Wylie |
།།། ཨི་ཐི། གྷུཧྱ། ཁ་ཐམ་རྫོགས་སོ།། རྫོགས་པ་རང་འབྱུང་གི་རྒྱུད་མ་བུ་བཅུ་གཉིས་པ་རྫོགས་སོ།།།། རྒྱ་གར་སྐད་དུ། ཨ་ནཀྵ་ར་མ་ཧཱ་ཏནྟ་ནཱ་མ་རཏྣ་དྷཱ་ཛ་ར་ཛ་སནྟ་ཏི་དྲིཥྟི་ག་ག་ན་ས་མ་མ་མ་ཧཱ་ཏནྟྲ། བོད་སྐད་དུ། ཡི་གེ་མེད་པའི་རྒྱུད་ཆེན་པོ་ཞེས་བྱ་བ། རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད། རྒྱལ་པོའི་གདུང་རྒྱུད། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོའོ།། ཨཱཿབཅོམ་ལྡན་འདས་སྐུའི་སྣང་བ་རྒྱ་ཆེར་སྟོན་པ་ཉིད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན།། རྒྱུད་ཐམས་ཅད་བཤད་དུ་མེད་དོ། ། མཚན་མ་མེད་པའི་ཀློང་དུ་འདས་ཤིང་བཤད་དུ་མེད་དོ།། ལུང་ཐམས་ཅད་བསྟན་དུ་མེད་དོ།། མ་བཅོས་པའི་ཀློང་དུ་འདས་ཤིང་རྩོལ་བསྒྲུབ་མེད་པའོ།། མན་ངག་ཐམས་ཅད་མཚོན་དུ་མེད་པའོ།། མ་བསླད་པའི་ཀློང་དུ་འདས་ཤིང། བསྒྲུབ་ཏུ་མེད་པའོ།། ཨེ་མ་ཧོ།། ཉོན་ཅིག་སྣང་བ་དམ་པའི་འཁོར་རྣམས།། སྣང་བ་ཐབས་ཀྱི་འཁོར་ལ་གནས་ལུགས་ཀྱི་རིག་པ་མ་འགགས་པར་གསལ་ལོ།། དེ་སྐད་ཅེས་རིག་པའི་གནས་ནས་སྔར་མ་གསུངས་སོ། ། ད་ལྟ་ཉིད་དུ་མི་གསུང་ངོ།། ཕྱིས་གསུང་བར་མི་འགྱུར་རོ།། ཨོཾ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། སྟོབས་ཀྱི་རིག་པ་མ་འགགས་པར་ཤར་བའི་ཚེ། ། སྟོན་པ་ཉིད་སྣང་བ་མེད་པའི་སྐུས་བརྒྱན་པའི་ཀློང་ན་བཞུགས་ཏེ། དེའི་ཚེ་འཁོར་ནི་མི་སྣང་བའི་སྣང་བ་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་དེ་ཡི་ཚེ་ཡིད་རྟོག་པ་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་རིག་པའི་རྒྱལ་པོ་ཉིད།། སངས་རྒྱས་རྣམས་ཀྱི་ལྟ་བའི་དོན་གང་ལགས།། དགོངས་པའི་དོན་ཇི་ལྟ་བུ་ལགས།། ལུང་བསྟན་དུ་གསོལ།། ཐབས་བསྟན་དུ་གསོལ། ། ཞེས་ཞུ་བ་ཉིད་རབ་ཏུ་ཞུས་སོ།། དེ་ནས་ཡང་སྣང་བ་མེད་པའི་ཀློང་ནས། སྟོན་པ་མེད་པའི་རིག་པས་བཀའ་སྩལ་པ།། ཀྱེ་མ་ཀྱེ་མ་མེད་བཞིན་དུ།། སྣང་བའི་འཁོར་རྣམས་རབ་ཏུ་ཉོན་ཅིག། ང་རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་བཅད་པའི་ཡུལ་མེད་དོ། ། སྔར་འདས་པ་མེད་དོ།། ཕྱིར་འབྱུང་བ་མེད་དོ། ད་ལྟར་སྣང་བ་གང་ཡང་མེད་དོ།། ལས་མེད་དོ།། བག་ཆགས་མེད་དོ།། མ་རིག་པ་མེད་དོ།། སེམས་མེད་དོ།། ཡིད་མེད་དོ། ། ཤེས་རབ་མེད་དོ།། འཁོར་བ་མེད་དོ།། མྱ་ངན་ལས་འདས་པ་མེད་དོ།། རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ།། ཡེ་ཤེས་ཀྱི་སྣང་བ་གང་ཡང་མེད་དོ།། དེ་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ།། ཀྱེ་མ་ང་རང་བྱུང་གི་ཡེ་ཤེས་ལ་སྲོག་མེད་པས། ། དགེ་སྡིག་གི་མཐའ་ལས་འདས་པའོ།། ཨ་ཧོ།། ང་རང་བྱུང་གི་ཡེ་ཤེས་ལ་བྱ་བྱེད་མེད་པས། ཕྱི་ཡུལ་དང་ནང་སེམས་ལས་འདས་པའོ།། ཨེ་མ་ཧོ།། ང་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་པས། ། སྣང་བའི་རྟོག་པ་ཆོད་པའོ།། ཨ་ཨ། ང་རང་བྱུང་གི་ཡེ་ཤེས་ལ་འདུ་འབྲལ་མེད་པས།། སྐུ་མངོན་པར་སྣང་བ་ཉིད་དོ།། ཧ་ཧ།། ང་རང་བྱུང་གི་ཡེ་ཤེས་ལ་གཟིགས་སྣང་གི་མཐའ་དང་བྲལ་བས་ཡུལ་ཀུན་ལས་འདས་པ་ཉིད་དོ། ། ཨེ་ཧཱ།། ང་རང་བྱུང་གི་ཡེ་ཤེས་ལ་རྩིས་མེད་པས་གཟུང་འཛིན་ལས་འདས་པ་ཉིད་དོ།། ཨ་ཨཱ+ེ།། ང་རང་བྱུང་གི་ཡེ་ཤེས་ལ་ཕྱི་ནང་གཉིས་དང་བྲལ་བས་སྐྱོན་དང་ཡོན་ཏན་ལས་འདས་པའོ། ། ཨེ་ཨཱ། ང་རང་བྱུང་གི་ཡེ་ཤེས་ལ་འཁྲུལ་པ་ཀ་ནས་དག་པས། ཡིན་མིན་གྱི་མཐའ་ལས་འདས་པའོ།། ཧ་ཧེ། ང་རང་བྱུང་གི་ཡེ་ཤེས་ལ་ཆོས་མེད་པས་ཐབས་ལས་འདས་པ་ཉིད་དོ།། ཨེ་ཧ། ང་རང་བྱུང་གི་ཡེ་ཤེས་ལ་འགྱུ་བྱེད་མེད་པས་ཤེས་རབ་ལས་འདས་པའོ།། ཨེ་མ་ཧོ།། ང་ལ་སྟོང་པ་དང་སྣང་བ་མ་སྤངས་པར་རྫོགས་པའོ།། ང་ཉིད་ལ་གནས་ལུགས་དང་སྣང་ཐབས་གཉིས་མ་སྤངས་པར་རྫོགས་པའོ། ། ང་ཉིད་ལ་ཡུལ་སེམས་གཉིས་མ་སྤངས་པར་རྫོགས་པའོ།། ང་ཉིད་ལ་སྲོག་དང་གཅོད་པ་གཉིས་མ་སྤངས་པར་རྫོགས་པའོ།། ང་ཉིད་ལ་སྡིག་པ་དང་རྣམ་སྨིན་གཉིས་མ་སྤངས་པར་རྫོགས་པའོ།། ང་ཉིད་ལ་བདག་དང་བདག་གིར་འཛིན་པ་གཉིས་མ་སྤངས་པར་རྫོགས་པའོ། ། ང་ཉིད་ལ་རྟོག་པ་དང་དངོས་པོ་གཉིས