ་བྱའི་ཕྱིར།། མ་ནོར་ལེགས་པར་བསྟན་པར་བྱ། ། བསྟན་པའི་ཡུལ་ནི་སེམས་ཅན་ནོ།། བསྟན་པའི་རྒྱུ་ཉིད་ཀུན་ལ་ཁྱབ།། དེ་ཡང་བསྟན་ལུགས་འདི་ལྟ་སྟེ།། ཆོས་ཉིད་ཡུལ་ངོ་ཕར་སྤྲད་པས།། དོན་གྱི་སྙིང་པོ་ཚུར་ལ་འཕྲོད།། རང་གི་གདངས་ལ་ཕར་སྤྲད་པས། ཡེ་ཤེས་སྣང་བ་ཚུར་ལ་མཐོང།། འབྱུང་བའི་གདངས་ལ་ཕར་སྤྲད་པས།། དག་པའི་ཞིང་ཁམས་ཚུར་ལ་མཐོང།། ནམ་མཁའི་ངང་ལ་ཕར་སྤྲད་པས།། སྒྲོན་མའི་སྙིང་པོ་ཚུར་ལ་མཐོང། ། དབང་པོའི་ཡུལ་ལ་ཕར་སྤྲད་པས།། བློ་ཡི་ཆོས་རྣམ་རང་སར་གྲོལ།། མཐོང་བའི་ཡུལ་ལ་ཕར་སྤྲད་པས།། གོམས་པའི་འབྲས་བུ་ཚུར་ལ་མཐོང།། འཛིན་པའི་ཡུལ་ལ་ཕར་སྤྲད་པས། ། འཛིན་མེད་རང་སྣང་ངོ་བོ་མཐོང།། དག་པའི་ཡུལ་ལ་ཕར་སྤྲད་པས།། རྣམ་དག་ཞིང་ཁམས་ལྷུག་པར་མཐོང།། རང་སྣང་ཡུལ་ལ་ཕར་སྤྲད་པས།། སྐྱེ་མེད་རང་སྣང་ངོ་བོ་མཐོང།། གསང་སྔགས་རྒྱུད་ལ་ཕར་སྤྲད་པས། ། འགག་མེད་སྣང་བ་མཐོང་བའོ།། ཡུལ་སྙིང་པོའི་ཡུལ་ཀྱི་དྲི་མ་གསལ་བའོ། གྱི་སྙིང་པོ་ལྟོས་པའི་ཆོས།། བྱ་རྩོལ་བྲལ་ཞིང་ཀ་ནས་དག། སྙིང་པོ་བགྲོད་མེད་ངོ་བོ་ཉིད།། ལམ་ལ་འཛིན་པའི་གོལ་ས་མེད།། ཡོད་མེད་སྟོང་པའི་ཆོས་རྣམས་ལ། ། བྱ་རྒྱུའི་དྲི་མ་མེད་པའོ།། ཀུན་སྡུད་ཡུལ་རྣམས་སྤང་བ་ལ།། མཚན་མར་འཛིན་པའི་གོལ་ས་མེད།། དེ་ལྟར་གདམས་ངག་ཐེབས་པ་དང།། གོམས་པའི་སྟོབས་གྱིས་ཉམས་ལེན་བྱ། ། གདམས་པའི་ཡུལ་དང་བསྟན་ཐབས་ཀྱང།། འདི་ལྟར་ཀུན་ལ་ཤེས་པར་བྱ།། དང་པོ་དཔེ་ཡི་དཀྱིལ་འཁོར་གྱིས།། དོན་གྱི་སྙིང་པོ་བསྟན་པར་བྱ།། དེ་ནས་རྟགས་ཀྱི་ངོ་སྤྲོད་ཀྱིས།། ཡིད་ཆེས་བསྐྱེད་ཅིང་གཏན་ཡང་དབབ། ། དེ་ནས་དོན་གྱི་ངོ་སྤྲོད་ཀྱིས།། ཉམས་སུ་བླང་བའི་རིམ་པ་བྱ།། ཉི་མའི་དཀྱིལ་འཁོར་ངོ་སྤྲོད་ཀྱིས།། སྐུ་གསུམ་གཏན་ལ་དབབ་པར་བྱ།། ཆུ་ཡི་ཟླ་བའི་ངོ་སྤྲོད་ཀྱིས།། བར་དོ་དང་པོ་ངོས་གཟུང་བྱ། ། ནམ་མཁའ་སྤྲིན་མེད་ངོ་སྤྲོད་ཀྱིས།། ཆོས་ཀྱི་དབྱིངས་ལ་ངོས་གཟུང་བྱ།། བར་སྣང་འཇའ་ཚོན་ངོ་སྤྲོད་ཀྱིས།། མུ་ཁྱུད་ར་བའི་ངོས་གཟུང་བྱ།། རྒྱ་མཚོ་དངས་པའི་ངོ་སྤྲོད་ཀྱིས།། ཡེ་ཤེས་སྣང་བའི། བཞིའི་ངོས་གཟུང་བྱ། ། མེ་ལོང་དཀྱིལ་འཁོར་ངོ་སྤྲོད་ཀྱིས།། ཡེ་ཤེས་བཞི་རྣམས་ངོས་གཟུང་བྱ།། མར་མེའི་དཀྱིལ་འཁོར་དངས་པ་ཡིས།། རྟོག་མེད་གསལ་བ་ངོས་གཟུང་བྱ།། མན་ཤེལ་དཀྱིལ་འཁོར་ལྟ་བུ་ཡིས།། དྲི་མེད་ཀ་དག་ངོས་གཟུང་བྱ། ། གཞོན་ནུ་བུམ་པའི་ངོ་སྤྲོད་ཀྱིས།། ཀ་དག་ཆོས་སྐུ་ངོས་གཟུང་བྱ།། གཟུགས་སྐུ་ཉམས་ཀྱི་ངོ་སྤྲོད་ཀྱིས།། ཚོམ་བུའི་སྣང་བ་ངོས་གཟུང་བྱ།། དཀྱིལ་འཁོར་མེ་ལོང་ངོ་སྤྲོད་ཀྱིས།། ཞིང་ཁམས་གཉིས་པ་ངོས་གཟུང་བྱ། ། སྣང་བ་བུ་གའི་ངོ་སྤྲོད་ཀྱིས།། ཐུགས་ཀའི་ཟེར་ཐག་ངོས་གཟུང་བྱ།། ནམ་མཁའ་སྤྲིན་བཅས་ངོ་སྤྲོད་ཀྱིས།། མ་རིག་རིག་པ་ངོས་གཟུང་བྱ།། སྐུ་ཕྱེད་བསྟན་པའི་ངོ་སྤྲོད་ཀྱིས།། སེམས་དཔའི་ཆོས་རྣམས་ངོས་གཟུང་བྱ། ། འཁར་གཞོང་བཅུད་ཀྱི་ངོ་སྤྲོད་ཀྱིས།། ཡེ་ཤེས་ངོ་བོ་ངོས་གཟུང་བྱ།། དཔའ་བོ་སྟོབས་ལྡན་ངོ་སྤྲོད་ཀྱིས།། ཁྲོ་བོའི་ཞིང་ཁམས་ངོས་གཟུང་བྱ།། འདྲ་འབག་ཕྱེད་སྐུའི་ངོ་སྤྲོད་ཀྱིས།། རང་གི་གནས་ལུགས་ངོས་གཟུང་བྱ། ། སྒྲོན་མའི་བཞག་ཐབས་ཆེན་པོ་ཡིས།། སྣང་བའི་འཆར་ལུགས་ངོས་གཟུང་བྱའོ།། དེ་བཞིན་ཉི་ཤུ་རྩ་གཅིག་གིས།། རང་རང་ཡེ་ཤེས་གཏན་ལ་དབབ།། དེས་ནི་གཞུང་དོན་རྒྱས་པར་བསྟན། ། ཨེ་མ་རྫོགས་ལུགས་འདི་ལྟ་སྟེ།། གཞུང་ལ་རྫོགས་དང་རྫོགས་པ་མཐར་ཐུག་བསྡུ་བ་བསྟན། ཀླད་ལ་རྫོགས།། སྟོང་པ་རྫོགས་དང་ཡེ་ཤེས་རྫོགས།། འོད་ལྔ་རྫོགས་དང་སྐུ་ལྔ་རྫོགས།། མཐར་ཕྱིན་པ་ལ་དེ་བཞིན་གཤེགས། ། དབང་བསྐུར་དཀྱིལ་འཁོར་རྫོགས་ནས་ནི།། གདམས་ངག་རྒྱས་པ་གདབ་པར་བྱ།། དམ་ཚིག་ལ་ནི་ཅི་བཞིན་གནས།། གསང་སྔགས་ཐབས་ལྡན་དག་ལ་ཡང།། མ་ནོར་ལུང་ཆེན་བསྟན་པར་བྱ། ། གསང་སྔགས་གནད་ཀྱི་བཅུད་ཕྱུང་བའི།། རབ་ཏུ་གསང་བའི་ཡེ་ཤེས་མཆོག། དགོས་པ་ཚད་མེད་ཡུལ་གཞལ་བའི།། ཡེ་ཤེས་གསང་བའི་བདུད་རྩི་འདི།། ཀུན་གྱིས་གོ་བར་དགའ་བའི་དོན།། དགོངས་པ་ཡང་དག་ཆེན་པོར་འདོད། ། དཀྱིལ་འཁོར་གསང་བ་ཐམས་ཅད་ཀྱི།། ལྷ་ཉིད་འདི་ལ་རྫོགས་པའོ།། ཀླད་ཀྱི་ཚིག་ལ་གཞུང་དོན་རྫོགས།། མཇུག་གི་ཚིག་ལ་ཀླད་དོན་རྫོགས།། རྒྱུད་ཆེན་རྒྱལ་པོ་འདི་ཉིད་ལ།། སྦས་པ་གསུམ་དང་གསང་བ་གསུམ། ། མན་ངག་དྲུག་ལྡན་དཀྱིལ་འཁོར་ནི།། གཞུང་གི་ཁོངས་ནས་ཤེས་པར་བྱའོ།། དེ་བཞིན་རྒྱུད་ཀྱི་རྒྱལ་པོ་ལས།། འཕན་དང་འཁྲུགས་རྣམས་མེད་པར་གསུངས།། ཀླད་དང་གཞུང་ལ་སོགས་པ་རྣམས། ། རབ་ཏུ་གསལ་བ་ཉིད་ཡིན་པས།། གཞན་དུ་མ་བསྟན་འདི་ཉིད་དོ།། རྒྱུད་ཀྱི་རྒྱལ་པོ་བཤད་ཐབས་ནི།། དོན་གསུམ་གྱིས་ནི་རྒྱས་པར་བསྟན།། གཞུང་དོན་མན་ངག་རྒྱས་བསྟན་དང།། དེ་བཞིན་སོ་སོའི་རིམ་པ་རྣམས། ། རབ་ཏུ་བཤད་ཅིང་བཀྲོལ་བའོ།། རྒྱུད་འདི་བཤད་པའི་ཐབས་ལས་རྒྱུད་ཀྱི་ལྡང་ཚད་དང་མཚོན་དཔེ་བསྟན་པའོ། ཀྱང།། རྒྱུད་ཀྱི་ཆེ་བ་བསྟན་པ་དང།། རྒྱུད་ཀྱི་ལྡང་ཚད་མཚོན་དཔེ་དང།། རྒྱུད་ཀྱི་གཏན་ཚིགས་བསྟན་པའོ། ། རབ་ཏུ་དབྱེ་བ་རྒྱས་པ་དང།། གདམས་ངག་གསང་བ་རྒྱས་པ་དང།། རྟོགས་ལྡན་ཐེག་པས་རྒྱས་པའོ།། བསྡུ་བ་རྣམ་པ་གསུམ་གྱིས་བསྟན།། ཐེག་པའི་དོན་བཀྲོལ་བསྡུ་བ་དང། ། བཞག་ཐབས་ཆེན་པོར་བསྡུ་བ་དང།། རིག་པའི་ངང་དུ་བསྡུ་བའོ།། དེ་ཡང་རྒྱས་བསྟན་འདི་ལྟ་སྟེ།། དཔེར་ན་ནམ་མཁའ་སྟོང་པ་ཡི།། ངང་དུ་ཉི་ཟླ་སྡུད་པ་བཞིན།། ཆོས་ཀྱི་ཕོ་བྲང་ཡངས་པ་རུ།། སྣ་ཚོགས་ཡེ་ཤེས་ཆེན་པོར་སྡུད། ། ཡང་དག་དོན་གྱི་ཀློང་ཡངས་སུ།། རིག་པ་སྟོང་པའི་ཡེ་ཤེས་སྡུད།། མཚན་མ་བྲལ་བའི་ནམ་མཁའ་ལས།། སྒྲོན་མ་ཡེ་ཤེས་ངོ་བོ་སྡུད།། རྣམ་དག་དབྱིངས་ཀྱི་སྒྲོན་མ་རུ།། ཕྱི་ནང་གསང་བའི་ཆོས་རྣམས་སྡུད། ། རྒྱས་པར་བསྟན་པ་དེ་བཞིན་ནོ།། ཞུས་པའི་ཚིག་དང་དྲིས་པའི་ཡང་བསྟན་པའོ། བཀའ་སྩལ་པ། ཞུས་པའི་ཚིག་ལ་དོན་གསུམ་སྟེ།། བདག་དོན་བསྡུས་ཏེ་ཞུས་པ་དང།། གཞན་དོན་རྒྱས་པར་ཞུས་པ་དང། ། གཉིས་ཀའི་དོན་དུ་ཞུས་པའོ།། བཀའ་སྩལ་པ་ལ་དོན་བདུན་བསྟན།། གཉེན་པོའི་དོན་ལ་དགོངས་པ་དང།། བསྡུ་བའི་དོན་ལ་དགོངས་པའོ།། དྲང་བའི་དོན་ལ་བཀའ་སྩལ་དང།། ལྡེམ་པོར་དགོངས་པ་བསྟན་པ་དང། ། རིམ་པའི་ཁྱད་པར་བཀའ་སྩལ་དང།། ལམ་གྱི་ཁྱད་དུ་བསྟན་ཅིང་དགོངས།། བློ་དང་བསྟུན་ཏེ་བཀའ་སྩལ་དང།། ཞུས་པ་ཉིད་དང་ཞུས་ལན་དང།། མདོ་དང་རྒྱས་པར་བསྟན་པ་སྟེ། ། དེ་རྣམས་དོན་བཀྲོལ་འདི་ལྟ་སྟེ།། གཉེན་པོའི་དོན་དུ་དགོངས་པ་ནི། ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ལ།། ཆོས་ཀྱི་སྒོ་ཡང་དེ་ཙམ་མོ།། བསམ་གྱིས་མི་ཁྱབ་བརྗོད་མི་ལངས།། གཞལ་དུ་མེད་པར་གསུངས་པའོ། ། བསྡུ་བའི་དོན་ཉིད་འདི་ལྟ་སྟེ།། ཉོན་མོང་སྟོང་ཕྲག་བརྒྱད་ཅུ་ཡང།། རྩ་བ་རྣམ་པ་གསུམ་དུ་འདུས།། བརྒྱད་ཁྲི་བཞི་སྟོང་སྒོ་མོ་ཡང།། བསྡུ་ན་རྣམ་པ་གསུམ་དུ་བཤད།། དེ་ཡང་བསྡུ་ན་འདི་ལྟ་སྟེ།། ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཡང། ། རྩ་བ་མ་རིག་ཉིད་ལ་འདུས།། དེ་བཞིན་ཆོས་ཀྱི་སྒོ་མོ་ཡང།། རང་རིག་གཅིག་པུ་ཉིད་ལ་འདུས།། དེ་ནི་བསྡུ་པའི་དོན་དུ་གསུངས།། དྲང་བའི་དོན་ནི་འདི་ལྟ་སྟེ།། འཁོར་བའི་སྐྱོན་རྣམས་བརྗོད་པ་དང། ། མྱ་ངན་འདས་པའི་ཡོན་ཏན་བརྗོད་པའོ།། དྲང་ནས་ཁད་ཀྱིས་ཞུགས་པར་བྱ་བའི་ཕྱིར།། བློ་དམན་རྣམས་ཀྱི་དོན་དུ་གསུངས།། དེ་ནི་དྲང་བའི་དོན་དུ་བསྟན།། ལྡེམ་པོའི་དགོངས་པ་འདི་ལྟ་སྟེ། ། བློ་དམན་རྣམས་ལ་གསང་བའི་ཕྱིར།། གཅུས་དང་གབ་སྟེ་བསྟན་པ་དང།། གཞན་དག་ཟིལ་གྱིས་མནན་པའི་ཕྱིར།། དགོངས་པ་ལྡེམ་པོར་བསྟན་པའོ།། ཚིག་ལ་ལྡེམ་དང་དོན་ལ་དྲང།། ལྡེམ་དགོངས་མན་ངག་ཚིག་ཏུ་བསྟན། ། རིམ་པའི་ཁྱད་ཀྱི་དགོངས་པ་ནི།། རྫོགས་ཆེན་དགོངས་པའི་རང་སྐད་དོ།། ལམ་གྱི་དུས་ན་དགོངས་པ་ནི།། གསུམ་མམ་མན་ངག་ཉི་ཤུ་གཅིག། བློ་དང་བསྟུན་ཏེ་དགོངས་པ་ནི།། ཐེག་པ་ཉི་ཤུ་རྩ་གཅིག་གོ། ངེས་པའི་ཚིག་ཆོད་བཀའ་སྩལ་ནི།། གསང་བའི་ཐེག་པ་ཉིད་ཀྱི་དོན།། བསམ་གྱིས་མི་ཁྱབ་དོན་རྣམས་ཀྱང།། གསང་བའི་ཐེག་པ་འདི་ཉིད་དོ།། དགོངས་པའི་ཐེག་པ་གྲངས་མང་ཡང།། འདི་ཉིད་དོན་ནི་རྟོགས་པ་མེད། ། དེ་ཕྱིར་ཐེག་ཆེན་གསལ་བར་གྲགས།། འདི་ཐེག་རྒྱལ་ནི་རབ་ཏུ་གསང་ཞིང་སྤྱད་པར་བྱ།། གསང་སྔགས་གནད་ཀྱི་ལོངས་སྤྱོད་རྣམས།། ཡང་དག་བདེ་ཆེན་མཁའ་ལ་རོལ།། དེ་ཕྱིར་ཐེག་པའི་བཅུད་ཕྱུང་བའི། ། རྒྱུད་ཆེན་འདི་ལ་གོམས་པར་བྱ།། གསང་སྔགས་ཐེག་པའི་རྒྱུད་ཆེན་འདི།། བདེ་བ་ཉིད་ལ་རྒྱ་ཆེར་རོལ།། གསང་སྔགས་རྒྱུད་རྒྱལ་ཐེག་པར་བཤད།། ཀླད་དང་གཞུང་དང་མཇུག་དག་ལས།། མདོ་དོན་བསྡུས་ཏེ་བསྟན་པ་ཡིན། ། དེ་བཞིན་རྒྱུད་ཆེན་གང་བཤད་པ།། དེ་ལྟར་ཀུན་ལ་ཤེས་པར་བྱ།། ཚིག་དོན་རྒྱས་པ་ཆེན་པོ་དང།། ཤིན་ཏུའང་རྒྱས་པ་ཆེན་པོར་བཤད།། ངེས་པའི་དོན་ཆེན་འདི་བསྟན་པས། ། ཐེག་པ་དམན་པའི་རིགས་རྣམས་ཀུན།། ཤིན་ཏུ་བློ་དམན་སྐྲག་པར་འགྱུར།། ཡང་དག་ངེས་པའི་ལུང་ཆེན་འདི།། ཀུན་དང་མི་མཉམ་གོང་མའོ།། གཏན་ཚིགས་བརྒྱད་དང་འབྲེལ་བར་བཤད།། གཏན་ཚིགས་བརྒྱད་པོ་འདི་ལྟ་སྟེ། ། ཡང་དག་ངེས་པའི་གཏན་ཚིགས་དང།། གཞན་དོན་འབྲེལ་བའི་གཏན་ཚིགས་དང།། རང་དོན་བསྒྲུབ་པའི་གཏན་ཚིགས་དང།། མཚན་མ་མིང་གི་གཏན་ཚིགས་དང།། འཇུག་པ་ལམ་གྱི་གཏན་ཚིགས་དང། ། བདེན་པ་རྒྱུད་ཀྱི་གཏན་ཚིགས་དང།། ངེས་པ་ལུང་གི་གཏན་ཚིགས་དང།། སུན་འབྱིན་རིག་པའི་གཏན་ཚིགས་སོ།། གཏན་ཚིགས་ཆེན་པོ་རྣམ་པ་བརྒྱད།། དེ་བཞིན་ཀུན་ལ་ཤེས་པར་བྱ། ། རྣལ་འབྱོར་ལམ་གྱི་གཏན་ཚིགས་རྣམས།། རིམ་ནས་རིམ་དུ་སྐྱེ་དང་འགག། ས་དང་ལམ་ལ་ཤེས་པར་བྱ།། ཆོས་ལ་འཛིན་མེད་མཚན་མའི་བློ་དང་བྲལ།། སྟོང་པ་ཡང་དག་རྙེད་པའི་དོན་དང་ཉེ།། གསང་སྔགས་སྦས་པའི་མན་ངག་རྣམས། ། གཞུང་གི་ཚིག་ལས་ཤེས་པར་བྱ།། དེ་བཞིན་དོན་གྱིས་རྒྱས་པར་བསྟན།། བགྲོད་མེད་ལམ་ལ་དེ་བཞིན་གཤེགས།། དེ་ལ་སོགས་ཏེ་མཇུག་གི་དོན།། ཤིན་ཏུ་རྒྱས་པར་བསྟན་པའོ། ། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས།། མཇུག་དོན་རྒྱས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། ཨོཾཿཧཱུ~ཾཿ།། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྒྱུད་ཀྱི་གྲོལ་ལུགས་དེ་ལྟར་ལགས་ན། མན་ངག་གི་དོན་བཤད་ལུགས་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས།། བཞི་པ་མན་ངག་གིས་བཤད་ལུགས་བསྟན། བཀའ་སྩལ་པ།། ཀྱེ་གྲོགས་པོ་དག་ཉོན་ཅིག། ངས་དོན་མ་ནོར་བར་བསྟན་གྱིས་ལེགས་པར་ཉོན་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ལ་ཐོབ་པ་མི་མངའ་བའི་ཕྱིར་ཡེ་ཤེས་ལ་གསལ་འགྲིབ་མེད། ། ལྟ་བ་ལ་རྩིས་གདབ་མེད།། དགོངས་པ་ལ་བར་མཚམས་མེད།། འོད་ལ་གཟུང་འཛིན་མེད། སྐུ་ལ་གཟུགས་མེད། དབྱིངས་ལ་རྒྱ་ཆད་མེད།། ཡུལ་ལ་བདག་འཛིན་མེད། ཞིང་ཁམས་ལ་བལྟར་མེད། དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པའོ།། ད་ནི་རིག་པའི་ལོངས་སྤྱོད་སྟོན་ཏེ། མན་ངག་གསལ་བའི་དོན་རབ་ཏུ་འབྱེད་དེ། ངོ་བོ་ཀ་དགརང་བཞིན་ལྷུན་གྲུབ། ཐུགས་རྗེ་ཕྱེད་སྣང། ཞིང་ཁམས་ཚོམ་བུ་ལ་རྒྱ་ཆད་མེད། སྣང་བ་ལྔ། འབྱུང་བ་གཉིས། ཡེ་ཤེས་ཀྱི་ངོ་བོ་དྲུག། ཡེ་ཤེས་ཀྱི་གནས་གསུམ། ཡེ་ཤེས་འབྱུང་བའི་ཚད་གཅིག་ཡེ་ཤེས་ཀྱི་ལམ་བཞི། ཡེ་ཤེས་ཀྱི་འགྲོས་གཅིག། འདས་པའི་ཚིག་གསུམ་གྱིས། འཁོར་འདས་ཀྱི་རྒྱ་མི་བཅད།། གཅོད་པའི་ཚིག་དྲུག་གིས་ཤེས་རབ་ཡུལ་ལ་བསྐྱལ། བསྟན་པའི་ཚིག་གསུམ་གྱིས་ཡེ་ཤེས་མ་བུ་སྤྲད། དང་པོའི་བྱུང་ས་གཅིག་གིས་ཡེ་ཤེས་ཀྱི་གནས་བཙལ། རིག་པའི་བཞག་ས་གཅིག་གིས་ཉམས་སུ་བླངས་པའི་ཐབས་བསྟན། ། སྐུ་ཡི་གནས་ལུགས་གསུམ་གྱིས་དོན་གཅིག་ཏུ་སྡུད།། རིག་པའི་ཡུལ་གཉིས་ཀྱིས་འོད་ཀྱི་མདངས་གསལ། དཔེ་རིག་པའི་ལོངས་སྤྱོད་རྒྱས་པར་བསྟན་ཏེ། ། ལམ་གྱི་ཡེ་ཤེས་ངོས་བཟུང་བར་བསྟན་པའོ།། དེ་ནས་ཡང་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཐུགས་རྗེའི་བདག་པོ། གཞི་ལམ་གྱི་མཚན་ཉེ་བར་གསུང་དུ་གསོལ།། ཞེས་ཞུས་སོ། ། དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་ཧོ།། སྐྱེས་བུ་དམ་པ་ཁྱོན་ཉོན་ཅིག། ངས་ལེགས་པར་བསྟན་གྱིས། ཁྱོད་ཀྱི་ཡིད་ལ་མ་ཡེངས་བར་ཟུང་ཞིག། དེ་རྣམས་ཐམས་ཅད་ཀྱི་དོན་གསལ་བ་འདི་ཡིན་ནོ།། གཞི་བསམ་པ་ལས་འདས་པ། རྟོག་པ་ལས་འདས་པ། ངོ་བོ་ཐ་དད་ལས་འདས་པ།། རང་བཞིན་དངོས་པོ་ལས་འདས་པ།། ཐུགས་རྗེ་མཛད་པ་ལས་འདས་པ།། འབྲས་བུ་རྩོལ་བསྒྲུབ་ལས་འདས་པ།། ཡེ་ཤེས་ཡིན་མིན་ལས་འདས་པའོ། ། སྤྱོད་པ་ཆོས་དང་འབྲེལ་བ།། དམ་ཚིག་ལྟ་བ་དང་འབྲེལ་བ།། བསྒྲུབ་པ་ལྷ་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ། དགོངས་པ་གཉིས་མེད་དང་འབྲེལ་བ།། སྒོམ་པ་འཛིན་མེད་དང་འབྲེལ་བ། ལྟ་བ་མིང་དང་འབྲེལ་བ། མིང་དོན་སྙིང་དང་འབྲེལ་བ། དཔེ་འཇའ་ཚོན་དང་འབྲེལ་བ། རྟགས་སྒྲོན་མ་དང་འབྲེལ་བ།། དབྱིངས་ནམ་མཁའ་དང་འབྲེལ་བ། སངས་རྒྱས་དང་སེམས་ཅན་དུ་འབྲེལ་བའོ། ། ངོ་བོ་ལ་ཆོས་མེད། སངས་རྒྱས་ལ་སེམས་མེད། སེམས་ལ་འབྲས་བུ་སྨིན།། ཆོས་ལ་བསྒྲུབ་ཏུ་མེད།། འབྲས་བུ་ལ་ཐོབ་ཏུ་མེད། དགོངས་པ་ལ་བར་མཚམས་མེད། ཐུགས་རྗེ་ལ་དབྲི་བཀོལ་མེད།། ལྟ་བ་ལ་ཡིན་མིན་མེད་པའོ། ། གཞི་ལས་འདས་པའི་བྱུང་ས། ཅི་སྟེ་དང་པོ་རྐྱེན་གྱིས་འཁྲུལ་པའི་ཕྱིར་རོ།། ལམ་ལ་འདས་པའི་སྣང་བ། ཅི་སྟེ་ཉམས་སུ་བླང་དགོས་པའི་ཕྱིར་རོ།། འབྲས་བུ་ལས་འདས་པའི་སྣང་བ། ཅི་སྟེ་འབྲས་བུ་རྒྱུར་མི་ལྡོག་པའི་ཕྱིར་རོ། ། ཨེ་མཐོང་བ་ཡེ་ཤེས་ཀྱི་ཚད་བསྟན་པ། མ་ཧོ།། སངས་རྒྱས་ཀྱི་ལམ་ལྔ་ངོ་ཤེས་ན།། སྣང་བ་ལ་དགག་བསྒྲུབ་མེད་པར་འཆར་རོ།། སངས་རྒྱས་ཀྱི་བདེན་པ་མཐོང་བའི་དུས་ན། རང་གི་ཤེས་པ་སྟོབས་སུ་གྱུར་ནས། ། ཡེ་ཤེས་མཁའ་ལ་བརྡལ་བའོ།། སངས་རྒྱས་ཀྱི་དགོངས་པ་རྙེད་པ་ནི། ཡུལ་ལ་ཤེས་པ་འཇུག་པ་མེད་པའོ།། སངས་རྒྱས་ཀྱི་དགོངས་པ་ཉམས་སུ་ལེན་པའི་དུས་སུ། ཡེ་ཤེས་མཁའ་ལ་གསལ་བ་འདི་ལྟ་སྟེ། ། སྣང་བ་ཡུལ་ལ་ཤར་ན་སྐུ་དང་བཅས་པའོ།། ཡེ་ཤེས་ཀྱི་སྣང་བ་རང་ལ་སྐྱེ་བའི་དུས་ནི། ནམ་མཁའ་ལ་འོད་ཀྱི་ཐིག་ལེ་ཤར་བའོ།། རིག་པ་ལ་ཉོན་མོངས་པས་མ་གོས་པའི་དུས་ནིརྐྱེན་དབང་དུ་མི་འགྲོ་བའོ། ། བདུད་བཞི་ཆོམས་པའི་དུས་ནི། སྣང་བ་ཉོན་མོངས་པའི་དབང་དུ་མ་སོང་བའོ།། རྫོགས་ཆེན་མཐའ་ལ་སྐྱོལ་བའི་དུས་ནི། ཤེས་པ་བྱིང་རྒོད་དུ་མ་སོང་བའོ།། ཡེ་ཤེས་ཁོངས་ནས་གསལ་བའི་དུས་ནི། གཉིད་ལོག་པའི་དུས་ལྟ་བུ་ལ་ཤེས་པར་བྱའོ།། རིག་པ་མཁའ་ལ་གསལ་བའི་དུས་ནི།། ནམ་ལངས་པ་ལྟ་བུ་ཤེས་པར་བྱའོ།། ཡེ་ཤེས་དངོས་དང་བྲལ་བའི་དུས་ནི། ཆང་གིས་ར་རོ་བ་ལྟ་བུར་ཤེས་པར་བྱའོ། ། ཀྱེ་མ། རིགས་ཀྱི་བུ་ཡེ་ཤེས་ཀྱི་སྣང་བ་གསལ་བའི་དུས་ན། བར་དུ་གཅོད་པའི་བདུད་ཀྱི་རྒྱུ་བསྟན་པ་བདུད་ཀྱི་སྣང་བ་འདི་ལྟ་བུ་དག་ཀྱང་འབྱུང་ངོ།། ཀྱེ་མ། རིགས་ཀྱི་བུ་ཁྱོད་ལ་སྣང་བ་དེས་ཅི་ཞིག་བྱ། ། སྣང་བ་