་མ་སྤངས་པར་རྫོགས་པའོ།། ང་ཉིད་ལ་མཐོང་བ་དང་སྤྱོད་བྱེད་གཉིས་མ་སྤངས་པར་རྫོགས་པའོ། ། ང་ཉིད་ལ་ཤེས་པ་དང་འཛིན་བྱེད་གཉིས་མ་སྤངས་པར་རྫོགས་པའོ།། ང་ཉིད་ལ་བྱེད་པ་དང་འཛིན་བྱེད་གཉིས་མ་སྤངས་བར་རྫོགས་པའོ།། ཀྱེ་མ་ང་ལ་སྐྱེ་དང་འཆི་བ་མེད་པས།། འགགས་པའི་ཆོས་ཉིད་ཡོངས་སུ་རྫོགས། ། ང་ལ་ཕྱི་དང་ནང་མེད་པས།། གསལ་བའི་ཆོས་རྣམས་ཡོངས་སུ་རྫོགས།། ང་ལ་སྟོང་དང་དངོས་མེད་པས།། སྣང་བའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་དམིགས་པའི་ཡུལ་མེད་པས། ། མཐོང་བའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་ལུས་དང་སེམས་མེད་པས།། རང་སྣང་ཆོས་ནི་ཡོངས་སུ་རྫོགས།། ང་ལ་བདག་དང་གཞན་མེད་པས།། རིག་པའི་ཆོས་ལྔ་ཡོངས་སུ་རྫོགས།། ང་ལ་བྱེད་པའི་རྒྱུ་མེད་པས། ། བསམ་གཏན་ཆེན་པོ་ཡོངས་སུ་རྫོགས།། ང་ལ་ཕྱིན་པའི་ཡུལ་མེད་པས།། རང་སྣང་ཡུལ་ནི་ཡོངས་སུ་རྫོགས།། ང་ལ་ཕྱོགས་དང་རིས་མེད་པས།། གསང་བའི་ཡེ་ཤེས་ཡོངས་སུ་རྫོགས།། ང་ལ་སྣང་བ་འགག་མེད་པས། ། དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས།། ང་ལ་གཅིག་དང་གཉིས་མེད་པས།། ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས།། ང་ལ་མུན་དང་སྣང་མེད་པས།། མངོན་པར་སྣང་བའི་ཆོས་རྣམས་རྫོགས། ། ང་ལ་བདག་རྟོག་གཉིས་མེད་པས།། སྟོང་པའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་དྲི་མ་གཉིས་མེད་པས།། གསལ་བའི་ཆ་ལྔ་ཡོངས་སུ་རྫོགས།། ང་ལ་སྐུ་ལྔ་རང་སྣང་བས།། ཞིང་ཁམས་ཐམས་ཅད་ཡོངས་སུ་རྫོགས། ། ང་ལ་སྤྲོ་ཞིང་བསྡུ་མེད་པས།། ཡི་གེའི་དོན་རྣམས་ཡོངས་སུ་རྫོགས།། ང་ནི་འགྲན་བའི་ཟླ་མེད་ཀུན་ལས་རྒྱལ་བ་ཡིན།། ང་ནི་བཅོས་པའི་ཚིག་མེད་ཀུན་ལས་འཕགས་པ་ཡིན།། ང་ལ་མཐོང་བའི་ཡུལ་མེད་ཀུན་ལ་ཁྱབ་པ་ཡིན། ། ང་ལ་གནས་པའི་ས་མེད་ཀུན་ལ་བརྟེན་པ་ཡིན།། ང་ནི་སྟོང་པའི་སེམས་མེད་ཀུན་ལས་མཚོན་པ་ཡིན།། ང་ནི་དྲན་པའི་ཡིད་མེད་ཀུན་ལ་འཇུག་པ་ཡིན།། ང་ནི་རེ་བ་ཉིད་མེད་ཀུན་ལ་ཡངས་པ་ཡིན། ། ང་ནི་གཡང་ས་མེད་ཅིང་ཀུན་ལ་འཕྲོ་བ་ཡིན།། ང་ནི་འཁྲུལ་པའི་ཡུལ་མེད་སྣང་བ་ཆེན་པོ་ཡིན།། ང་ནི་སྤྱོད་པའི་རྒྱུ་མེད་ཀུན་ལ་སྤྱོད་པ་ཡིན།། ང་ནི་ཕྱིན་པའི་གནས་མེད་ཀུན་ལས་ཕ་རོལ་ཕྱིན། ། ང་ནི་བྱ་བྱེད་གཉིས་མེད་སྣང་བ་སོ་སོ་པའོ།། ཐམས་ཅད་འབྱུང་ཞིང་འཁྲུལ་སྣང་ང་ཡི་སེམས།། ཐམས་ཅད་གནས་པས་འཁྲུལ་སྣང་ང་ཡི་ཐུགས།། ཐམས་ཅད་སྣང་བས་འཁྲུལ་སྣང་ང་ཡི་སྐུ།། ཐམས་ཅད་གྲགས་པས་འཁྲུལ་སྣང་ང་ཡི་གསུང། ། མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང།། ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲགས།། སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར།། མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་བདའ། ། ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས།། གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ།། སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན། ཀུན་བྱེད་ང་ནི་སྣང་བ་རང་གསལ་ཆ།། སྣང་བ་མེད་པ་ཐོག་མའི་དུས་ཀྱི་ཚེ། ། གཅོད་བྱེད་མགྱོགས་པའི་ཡིད་དྲུག་མ་འགགས་པས།། དྲན་བྱེད་མ་འགགས་ཚོགས་དྲུག་ལྷུག་པར་ཤར།། ཐོགས་པ་མེད་པའི་རླུང་ལྔ་བསྐྱོད་པ་ཡིས།། ཕོ་བྲང་མ་བཀོད་སྣང་བ་རྒྱ་ཡིས་བཏབ།། ཡེ་ནས་དག་པའི་སྐུ་ལྔ་འདུ་འབྲལ་མེད། ། ཐབས་ལ་ཞེན་མེད་སྣང་བ་ལྷུག་པར་འཆར།། ཆགས་པ་མེད་པས་སྐུ་ལྔ་ཕྱི་ནང་མེད།། ཡངས་ཆེན་དག་པའི་སྐུ་ལྔ་རང་མངའ་བས།། སྟོང་པ་ཉིད་ཀྱི་སྣང་བ་རང་ཤར་བས། ། ཕྱིན་པ་མེད་པའི་གནས་སུ་ཕ་རོལ་ཕྱིན།། སྟོང་པ་ཆེན་པོའི་སྤྱོད་ཡུལ་རང་གསལ་བས།། རྟོག་པ་མེད་པའི་སངས་རྒྱས་ཉག་གཅིག་མཐོང།། བྱས་པ་མ་ཡིན་འཁོར་བའི་གདོས་ཐག་བཅད།། སངས་རྒྱས་པས་ཀྱང་སྐུ་གཅིག་གཅིག་གིས་བརྒྱན། ། ཡེ་ཤེས་ལས་ནི་ཁྱད་པར་ཆེན་པོས་འཕགས།། ཀྱེ་མ། བསད་བཅད་ལས་ལ་དགའ་ན་སྣང་བ་ཆེན་པོ་གསལ།། སེམས་ཅན་ཐམས་ཅད་བསྒྲལ་ན་རང་སྣང་མ་དང་ཕྲད།། རྒྱུ་འབྲས་རྩད་ནས་བཅད་ན་རྒྱུ་དྲུག་རྩལ་གསུམ་འབྱོངས། ། དགེ་བའི་རྒྱུན་ཐག་བཅད་ན་ལུ་གུ་རྒྱུད་དང་ཉེ།། ཕྱི་ནང་བྱ་བ་བཏང་ན་སྣང་བ་རྒྱ་ཡིས་ཐེབ།། སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན།། ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་སྐུ་ཡི་ཀློང། ། བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས།། གཅིག་པུར་དལ་བར་འདུག་ན་རྩལ་གསུམ་ལུས་ལ་འབྱུང།། ཐད་ཀ་གྲོགས་སུ་ཤེས་ན་ཅོག་བཞག་གཅིག་གི་ངང། ། དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ།། སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས།། གསང་བ་སྔགས་ཀྱི་དངོས་པོ་དེ་ཉིད་དོ།། ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཉིད་ལས། རྗེས་སུ་གླེང་གཞིའི་ལེའུ་སྟེ་དང་པོའོ། །།།། དེ་ནས་རིག་པའི་རང་བཞིན་གང་ཡང་མ་འགགས་པར་གསལ་བའི་དགོངས་པ་ལ་སྙོམས་པར་བཞུགས་སོ།། དེ་ནས་མེད་བཞིན་དུ་སྣང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཀྱེ་མ་རིག་པའི་སྐུ་རྣམ་པར་དག་པ་ཆེན་པོས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིག་པའི་དགོངས་པའི་བཞགས་ཆེན་པོ་གསུང་དུ་གསོལ། ཞེས་ཞུས་སོ།། དེ་ནས་གནས་ལུགས་ཀྱི་རིག་པས། སྣང་བ་ཐབས་ཀྱི་འཁོར་ལ་བཀའ་སྩལ་པ། ཀྱེ་མ། སྣང་རྒྱུད་མེད་ཀྱང་སྣང་བའི་འཁོར་རྣམས་ཉོན་ཅིག་ངས་སྒྲིབ་ཕྱོགས་ཀྱིས་མ་བསྒྲིབས་པའི་སྣང་བ་ཉིད་བསྟན་གྱིས། ཤིན་ཏུ་སྣང་བའི་དོན་ལ་མ་ཡེངས་བར་ཉོན་ཅིག་རྩ་བའི་དགོངས་པ་ཆེན་པོ་ནི། གྲངས་ནི་བཞི་ཡིས་གཏན་ལ་ཕེབས་པར་འགྱུར་རོ།། དེ་ཡང་འདི་ལྟ་སྟེ། རིག་པ་ཡེ་ཤེས་སུ་མ་ནོར་བར་བསྟན་པ། མི་འགྱུར་བ་རྩ་བའི་ལུང་ཆེན་པོ། ཡངས་པ་ཆོས་ཉིད་ཀྱི་སྣང་བ་ཆེན་པོ། དགོངས་པ་ཆོས་ཉིད་ཀྱི་སྟོབས་ཆེན་པོ། ལྟ་བ་རང་བྱུང་གི་འགྲོས་ཆེན་པོ། མི་འགྱུར་བའི་གཟེར་ཡིག་ཆེན་པོ། བརྟགས་པར་དཀའ་བའི་འཕྱོངས་ཆེན་པོ། བལྟ་བར་དཀའ་བའི་མེ་ལོང་ཆེན་པོ། བགྲོད་པར་དཀའ་བའི་ལམ་ཆེན་པོ། གནས་བར་དཀའ་བའི་ཡུལ་ཆེན་པོ། ཕྱིན་པར་དཀའ་བའི་ས་ཆེན་པོ། མེད་བཞིན་དུ་སྣང་བའི་སྣང་བ་ཆེན་པོ། གཏིང་མེད་པའི་དཔག་པར་དཀའ་བ་ཆེན་པོ། ཁྱབ་པ་མེད་པའི་ཡེ་གདངས་ཆེན་པོ། ཤེས་པ་ཆེན་པོ་ལ་གཅོད་བྱེད་ཆེན་པོ། ཡུལ་རིག་གཉིས་སུ་མེད་པའི་དགོངས་པ་ཆེན་པོ། བེམས་པོ་མེད་པའི་སྣང་བ་ཆེན་པོ། མི་འགྱུར་བའི་ཡེ་ཤེས་གསལ་བ་ཆེན་པོ། ཕྲ་བ་ལ་བཟུང་བར་དཀའ་བ་ཆེན་པོ། ཆེ་བ་ལ་མཐོང་བ་མེད་པ་ཆེན་པོ། ཟླུམ་ལ་དབྱིབས་མེད་པ་ཆེན་པོ། འཁྱུག་པ་ལ་དབུགས་མེད་པ་ཆེན་པོ། གསལ་བ་ལ་མདོག་གནག་པ་ཆེན་པོ། མེད་པ་ལ་གཉེན་པོ་ཆེན་པོ། སྣང་བ་ལ་བརྟགས་དཀའ་བ་ཆེན་པོ། སྟོང་པ་ལ་སྣང་བ་ཆེན་པོ། གཅིག་པ་ལ་རྒྱ་མ་ཆད་པ་ཆེན་པོ། གཉིས་ལྟར་སྣང་བ་ལ་ཡོངས་སུ་རྫོགས་པ་ཆེན་པོ། མཛེས་པ་ལ་རྒྱན་མེད་པ་ཆེན་པོ། གང་བ་ལ་སྟོང་པ་ཆེན་པོ། སྨིན་པ་ལ་མ་རྫོགས་པ་ཆེན་པོ། སྐུ་ལྟར་སྣང་བ་ལ་འགྲོ་འོང་མེད་པ་ཆེན་པོ། ཨེ་མ་ཧོ།། ཤིན་ཏུ་གསང་བའི་དགོངས་པ་ཆེན་པོས། རང་རིག་འདུག་ཚུལ་གྱི་དེ་བཞིན་ཉིད་ལ་གནས་པར་བྱ་སྟེ། ཐིག་ལེ་ཉག་གཅིག་ཡེ་ཤེས་ཀྱི་གནས་ལུགས་ཆེན་པོ་ནི། གང་གི་ཕྱོགས་སུ་བལྟས་པས་གྲུབ་པ་མེད་པ་ཉིད་དོ།། དེ་ཡང་རིགས་ཀྱི་བུ་གྲོང་ཁྱེར་ཆེན་པོ་ལས་འདས་ཏེ། ནགས་ཀྱི་ཀློང་ཆེན་པོའི་དགོན་པར་གནས་པར་གྱིས་ཤིག་ཕྱི་ནང་གི་བྱ་བ་དང་བྲལ་བར་བྱས་ཏེ། ལྟ་བའི་འཁྱེར་སོ་ཆེན་པོ་བཞི་པོ་འདི་དང་མ་བྲལ་ན།། སངས་རྒྱས་ཀྱི་བདེན་པ་དང་མ་བྲལ་བར་བར་དོ་མེད་པར་སྐད་ཅིག་མ་ལ་འཚང་རྒྱའོ།། ཐུགས་རྗེའི་སྒོ་མ་འགགས་པར་སྤྲུལ་པ་ཆེན་པོ་ཕྱོགས་བཅུར་མཛད་དོ། ། དེ་ཡང་འདི་ལྟར་ཤེས་པར་བྱའོ།། རི་བོ་ཅོག་བཞག་གི་ལྟ་བ་དང། རྒྱ་མཚོ་ཅོག་བཞག་གི་དགོངས་པ་དང། རིག་པ་ཅོག་བཞག་གི་མན་ངག་བསྟན་པ་དང། སྣང་བ་ཅེར་བཞག་གི་ཐབས་བསྟན་པའོ། ། ཨེ་མ་ཧོ།། སངས་རྒྱས་ཆེན་པོའི་མཛད་སྤྱོད་ནི།། ཅོག་བཞག་བཞི་ལས་གཡོ་བ་མེད།། སངས་རྒྱས་ཉིད་ཀྱི་མཛད་པ་ནི།། དེ་ལས་མེད་པ་རང་གིས་བསྟན། ཨ་ཨཿརི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད། ། ཐེ་ཚོམ་ཡོད་པ་མ་ཡིན་འགྱུར་བ་ངང་གིས་མེད།། དེ་ཡང་ནམ་མཁའ་ཉིད་ཀྱི་ངང་ལ་རྣམ་པར་གསལ།། དོན་གྱི་ངོ་བོ་དེ་ཉིད་ལ།། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད།། བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། ། ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ།། མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ།། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ།། བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ།། རྩོལ་བ་མ་ཡིན་རྩོལ་བསྒྲུབ་ཆོས་དང་བྲལ། ། གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ།། ཕྱི་ནང་མེད་པས་ཕྱི་ནང་མེད་པར་གསལ།། བལྟ་བྱ་མ་ཡིན་རྟག་ཆད་གཉིས་ལས་འདས། དེ་ལ་བལྟ་བ་མེད་པས་དེ་ལ་བལྟ་རུ་མེད། ། ལྟ་བའི་དོན་ལས་མི་འདའ་ལྟ་བ་ངང་གིས་མེད།། དེ་ཡོད་མ་ཡིན་དེ་ཡི་ངང་དུ་གནས་པར་བྱ།། ཨེ་ཨཱ+ེཿ། རྒྱ་མཚོ་ཅོག་བཞག་དག་གི་དགོངས་པ་ནི།། སྣང་བ་མ་ཡིན་སྣང་བར་བྱེད་པ་མིན།། སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། ། གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ།། བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད།། མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ།། མ་སྤྱོད་མི་སྤྱོད་སྤྱོད་པ་ཀུན་ལས་འདས། ། བྱས་པར་མ་བྱུང་བཞག་ཐབས་ཆེན་པོ་ལྟོས།། སྤྲོ་བསྡུ་མ་བྱེད་ཅོག་བཞག་གཅིག་གི་ངང།། གནས་པ་མ་ཡིན་དེ་ལས་འདས་པ་མེད།། གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ།། ཡེ་ཤེས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག། གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས།། ནུབ་པ་མེད་པའི་རྒྱལ་མཚན་རྩེ་ལ་ལྟོས།། སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ།། བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ།། ཡེ་ནས་མ་བཅོས་རང་བྱུང་ཅོག་བཞག་ཉིད། ། སྣང་བ་མ་བསྒྱུར་བློ་ཡིས་མ་བཅོས་པ།། ཆོས་ཉིད་མཁའ་ལ་གནས་ན་དགོངས་པ་ཉིད་དུ་བསྟན།། ཆོས་སྐུ་ཡེ་ཤེས་བསམ་པ་ཀུན་སྤང་སྟེ།། འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། ། དམིགས་པའི་ཕྱོགས་དག་མི་འཛིན་ན།། རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན།། འཛིན་མེད་གསལ་ཆ་མ་འགགས་པས།། དགོངས་པའི་འདུག་ཚུལ་དེ་བཞིན་ནོ།། ཨཱ+ོཾ་ཨཱ+ོཾ་ཨཱ+ོཾ། རིག་པ་ཅོག་བཞག་མན་ངག་ཉིད། ། འདི་ནི་གསང་བའི་ཐུག་ས་ཡིན།། མིག་ནི་རབ་ཏུ་མནན་བྱ་སྟེ།། དེ་དང་འདུ་འབྲལ་མེད་པར་བརྟག། མིག་ཟུར་གཉིས་ལ་དབྱིངས་འབྱུང་བས།། འོད་ནི་ཕྲ་ལ་འཁྲིལ་བ་འབྱུང།། དེ་ལས་ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང། ། ཕྲ་དང་འཁྱུག་དང་འགྱུ་བའོ།། མིག་ནི་ནམ་མཁའི་ཁམས་སུ་བལྟ།། སངས་རྒྱས་སྐུ་ཡི་ཐིག་ལེར་འཆར།། དེ་ཉིད་གོམས་པའི་དྲོད་རྙེད་ནས།། རིག་པའི་སྐུ་ནི་ལུ་གུ་རྒྱུད།། སྐུ་དང་བཅས་པ་སྣང་བའོ། ། སྣང་བ་གཅིག་ཆོད་དགོངས་པ་ནི།། རིག་པ་ཉིད་ནི་བཞག་ས་བཙལ།། གསང་བའི་གསང་བ་ཆེན་པོ་སྟེ།། སྣང་བ་སྟོབས་ཀྱི་ཕ་རོལ་སྒྲོལ།། ཆགས་པས་མ་བཅིངས་རང་སྣང་ངོ།། དེ་ལ་གསང་སྔགས་ཉིད་ཀྱི་སྐུ། ། ལུ་གུ་རྒྱུད་དུ་རབ་ཏུ་གསལ།། ལྔ་ལྔ་ཟུང་གིས་ཀུན་ལ་ཁྱབ།། སྣ་ཚོགས་པར་ཡང་འཆར་བར་བཤད།། རིག་པའི་སྣང་བ་ཐབས་མཁས་བྲས།། གསང་སྔགས་ལམ་ནི་སྣ་ཚོགས་པས།། སངས་རྒྱས་སྐུ་ནི་སྣ་ཚོགས་པའོ། ། འཁྲུལ་རྟོག་བློ་ནི་བསམ་མི་ཁྱབ།། དམིགས་པའི་ཡུལ་ཉིད་རྣམ་དག་པས།། མཚན་མའི་ཆོས་ནི་བརྗོད་ལས་འདས།། སྣང་བའི་རྐྱེན་ལྔ་འོད་དུ་གསལ།། ཕྲ་རགས་རིམ་པ་གཉིས་མེད་དེ།། རིག་པའི་ཡེ་ཤེས་སྐུ་ཡི་ཀློང་དུ་ཐིམ། ། འགག་མེད་འོད་ལྔ་ཡུལ་སྣང་ཉིད།། གཟུགས་སྐུའི་བསམ་བཅས་ཉིད་དུ་བསྟན།། ང་ཉིད་རིག་པ་རང་སྣང་བས།། རིག་པའི་ཡེ་ཤེས་ཁྱབ་གདལ་བས།། སྣང་བ་ཆེན་པོ་གསལ་བ་རབ་ཏུ་ཆེ། ། གསལ་བའི་རིག་པ་ང་ཡི་སྐུ་ལྟར་སྣང།། བློ་ཡི་བྱེ་བྲག་བརྗོད་འདས་ཤིང།། ཆོས་ཀྱི་སྐུ་ལ་བསམ་པ་མེད།། ཡེ་ཤེས་སྐུ་གཅིག་ཀུན་ཏུ་གསལ་བར་སྟོན།། གསང་བའི་ཡེ་ཤེས་རང་ཡིན་པས།། ཆགས་མེད་གསུང་གི་དཀྱིལ་འཁོར་ཆེ། ། ཅོག་བཞག་ཉིད་དུ་ཐམས་ཅད་ཆུབ།། གསལ་བའི་ཡེ་ཤེས་ང་ཡི་ཀློང།། རིག་པའི་གསལ་ཆ་ཕྱོགས་བཅུར་འཕྲོ།། གཅིག་བརྗོད་དུ་མ་མེད་པར་རིག། ཆོས་ཉིད་ཡེ་ནས་སྟོང་པར་གནས། ། ཅོག་བཞག་ཨོ་ཡི་དགོངས་པ་ཉིད།། ལྟ་བ་དེ་ལྟར་གནས་པའོ།། ཨུ་ཨུ།། སྣང་བ་ཅེར་བཞག་ཐབས་ཆེན་ནི།། སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན།། འབྱུང་བ་ལྔ་ཡི་སངས་རྒྱས་ཕ་ལྟར་སྣང། ། ཆེན་པོ་ལྔ་ཉིད་མ་ཡིན་སྣང་བར་གསལ།། མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག། གསང་སྔགས་ཆེན་པོའི་ཡེ་ཤེས་ཆེན་པོ་ལྔ།། ཆེན་པོ་ལྔ་ཡིས་མ་བསྐྱོད་དབྱིངས་སུ་ཞོག། རྡོ་རྗེ་སེམས་དཔའི་རིག་པ་ཅོག་བཞག་ནི། ། ཆོས་ཀྱི་སྐུ་ནི་སྣང་བ་ཐམས་ཅད་བསྟན།། ཡེ་ཤེས་དག་པའི་སྣང་བ་ཅིར་སྣང་བས།། གསང་བའི་བཞག་ཐབས་ཅེར་བཞག་ཐབས་ཀྱི་ངང།། སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་པས།། སྤང་བ་མ་ཡིན་ངང་གི་དོན་ལ་ཞོག། ཆོས་ཉིད་ཀློང་ཡངས་ཅེར་སྣང་ཆེན་པོར་བརྟགས།། རྫོགས་པ་ཆེན་པོར་བསྒོམ་རྒྱུ་མ་དམིགས་ཏེ།། ལྟ་བའི་འདུ་ས་ཆེན་མོ་དབྱིངས་ཀྱི་སྒྲོན་མ་ཡིན།། བསྒོམ་པའི་བསྐྱལ་ས་ལུ་གུ་རྒྱུད་དུ་བསྟན། ། སྤྱོད་པའི་སྤྱོད་ས་ཆེན་པོ་དེ་དང་མ་བྲལ་ན།། རྣམ་གསུམ་ངོ་བོ་ཉིད་དེ་ཡིན་པར་གསུངས།། སངས་རྒྱས་དགོངས་པ་བྱར་མེད་ཆེན་པོའི་ཀློང།། དེ་ལས་མ་འདས་ཆོས་ཉིད་བསྒྲུབ་ཏུ་མེད།། དེ་དང་མ་བྲལ་གསང་སྔགས་ལྟ་བའོ། ། ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཆེན་པོ་ལས། དགོངས་པ་བཅའ་གཞིའི་ལེའུ་སྟེ་གཉིས་པའོ།། ཨུ0f7fབརྐྱམཏྱ།།། དེ་ནས་རིག་པ་མི་འགྱུར་བའི་ཀློང། ཆོས་ཉིད་ཀྱིས་བརྒྱན་པའི་ཕོ་བྲང་ནས། རིག་པ་འགྱུར་བ་མེད་པའི་ཡེ་ཤེས་ཀྱི། འོད་ཀྱི་སྐུ་ཆེན་པོས་འདི་སྐད་ཅེས་སྨྲས་སོ།། ཨེ་མ་ཧོ།། རང་བཞིན་གྱི་སྣང་བ་རྣམ་པར་དག་པ་ཆེན་པོའི་ཡུལ་འདི་ནི། གསལ་ལ་འཚེར་བ་སྐུའི་ཕོ་བྲང་མི་འགྱུར་བར་གནས་པའོ། ། འཁྲུལ་བ་གདུལ་བྱའི་སྣང་བ་འདི་ནི། རིག་པ་མཐའ་ཡས་པས། འཛད་པ་མེད་པའི་ཐུགས་རྗེ་སྣ་ཚོགས་པར་འབྱུང་བའོ།། ཆོས་ཉིད་ཡངས་པའི་སྣང་བ་ནི་གསལ་ལ་དངས་པ། ཡེ་ཤེས་མེད་པའི་གཅིག་ལས་དུ་མར་འཆར་བའོ། ། གསང་བའི་ཡུལ་སྣང་བའི་སྣང་བ་ཆེན་པོ་སྟེ། སྐུ་ཡི་སྣང་བ་ཆེན་པོ་སྣ་ཚོགས་པ་ཉིད་དེ། གསུང་འགག་པ་མེད་པར་དོན་བྱེད་ནུས་པའོ།། སངས་རྒྱས་ཀྱི་སྐུའི་འོད་བསམ་གྱིས་མི་ཁྱབ་པ་སྟེ། ཐིག་ལེའི་འདུ་འཕྲོ་ཟེར་ལྟར་རབ་ཏུ་འབར་རོ།། གསང་སྔགས་ཆེན་པོའི་མཛད་པ་མ་ལུས་པ་ལུས་པ་མེད་ཅིང། སོ་སོར་འཕྲོ་བ་སྟེ། ཡེ་ནས་བཞག་ཐབས་བཞི་དང་འདུ་འབྲལ་མེད་པའོ།། ཨེ་མ་ཧོ། ། གསང་སྔགས་ཉིད་ལ་གསང་སྔགས་ཉིད་གནས་པས།། ཡེ་ཤེས་ཉིད་ལས་ཡེ་ཤེས་ཆེན་པོར་འགྱུར།། ཆོས་ཉིད་མ་ལས་དཀྱིལ་དང་འཁོར་དུ་སྣང།། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས།། ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང། ། སྐུ་དང་ཡེ་ཤེས་རང་ཆས་ངང་གིས་མེད།། སྟོང་པ་ཉིད་ལས་ཡེ་ཤེས་ཐུགས་འོད་འབར།། མུན་པ་མ་ཡིན་སྣང་བ་ཆེན་པོའོ།། དེ་ནས་མི་སྣང་བའི་སྣང་བ་ཆེན་པོས། རིག་པའི་སྐུ་ལུ་གུ་རྒྱུད་དུ་སྣང་བ་ཉིད་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གསང་བའི་རིག་པ་འོད་དང་བཅས་པ། བདག་ཅག་རྣམས་ལ་གསལ་བའི་སྣང་བ་བསྟན་དུ་གསོལ། ཞེས་ཞུས་སོ།། དེ་ནས་རིག་པ་མཁའ་ཁྱབ་ཀྱི་ཡུལ་ཆེན་པོ་ནས། འདི་སྐད་ཅེས་གསུངས་སོ།། ཀྱེ་མ། སྣང་བའི་འཁོར་རྣམས་རབ་ཏུ་ཉོན་ཅིག་ང་ཡང་དག་པའི་རིག་པ་ཉིད་ལ་འཁྲུལ་པ་མེད་དེ། དེ་གང་ཞེ་ན། རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཉིད། སྔར་འཁྲུལ་མ་མྱོང། ད་ལྟ་འཁྲུལ་བ་མེད། ཕྱིས་འཁྲུལ་བ་མི་སྲིད་དོ།། དེའི་ཕྱིར་ན་མ་མཁྲུལ་བའི་སངས་རྒྱས་སོ།། དབྱིངས་རྣམ་པར་དག་པའི་སྒྲོན་མ་ཉིད་ཀྱང་སྔར་མ་བྱས། ད་ལྟ་མི་བྱེད། ཕྱིས་བྱེད་པར་མི་འགྱུར་རོ།། དེའི་ཕྱིར་ན་མ་བྱས་པའི་ཆོས་ཞེས་བྱའོ། ། མ་བཅོས་པའི་མཆོག་ཆེན་པོ།། མ་བསླད་པའི་གཞི་ཆེན་པོ། མ་བསྒྱུར་བའི་སྣང་བ་ཆེན་པོ།། ཆེན་པོ་གསུམ་གྱི་བདག་ཉིད་དང་ལྡན་པ་ནི། མ་འཁྲུལ་བའི་སངས་རྒྱས་མ་བྱས་པའི་ཆོས་བསྟན་པ་ཞེས་བྱའོ། ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དེ་ཉིད་ནི། སྔར་འཁོར་བ་ན་གནས་མ་མྱོང། ད་ལྟ་འཁོར་བ་ན་གནས་མི་སྲིད། ཕྱིས་འཁོར་བ་ན་གནས་པ་མ་ཡིན་ནོ།། དབྱིངས་རྣམ་པར་དག་པའི་སྒྲོན་མ་དེ་ཉིད་ནི། སྔར་སེམས་ཅན་ཉིད་དང་བྲལ་མ་མྱོང། ད་ལྟ་སེམས་དང་བྲལ་མི་སྲིད། ཕྱིས་འབྲལ་བར་མི་འགྱུར་རོ།། དེའི་ཕྱིར་ན་སྣང་བ་མེད་པ་ལས། སྣང་བ་ཤར་བའོ།། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དེ་ཉིད། སྔར་སངས་རྒྱས་མ་མྱོང། ད་ལྟ་སངས་རྒྱས་མི་སྲིད། ཕྱིས་འཚང་རྒྱ་བར་མི་འགྱུར་རོ།། དབྱིངས་རྣམ་པར་དག་པའི་སྒྲོན་མ་དེ་ཉིད། སྔར་སེམས་ཅན་ལ་གནས་མ་མྱོང། ད་ལྟ་གནས་མི་སྲིད། ཕྱིས་གནས་པར་མི་འགྱུར་རོ། ། དེའི་ཕྱིར་ན་ལུང་བསྟན་དུ་མེད་པ་ལ། མན་ངག་མཚོན་དུ་ཡོད་པ་ཞེས་བྱའོ།། ཨེ་མ་ཧོ།། སངས་རྒྱས་དང་སེམས་ཅན་གཉིས་ནི། སྔར་རྒྱབ་གྱེས་མ་མྱོང། ད་ལྟ་གྱེས་མི་སྲིད། ཕྱིས་གྱེས་པར་མི་འགྱུར་རོ། ། དེའི་ཕྱིར་ན་ལུང་ལ་འཁྲུལ་པ་མེད་པ་ལ། མན་ངག་ལ་འཁྲུལ་པ་བྱུང་ངོ་ཞེས་བྱའོ།། སེམས་ཅན་ཐམས་ཅད་འཁོར་བ་ན་གནས་ཀྱང། འཁོར་བ་ཉིད་སྔར་མཐོང་མ་མྱོང། ད་ལྟ་མི་མཐོང་ངོ།། ཕྱིས་མཐོང་བར་མི་འགྱུར་རོ། ། དེའི་ཕྱིར་ན་ཆོས་ཉིད་ལ་རྟོག་པ་ཡོད་ཀྱང། གང་ཟག་ལ་རྟོག་པ་མེད་པ་ཞེས་བྱའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྐུ་ཉིད། སྔར་མ་རྟོགས། ད་མི་རྟོགཕྱིས་རྟག་པར་མི་འགྱུར་རོ། ། དེའི་ཕྱིར་ན་སངས་རྒྱས་ལ་རྟོག་པ་མེད་ཀྱང། སྣང་ཚུལ་ལ་རྟོག་པ་ཞེས་བྱའོ།། སངས་རྒྱས་དང་སེམས་ཅན་ལ་དུས་ཆེན་པོ་མེད་པར་བསྟན་པའོ།། རིག་པའི་གནས་ལུགས་དེ་ཉིད་ལ། འཁྲུལ་པ་མེད་ཀྱང། སྣང་ཐབས་ལ་འཁྲུལ་པ་ལྟར་སྣང་བའོ།། དེའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་གཉིས་གཅིག་ལས་མ་གཡོས་པ་ཞེས་བྱའོ།། ཨེ་མ་ཧོ།། དགོངས་གཅིག་མཁའ་ཀློང་གཉིས་སུ་མེད།། གསང་སྔགས་རྡོ་རྗེ་སེམས་དཔའ་རིག་པའི་སྐུ། ། རྟག་པ་མ་ཡིན་ཆད་པ་ཡོངས་ཀྱིས་མེད།། སྟོང་པ་མ་ཡིན་གསལ་བ་ངང་གིས་མེད།། རྒྱུ་མཐུན་མ་ཡིན་སྣང་བ་རང་སར་དག། བྱུང་ཚུལ་མ་ཡིན་བྱུང་ཚུལ་ཡོངས་སུ་རྫོགས།། བསྐྱེད་ཚུལ་མ་ཡིན་སྣང་ཚུལ་གཉིས་སུ་སྣང། ། ཆོས་ཉིད་མིང་དང་ཡང་དག་ཉིད་དུ་བྲལ།། དག་པའི་ནམ་མཁའ་ངོས་བཟུང་ཀུན་ལས་འདས།། ཨ་ཡི་སྣང་བ་སྐྱེ་མེད་ངོས་གཟུང་མེད།། གཉིས་མེད་དག་པའི་ཡེ་ཤེས་མཁའ་ལ་གསལ། ། བྱ་བྱེད་མ་འགགས་དམིགས་པ་ཡོངས་ཀྱིས་མེད།། རང་བཞིན་མེད་པས་མེ་ལོང་གཟུགས་བརྙན་འདྲ།། མ་འགགས་འགག་མེད་ཀུན་གྱི་སྙིང་པོར་གནས།། གསང་བའི་གནས་ལུགས་དེ་བཞིན་ནོ།། ཀྱེ་ཀྱེ། སྐུ་ཡི་སྣང་བ་མ་འགགས་པས།། གསུང་གི་རོལ་པ་ཅིར་ཡང་སྟོན།། ཐུགས་ཀྱི་མཛད་པ་ཅི་ཡང་མཛད།། རིག་པའི་བྱ་བྱེད་མ་འགགས་པས།། སེམས་ཀྱི་རྟོག་པ་སྣ་ཚོགས་པའོ།། ཞེས་ཡི་གེ་མེད་པའི་རྒྱུད་ཆེན་པོ་ལས། མ་འཁྲུལ་པའི་རིག་པ་ཉིད་ལ། མ་བྱས་པའི་ཆོས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། ཏ། མཊཀཿ།། དེ་ནས་ཡང་རྒྱུད་བྱས་པ་མེད་པའི་རིག་པས། ལུང་བྱེད་པ་མེད་པའི་ཀུན་ཏུ་བཟང་མོ་ལ་བཀའ་སྩལ་པ། དེའི་ཚེ་ཐབས་འགག་པ་མེད་པའི་སྣང་བའི་རྣ་བས་ཉན་པ། ཀྱེ་ཀྱེ། སྣང་རྒྱུད་དམིགས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་དང་ལྡན་པ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ནི་གྲངས་མེད་པའི་སྣང་བ་ཆེན་པོ་སྟེ། སྐུ་དང། ཐིག་ལེ་དང། ཐིག་ལེའི་ཕྱེད་སྐུ་དང། ཡེ་ཤེས་དང། ཡེ་ཤེས་ཀྱི་གཟུགས་སྐུ་དང། འོད་དང་འོད་ཀྱི་འཕྲོ་འདུ་དང། དབུགས་མེད་པའི་འགྱུ་བ་དང། སེམས་མེད་པའི་སྣ་ཚོགས་དང། སྲོག་མེད་པའི་སྐུ་དང་བཅས་པའོ། ། དབྱིངས་ཀྱི་སྒྲོན་མ་དག་པ་འདི་ལྟ་སྟེ། ཁྱབ་པ་མེད་པའི་རང་གདངས་དང་བཅས་པ། ཡུལ་མེད་པའི་གསལ་ཆ་དང་བཅས་པ། མ་བྱས་པའི་ར་བ་དང་བཅས་པ། མ་བྲིས་པའི་མུ་ཁྱུད་དང་བཅས་པ། མ་བཅད་པའི་ཡུལ་དང་བཅས་པ། མ་བཀོད་པའི་སྣང་བ་དང་བཅས་པའོ།། དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གནས་ཏེ། མ་དམིགས་པའི་ཡུལ་སྣང་བ་ཆེན་པོ་སྟེ། དྲི་མའི་ཕྱོགས་མེད་པ་ལས། དེའི་ངོ་བོ་རྒྱུ་སངས་པ། རྐྱེན་དག་པ། ཡུལ་མ་འགགས་པ། རང་གྲོལ་བ། རང་གི་ངོ་བོ་དང་བཅས་པ། ཡུལ་དྲུག་ལས་འདས་པ། ཆེན་པོ་ལྔ་དབྱིངས་སུ་དག་པ། མི་འཇིག་པ། རྐྱེན་མེད་པ་ལས། རྐྱེན་གྱིས་གྲོལ་བ། བལྟར་མེད་པ་ལ་ངོ་མཚར་ཆེ་བ། ཕྱོགས་མེད་པ་ལ་ལྟ་བྱེད་མ་འགགས་པའོ།། ཀྱེ་མ། སྣང་བ་ལ་སྐུ་བསམ་གྱིས་མི་ཁྱབ་པ་འབྱུང་ངོ།། དུ་མའི་ཐ་སྙད་སྤངས་པ་མེད་པའི་ཀློང་དུ་ཆུབ་པའོ།། སངས་རྒྱས་ཀྱི་སྐུ་རབ་ཏུ་མང་བར་འཕྲོ་ཞིང་ཚུགས་པ་མེད་པའོ། ། ངོ་བོ་ལས་མ་གཡོས་བཞིན་དུ་སྣ་ཚོགས་སྟོན་པའོ།། འཁོར་བ་ལས་མ་འདས་པར་མྱ་ངན་ལས་འདས་པའོ།། ཆོས་ཀྱི་སྐུའི་སྣང་བ་ལས་མ་གཡོས་པའོ།། ཀུན་ཏུ་སྣང་ཞིང་ཟིལ་གྱིས་མི་གནོན་པ་ཉིད་དོ། ། རིག་པའི་སྐུ་ནི་གསལ་ཆ་སྙོམས་པ་ཆེན་པོ་ཡིན་ཏེ། རྡོ་རྗེ་སྐུའི་སྣང་བ་རྒྱ་ཆེ་བ་མཐོང་བར་འགྱུར་ཏེ། ང་ནི་བྱེད་པ་ཉིད་ལས་རབ་ཏུ་འདས་པའོ།། ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཆེན་པོ་ལས། དོན་དམ་པ་སྣང་བའི་ལེའུ་སྟེ་བཞི་པའོ།།།།།། དེ་ནས་ཡང་ཡུལ་མེད་པའི་ཀློང་དག་པ་ལས། སྣང་བའི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ཐབས་ཀྱི་རིག་པ། སྟོབས་ཀྱི་ཤེས་རབ་ལ་བཀའ་སྩལ་པ། མི་མཉམ་པའི་མཁའ་ཀློང་དག་པས་རབ་ཏུ་ཉན་ནོ།། ཀྱེ་ཀྱེ། སྣང་བ་འདིའི་མཚོན་ཚུལ་ལ། ཡི་གེ་མེད་ཅིང་ཚིག་ཐམས་ཅད་ལས་འདས་པའོ།། བརྗོད་པ་ཐམས་ཅད་ངང་གིས་མེད་པ་སྟེ། སྣ་ཚོགས་པའི་མཚོན་པ་ངང་གིས་མེད་པ། ཡུལ་མེད་པ། སེམས་མེད་པ། ཡི་གེ་མེད་པ། ཡི་གེ་མེད་པའི་ཕྱིར། རྒྱུད་མེད་པ། ལུང་མེད་པ། མན་ངག་ཐམས་ཅད་མེད་པ། ཚིག་ཐམས་ཅད་དང་བྲལ་བའོ། ། བརྗོད་པ་ཐམས་ཅད་ཀྱིས་སྟོང་པའོ།། ཨེ་མ་ཧོ།། ཆོས་སྐུ་སྣང་བའི་ཀ་མེད་པས།། ང་ལ་ཡི་གེ་ཡོད་མ་ཡིན།། ང་ལ་སྐྱེ་བ་ཉིད་མེད་པས།། ཡི་གེ་ཨ་ནི་ཡེ་ནས་མེད།། ང་ལ་འགག་པའི་གནས་མེད་པས། ། ཡི་གེ་ཨོཾ་ནི་ངང་གིས་མེད།། ང་ལ་འདུ་འབྲལ་གཉིས་མེད་པས།། ཡི་གེ་ཧཱུ~ཾ་ནི་ཤིན་ཏུ་ཟད།། སྐུ་ཡི་སྣང་བ་སྣ་ཚོགས་པས།། ཡི་གེའི་མིང་ནི་ངང་གིས་སྟོང།། གསང་སྔགས་མཚན་ཉིད་རང་གསལ་བས།། ཡི་གེའི་དངོས་པོ་ག་ལ་ཡོད། ། སངས་རྒྱས་ཉག་གཅིག་རང་སྣང་བས།། མཚན་མའི་ཡི་གེ་གང་ཡང་མེད།། རིག་པ་ཉིད་ལ་རྒྱུ་མེད་པས།། བསྐྱེད་པའི་ཡི་གེ་ག་ལ་ཡོད།། ཡེ་ཤེས་སྐུ་ལྔ་རང་རྫོགས་པས།། རྫོགས་པའི་ཨ་ཡང་ཡོད་མ་ཡིན། ། ཐིག་ལེ་ཉག་གཅིག་ཀུན་ཆུབ་པས།། སྤྲོས་པའི་ཡི་གེའི་མིང་ཡང་མེད།། སྣང་བ་མ་འདྲེས་ཡོངས་རྫོགས་པས།། བསྡུ་བའི་ཡི་གེ་མེད་པར་གསུང།། རིག་པའི་སྐུ་ལ་དངོས་མེད་པས།། ཡི་གེ་འབྲུ་གསུམ་ཡོད་མ་ཡིན། ། འོད་ལྔས་བརྒྱན་པའི་རིག་པ་ལ།། ཁ་དོག་ཉིད་དུ་མེད་པས་ན།། ཡི་གེའི་ཁ་དོག་ཡོད་པ་མིན།། ཟླུམ་འཁྱིལ་ལུ་གུ་རྒྱུད་ཉིད་ལ།། དབྱྀབས་སུ་སྣང་བ་མེད་པའི་ཕྱིར།། ཡི་གེའི་དབྱིབས་སུ་འདོད་པ་མིན། ། རིག་པ་དངོས་དང་དངོས་མེད་པས།། ཡི་གེ་བདག་འདོད་ཡོད་པ་མིན།། རིག་པའི་སྐུ་ལ་གཉིས་མེད་ཕྱིར།། ཡི་གེའི་གཟུང་འཛིན་ག་ལ་ཡོད།། རིག་པ་གཅིག་དང་གཉིས་མེད་པས།། ཡི་གེའི་ས་ལམ་ང་མི་འདོད། ། རིག་པའི་སྣང་བ་རང་རྫོགས་པས།། ཡི་གེའི་ཚོགས་གཉིས་ངས་མི་འདོད།། རང་རིག་དཔེ་མཚོན་དངོས་མེད་པས།། ཡི་གེའི་དཔེ་ཡིས་ང་མི་མཐོང།། རིག་པའི་སྐུ་ལ་དྲི་མེད་པས།། ཡི་གེའི་དྲི་མས་ང་མི་བསྒྲིབ། ། རང་རིག་དགེ་དང་སྡིག་མེད་པས།། ཡི་གེའི་དགེ་སྡིག་གཉིས་ལས་འདས་པའོ།། ཨེ་མ་ཧོ།། ཡི་གེ་མེད་པའི་ཆོས་ཉིད་དག་པ་ལ།། ཡི་གེའི་སྒྱུ་རྩལ་གཉིས་སུ་བཏགས་པ་ཡོད་མ་ཡིན།། ཡི་གེའི་རྒྱུ་ནི་སྣ་ཚོགས་རབ་སྟོན་པས། ། ཡི་གེ་ཉིད་ལ་དོན་མེད་ཡི་གེའི་དོན་གང་མེད།། ང་ཡི་རིག་པ་ཆོས་ལ་མ་བརྟེན་པས།། ཡི་གེའི་དོན་གྱིས་ང་ཡི་སྐུ་མི་མཐོང།། ཐོག་མའི་རང་བྱུང་ཡེ་ཤེས་ཉིད།། རྒྱུ་རྐྱེན་གཉིས་ལ་མ་ལྟོས་པར། ། ཡི་གེ་རྒྱུ་རྐྱེན་ང་མི་བསྒྲུབ།། ཡེ་ནས་སྐུ་གསུམ་རང་རྫོགས་པས།། ཡི་གེའི་ཚོགས་ལ་ང་མི་ལྟོས།། རྒྱུད་དང་ལུང་དང་མན་ངག་ཀྱང།། ཡི་གེའི་ཚོགས་ལ་བརྟེན་པས་ན།། རྒྱུད་དང་ལུང་གིས་ང་ལ་བསྒྲིབ། ། ཐོག་མའི་མགོན་པོ་དྲི་མེད་ཉིད།། འགྲན་ཟླ་མེད་པར་སངས་རྒྱས་པས།། ཡི་གེའི་དོན་ལ་ང་མི་གནས།། རང་བྱུང་རིག་པའི་རྒྱལ་པོ་ཉིད།། སྒྲོ་འདོགས་ཚིག་ལ་མ་བརྟེན་པས།། ཚིག་དང་ཡི་གེ་ང་ཡི་དུག། དང་པོ་བྱུང་ས་ཆེན་པོ་ལ།། ཚིག་གིས་བྱང་ཆུབ་མི་རྙེད་པས།། ཡི་གེའི་མཚན་ཉིད་ང་ལ་མེད།། བར་དུ་གྲོལ་ས་ཆེན་པོ་ལ།། རེ་དང་དོགས་པ་གཉིས་མེད་པས།། ཡི་གེའི་སྤང་ལེན་གང་ཡང་མེད།། རིག་པའི་རྣམ་པ་གྲངས་མང་བས། ། བཞི་བཅུ་རྩ་གཉིས་ཡི་གེ་ཡང།། དོན་དམ་ཉིད་ལ་ཡོད་མ་ཡིན།། སྐུ་ལྔ་འོད་ཀྱི་དཀྱིལ་འཁོར་ནང།། བཏགས་པའི་ཡི་གེ་གཅིག་ཀྱང་མེད།། ང་ཡི་སྣང་བ་དག་པ་ལས།། གསལ་འགྱུར་ཡི་གེ་ངང་གིས་མེད། ། གསང་བའི་རིག་པ་ལྷུན་རྫོགས་ལ།། ཡི་གེའི་མིང་ནི་གཅིག་ཀྱང་མེད།། གསང་སྔགས་ཨ་ཏིའི་སྣང་བ་ལ།། མཚན་མའི་ཡི་གེ་ཡོད་མ་ཡིན།། ཨ་ཏི་རང་རྫོགས་ཆེན་པོ་ལ།། འཁྲུལ་པའི་ཡི་གེ་མེད་པའོ། ། ཞེས་ཡི་གེ་མེད་པའྀ་རྒྱུད་གསང་བ་ཆེན་པོ་ལས། རྫོགས་ཆེན་ཚིག་གིས་གོལ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་སྣང་བ་ཆེན་པོ་རང་བཞིན་གསལ་བའི་སྣང་བ་ལས། ། ཆོས་ཉིད་འདུ་འབྲལ་མེད་པའི་རིག་པར་བཞེངས་ཏེ། སྣང་བའི་རྒྱན་ཀུན་ཏུ་བཟང་མོ་ལ་བཀའ་སྩལ་པ། ཀྱེ། བརྡའ་དང་ཡི་གེ་དང་ཐ་སྙད་ཐམས་ཅད་རབ་ཏུ་སྤངས་ཏེ། རང་གི་སྐུའི་སྣང་བ་ལ་རབ་ཏུ་ལྟོས་ཤིག་ཕྱིའི་ལོངས་སྤྱོད་ཐམས་ཅད་ལ་མ་ཆགས་པར། གྲོགས་མེད་པའི་ནགས་ཁྲོད་དག་ཏུ། དེ་ཉིད་ལ་གནས་པར་གྱིས་ཤིག་སྟོང་པ་ཕྱོགས་མེད་པའི་སྣང་བ་དེ་ཉིད་ལ་ལྟོས་ཤིག་ཤིན་ཏུ་གཟུང་བར་དཀའ་བ་དག་གི་གཞི་གཟུང་བར་འདོད་ན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཟུང་ཞིག་སྐྱེ་ཤི་མེད་པའི་དབྱིངས་གཅིག་ཏུ་འདྲིལ་བར་འདོད་ན། དབྱིངས་རྣམ་པར་དག་པའི་སྒྲོན་མ་དེ་ཉིད་ལ་ལྟོས་ཤིག་གྲོགས་མེད་པར་གཅིག་པུར་འདུག་པར་འདོད་ན། སྣང་བ་ཅེར་བཞག་གི་དགོངས་པ་དང་མ་བྲལ་བར་གྱིས་ཤིག་བལྟར་མེད་པའི་སྐུ་ལ་ལྟ་བར་འདོད་ན། གཅིག་པུ་ཐིག་ལེའི་གནས་སུ་རི་བོ་ཅོག་བཞག་གི་མན་ངག་ལ་མཐའ་བསྡུས་ཤིག་རྐང་པ་མེད་པར་མཁའ་ལ་འགྲོ་བར་འདོད་ན། རིག་པ་ཅོག་བཞག་གི་མན་ངག་ལ་རྩལ་སྦྱོང་ཞིག་ཕྱི་ནང་མེད་པར་ཟང་ཐལ་བར་འདོད་ན། རྒྱ་མཚོ་ཅོག་བཞག་གི་དགོངས་པ་ལ་རྟག་ཏུ་གནས་པར་གྱིས་ཤིག་ཟང་ཐལ་གཅིག་རྫོགས་ཀྱི་དགོངས་པ་ཐོབ་པར་འདོད་ན། ཅོག་བཞག་བཞིའི་དོན་ཉིད་ལས་མ་འདའ་ཞིག་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འདོད་ན། སྒྲོན་མའི་དབྱིངས་རིག་གཉིས་དང་མ་བྲལ་བར་གྱིས་ཤིག་དེ་ནི་སྐྱེ་བ་མེད་པའི་ཐབས་མཆོག་ཏུ་གསུངས་སོ། ། ཨེ་མ་ཧོ། དངོས་པོ་མེད་པའི་སྣང་བ་ངོ་མཚར་ཆེ་བ་སྟེ། རགས་པའི་འབྱུང་བ་ལྔས་བསྒྲིབས་ཏེ། ལུང་མེད་པ་ལ་སྣང་མ་ནུས་སོ།། རིག་པ་རང་སྣང་གི་སྣང་བ་དེ་ནི། ལྷུན་བརྗིད་དེ། ཕྲ་བའི་ཉོན་མོངས་པས་བསྒྲིབས་ཏེ་རྟག་མ་ཐུབ་པའོ།། ཆོས་ཉིད་མ་བཀོད་པའི་སྣང་བ་གསལ་དངས་ཏེ། སྣ་ཚོགས་དུ་མའི་སྤྱོད་པས་བསྒྲིབས་ནས་མངོན་སུམ་དུ་མེད་པའོ།། དེ་ཡང་རིག་པའི་ངོ་བོ་བཟུང་བར་དཀའ་ཡང། ཡེ་ཤེས་ཀྱི་རྩལ་དལ་བས་འགྲུབ། རིག་པའི་དབྱིངས་མི་འགྱུར་ཡང། རིག་པའི་རྐྱེན་སྟོབས་ཟད་པས་འགྲུབ། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང། ཆོས་ཀྱི་སྐུའི་གདམས་ངག་ལ་ཐུག་གོ། ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཆེན་པོ་ལས། རྫོགས་ཆེན་ཞལ་ཆེམས་སུ་བསྟན་བའི་ལེའུ་སྟེ་དྲུག་པའོ།།།། གནས་ལུགས་ཀྱི་རིག་པས་སྣང་ཐབས་ཀྱི་འཁོར་ལ་སྨྲས་པ། གསང་བ་ཡི་གེ་མེད་པའི་རྒྱུད་ཆེན་པོ། རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད། རྒྱལ་པོའི་གདུང་རྒྱུད། བལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོ་རྫོགས་སོ།།།། ས་མ་ཡ། རྒྱ་རྒྱ་རྒྱ། འགྲེལ་བ་པདྨ་ཁ་འབྱེད་བྱ་བ་དང། ། བཤད་པའི་མིག་འབྱེད་བྱ་བ་ཡོད།། ཡི་གེ་མེད་པ་ཉིད་ལ་མ་བུ་ལྔ།།།། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ས་མཱ་དྷི་པ་རུ་བྷཱ་ཥཱ། ཛྙཱ་ན་ས་མུ་དཱ་ཡ་སུ་ཏྲ། མ་ཧཱ་ཡཱ་ན་གུཧྱཱ་ནུ་ཏྟ་ར་ཏནྟྲ།
CLOSE WINDOW