དེ་ནི་ཡང་དག་པ་མ་ཡིན་ནོ།། དེ་ནི་འཁོར་བའི་རྒྱ་ཁོ་ནའོ།། ཟེར་ཞིང་རང་གི་སྣང་བ་དང་འཐད་པའི་ཚིག་བརྗོད་པ་དེ་ནི་བདུད་ཀྱི་བསླུ་བ་དང་པོའོ།། དེ་ནས་མཁའ་འགྲོ་མའི་ཆ་བྱད་དུ་ཞུགས་ནས། རིགས་ཀྱི་བུ་ངས་ཁྱོད་ལ་ལུང་བསྟན་གྱིས། དེ་ནི་ཡང་དག་པ་མ་ཡིན་ནོ།། དེ་ནི་ལོག་པ་ཁོ་ནའོ།། འདི་ལྟར་བྱས་ན་རིགས་ཀྱི་བུ་ཁྱོད་གྲོལ་བར་འགྱུར། ཞེས་ལུང་སྟོན་པ་འདི་ནི་བདུད་ཡིན་པར་ཤེས་པར་བྱའོ། ། དེ་ཡི་དུས་སུ་རང་གི་དེ་ཉིད་ལས་མ་ཡེངས་པར་བྱའོ།། གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཉིད་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཨ་ཨ་ཀྱེ་མ་ཧོ། ། རྟོགས་པ་མཚན་མས་བཅིངས་པའི་བདུད།། བསམ་གྱིས་མི་ཁྱབ་གྲངས་མང་ཞིང།། བརྗོད་དུ་མེད་པས་བསམ་མི་ཁྱབ།། རྣམ་རྟོག་མཚན་མ་ཅི་འགྱུས་པ།། ཐམས་ཅད་བདུད་ཀྱི་རང་བཞིན་ཏེ།། དེ་ཡང་མདོར་བསྟན་འདི་ལྟ་སྟེ། ། གཟུང་འཛིན་ཡུལ་ལ་ཆགས་ན་ཕྱི་ཡི་བདུད།། རྣམ་རྟོག་འཁྲུལ་པར་སྒྱོང་ན་ནང་གི་བདུད།། རྟོགས་པ་ཁ་འབྱམས་བདུད་ཀྱི་སླུ་བ་ཡིན།། ལུས་ལ་རྒྱན་བཟང་བདུད་ཀྱི་སླུ་བ་ཡིན། ། གཉེན་གྱི་བྱ་བ་བདུད་ཀྱི་སླུ་བ་ཡིན།། དགྲ་ལ་ཆགས་པ་བདུད་ཀྱི་སླུ་བ་ཡིན།། བདག་ཏུ་རྟོག་ན་བདུད་ཀྱི་སླུ་བ་ཡིན།། ལུས་ལ་ཆགས་པ་སྐྱེས་ན་དེ་ཡང་བདུད།། འཛིན་པ་ཡུལ་ལ་ཆགས་ན་ཕྱི་ཡི་བདུད། ། ཏིང་འཛིན་རོ་ལ་ཆགས་ན་ནང་གི་བདུད།། སྣང་བ་ཡུལ་ལ་ཆགས་ན་ཡུལ་གྱི་བདུད།། ཡིན་མིན་ཐེ་ཚོམ་ཞུགས་ན་རྟོགས་པའི་བདུད།། བྱ་བྱེད་གཡེངས་པས་ཁྱེར་ན་འཁོར་བའི་བདུད།། རྟོག་པ་ཁོང་དུ་ཞུགས་ན་སེམས་ཀྱི་བདུད། ། གཟུང་འཛིན་ཆོས་ལ་ཆགས་ན་ཡིད་ཀྱི་བདུད།། ལོངས་སྤྱོད་འཁོར་ལ་ཆགས་ན་གཡེངས་བའི་བདུད།། འཁོར་བའི་ཆོས་ལ་ཆགས་ན་ཕུང་པོའི་བདུད།། རྩོད་པའི་འདམ་ལ་ཆགས་ན་ཉོན་མོངས་བདུད། ། དགའ་སྡུག་གྲོགས་ལ་ཆགས་ན་ལྷ་ཡི་བདུད།། ཁྲོ་གཏུམ་དཔའ་རྔམ་ཆེ་ན་འཆི་བདག་བདུད།། བསྒོམ་པའི་ལྷ་ལ་ཆགས་ན་འཆིང་བའི་བདུད།། ཆགས་སྡང་ལྔ་ལ་ཆགས་ན་ངན་སོང་བདུད། ། ཆོས་སྤྱོད་བཅུ་ལ་ཆགས་ན་སྐྱེ་གནས་བདུད།། འཁོར་བའི་ལམ་ལ་ཆགས་ན་མ་རིག་རྨོངས་པའི་བདུད།། ཡུལ་ལ་རྔམ་སེམས་བྱེད་ན་ཆགས་པའི་བདུད།། ཆོས་ལ་སྨོད་པའི་འདོར་ན་ཕྲག་དོག་བདུད། ། གཞན་ལ་སྐྱོན་འཛིན་བྱས་ན་ང་རྒྱལ་བདུད།། ཕ་རོལ་སྤོང་བར་བྱེད་ན་སྐྱོན་གྱི་བདུད།། དེ་བཞིན་བདུད་ཀྱི་བསླུ་བ་བསམ་མི་ཁྱབ།། བརྗོད་ཀྱིས་མི་ལངས་གྲངས་མང་ཡང།། རྩ་བ་བདུད་བཞི་ཆོམ་གྱུར་ན། ། བདུད་རྣམས་གཞན་གྱིས་གླགས་མི་རྙེད།། བདུད་ཀྱི་བྱེ་བྲག་དེ་ལྟར་འདོད།། དེ་རྣམས་དབང་དུ་མ་གྱུར་པའི།། རིག་པ་ཡེ་ཤེས་ཆེན་པོ་ནི།། ནམ་མཁའི་ངང་ལ་ཤེས་པར་བྱ།། རིག་པ་ཡེ་ཤེས་ཆེན་པོ་ཉིད། ། གང་གི་ཕྱོགས་སུ་ཤོར་བ་མེད།། རང་ཉིད་ཆོས་སྐུར་རྟོགས་གྱུར་ན།། བདུད་ཅེས་བྱ་བ་ལོགས་ན་མེད།། ཆོས་སྐུ་གཟུང་འཛིན་དེ་རྣམས་དབང་དུ་མ་གྱུར་པའི་རིག་པ་བསྟན་པ། བྲལ་བ་ལ།། མཚན་མའི་བདུད་ཀྱི་ཕྱོགས་དང་བྲལ། ། སྤྱད་པས་ངེས་པའི་ལུང་ཉིད་ལས།། བདུད་ལས་ཐར་བའི་མན་ངག་བསྟན།། ཡེ་ཤེས་སྣང་བ་འཛིན་མེད་དུ།། ཕྱོགས་ལ་གནས་པ་མེད་པར་ཤར།། ལམ་ལ་ཞུགས་པ་མེད་པར་གྲོལ།། འབྲས་བུ་དེ་བཞིན་མཁའ་ལ་རོལ། ། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ།། གསང་བ་ཡེ་ཤེས་ཕོ་བྲང་བསྟན།། ཡེ་ཤེས་འཕྲོ་ཞིང་ཟེར་ལ་རོལ།། རྣམ་དག་དབྱིངས་ཀྱི་ཕོ་བྲང་དུ།། སྟོང་པའི་ཡེ་ཤེས་མཁའ་ལ་རོལ།། རྟོག་པ་ཉིད་ལ་ཡེ་ཤེས་སྐྱེ། ། དྲན་པ་ཉིད་ལ་དྲན་མེད་རྙེད།། མ་རིག་དཀྱིལ་ནས་རིག་པ་རྙེད།། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ།། སྟོང་པའི་ངང་ལས་གསལ་བ་རྙེད།། བློ་ཡི་དཀྱིལ་ན་ངོ་བོ་རྙེད།། དེ་བཞིན་བློ་དངོས་ཆོས་རྣམས་ཀུན། ། ངོ་བོ་ཉིད་དུ་གྲོལ་བའོ།། གསང་སྔགས་ལམ་ལ་ཤེས་རབ་གསལ།། ཐབས་ཀྱི་ལམ་ལ་གོམས་པ་གསལ།། དེ་བཞིན་མཚན་མའི་ཆོས་རྣམས་ཀུན།། མཚན་མ་མེད་པའི་ངང་དུ་གྲོལ།། བྱས་པ་དངོས་པོའི་ཆོས་རྣམས་ཀུན། ། བྱར་མེད་སྟོང་པའི་ངང་དུ་གྲོལ།། འཛིན་མེད་རང་སྣང་ཆོས་རྣམས་ཀུན།། རྣམ་དག་སྟོང་པའི་མཁའ་ལ་གྲོལ།། དགོངས་པ་དཔེ་མེད་དོན་རྣམས་ཀུན། ཡང་དག་གསང་བའི་དབྱིངས་སུ་གྲོལ། ། སྣ་ཚོགས་བསྐྱེད་པའི་ངོ་བོ་ཉིད།། འདུ་ཤེས་མེད་པའི་ངང་དུ་གྲོལ།། གསང་སྔགས་གསང་བའི་རོལ་པ་ཉིད།། ཡེ་ཤེས་བཞི་སྦྱོར་དབྱིངས་སུ་གྲོལ།། གཉིས་སྣང་སེམས་ཀྱི་ཆོ་འཕྲུལ་རྣམས།། ཐིག་ལེ་ཉག་གཅིག་ངང་དུ་གྲོལ། ། ཡེ་ཤེས་ཀུན་སྣང་གྲོང་ཁྱེར་ཉིད།། ཚོམ་བུ་ལྔ་ཡི་ཀློང་དུ་གྲོལ།། ཡང་དག་ཡེ་ཤེས་ས་བོན་ཉིད།། ཀ་དག་ཆེན་པོའི་དབྱིངས་སུ་གྲོལ།། དེ་ཕྱིར་རྣམ་རྟོག་འཁོར་བའི་བདུད།། མེད་ཅིང་སྟོང་ལ་གཟུང་དུ་མེད། བདུད་ཀྱང་རང་གི་ངང་དུ་རྟོགས།། ཡེ་ཤེས་ཆེན་པོའི་སྣང་བ་ལ།། བདུད་མེད་བདུད་དུ་བྱ་བ་མེད།། རང་བྱུང་གཅིག་པ་གཅིག་པུ་ཉིད།། དེ་ལས་མ་གཏོགས་བདུད་མེད་དོ།། བདུད་ཉིད་རང་གི་རིག་པར་ལྟོས། ། དེ་མ་གཏོགས་པའི་བདུད་རྣམས་ཀུན།། ངང་གིས་མེད་ཅིང་ངང་གིས་བཅོམ།། ང་མེད་པ་ཡི་སྔོན་རོལ་དུ།། བདུད་ཅེས་བྱ་བའི་མིང་ཡང་མེད།། བདུད་ཉིད་ང་ལས་བྱུང་བའི་ཕྱིར།། བདུད་ཅེས་བྱ་བ་ལོགས་ན་མེད། ། རྣམ་རྟོག་བདག་ཏུ་འཛིན་པ་ཡི།། བདུད་ཀྱི་རྩ་བ་ཆེན་པོ་གཅིག། ང་ཉིད་རྟོགས་ན་བདུད་རྣམས་སངས།། རྣམ་རྟོག་འཛིན་པའི་བདུད་རྣམས་ཀུན།། ཐབས་ཀྱིས་ང་ཡི་ངང་དུ་ཞི།། དེ་ཕྱིར་རྣམ་རྟོག་འཛིན་པའི་བདུད་རྣམས་ཀུན། ། ཀ་ནས་མེད་ཅིང་ཀ་ནས་དག། བདུད་རྣམས་ཡེ་ཤེས་རོལ་པ་སྟེ།། ང་ལས་བྱུང་ཞིང་ང་ལས་འཁྲུལ།། དེ་ཕྱིར་ང་ཡི་ཆོ་འཕྲུལ་ཡིན།། ང་ཡི་རོལ་པ་བསམ་མི་ཁྱབ།། ང་ཡི་ཆོ་འཕྲུལ་དཀའ་བ་མེད། ། ཐམས་ཅད་ང་ཡི་རོལ་པའོ།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། མན་ངག་གི་དོན་བཤད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་ལྔ་པ་མཚན་མ་དངོས་བྲལ་ཀྱིས་ལེའུ་བསྟན་པའོ། འཇམ་དཔལ་གཞོན་ནུར་གྱུར་པ་སྐྱེས་བུ་དམ་པ་དེས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་བོའི་སྐུ།། མན་ངག་བཤད་ལུགས་དེ་ལྟར་ན།། བདག་ཅག་མོས་པའི་འཁོར་རྣམས་ལ།། དངོས་པོའི་ཆོས་ལ་གྲོལ་ལུགས་གསུང། ། ཞེས་ཞུས་སོ།། དེ་ནས་ཡང་བཀའ་སྩལ་པ།། ཀྱེ་མ་ཧོ།། འཇམ་དཔལ་གཞོན་ནུར་གྱུར་པ་ཉོན།། རྡོ་རྗེའི་དོན་ཉིད་ངས་བསྟན་གྱིས།། ཁྱེད་ཀྱིས་ལེགས་པའི་སེམས་ཀྱིས་ཉོན།། མཚན་མ་དངོས་པོའི་ཆོས་ཉིད་ནི། ། བྱ་བྱེད་འཛིན་པའི་ཆོས་དང་བྲལ།། འབྲས་བུ་རྒྱུར་མི་ལྡོག་པའི་ཆོས།། མ་ནོར་ལམ་གྱི་བདེན་པ་ཉིད།། མངོན་སྣང་སེམས་ལས་གྲོལ་བའི་ཕྱིར།། ལམ་གྱི་བྱ་བ་ཉིད་ལས་ཐར།། ཡེ་ཤེས་སྣང་བ་དངོས་པོར་མེད། ། དག་པའི་ཡེ་ཤེས་ཡོད་པའི་ཕྱིར།། དག་པའི་དངོས་པོ་ཡུལ་ལས་འདས།། མཐའ་དང་དྲི་མའི་ཆོས་ལས་འདས།། མཐའ་བཞིའི་དྲི་མ་རང་སངས་ཉིད།། འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། ། གསང་སྔགས་དགོངས་པ་དངོས་མེད་ནི།། འཛིན་པའི་ཡུལ་དང་བྲལ་བའི་ཕྱིར།། དངོས་པོའི་དྲི་མའི་ཆོས་དང་བྲལ།། འདོད་པའི་སེམས་ཀྱིས་དྲི་མ་ཉིད།། རང་བྱུང་ཐབས་ཀྱི་ཡེ་ཤེས་ལས།། ཐམས་ཅད་འབྱུང་ཞིང་ཐོན་པར་གསུངས། ། ལམ་དང་དྲི་མའི་ཆོས་ཉིད་རྣམས།། ཀ་ནས་དག་ཅིང་བྱང་བ་ཉིད།། རྒྱལ་བ་ཀུན་གྱིས་རབ་བསྔགས་པས།། ཡེ་ཤེས་གསང་བའི་མཁའ་ལ་རོལ།། མཉམ་ཉིད་ཡེ་ཤེས་ཆེན་པོ་ཉིད། ། སྣང་བའི་ཡེ་ཤེས་མངོན་པར་སྣང།། རྒྱལ་བ་རྟགས་ཀྱི་ཕྱག་རྒྱ་ཉིད།། ཡང་དག་ཉིད་དུ་གནས་པའི་ཕྱིར།། གསང་བའི་ཡུམ་དང་གཉིས་མེད་སྦྱོར།། ཀུན་ཏུ་བཟང་པོའི་རོལ་པ་ཉིད།། ཅིར་ཡང་མཛད་ཅིང་ཅིར་ཡང་སྤྲུལ། ། ཡེ་ཤེས་རྟོགས་པའི་ཀློང་དཀྱིལ་དུ།། ཐུགས་རྗེའི་ཉི་མ་མ་འགགས་ཤར།། སྣང་བ་རྣམ་པ་ལྔ་ཉིད་ལས།། ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་ཤར།། ཀུན་ཏུ་བཟང་མོའི་བྷ་ག་ལས།། ཐམས་ཅད་ཡེ་ཤེས་བསྐྱེད་པའི་རྒྱུ། ། ཀུན་ནས་འབྱུང་ཞིང་ཀུན་ཏུ་ཤར།། ཀུན་བཟང་ཉིད་ཀྱི་ཤེས་རབ་ལས།། ཐམས་ཅད་རྫོགས་པར་ང་ཡིས་བཤད།། ཀུན་ཏུ་བཟང་པོའི་ཡེ་ཤེས་ནི།། ནམ་མཁའི་མཐའ་བཞིན་ཐུག་པ་མེད།། དབྱིངས་ཀྱི་དཀྱིལ་འཁོར་ཟད་པ་མེད། ། ཡེ་ཤེས་དཀྱིལ་འཁོར་འགག་མེད་ཉིད།། ཀུན་ལ་རོལ་ཅིང་སྤྱོད་པའོ།། ཨེ་མ་དངོས་པོ་མི་གནས་པའི་གཏན་ཚིག་ལ།། དངོས་པོའི་ཆོས་རྣམས་ཀུན།། རང་དག་རྐྱེན་གྱིས་ཀ་ནས་མེད།། དྲི་མའི་ཆོས་ལ་གནས་པ་མེད། ། སྣང་བའི་ཆོས་ལ་ཐེ་ཚོམ་མེད།། ཡང་དག་ལམ་ལ་མཐར་ཐུག་མེད།། དངོས་པོའི་ཡུལ་ལ་བསྒྲུབ་མི་དགོས།། དྲན་པ་མེད་པའི་བསམ་གཏན་ལ།། བརྗོད་མེད་ཏིང་འཛིན་ངོ་བོར་ཞོག། ལམ་དང་འཛིན་པའི་ཡུལ་མེད་པས།། དྲི་མ་བཞི་ཡིས་བཅིངས་པ་ཁྲོལ།། སངས་རྒྱས་ཡེ་ཤེས་བསྟན་བྱའི་ཕྱིར།། རྒྱུ་རྐྱེན་ལྟོས་པའི་ཚིག་རྣམས་སྤང།། སངས་རྒྱས་ཡེ་ཤེས་རང་ལ་གྲུབ།། ཡེ་ཤེས་ཆེན་པོའི་སྣང་བ་རྣམས། ། འགག་མེད་ཀུན་ལ་རོལ་ཅིང་སྤྱོད།། མཚན་མའི་མིང་དང་འཛིན་པ་སྟོངས།། སྟོང་པ་ལམ་གྱི་སྒྲོན་མ་སྟོངས།། ཡང་དག་ཤེས་པའི་ངོ་བོ་ལ།། བྱ་བ་བྱེད་པའི་རིག་པ་མེད།། འཛིན་པ་གོལ་བའི་རྒྱུ་ཉིད་ལས། ། བྱང་ཆུབ་ལམ་གྱི་སྒྲོན་མ་ཉིད།། ལམ་ལ་དགག་དང་བསྒྲུབ་པ་མེད།། སྟོང་པའི་རིག་པ་གང་ཡང་མེད།། རྒྱ་ཆད་ཕྱོགས་ཆར་འཛིན་པ་སྤང།། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང།། སྟོང་པ་མཚན་མའི་ཆོས་ལས་འདས། ། འདས་པ་ཉིད་ལ་བརྗོད་དུ་མེད།། ལྟ་བ་ཞེ་འདོད་འཛིན་པ་ཡང།། མཚན་མའི་ཆོས་མེད་རང་སར་གྲོལ།། རང་བྱུང་སྒྲ་ཡི་ཐ་སྙད་ཉིད།། ཡོད་པའི་ཕྱོགས་དང་མེད་པའི་ཕྱོགས།། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། ། ཡང་དག་ཉིད་ལ་ལྟ་དང་བྲལ།། འཛིན་པའི་གོལ་ས་ཆོས་ཉིད་མེད།། ཐ་དད་དངོས་པོའི་ཡུལ་ལས་འདས།། མཚན་མའི་ཚིག་དང་དངོས་པོའི་ཚིག། ཡུལ་ལ་ལྟོས་པ་ཉིད་དུ་བཤད།། བྱ་བ་རྫོགས་པའི་ཡེ་ཤེས་ཉིད། ། དངོས་པོར་བརྗོད་པའི་ཚིག་དང་བྲལ།། གསང་སྔགས་རྡོ་རྗེ་སྲ་མཁྲེགས་ཉིད།། ཡེ་ཤེས་རྡོ་རྗེ་ཐབས་ལ་རོལ།། འབྱུང་བའི་རྡོ་རྗེ་ཡེ་ཤེས་ཀུན།། སྟོང་པའི་རྡོ་རྗེ་ཐབས་ལ་རོལ།། དཀྱིལ་འཁོར་རྡོ་རྗེ་མཐའ་ཡས་ཤིང། ། བསྐྱེད་པའི་རྡོ་རྗེ་ཀུན་སྣང་ཞིང།། འཁོར་བའི་དོན་ལ་རྡོ་རྗེའི་སྒྲ།། མཚན་མའི་རྡོ་རྗེ་མིང་དང་བྲལ།། མཐའ་ཡས་རྡོ་རྗེ་ཡུལ་ལ་འཇུག། གཉིས་མེད་རྡོ་རྗེ་སྟོང་པའི་ངང།། གསང་སྔགས་རྡོ་རྗེ་ཡུལ་ལས་འདས། ། རང་བྱུང་རྡོ་རྗེ་བརྗོད་དུ་མེད།། ཡོད་མེད་རྡོ་རྗེ་ཀུན་ལས་འདས།། གསང་སྔགས་རྡོ་རྗེ་མཉམ་པ་ཆེ།། མཁའ་དབྱིངས་རྡོ་རྗེ་སྟོང་པ་ཆེ།། ཡོན་ཏན་རྡོ་རྗེ་ངོ་མཚར་ཆེ།། ཕྲིན་ལས་རྡོ་རྗེ་གྲུབ་པ་ཆེ། ། གསལ་བའི་རྡོ་རྗེ་ཡངས་པ་ཆེ།། སྣ་ཚོགས་རྡོ་རྗེ་སྡུད་པ་ཆེ།། ཡང་དག་རྡོ་རྗེ་མཉམ་པ་ཆེ།། རིག་པའི་རྡོ་རྗེ་གསལ་བ་ཆེ།། སེམས་ཀྱི་རྡོ་རྗེ་འཕྲོ་བ་ཆེ།། མ་རིག་རྡོ་རྗེ་རྨུགས་པ་ཆེ།། ཡིད་ཀྱི་རྡོ་རྗེ་འཁྲུགས་པ་ཆེ། ། གཏི་མུག་རྡོ་རྗེ་འཐིབ་པ་ཆེ།། ཞེ་སྡང་རྡོ་རྗེ་འབར་བ་ཆེ།། འདོད་ཆགས་རྡོ་རྗེ་འཛིན་པ་ཆེ།། ང་རྒྱལ་རྡོ་རྗེ་ང་རོ་ཆེ།། ཕྲག་དོག་རྡོ་རྗེ་འདུད་པ་ཆེ།། ཁོང་ཁྲོ་རྡོ་རྗེ་གདུག་པ་ཆེ།། རྐྱེན་གྱི་རྡོ་རྗེ་གཅོད་པ་ཆེ།། འཁོར་བའི་རྡོ་རྗེ་ཞེན་པ་ཆེ།། ཆགས་པའི་རྡོ་རྗེ་མཚན་མ་ཆེ།། ཞེན་པའི་རྡོ་རྗེ་འདོད་པ་ཆེ།། འདུས་པའི་རྡོ་རྗེ་སྡུད་པ་ཆེ།། ཉོན་མོངས་རྡོ་རྗེ་གཅོད་པ་ཆེ།། ང་ཡི་རྡོ་རྗེ་ཆགས་འཛིན་ཆེ།། གཞན་གྱི་རྡོ་རྗེ་དེ་དངོས་ཡང། དད་པ་ཆེ།། འཁྲུལ་པའི་རྡོ་རྗེ་ཆགས་པ་ཆེའོ།། དེ་ནས་ཡེ་ཤེས་དོན་ཀུན་མཐའ་ཡས་པར་བསྟན་པའོ། ཡང་དག་རིགས་ཆེན་རྣམས།། བཤད་ཅིང་བཀྲོལ་ནས་དོན་ལ་སྤྱོད།། བྱང་ཆུབ་འཁྲུལ་བའི་རྣམ་པ་ཀུན། ། ཡུལ་དུ་མི་གནས་སྤང་བྱ་སྟེ།། མྱ་ངན་འདའ་བར་འདོད་པ་ཡིས།། ཡེ་ཤེས་དོན་ལ་ཐུག་པ་མེད།། འོན་ཀྱང་དོན་འདི་བླང་བར་གྱིས།། དོན་ལས་གོལ་ན་བྱང་ཆུབ་རིང།། དོན་ལ་གནས་ན་བྱང་ཆུབ་ཉེ། ། འཁྲུལ་པ་ཟད་པར་བྱ་ཕྱིར་ཡེ་ཤེས་ཉིད།། རབ་ཏུ་འབར་བའི་འོད་ཟེར་ཀུན་ནས་འབྱུང།། སྡོམ་པའི་མདོ་ལས་ཡེ་ཤེས་ཉིད།། རབ་ཏུ་བསྟན་ཕྱིར་བཤད་པར་བྱ།། རབ་ཏུ་བཤད་པའི་གཞི་ལམ་ནི།། གོང་དུ་བསྟན་ཅིང་བཤད་ཟིན་ཏོ། ། དེ་ལྟར་གནས་པའི་སྐྱེས་བུ་དམ་པ་དེ།། དངོས་པོའི་ཆོས་ཉིད་ཟད་ནས་རང་བྱུང་ཐོབ།། རང་བྱུང་དངོས་བྲལ་ཡེ་ཤེས་ཉིད།། གང་ལ་འཛིན་པ་མ་སྐྱེས་པའོ།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། མཚན་མ་དངོས་བྲལ་གྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་འཇམ་དཔལ་དྲུག་པ་ལེའུའི་སྡོམ་བྱང་བསྟན་པ། གཞོན་ནུར་གྱུར་པའི་སྐྱེས་བུ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་ལེ་ལག་བདག། དངོས་པོ་སྟོང་པོ་དེ་ལྟར་ན།། བདག་ཅག་མོས་པའི་འཁོར་རྣམས་ལ།། རྒྱུད་ཀྱི་རྒྱལ་པོའི་ལེ་ལག་རྣམས།། མ་ནོར་ལེགས་པར་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་ཡང་དག་བཀའ་སྩལ་པ། ། ཀྱེ་མ་གཞོན་ནུར་གྱུར་པ་ཉོན།། རྒྱུད་ཆེན་རྒྱལ་པོ་བཤད་ལུགས་ལ།། གྲངས་མེད་བསམ་གྱིས་མི་ཁྱབ་སྟེ།། མདོར་བསྟན་ལེགས་པར་ཡིད་ལ་ཟུང།། ལེ་ལག་མཚན་དང་དཔེར་བརྗོད་དང།། རབ་ཏུ་བཤད་པར་བྱ་བ་དང། ། ཚིག་དང་སྦྱར་ཏེ་སྟོན་བྱེད་དང།། རབ་ཏུ་བསྔགས་པའི་རིམ་པ་དང།། བསྟན་པར་བྱ་ཕྱིར་མངོན་སྣང་ཕྱིར།། ལེའུ་རཻ་ལ་སོ་སོར་དབྱེ།། བསམ་གྱིས་མི་ཁྱབ་བསྟན་པ་ཡང།། བརྗོད་ཅིང་གྲངས་ལས་འདས་བྱའི་ཕྱིར། ། རྒྱུད་ཆེན་མཚན་ལྡན་འདི་གསུངས་པས།། ཐམས་ཅད་མིག་དང་འདྲ་བར་འགྱུར།། ལམ་ལ་ཡུན་རིང་གནས་པ་རྣམས།། འདི་ཐོས་པ་ཡིས་ཉེ་བར་འགྱུར།། གཞུང་བཤད་ལེའུའི་མཚན་བཤད་བྱ། ། དེ་ནས་དང་པོ་ལེའུ་བརྗོད་བྱ་སྟེ།། རྒྱུད་ཆེན་གླེང་གཞིའི་ལེའུ་བསྟན།། དོན་ནི་གོང་དུ་བསྟན་པའོ།། ཡང་དག་ཆེན་པོའི་གླེང་བ་དང།། འདས་པའི་ཚིག་དོན་གླེང་བ་དང།། གྲངས་ཀྱི་སྒོ་ནས་གླེང་བ་བསྟན། ། ལེའུ་གཉིས་པའི་དོན་བསྟན་ནི།། གླེང་སློང་ཡན་ལག་རྒྱས་བསྟན་པ།། དོན་ནི་གོང་དུ་ཡང་དག་བསྟན།། མཚན་མའི་ཚིག་ལ་དོན་གསུམ་སྟོན།། སྔོན་བྱུང་རྒྱས་པའི་གླེང་སློང་དང།། རྗེས་འཇུག་ཡུལ་ལ་གླེང་སློང་དང། ། ཚིག་དོན་གཏན་ཚིགས་གླེང་སློང་བསྟན།། ལེའུ་གསུམ་པས་སྤྱོད་པ་བསྟན།། རྒྱས་པར་བསྟན་པ་ཉིད་ལས་གསུངས།། མདོར་བསྟན་དོན་ལ་དོན་གསུམ་སྟེ།། རང་བྱུང་ཐབས་ཀྱི་སྤྱོད་པ་དང། ། གཏན་ཚིག་ཚིག་གིས་སྤྱོད་ཡུལ་དང།། མཚན་མ་མིང་གི་སྤྱོད་ཡུལ་བསྟན།། ལེའུ་བཞི་པས་བསྒོམ་པ་བསྟན།། དེ་ལ་བཤད་ལུགས་འདི་ལྟ་སྟེ།། དོན་གསུམ་ཐེ་ཚོམ་མེད་པར་བསྟན། ། དམིགས་པ་གཅོད་པའི་སྒོམ་པ་དང།། སྟོང་པ་རང་བྱུང་སྒོམ་པ་དང།། མཚན་མ་ཟིལ་གནོན་སྒོམ་པ་བསྟན།། ལེའུ་ལྔ་པས་ལྟ་བ་བསྟན།། ལྟ་བའི་དོན་ལ་དོན་གསུམ་སྟེ།། རང་བྱུང་ཁོག་འགྲོལ་ལྟ་བ་དང། ། བཏང་སྙོམས་ཚིག་གི་ལྟ་བ་དང།། ཡོད་མེད་དུས་མཚོན་ལྟ་བར་བསྟན།། ལེའུ་དྲུག་པས་དབང་དོན་བསྟན།། དབང་ཉིད་ལ་ཡང་དོན་གསུམ་མོ།། གསང་སྔགས་འབྲས་བུའི་དབང་དང་ནི།། ལྟ་བ་རིག་པའི་དབང་བསྐུར་དང། ། མཚན་མ་རྫས་ཀྱིས་དབང་བསྐུར་བསྟན།། བདུན་པ་དབང་གི་ཡོན་ཏན་བསྟན།། ཡོན་ཏན་ལ་ཡང་དོན་གསུམ་སྟེ།། ཕྱི་ཡི་འབྱུང་པོ་ཚར་གཅོད་དང།། ནང་གི་ཡེ་ཤེས་དྲོད་བསྐྱེད་དང།། གསང་བ་རྟོགས་ཚད་ཡོན་ཏན་ནོ། ། བརྒྱད་པ་དབང་མ་ཐོབ་པའི་སྐྱོན།། དེ་ཡང་དོན་གསུམ་བསྟན་པའོ།། ཡེ་ཤེས་སྣང་བ་ཉིད་ལ་ཐུག། གདམས་ངག་དྲན་བཞིན་ཉམས་པ་དང།། ཕུང་པོའི་བདུད་ལ་སོགས་པ་མང།། དགུ་པ་དཔོན་སློབ་འབྲེལ་བ་བསྟན། ། དེ་ཉིད་ལ་ཡང་དོན་གསུམ་མོ།། བཅུད་ལྡན་ཡེ་ཤེས་དོན་སྦྱོར་དང།། སྣོད་ལྡན་གསང་བ་ཐུབ་པ་དང།། གཉིས་ཀ་གདུང་སེམས་གཅེས་པར་བསྟན།། བཞི་ཡང། བཅུ་པ་དམ་ཚིག་སྡོམ་པ་བསྟན། ། དེ་ལ་ཡང་ནི་དོན་གསུམ་མོ།། བསྲུངས་པའི་ཡོན་ཏན་བསྟན་པ་དང།། མ་བསྲུངས་སྐྱོན་ཉིད་བསྟན་པ་དང།། བསྲུང་དུ་མེད་པར་བསྟན་པའོ།། བཅུ་གཅིག་ཆོས་སྐུའི་མཚན་ཉིད་བསྟན།། དེ་ཉིད་ལ་ཡང་དོན་གསུམ་མོ། ། རང་བཞིན་ཆོས་ཀྱི་སྐུ་དང་ནི།། ངོ་བོ་ཆོས་སྐུ་ཆེན་པོ་དང།། ས་བོན་ཆོས་སྐུ་གསུམ་དུ་གསུངས།། བཅུ་གཉིས་ལོངས་སྐུའི་མཚན་ཉིད་བསྟན།། དེ་ཉིད་ལ་ཡང་དོན་གསུམ་མོ།། གནས་པ་ལོངས་སྤྱོད་རྫོགས་སྐུ་དང། ། ཞིང་ཁམས་ལོངས་སྤྱོད་རྫོགས་པའི་སྐུ།། སྣང་ཚུལ་ལོངས་སྤྱོད་རྫོགས་པའི་སྐུ།། བཅུ་གསུམ་སྤྲུལ་སྐུའི་མཚན་ཉིད་བསྟན།། དེ་ལ་ཡང་ནི་དོན་གསུམ་སྟེ།། དོན་དང་མཐུན་སྣང་སྤྲུལ་སྐུ་དང། ། ཕྱེད་སྣང་ཞིང་ཁམས་སྤྲུལ་སྐུ་དང།། ཐུགས་རྗེ་རང་བྱུང་སྤྲུལ་སྐུའོ།། བཅུ་བཞི་སྐུ་གསུམ་དགོངས་པ་བསྟན།། དེ་ཡང་རྣམ་པ་གསུམ་གྱིས་བསྟན།། སྐུ་གསུམ་དྲིལ་བའི་དགོངས་པ་དང།། སྐུ་གསུམ་རྫོགས་པའི་དགོངས་པ་དང། ། འབྲས་བུ་སྐུ་གསུམ་དགོངས་པར་བཤད།། བཅོ་ལྔ་པ་ཉིད་སྐུ་ལྔ་སྟེ།། དེ་ཡང་རྣམ་དོན་གསུམ་གྱིས་བསྟན།། མཚན་མ་རང་གྲོལ་སྐུ་ལྔ་དང།། གཞི་ལ་གནས་པའི་སྐུ་ལྔ་དང།། མཐའ་ལ་སྐྱོལ་བའི་སྐུ་ལྔའོ། ། བཅུ་དྲུག་ཡེ་ཤེས་རྣམ་ལྔ་བསྟན།། དེ་ཡང་དོན་གསུམ་དག་གིས་བསྟན།། འཛིན་མེད་ཡུལ་གྱི་ཡེ་ཤེས་དང།། བར་དོ་སྣང་བའི་ཡེ་ཤེས་དང།། དོན་མཚོན་ནང་གི་ཡེ་ཤེས་སོ།། བཅུ་བདུན་ཡེ་ཤེས་ཉི་ཤུ་བསྟན། ། དེ་ཉིད་ལ་ཡང་དོན་གསུམ་སྟེ།། ཕྱེ་སྟེ་རབ་ཏུ་རྒྱས་པ་དང།། ཤིན་ཏུ་རྣམ་རིག་ཙམ་བསྟན་དང།། རབ་ཏུ་སྒྲ་དང་ཕྱེ་བར་བསྟན།། བཅོ་བརྒྱད་པ་ཉིད་འོད་ལྔ་སྐུ་དང་སྦྱར་བར་བསྟན། ། དེ་ཡང་རྣམ་པ་གསུམ་གྱིས་བསྟན།། སྐུ་ལས་འོད་ཟེར་འབྱུང་བར་བསྟན།། འོད་ལས་སྐུ་ཉིད་གྲུབ་པ་དང།། གཉིས་ཀ་ཐབས་ཀྱི་རོལ་པར་བསྟན།། བཅུ་དགུ་ཕྱི་འབྱུང་མཚན་ཉིད་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ། ། སོ་སོའི་མཚན་ཉིད་བསྟན་པ་དང།། རང་གི་དོན་ཉིད་རྒྱས་བསྟན་དང།། མཚན་མའི་མཚན་ཉིད་བསྟན་པའོ།། ཉི་ཤུ་ནང་གི་འབྱུང་བ་བསྟན།། དེ་ཡང་རྣམ་གསུམ་དག་གིས་བསྟན།། ཡེ་ཤེས་དོན་ལ་སྦྱར་བ་དང། ། འབྱུང་བ་རྩ་ལ་སྦྱར་བ་དང།། ནང་གི་དྲོད་ལ་སྦྱར་བའོ།། རྩ་གཅིག་དུས་གསུམ་སངས་རྒྱས་ཀྱི།། དགོངས་པའི་དོན་ཉིད་མ་ནོར་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། རྒྱལ་བ་རང་བྱུང་དགོངས་པ་དང། ། ཚིག་ལ་བསྟན་པའི་དགོངས་པ་དང།། མཚན་མ་རང་གྲོལ་དགོངས་པ་དང།། རྩ་གཉིས་སེམས་ཅན་གྲོལ་ལུགས་བསྟན།། དེ་ཡང་རྣམ་གསུམ་དོན་གྱི་བསྟན།། སྣང་བ་ཡུལ་གྱི་གྲོལ་ལུགས་དང། ། རྡོ་རྗེ་སྐུ་ཡིས་གྲོལ་བ་དང།། སྒྲོན་མ་ཉིད་ཀྱིས་གྲོལ་བར་བསྟན།། རྩ་གསུམ་ཡི་གེ་འབྲུ་བཤད་བསྟན།། དེ་ཡང་རྣམ་དོན་གསུམ་གྱིས་བསྟན།། དང་པོ་ལ་ཡང་བཤད་ལུགས་དང།། འདོགས་དང་ཡན་ལག་བཤད་ལུགས་དང། ། འདོགས་ཡིག་བསྡེབས་ཏེ་བཤད་ལུགས་བསྟན།། རྩ་བཞིས་རིམ་པའི་གཞག་ཐབས་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། སྣང་བ་ཡུལ་ལ་གཞག་ཐབས་དང། ། ནམ་མཁའི་དཀྱིལ་དུ་གཞག་ཐབས་དང།། རང་གི་མིག་ལ་གཞག་ཐབསསོ།། རྩ་ལྔ་འཇིག་ཚོགས་རྐང་གྲངས་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། སེམས་ལས་ལོག་པ་བདག་དང་ནི།། སྤྱོད་པ་དག་ལས་ལོག་པ་དང། ། དེ་བཞིན་ཚིག་ལས་ལོག་པའོ།། རྩ་དྲུག་འཇིག་ཚོགས་འགྲེལ་པ་བསྟན།། དེ་ཉིད་ལ་ཡང་དོན་གསུམ་བསྟན།། བཤད་ལུགས་དོན་གྱི་འགྲེལ་བཤད་དང།། རྒྱུད་ལ་ལྟོས་པའི་འགྲེལ་བཤད་དང། ། སྤྱོད་པ་ལོག་པའི་འགྲེལ་བཤད་དོ།། དེས་ནི་སྡོམ་ཚིག་རྒྱས་པར་བསྟན།། ལམ་བསྟན་ཚིག་ལ་གྲུབ་པ་མེད།། ལམ་སྤྱིར་གསང་བ་དེ་ཉིད་ལས།། སྡོམ་བྱང་ལྷ་དང་བཅས་པ་བསྟན།། ལེའུའི་མཚན་ཉིད་བསྟན་པའོ། ། དེ་ནི་མཚན་གྱིས་ལེགས་པར་བཤད་ཅིང་བཀྲོལ་བའོ།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས།། ལེའུའི་མཚན་གྱི་སྡོམ་བྱང་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། བདུན་པ་ལེའུ་རྩ་བའི་དོན་བསྟན། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། ལེའུའི་སྡོམ་བྱང་དེ་ལྟར་ན།། བདག་ཅག་མོས་པའི་འཁོར་རྣམས་ལ།། རྩ་ཚིག་ལེའུ་གསུང་དུ་གསོལ། ། ཞེས་ཞུས་སོ།། ཀྱེ་མ་གཞོན་ནུར་གྱུར་པ་ཉོན།། མ་ནོར་པ་ཡི་དོན་ཉིད་ནི།། ངས་བསྟན་ཁྱོད་ཀྱིས་ལེགས་པར་ཉོན།། ལེའུའི་མཚན་དང་སྡོམ་བྱང་རྣམས།། རབ་ཏུ་བཤད་ཅིང་བསྟན་པ་བྱའོ། ། དེ་ལ་རྩ་བའི་ཚིག་ཉིད་དང།། རབ་ཏུ་བསྟུན་ཏེ་བཤད་པར་བྱ།། དེ་ཡང་ལེའུའི་མཚན་ཉིད་རིག་པའི་མཚན་ཉིད་བསྟན་པ། ལས།། རབ་ཏུ་གསང་བའི་ཚིག་རྣམས་ཀྱང།། འདི་རུ་གསང་བ་མེད་པར་བསྟན། ། ལེགས་པར་དགའ་མགུའི་སེམས་ཀྱིས་ཉོན།། དོན་ལ་ཡེ་ཤེས་ཐུག་པ་མེད།། འདས་པ་ཀུན་གྱི་སྣང་བ་ཡང།། གང་དག་འཛིན་པའི་སེམས་དང་བྲལ།། དེ་ཕྱིར་ལེའུའི་རྩ་ཚིག་བསྟན་པར་བྱ།། ཨེ་མ་ཧོ།། རྩ་བདུན་རིག་པའི་གཏན་ཚིགས་བསྟན་པ། ཡང་དག་ཐེག་པ་བསྟན།། དེ་དོན་རྣམ་པ་གཉིས་ཀྱིས་བསྟན།། མཚན་ཉིད་པ་དང་གསང་སྔགས་སོ།། རྩ་བརྒྱད་འཁྲུལ་པའི་རྩ་བ་བསྟན།། དེ་ལ་རྣམ་པ་བདུན་གྱིས་བསྟན།། རང་ཉིད་རང་གིས་འཁྲུལ་པ་དང། ། རྒྱུ་ཉིད་རྐྱེན་གྱིས་འཁྲུལ་པ་དང།། འདྲ་གཞི་གཉིས་ལས་འཁྲུལ་པ་དང།། ཡུལ་དང་ཤེས་པས་འཁྲུལ་པ་དང།། མཚན་མ་བརྡ་ཡིས་འཁྲུལ་པ་དང།། སྟོང་པའི་འོད་ལས་འཁྲུལ་པ་དང།། སྒྲིབ་པ་མཐའ་བཞིས་འཁྲུལ་པའོ། ། དེ་ནི་འཁྲུལ་ལུགས་རྒྱས་པར་བསྟན་གནས་ལུགས་ཀྱི་དོན་བསྟན་པ། པའོ།། རྩ་དགུ་སེམས་ཅན་རང་རྒྱུད་བསྟན།། དེ་ཉིད་ལ་ནི་དོན་བཞི་སྟེ།། མངོན་པ་སྐུ་ཡི་རྒྱུད་དང་ནི།། ཁྱབ་པ་འོད་ཀྱི་རྒྱུད་ཉིད་དང། ། ཤེས་རབ་རིག་པའི་རང་རྒྱུད་དང།། རྣམ་དག་རིག་པའི་རང་རྒྱུད་བསྟན།། སུམ་ཅུ་གཞི་ཡི་གནས་ལུགས་བསྟན།། དེ་ཉིད་ལ་ཡང་དོན་བརྒྱད་དེ།། ངོ་བོ་མི་འགྱུར་གནས་ལུགས་དང།། རང་བཞིན་ཀུན་ཁྱབ་གནས་ལུགས་དང། ། ཐུགས་རྗེ་ཡུལ་ཁྱབ་གནས་ལུགས་དང།། སྟོན་བྱེད་འོད་ཀྱི་གནས་ལུགས་དང།། སྟོང་པ་མཁའ་ཁྱབ་གནས་ལུགས་དང།། གཉིས་མེད་རང་སྣང་གནས་ལུགས་དང།། རིག་པ་ལུས་ལ་གནས་ལུགས་དང། ། ཤེས་རབ་མཁའ་ལ་གནས་ལུགས་སོ།། སོ་གཅིག་རིག་པ་རང་གིས་རྟོགས་ཚུལ་སྟོན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། ཉི་ཤུ་རྩ་གཅིག་རྟོགས་ལུགས་དང།། ཤེས་པ་གཅིག་ཆོད་རྟོགས་ལུགས་དང། ། སྣང་བ་མཐོང་བའི་རྟོགས་པའོ།། སོ་གཉིས་རིག་པའི་མཚོན་དཔེར་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། གཞི་ཉིད་མཚོན་པའི་མཚོན་དཔེ་དང།། ལམ་ལྔ་མཚོན་པའི་མཚོན་དཔེ་དང།། ངོ་བོ་མཚོན་དཔེ་བཤད་པའོ། ། སོ་གསུམ་རིག་པ་འཛིན་མེད་བསྟན།། དེ་ཉིད་རྣམ་དོན་གཉིས་སུ་བསྟན།། ཡེ་ཤེས་ཉིད་ཀྱི་འཛིན་མེད་དང།། ཁྱད་པར་ལམ་གྱིས་འཛིན་མེད་དོ།། སོ་བཞི་བར་དོའི་འཁྲུལ་ལུགས་བསྟན།། དེ་ལ་ཡང་ནི་དོན་བཞི་སྟེ། ། སྣང་བ་སེམས་ཀྱི་འཁྲུལ་ལུགས་དང།། དཔྱོད་པ་ཡིད་ཀྱི་འཁྲུལ་ལུགས་དང།། སྣང་བ་འོད་ལས་འཁྲུལ་ལུགས་དང།། ཉི་ཤུ་རྩ་གཅིག་འཁྲུལ་ལུགས་སོ།། དེ་ནི་འཁྲུལ་བའི་ཚིག་ཏུ་བསྟན།། སོ་ལྔ་རྫོགས་ཆེན་ལ་བཟླ་བསྟན། ། དེ་ལ་དོན་ནི་དྲུག་གིས་བསྟན།། མཚན་མའི་ཚིག་གི་ལ་བཟླ་དང།། རང་བྱུང་གཏན་ཚིགས་ལ་བཟླ་དང།། གོལ་སྒྲིབ་སྒྲོ་འདོགས་ལ་བཟླ་དང།། མངོན་སྣང་ཡུལ་ལ་ལ་བཟླ་དང། ། ལྡེམ་པོར་དགོངས་ཏེ་ལ་བཟླ་དང།། དམིགས་པ་ལམ་གྱི་ལ་བཟླའོ།། སོ་དྲུག་དཀྱིལ་འཁོར་མཚན་ཉིད་སྟོན།། དཀྱིལ་འཁོར་དོན་ལ་རྣམ་གསུམ་སྟེ།། རྩ་བའི་དཀྱིལ་འཁོར་ཆེན་པོ་དང།། རང་བཞིན་གསང་བའི་དཀྱིལ་འཁོར་དང། ། གཟུགས་བརྙན་ཡོངས་བཀོད་དཀྱིལ་འཁོར་རོ།། སོ་བདུན་རང་རང་དོན་ཆེན་བསྟན།། དེ་ལ་རྣམ་དོན་གཅིག་གིས་བསྟན།། རང་གི་ཙིཏྟའི་དཀྱིལ་འཁོར་དུ།། རང་རང་ཡེ་ཤེས་དོན་འདུས་པའོ། ། སོ་བརྒྱད་གོམས་པའི་རྟོགས་ཚུལ་བསྟན།། དེ་ཉིད་ལ་ནི་རྣམ་གཉིས་སོ།། ཉམས་སུ་བླང་བའི་རིམ་པ་དང།། གོམས་པའི་ཚད་ཀྱིས་གདམས་ངག་བསྟན་པའོ།། སོ་དགུ་རྟོགས་ཚུལ་བརྡའ་ལྔ་བསྟན། ། དེ་ཉིད་ལ་ཡང་དོན་ལྔ་སྟེ།། རང་བཞིན་སྣང་བའི་བརྡ་རྣམས་དང།། འཛིན་མེད་སེམས་ཀྱི་བརྡའ་དང་ནི།། རང་དོན་རིག་པའི་བརྡ་ཆེན་དང།། རང་བཞིན་ལུང་གི་བརྡ་དང་ནི།། གོ་འབྱེད་སྒྲུབ་རྒྱུད་བརྡ་རྣམས་བཤད། ། བཞི་བཅུ་ཡོངས་སུ་བསྟོད་བརྡ་བསྟན།། དེ་ནི་ཡང་དག་དོན་བཞི་བསྟན།། མཚན་གྱིས་སྒོ་ནས་བསྟོད་པ་དང།། ཕྱག་མཚན་སྒོ་ནས་བསྟོད་པ་དང།། སྐུ་གསུམ་ཉིད་ལ་བསྟོད་པ་དང།། ཁྲོ་བོ་ཉིད་ལ་བསྟོད་པའོ། ། ཞེ་གཅིག་འཁྲུལ་པའི་བརྡ་ཉིད་བསྟན།། དེ་ཉིད་ལ་ཡང་དོན་གཉིས་སྟེ།། འཛིན་པ་རང་གྲོལ་རྒྱུད་ཀྱི་བརྡ་དང་ནི།། སྣང་བ་ཡུལ་གྱི་བརྡ་ལྔ་བསྟན།། ཞེ་གཉིས་བསྟན་པའི་འཇིག་དུས་བསྟན།། དེ་ཉིད་ལ་ཡང་དོན་གཉིས་ཏེ། ། རྟགས་རྣམས་འབྱུང་བར་བསྟན་པ་དང།། བསྐལ་པའི་འབྱུང་དུས་བསྟན་པའོ།། ཞེ་གསུམ་བརྡའ་ལྔའི་སྒྲུབ་བསྒྱུར་བསྟན།། དེ་ཉིད་ལ་ཡང་དོན་གཉིས་ཏེ།། ཐམས་ཅད་བརྡའ་རུ་བསྟན་པ་དང། ། ཐམས་ཅད་བརྡའ་ལ་བསྡུས་པའོ།། དེ་བཞིན་སྒྲ་དོན་མན་ངག་རྣམས།། རབ་ཏུ་བསྡུ་བ་འདིར་གསུངས་སོ།། མཚན་མ་ལས་གྲོལ་ཡེ་ཤེས་ལས།། བསྐྱེད་དང་རྫོགས་པ་མེད་པར་གསུངས།། ཡང་དག་ལེའུའི་རྩ་བ་རྣམས། ། གང་ཞིག་གནས་པར་འདོད་པ་རྣམས།། ལེའུ་འདི་ལས་བཙལ་བར་བྱའོ།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས།། ལེའུའི་རྩ་བའི་དོན་གསལ་བར་བཤད་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བརྒྱད་པ་ལེ་ལག་གི་དོན་བསྡུས་ཏེ་བསྟན་པ། འཇམ་དཔལ་གཞོན་ནུར་གྱུར་པ་སྐྱེས་བུ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། ལེའུའི་རྩ་བཤད་དེ་ལྟར་ན།། བདག་ཅག་རྗེས་སུ་ཞུགས་རྣམས་ལ། ། ལེའུའི་དོན་རྣམས་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བདག་ཉིད་ཆེན་པོ་དེས་བཀའ་སྩལ་པ། ཀྱེ་ཀྱེ་འཇམ་དཔལ་གཞོན་ནུར་གྱུར་པ་ཉོན།། ང་ཡིས་ལེགས་པར་བཤད་ཀྱིས་བརྟན་པར་ཟུང། ། དོན་དང་མཐུན་ཚིག་བསམ་ཡས་ཀྱང།། ལེའུ་ཉིད་ཀྱི་དོན་ཉིད་ལས། རབ་ཏུ་བཤད་ཅིང་ཤིན་ཏུ་གསལ།། མཚན་མས་བཅིངས་པའི་སེམས་ཅན་ཀུན།། གྲོལ་བའི་ཐབས་ཆེན་ངས་བསྟན་གྱིས། ། རབ་ཏུ་གུས་པའི་སེམས་ཀྱིས་ཉོན།། ལེའུའི་དོན་སྦྱར་འདི་ལྷ་སྟེ། ཞེ་བཞི་དོན་གྱི་ཡེ་ཤེས་བསྟན། དེ་ཉིད་ལ་ཡང་དོན་ལྔ་སྟེ། ཁྱད་པར་ཡེ་ཤེས་ལམ་དོན་དང། ཐུན་མོང་ཀུན་ཁྱབ་རང་དོན་དང།། བརྡལ་བ་ཆོས་ཉིད་སེམས་དོན་དང། ། རང་འབྱུང་སྒྲ་ཡི་སེམས་དོན་དང།། རོལ་པ་སྣ་ཚོགས་སེམས་དོན་ནོ།། ཞེ་ལྔ་སྒྲ་ཡི་གྲངས་ཡིག་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། ཕོ་ཡིག་ཐབས་ཀྱི་ཡི་གེ་དང།། མོ་ཡིག་ཤེས་རབ་ཡི་གེ་དང། ། མ་ནིང་ཐུགས་རྗེའི་ཡི་གེ་བཤད།། ཞེ་དྲུག་མཁའ་འགྲོའི་རང་སྒྲ་བསྟན།། དེ་ཉིད་ལ་ཡང་དོན་གསུམ་བསྟན།། སོ་སོའི་མཚན་མས་སྨྲ་བ་དང། གཅིག་པའི་དོན་དུ་སྨྲ་བ་དང།། སྟོན་པ་ཉིད་ཀྱིས་རྗེས་སུ་བསྟན། ། ཞེ་བདུན་སྟོན་པའི་བྱོན་ལུགས་བསྟན།། དེ་ཉིད་ལ་ཡང་དོན་བཞི་བསྟན།། པདྨར་བརྫུས་ཏེ་བྱོན་པ་དང།། ཡུམ་གྱི་ལྷུམས་སུ་བྱོན་པ་དང།། འོད་དང་སྒྲ་དང་བཅས་པ་དང།། ཤིན་ཏུ་དམན་པའི་གཟུགས་སུ་བསྟན། ། ཞེ་བརྒྱད་ཐིག་ལེ་རྒྱས་པར་བསྟན།། དེ་ཉིད་ལ་ནི་དོན་གསུམ་མོ། གཞི་ཡི་ཐིག་ལེ་བཟང་པོའི་རབ།། ལམ་གྱི་ཐིག་ལེ་སྣ་ཚོགས་དང།། འབྲས་བུ་ཡོངས་རྫོགས་ཐིག་ལེར་བསྟན།། ཞེ་དགུ་སྒྲ་ཡི་གཏན་ཚིགས་བསྟན། ། གོང་དུ་རྒྱས་པར་བཤད་པའོ།། འདི་ཉིད་ལ་ཡང་དོན་གསུམ་མོ།། མཚན་མ་སྒྲ་ཡི་ཡི་གེ་དང།། མཚོན་པ་སྒྲ་ཡི་ཡི་གེ་དང།། སྡུད་པ་སྒྲ་ཡི་ཡི་གེར་བསྟན།། ལྔ་བཅུ་གཞི་ལམ་འབྲས་བུར་བསྟན། ། དེ་ཉིད་ལ་ཡང་དོན་དྲུག་གོ། ངོ་བོ་རྟོགས་པའི་གཞི་དང་ནི།། རང་བཞིན་ཐབས་ཀྱི་གཞི་རུ་བསྟན།། མངོན་སྣང་ཡུལ་གྱི་ལམ་དང་ནི།། གོམས་པའི་ཚད་ཀྱི་ལམ་དུ་བསྟན།། ཡང་དག་གཅིག་ཆོང་འབྲས་བུ་དང། ། རྟོགས་པ་རྒྱུར་མི་ལྡོག་པར་བསྟན།། ང་གཅིག་སྔགས་ཀྱི་གཏན་ཚིགས་བསྟན།། དེ་ཉིད་ལ་ཡང་དོན་ལྔ་སྟེ།། འབྲས་བུ་ལམ་གྱི་གཏན་ཚིགས་དང།། མངོན་སྣང་ཡུལ་གྱི་གཏན་ཚིགས་དང།། རང་བཞིན་རིག་པའི་གཏན་ཚིགས་དང། ། སྔགས་ཀྱི་གཏན་ཚིགས་བསྟན་པའོ།། ང་གཉིས་ཡོངས་སུ་རྣལ་འབྱོར་བསྟན།། དེ་ཉིད་ལ་ཡང་དོན་གཉིས་ཏེ།། འབྲས་བུ་ཚད་ཕྱིན་བཞི་ལས་མ་བྱུང། རྣལ་འབྱོར་དང།། ལམ་ལ་གནས་པ་ཉིད་དུ་བསྟན། ། ང་གསུམ་ཕྲིན་ལས་གསང་བ་བསྟན།། དེ་ཉིད་ལ་ཡང་དོན་བཞིའོ།། ཞི་བ་ཡོངས་སུ་རྫོགས་པ་དང།། རྒྱས་པ་ཡང་དག་དོན་བསྟན་དང།། དབང་གིས་འགྲོ་བ་དྲངས་པ་དང།། དྲག་པོས་གདུག་པ་ཚར་གཅོད་དོ། ། ང་བཞི་རི་བོ་སྤྱི་བཅིངས་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། མཚན་མ་ཡུལ་གྱི་སྤྱི་བཅིངས་དང།། སྒྲོན་མ་ཉིད་ཀྱི་སྤྱི་བཅིངས་དང།། རྟོགས་པ་དོན་གྱི་སྤྱི་བཅིངས་སོ།། ང་ལྔ་རྒྱ་མཚོ་ཀློང་རྡོལ་བསྟན། ། དེ་ཉིད་ལ་ཡང་དོན་གསུམ་སྟེ།། ཡུལ་གྱི་ཡེ་ཤེས་ཀློང་རྡོལ་དང།། སྐུ་ཡི་ཡོན་ཏན་ཀློང་རྡོལ་དང།། སྒྲོན་མ་དབྱིངས་ཀྱི་ཀློང་རྡོལ་བའོ།། ང་དྲུག་ཉི་ཟླ་དྲོད་ཀྱང། གྲངས་མཉམ་བསྟན།། དེ་ཉིད་རྣམ་དོན་གཉིས་ཀྱིས་བསྟན། ། ཐབས་ཀྱིས་འགྲོ་བ་སྒྲོལ་བྱ་དང།། ཤེས་རབ་ཡུལ་རྣམས་བཅད་པར་བསྟན།། ང་བདུན་ནམ་མཁའ་ཁད་མཉམ་བསྟན།། དེ་ཉིད་ལ་ཡང་དོན་བཞིས་བསྟན།། གཉིས་མེད་མཐའ་ལས་འདས་པ་དང། ། མཐར་ཕྱིན་ཡུལ་ལ་མི་གནས་དང།། འགྲོལ་བའི་དབྱིངས་ཉིད་མཉམ་པ་དང།། ཡང་དག་དོན་ལ་མཉམ་པར་བསྟན།། ང་བརྒྱད་དཔེ་ཡི་ངོ་སྤྲོད་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། མཚན་མ་ཡུལ་གྱི་དཔེ་དང་ནི། ། དག་པ་ཕྱོགས་མཚོན་དཔེར་བསྟན་དང།། སྣང་བ་བརྡ་ཡི་དཔེ་རུ་བསྟན་པའོ།། ང་དགུ་སྤྲུལ་པ་མཛད་ལུགས་དེས་རང་གི་སྤྲུལ་པ་བསྟན་པའོ། བསྟན།། དེ་ལ་རྣམ་དོན་གཉིས་ཀྱིས་བསྟན།། ཆོས་ཉིད་ངང་ལས་སྤྲུལ་པ་དང། ། གང་འདུལ་ཆས་སུ་ཞུགས་པ་བསྟན། དྲུག་ཅུ་རྟོགས་པའི་ཚད་རྣམས་བསྟན།། དེ་ཉིད་ལ་ཡང་དོན་གསུམ་མོ།། སྣང་བ་ཉིད་ཀྱི་རྟོགས་ཚད་དང།། འབྲས་བུའི་ལམ་གྱི་རྟོགས་ཚད་དང། ། མངོན་སྣང་ཡུལ་གྱི་རྟོགས་ཚད་དོ།། རེ་གཅིག་མ་རིག་སེམས་ཉིད་བསྟན།། དེ་ལ་ཡང་ནི་དོན་བཞིས་བསྟན།། འཛིན་པ་མ་རིག་རྩ་བར་བསྟན།། སྡུད་པས་སེམས་ཉིད་སྐྱབས་སུ་བསྟན།། འཁྲུལ་བྱེད་ཡིད་རྣམས་བསྟན་པ་དང། ། རྣམ་སྣང་ལྔ་ཡང། ལྔ་གྲོགས་སུ་བསྟན་པའོ།། རེ་གཉིས་རིག་པའི་ཡེ་ཤེས་བསྟན།། དེ་ཉིད་ལ་ཡང་དོན་བཞིས་གསུམ་ལས་བྱུང། བསྟན།། རང་བྱུང་རྟོགས་པའི་རིག་པ་དང།། ཤེས་རབ་མཚོན་པའི་རིག་པ་དང། ། མངོན་སྣང་ཡུལ་ཀྱི་ཡེ་ཤེས་སོ།། རེ་གསུམ་རང་བཞིན་གསལ་བར་བསྟན།། དེ་ཉིད་ལ་ནི་དོན་གསུམ་སྟེ།། དངོས་པོའི་རང་བཞིན་གསལ་བ་དང།། སྐྱེ་མེད་རང་བཞིན་གསལ་བ་དང། ། ཀུན་ཁྱབ་རང་བཞིན་གསལ་བར་བསྟན།། རེ་བཞི་དབང་པོའི་བྱེ་བྲག་བསྟན།། དེ་ཉིད་ལ་ཡང་དོན་ལྔ་སྟེ།། རབ་ཏུ་དབྱེ་སྟེ་བསྟན་པ་དང།། ཚིག་ཙམ་དག་ཏུ་བསྟན་པ་དང།། དབང་པོ་ཤིན་ཏུ་རྣོ་བར་བསྟན། ། རྟུལ་བ་དག་ཏུ་བསྟན་པ་དང།། རབ་ཏུ་རྒྱས་པར་བསྟན་པའོ།། དེ་བཞིན་ཚིག་དོན་གསང་བ་རྣམས།། རབ་ཏུ་བཤད་ཅིང་མཚམས་སྦྱར་དང།། མིང་དང་མཚན་མའི་དངོས་པོ་རྣམས།། རབ་ཏུ་བཤད་ཅིང་སྦྱར་བར་བྱ། ། མཚན་མ་ཉིད་ལ་ལྟོས་གྱུར་ན།། ཡེ་ཤེས་སྣང་བ་འཆར་མི་འགྱུར།། ཡེ་ཤེས་སྣང་བ་ཆེན་པོ་ཉིད།། རབ་ཏུ་བཤད་ཅིང་བརྗོད་པར་བྱ།། དེ་ཡང་རབ་བསྟན་འདི་ལྟ་སྟེ།། མིང་དང་དངོས་པོ་འཛིན་པ་ཡིས། ། ལམ་ལ་ལྟོས་ན་ཡེ་ཤེས་མེད།། སྣང་བ་མེད་པའི་ཆོས་ཉིད་ནི།། རབ་ཏུ་བཤད་ནས་མཚན་བརྗོད་བྱ།། ལེའུ་གསང་བ་འདི་ཉིད་ལས།། གབ་དང་སྦས་པའི་ཚིག་ཉིད་བསྟན།། ཡང་དག་ལམ་ཀྱི་ཚིག་ཉིད་བསྟན། ། མཚན་མ་རྡོ་རྗེའི་རྒྱས་གདབ་ཕྱིར།། རབ་ཏུ་བཤད་པའི་རྒྱུད་ཆེན་འདི།། བཤད་ནས་རྡོ་རྗེ་དོན་དུ་གསུངས།། དེ་ཉིད་ཡུལ་དང་སྤྲད་པའི་ཕྱིར།། དཔེ་དང་དོན་ལ་སོགས་པ་ཡིས།། གླེང་བསླང་དོན་ཉིད་བསྟན་པར་བཤད། ། དེ་ཕྱིར་མཚན་དོན་རྒྱས་པར་བསྟན།། ཡང་དག་དོན་གྱི་དཀྱིལ་འཁོར་ཉིད།། རྒྱས་པར་བསྟན་ཅིང་བཀྲལ་བའི་ཕྱིར།། ལེའུ་འདི་ཉིད་གསུངས་པའོ།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ། ལེའུའི་དོན་བསྡུས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་དགུ་པ་ལེའུའི་དོན་སྦྱོར་བསྟན་པ། ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྐྱེས་བུ་དམ་པ་དེས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྟོན་པ་ཡེ་ཤེས་སྐུ། ། ལེའུའི་དོན་བསྡུས་དེ་ལྟར་ན།། བདག་ཅག་མོས་པའི་འཁོར་རྣམས་ལ།། ལེའུའི་དོན་སྦྱར་བསྟན་དུ་གསོལ།། ཞེས་ཞུས་སོ།། དེ་ནས་ཡང་བཀའ་སྩལ་པ།། ཀྱེ་མ་གཞོན་ནུར་གྱུར་པ་ཁྱོད་ཉོན་ཅིག། ངས་བསྟན་ལེགས་པར་ཡིད་ལ་ཟུང། ། དགོངས་པ་རང་གནས་ཡེ་ཤེས་དོན།། ལེའུ་ཉིད་ལས་བཙལ་བར་བྱ།། ང་ཡིས་རྣམ་བཤད་ལེགས་པར་བསྟན།། ཁྱོད་ཀྱིས་མ་ཡེངས་གུས་པར་ཉོན།། ལེའུའི་མཚན་རྣམས་འདི་ལྟ་སྟེ། ། རེ་ལྔ་རྗེས་སུ་ལུང་བསྟན་པ།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། དཀྱིལ་འཁོར་ལྷ་ཡི་ལུང་བསྟན་དང།། སྣང་བ་ཡུལ་གྱི་ལུང་བསྟན་དང།། རིག་པ་སྟོང་པའི་ལུང་བསྟན་པའོ།། རེ་དྲུག་སྦུབས་ཀྱི་འཕོ་ཚུལ་བསྟན། ། དེ་ཉིད་རྣམ་དོན་ལྔ་ཡིས་བསྟན།། སྣང་བ་ཡུལ་གྱི་འཕོ་ལུགས་དང།། རྟོགས་པ་ལམ་གྱི་འཕོ་ལུགས་དང།། ཡེ་ཤེས་མིག་གི་འཕོ་ལུགས་དང།། བག་ཆགས་སྣང་བའི་འཕོ་ལུགས་དང།། སེམས་དང་ཡེ་ཤེས་འཕོ་ལུགས་སོ། ། རེ་བདུན་རྫོགས་ཆེན་གཏན་ཚིགས་བསྟན།། དེ་ཉིད་ལ་ཡང་དོན་དྲུག་སྟེ།། གཉིས་མེད་རིག་པའི་གཏན་ཚིགས་དང།། སྣང་བ་སེམས་ཀྱི་གཏན་ཚིགས་དང།། རང་སྣང་ལམ་གྱིས་གཏན་ཚིགས་དང། ། ཕྱིར་རྒོལ་སུན་འབྱིན་གཏན་ཚིགས་དང།། སྟོང་པ་ཡེ་ཤེས་གཏན་ཚིགས་དང།། རྣལ་འབྱོར་སྤྱོད་པའི་གཏན་ཚིགས་སོ།། རེ་བརྒྱད་རྒྱུད་ཀྱི་སྡོམ་བྱང་བསྟན།། དེ་ཉིད་རྣམ་དོན་བདུན་གྱིས་བསྟན། ། རིག་པ་ཡེ་ཤེས་སྡོམ་བྱང་དང།། རྣལ་འབྱོར་སྟོང་པའི་སྡོམ་བྱང་དང།། རྒྱུད་ཀྱི་ལོ་རྒྱུས་སྡོམ་བྱང་དང།། ཀུན་གཞི་སེམས་ཀྱི་སྡོམ་བྱང་དང།། གཏན་ཚིགས་ལུང་གི་སྡོམ་བྱང་དང།། བདེ་ཆེན་ཐུགས་རྗེའི་སྡོམ་བྱང་དང། ། སྟོང་པ་ཚིག་གི་སྡོམ་བྱང་ངོ།། རེ་དགུ་ཕྱིར་རྒོལ་ཚིག་གིས་སུན་འབྱིན་བསྟན།། དེ་ཉིད་རྣམ་དོན་བཅུ་ཡིས་བསྟན།། ལོག་ལྟ་ཚར་གཅོད་སུན་འབྱིན་དང།། རང་གི་གྲུབ་མཐའ་བསྐྱང་ཕྱིར་དང། ། རང་གི་ཆེ་བ་ཁྱད་འཕགས་དང།། སྣང་བའི་སེམས་རྫོགས་སུན་འབྱིན་དང།། སྣང་བའི་དྲག་པ་གྲགས་པས་བྱུང། སུན་འབྱིན་དང།། ཡེ་ཤེས་ལམ་ཉིད་སྐྱབས་པ་དང།། རིག་པའི་ལམ་ལ་སུན་འབྱིན་དང།། སྣང་བ་རྟོག་པ་སུན་འབྱིན་དང། ། སྟོང་པ་སྟོང་པའི་སུན་འབྱིན་དང།། ལམ་གྱིས་ཡེ་ཤེས་སུན་འབྱིན་པའོ།། བདུན་ཅུ་ཤེས་རབ་ཡེ་ཤེས་དབྱེ་བ་བསྟན།། དེ་དོན་རྣམ་དོན་ཉི་ཤུ་ཉེར་གཅིག་བྱུང། སྟེ།། དྲག་གྲགས་པའི་ཡང་བྱུང་པོའི་ཤེས་རབ་ཁྱད་པར་དང། ། ལམ་སྟོན་སྟོང་པའི་ཤེས་རབ་དང།། འཇུག་པ་ལམ་གྱི་ཤེས་རབ་དང།། དེ་ཡི་མཚན་མའི་ཤེས་རབ་དང།། རྟོགས་བྱེད་ཐབས་ཀྱི་ཤེས་རབ་དང།། སྦྱོར་བ་ཡུམ་གྱི་ཤེས་རབ་དང། ། གསང་བ་ཡུལ་གྱི་ཤེས་རབ་དང།། ཁྱད་པར་རྟགས་ཀྱི་ཤེས་རབ་དང།། གོམས་པ་ཚད་ཀྱི་ཤེས་རབ་དང།། སྣང་བ་སྐུ་ཡི་ཤེས་རབ་དང།། རིག་པ་ལམ་གྱི་ཤེས་རབ་དང།། ཤིན་ཏུ་མ་ཡེངས་ཤེས་རབ་དང། ། འཁོར་བ་འཁྲུལ་བའི་ཤེས་རབ་དང།། ཚིག་མེད་སྟོང་པའི་ཤེས་རབ་དང།། རྒྱལ་བ་རྟགས་ཀྱི་ཤེས་རབ་དང།། མངོན་སྣང་ཡུལ་གྱི་ཤེས་རབ་དང།། བསྒོམ་པ་འཛིན་པའི་ཤེས་རབ་དང།། མཐའ་དབུས་མེད་པའི་ཤེས་རབ་དང། ། ལམ་བསྟན་འབྲས་བུའི་ཤེས་རབ་དང།། གཏན་ཚིགས་སྟོང་པའི་ཤེས་རབ་དང།། གཏན་ཚིགས་གཅིག་གི་ཤེས་རབ་བོ།། དོན་གཅིག་རྒྱལ་བའི་རང་རྟགས་བསྟན།། དེ་ཉིད་རྣམ་དོན་བཅུ་དགུ་བསྟན། ། རྒྱལ་བ་མྱ་ངན་འདས་རྟགས་དང།། ཡེ་ཤེས་རྟོགས་པའི་དྲོད་རྟགས་དང།། སྣང་བ་མཐོང་བའི་རང་རྟགས་དང།། ཡུལ་ལ་སྣང་བའི་མངོན་རྟགས་དང།། ལམ་སྣ་ཟིན་པའི་མཚན་རྟགས་དང། ། བདེན་པ་མཐོང་བའི་དཔེ་རྟགས་དང།། ཡང་དག་རྙེད་པའི་ཡུལ་རྟགས་དང།། ཏིང་འཛིན་གོམས་པའི་སྟོབས་རྟགས་དང།། འཇུག་པ་ཡུལ་གྱི་དུས་རྟགས་དང།། རྣལ་འབྱོར་ལམ་གྱི་བསྒོམ་རྟགས་དང། ། མཚན་མ་མེད་པའི་སངས་རྟགས་དང།། རྟགས་ལ་དཔེ་ཡི་རང་རྟགས་དང།། མཐར་ཕྱིན་གྲོལ་བའི་དུས་རྟགས་དང།། ཡུལ་དང་དབང་པོའི་བྱིང་རྟགས་དང།། འདས་པའི་དུས་ཀྱི་མངོན་རྟགས་དང།། རྗེས་འཇུག་དྲང་ཕྱིར་མངོན་རྟགས་དང།། དོན་དམ་ཡུལ་གྱི་འབྲལ་རྟགས་དང།། སེམས་ཉིད་དོན་གྱི་རང་རྟགས་དང།། སྣང་བ་རྒྱས་འདེབས་རྟགས་སུ་བསྟན།། དོན་གཉིས་ཐབས་ཀྱི་འཇུག་སྒོ་བསྟན།། དེ་ཉིད་རྣམ་དོན་བཅུ་ཡིས་བསྟན། ། གསང་སྔགས་ལམ་གྱི་ཐབས་བསྟན་དང།། སྟོང་པ་སྙིང་པོའི་ཐབས་བསྟན་དང།། རྟོགས་པ་ཚད་ཀྱི་ཐབས་བསྟན་དང།། གསང་སྔགས་འབྲས་བུའི་ཐབས་བསྟན་དང།། ཤེས་རབ་ཡུལ་གྱི་ཐབས་བསྟན་དང། ། ཡན་ལག་བཞི་ཡི་ཐབས་བསྟན་དང།། དཀྱིལ་འཁོར་དབང་གི་ཐབས་བསྟན་དང།། མཉམ་ཉིད་ལམ་གྱི་ཐབས་བསྟན་དང།། རྟོགས་མེད་ཡུལ་གྱི་ཐབས་བསྟན་དང།། དག་པ་དོན་གྱི་ཐབས་བསྟན་པའོ། ། དོན་གསུམ་ཕྲ་རགས་བསལ་བ་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། མཚན་མ་དག་པའི་དྲི་མ་དང།། འཛིན་པ་ཡུལ་གྱི་དྲི་མ་དང། ཤེས་བྱ་ནང་གི་དྲི་མའོ།། དོན་བཞི་སྐུ་གསུམ་དབྱེ་བ་བསྟན། ། དེ་ཉིད་ལ་ཡང་དོན་གཉིས་ཏེ།། མཚན་མ་མིང་གི་སྐུ་གསུམ་དང།། ཡང་དག་དོན་གྱི་སྐུ་གསུམ་མོ།། དོན་ལྔ་དབང་གི་སྡོམ་བྱང་བསྟན།། དེ་ལ་རྣམ་དོན་གསུམ་གྱིས་བསྟན།། གདམས་ངག་དོན་གྱི་བསྟན་པ་དང། ། ཡང་དག་ཐོབ་ཕྱིར་བསྟན་པ་དང།། རྫས་ལྔ་དག་གིས་བསྟན་པའོ།། དོན་དྲུག་རང་གྲོལ་དགོངས་པ་བསྟན།། དེ་ལ་རྣམ་དོན་བཅུ་ཡིས་བསྟན།། སྣང་བ་ཡུལ་ལ་གྲོལ་བ་དང།། རང་སྣང་མཁའ་ལ་གྲོལ་བ་དང། ། ཏིང་འཛིན་སེམས་ལ་གྲོལ་བ་དང།། འབྱུང་བ་རྐྱེན་གྱིས་གྲོལ་བ་དང།། རང་དོན་ལམ་གྱིས་གྲོལ་བ་དང།། སྣང་བ་དྲུག་གིས་གྲོལ་བ་དང།། ལྟ་བ་ཉིད་ལས་གྲོལ་བ་དང།། རྒྱུ་རྐྱེན་ཆོས་ལས་གྲོལ་བ་དང། ། རྟོག་འཛིན་མཐའ་ལས་གྲོལ་བ་དང།། མཐའ་བཞི་ངང་ལས་གྲོལ་བར་བསྟན།། དོན་བདུན་ས་ལམ་བསྒྲུབ་མེད་བསྟན།། དེ་ཉིད་ལ་ནི་དོན་བཞིས་བསྟན།། སྦྱང་བའི་ཡུལ་དུ་མེད་པ་དང།། དུ་མར་བགྲང་དུ་མེད་པ་དང། ། གནས་དང་འགྲོ་འོང་མེད་པ་དང།། ས་ལམ་རིམ་པ་མེད་པའོ།། དོན་བརྒྱད་རྫོགས་ཆེན་རང་སྐད་བསྟན།། དེ་ལ་ཡང་ནི་དོན་གསུམ་སྟེ།། ལྟ་བ་དོན་གྱིས་སྨྲས་པ་དང།། སྤྱོད་པ་དོན་གྱིས་སྨྲས་པ་དང། ། སྒོམ་པ་དོན་གྱིས་སྨྲས་པའོ།། དོན་དགུ་མི་གཡོ་མཉམ་གཞག་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། རང་སྣང་ཉིད་ལས་མི་གཡོ་དང།། རྣམ་གསུམ་དོན་ལས་མི་གཡོ་དང།། སྒྲོན་མ་ཉིད་ལས་མི་གཡོའོ། ། བརྒྱད་ཅུ་འཇམ་དཔལ་སྨྲ་བཞི་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། ཐབས་ཀྱི་སྒོ་ནས་སྨྲ་བ་དང།། ཤེས་རབ་ཉིད་ཀྱིས་སྨྲ་བ་དང།། ཕ་རོལ་སྒྲོལ་ཕྱིར་སྨྲ་བའོ།། གྱ་གཅིག་གཤེགས་པ་རང་བྱུང་བསྟན། ། དེ་ཉིད་ལ་ཡང་དོན་གཉིས་ཏེ།། རང་རང་ཚིག་གིས་སྨྲ་བ་དང།། མཐུ་སྟོབས་སྒོ་ནས་སྨྲ་བའོ།། གྱ་གཉིས་སྙིང་པོའི་ཕུལ་བ་བསྟན།། དེ་ཉིད་ལ་ཡང་དོན་གསུམ་སྟེ།། རང་གིས་ཞུས་ཏེ་ཕུལ་བ་དང།། སྟོན་པས་བསྐུལ་ཏེ་ཕུལ་བ་དང། ། གསང་སྔགས་བྲིས་ཏེ་ཕུལ་བ་དང།། གྱ་གསུམ་མཚན་མ་ཟིལ་གནོན་བསྟན།། དེ་ཉིད་རྣམ་དོན་བཅུ་གཅིག་གོ། མཚན་མའི་ཡུལ་ལ་གནོན་པ་དང།། གཞན་དོན་སེམས་ཀྱིས་གནོན་པ་དང། ། ཡུལ་དང་ཤེས་པ་གནོན་པ་དང།། སྒྲོན་མ་ཉིད་ཀྱིས་གནོན་པ་དང།། རྣལ་འབྱོར་ལུས་ཀྱིས་གནོན་པ་དང།། སྦྱོང་པ་རྒྱུན་གྱིས་གནོན་པ་དང།། རང་དོན་རིག་པས་གནོན་པ་དང།། ཡེ་ཤེས་ངོ་བོས་གནོན་པ་དང། ། ལམ་ཉིད་འབྲས་བུས་གནོན་པ་དང།། གསང་སྔགས་དོན་གྱིས་གནོན་པ་དང།། རིག་པ་སྟོབས་ཀྱིས་གནོན་པའོ།། གྱ་བཞི་དགོངས་པ་ལུང་བསྟན་ནོ།། དེ་ལ་རྣམ་དོན་གཉིས་ཀྱིས་བསྟན། ཚིག་ལ་བརྟེན་ཏེ་ལུང་བསྟན་དང། ། རྒྱུ་མཚན་བརྟགས་ཏེ་ལུང་བསྟན་པའོ།། གྱ་ལྔ་རྒྱལ་བའི་རྟེན་བཞུག་བསྟན།། དེ་ཉིད་རྣམ་དོན་དྲུག་གིས་བསྟན།། སྐུ་ཡི་ཚད་དུ་བསྟན་པ་དང།། གསུང་གི་ཚད་དུ་བསྟན་པ་དང།། ཐུགས་ཀྱི་ཚད་དུ་བསྟན་པ་དང། ། ཐམས་ཅད་འདུས་པར་བསྟན་པ་དང།། མོས་པ་བསྐྱེད་ཕྱིར་བསྟན་པ་དང།། ཡང་དག་ཉིད་དུ་བསྟན་པའོ།། གྱ་དྲུག་ཡོངས་སུ་གཏད་པ་བསྟན།། དེ་ཉིད་ལ་ཡང་དོན་བཞིས་བསྟན། ། སྟོན་པས་གཏད་པ་ཉིད་དང་ནི།། དེ་ནས་ཞུ་བ་པོ་ཡིས་གཏད་པ་དང།། སྡུད་པ་པོ་ཡིས་གཏད་པ་དང།། དེ་ནས་ཡོངས་ལ་གཏད་པའོ།། དེ་བཞིན་ལེའུའི་མཚན་སྦྱོར་རྣམས།། རབ་ཏུ་མེད་ཅིང་སྤང་ཡངས་པའོ། པའོ།། ལེའུ་གཉིས་ཀྱིས་མཚན་བསྟན་པ།། ལེགས་པར་བཀྲོལ་ཞིང་བཤད་པར་ཟད།། རབ་ཏུ་རྒྱས་པར་བསྟན་པའོ།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས།། ལེ་ལག་དོན་བསྡུས་ཀྱི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ།། ལེའུའི་དོན་དང་མཚན་བཤད་དེ་ལྟར་ལགས་ན།། ཡོངས་སུ་བཟུང་བའི་ཐབས་གསུང་དུ་གསོལ། ། ཞེས་ཞུས་སོ།། དེ་ནས་ཡང་བཀའ་སྩལ་པ།། ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག། ངས་ཐབས་དམ་པ་བསྟན་གྱིས་ལེགས་པར་ཉོན་ཅིག། ཡང་དག་པའི་ཡེ་ཤེས་ལ་འཕེལ་འགྲིབ་མེད་དོ། ། ཡེ་ཤེས་ཀྱི་ལུས་ལ་ཡང་ཞིང་གཡོ་བ་མེད་དོ།། ཡེ་ཤེས་ཀྱི་སྣང་བ་ལ་གསལ་བ་དང་མི་གསལ་བ་མེད་དོ།། གསང་སྔགས་ཀྱི་ལམ་ལ་ཉེ་བ་དང་རིང་བ་མེད་དོ།། རང་གི་སྣང་བ་ལ་ཆེ་ཆུང་མེད་དོ།། སེམས་ཅན་ཀྱི་དབང་པོ་ལ་རྣོ་བརྟུལ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན།། སྣང་བ་ལ་བསྟན་དུ་ཡོད་པའི་ཕྱིར་ཐབས་ལ་ཆེ་ཆུང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན།། གདམས་ངག་བསྟན་པས་ཐམས་ཅད་གྲོལ་བའི་ཕྱིར་རོ།། སེམས་ཅན་གྱི་དབང་པོ་ལ་རྣོ་བརྟུལ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན།། ངོ་སྤྲད་པས་ཆོག་པའི་ཕྱིར་རོ།། དེའི་ཕྱིར་ན།། སངས་རྒྱས་ཀྱི་ལམ་ལ་མཁས་པར་གྱིས་ཤིག། སངས་རྒྱས་ཀྱི་བདེན་པ་ཉི་ཤུ་རྩ་གཅིག་ངོ་ཤེས་པར་གྱིས་ཤིག། འབྲས་བུ་སྨིན་པའི་ཚད་ཤེས་པར་གྱིས་ཤིག། ཀྱེ་མ་རིགས་ཀྱི་བུ་སངས་རྒྱས་ཀྱི་དགོངས་པ་ལ་བར་མཚམས་མེད།། རང་གི་དེ་བཞིན་ཉིད་ལ་ཟད་ཅིང་སྟོང་པ་མེད་དོ།། བལྟ་བ་རང་བྱུང་གི་ཡེ་ཤེས་ཉིད། ། གཟུང་འཛིན་གཉིས་ཀྱི་མཐའ་དང་བྲལ་བ་ཉིད་དོ།། དག་པ་ཡེ་ཤེས་ཀྱི་ཡུལ་ལ་ཡངས་དོག་གི་མཐའ་དང་བྲལ་བའོ།། དེ་རྒྱུད་དག་པར་བསྟན་པའོ། ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཨེ་མ་ཧོ་རང་བྱུང་བདེ་བ་ཉིད།། ཕྱོགས་སུ་བལྟས་པས་གྲུབ་པ་མེད།། བདེ་བའི་ཡུལ་ལ་བདག་ཏུ་རྟོག་པ་མེད།། གསང་བའི་ཡེ་ཤེས་མཛོད་རྣམས་རབ་ཏུ་བསྟན།། ཡེ་ཤེས་ཀྱི་ནི་ཕྱོགས་འཛིན་སྤང། ། ལམ་རབ་བསམ་པ་མེད་པ་ཡི།། འདས་པའི་ལམ་ལ་ཐུག་པ་མེད།། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལ།། བཤད་ལུགས་བསམ་གྱིས་མི་ཁྱབ་ཀྱང། མདོར་བསྡུས་བཤད་ཀྱིས་འདི་བསྟན་ནོ།། རྒྱུ་དང་ཡེ་ཤེས་མཚན་བཤད་བྱ། ། གསང་སྔགས་ལམ་དང་ཡེ་ཤེས་ཉིད།། བཤད་པར་བྱ་བའི་རིམ་པར་གསུངས།། ཐ་དད་ཉིད་ལས་གྲོལ་བ་ཉིད།། ལམ་ཉིད་གསལ་བར་བྱ་བའི་ཕྱིར།། གཏན་ཚིགས་ལམ་ལ་རབ་ཏུ་བཤད། ། ཡོངས་སུ་གཏད་པའི་ལེའུ་འདི།། བཤད་པ་ཐམས་ཅད་མིག་ཏུ་འགྱུར། སྤང་བྱའི་ཡུལ་ལས་ཐར་བྱའི་ཕྱིར།། ཐེ་ཚོམ་སོམ་ཉི་སྤང་ཕྱིར་འདི་བཤད་དོ།། ཐེ་ཚོམ་དག་གིས་སེམས་ཅན་ལ།། འདི་བཤད་པ་ཡིས་རྟོག་པ་སེལ། ། གསང་བ་སྔགས་ཀྱི་བཅུད་དག་ལ།། འདས་པའི་རྗེས་སུ་གནང་བའོ།། ཡོངས་སུ་གཏད་ཕྱིར་གསང་བ་བཤད།། གཏད་པ་ལ་ནི་རྣམ་གཉིས་ཏེ།། ཡོངས་སུ་གཏད་དང་རྗེས་སུ་གཏད།། རྣམ་པ་གཉིས་སུ་འདོད་པ་དེ། ། དེ་ཉིད་ཡོངས་སུ་གཏད་པའི་ལེའུ་ལས།། བཤད་པའི་རིམ་པ་མདོར་བསྟན་བྱ།། རྒྱལ་བ་རྟགས་དང་འདོད་པ་རྣམས།། རབ་ཏུ་བཤད་ཅིང་གཏད་པའི་ཕྱིར།། དེ་ཕྱིར་ཡོངས་སུ་བཤད་པ་བསྟན། ། བཤད་ལུགས་བསམ་གྱིས་མི་ཁྱབ་པའོ།། འདི་ནི་གསང་བ་ཉིད་དུ་བསྟན།། གསང་སྔགས་དགོངས་པའི་མཐར་ཐུག་ནི།། ཚད་མ་འདི་ལས་ཤེས་པར་བྱ།། གཞུང་དོན་གཏན་ཚིགས་རྒྱས་པའི་ཕྱིར།། དེ་ཕྱིར་འདི་ཉིད་རྒྱས་པར་བསྟན། ། རྒྱུད་འདི་ཉིད་ནི་བཤད་བྱས་པས།། ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར།། བྱ་བ་བྱེད་པ་ཐམས་ཅད་ཀུན།། མཚན་མ་བཞི་ལས་གྲོལ་བར་འགྱུར།། ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ཡོངས་སུ་བཟུང་བར་གཏད་པའི་ལེའུ་སྟེ་བཅུ་པའོ།།།། རྒྱུད་ཆེན་པོའི་ལྡེ་མིག་ཏུ་བསྟན་པ།། སྟོན་པ་སྟོབས་ལྡན་ཆེན་པོས། དུར་ཁྲོད་མེ་རི་འབར་བར། འཁོར་རྣམས་ཀྱི་རྟོག་པ་བསལ་བ། རྒྱུད་ཀྱི་ལྡེ་མིག་དུ་གསུངས་པའི་རྒྱུད། རིག་པ་རང་གྲོལ་ཆེན་པོ་རྒྱུད་ཅེས་བྱ་བ། རྫོགས་པ་ཆེན་པོའི་དོན་བསྟན་པ་རྫོགས་སོ།།།། ཨྠི+ྀ། རྒྱ་རྒྱ་རྒྱ། སྔགས་ཀྱི་སྲུང་མས་སྲུངས་ཤིག། ས་མ་ཡཱ། རིག་པ་རང་གྲོལ་རྒྱུད་ལ་མ་བུ་བཞི། །།། རྒྱ་གར་སྐད་དུ། རཏྣ་ཀུ་ཊ་མ་ཧ་གུ་ཎོདྡིཥྟ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རིན་ཆེན་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཉམ་པ་ཉིད་དུ་ཤེས་པ་ཀུན་གྱི་རྗེ་ལ་ཕྱག་འཚལ་ལོ།
CLOSE WINDOW