CLOSE WINDOW

Gpb003.024: སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད
Wylie

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གཏད་པའོ།། གཏེར་རྒྱ།། གཏད་རྒྱ། སྦས་རྒྱ། ཟབ་རྒྱའོ།།།། རྒྱ་གར་སྐད་དུ། ཨ་ཛ་ནུ་ཤུདྡྷཱ་སཾ་སྐྲྀ་ཏ་ཏནྟྲ། བོད་སྐད་དུ། སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད། སྐྱེ་མེད་ཀ་དག་ཟང་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཅི་ཡང་མ་ཐོས་གང་དུ་ཡང་མ་མཚོན་པའི་དུས་མེད་པ་ན། སྐྱེ་མེད་གནས་ལུགས་ཀ་དག་ཆོས་སྐུ་ཡིས།། དངོས་མེད་སྟོན་པས་ཟང་ཀའི་འཁོར་ལ་བཤད། ། སྔ་ཕྱི་དུས་མེད་འཕོ་འགྱུར་མེད་པའི་དུས།། གླེང་གཞི་ཕུན་སུམ་ཚོགས་པའོ།། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན།། སྐྱེ་མེད་དོན་ནི་ཇི་ལྟར་ལགས། ཀ་དག་དོན་ནི་ཇི་ལྟར་ལགས།། ཟང་ཀའི་དོན་ནི་ཇི་ལྟར་ཡིན།། དངོས་མེད་བློ་འདས་ཇི་ལྟར་བཤད།། ཡང་རབ་ཀ་དག་ཇི་ལྟར་རྟོགས།། རྟོགས་ཐབས་གདམས་ངག་ཇི་ལྟར་ལགས། ། སྐྱེ་མེད་ཀ་དག་ཇི་ལྟར་ཐོབ།། ཅེས་ཞུས་སོ།། སྐྱེ་མེད་ཀ་དག་གི་རྒྱུད་ལས། གླེང་སློང་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀ་དག་ཆོས་སྐུ་ལ། ། སྐྱེ་མེད་ཆོས་སྐུ་ཇི་ལྟར་གནས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྐྱེ་མེད་ཆོས་སྐུའི་གནས་ལུགས་ནི།། སྐྱེ་བ་མེད་པར་གནས་པ་ཡིན།། འགག་པ་མེད་པར་གནས་པ་ཡིན།། གཉིས་སུ་མེད་པར་གནས་པ་ཡིན། ། བློ་ངོ་བོ་ཉིད་ལས་གྲོལ་བ་ཡིན།། རྒྱུ་རྐྱེན་འཕོ་འགྱུར་མེད་པ་ཡིན།། རྩོལ་བསྒྲུབ་བྱ་བཙལ་མེད་པ་ཡིན།། གཡོ་འགུལ་རྩིས་གདབ་མེད་པ་ཡིན།། ཚུལ་གྱི་ལྡན་ལ་རྣམ་པ་གང་ཡང་མེད་པ་ཡིན། ། དཔེ་མེད་ཟླ་མེད་དོ་མེད་ཡིན།། དངོས་མེད་གཏད་མེད་བྱར་མེད་བསམ་བརླག་པའོ།། ཡེ་མེད་ཀ་དག་ཟང་ཀ་དོ་མེད་པ།། ཅང་མེད་ཅིར་སྣང་འཛིན་མེད་མིན་ཕྱུང་པོ།། མཚོན་མེད་ཚིག་མེད་སྨྲར་མེད་བརྗོད་མེད་པའོ། ། སྐྱེ་མེད་རང་གནས་རྟོག་པ་མེད་པའི་དོན།། གསལ་བྱེད་གཞན་ལ་ལྟོས་པ་ཅིར་ཡང་མེད།། ནམ་མཁའ་འདི་ནི་ཅིར་འདུག་ལྟོས།། ཞེས་གསུངས་སོ།། སྐྱེ་མེད་ཀ་དག་གི་རྒྱུད་ལས། སྐྱེ་མེད་ཆོས་སྐུའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་དངོས་མེད་ཟང་ཀ་ཡིས།། ཀ་དག་དོན་གྱི་གང་རྣམས་དག། ཅེས་སྟོན་པ་ལ་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་བ། ། ཀ་དག་ཉིད་ལ་དག་དང་མ་དག་མེད།། དེ་མ་རྟོགས་ཀྱི་བློ་ཅན་ལ།། ཉི་མའི་དཔེས་མཚོན་ཤེལ་གོང་ཀ་དག་བསྟན།། དངོས་མེད་ཟང་ཀ་ཀ་དག་ཚུར་ལ་ཉོན།། ཉི་མའི་དཔེ་ལ་མུན་པ་ཀ་ནས་དག། ཤེལ་གོང་ལ་ནི་གཞན་སྐྱོན་ཀ་ནས་དག། དེ་བཞིན་ཀ་དག་རང་བཞིན་ཡང།། འཁྲུལ་གཞི་མ་གྲུབ་ཀ་ནས་དག། འཁྲུལ་རྒྱུ་མ་གྲུབ་ཀ་ནས་དག། འཁྲུལ་རྐྱེན་མ་གྲུབ་ཀ་ནས་དག། འཁྲུལ་འབྲས་མ་གྲུབ་ཀ་ནས་དག། འཁྲུལ་ཚུལ་མ་གྲུབ་ཀ་ནས་དག། འཁྲུལ་དཔེ་མ་གྲུབ་ཀ་ནས་དག། དུག་གསུམ་མ་གྲུབ་ཀ་ནས་དག། དུག་ལྔ་མ་གྲུབ་ཀ་ནས་དག། ཡིད་འཁོར་གསུམ་མེད་ཀ་ནས་དག། འགྱུ་བའི་རླུང་མེད་ཀ་ནས་དག། གསལ་བའི་འོད་མེད་ཀ་ནས་དག། འཆར་བའི་ཟེར་མེད་ཀ་ནས་དག། སྐྱེ་བའི་རིག་མེད་ཀ་ནས་དག། ཤེས་རབ་མཉམ་མེད་ཀ་ནས་དག། མ་རིག་འཁྲུལ་མེད་འཁྲུལ་སྒོ་དག། འཁྲུལ་ཚུལ་རྣམས་གསུམ་ཀ་ནས་དག། འཁྲུལ་མིན་གཟུགས་ལྔ་ཀ་ནས་དག། ཁམས་གསུམ་འགྲོ་དྲུག་ཀ་ནས་དག། ཡིད་གཉིས་གཟུང་འཛིན་ཀ་ནས་དག། འགོང་པོ་ང་བདག་ཀ་ནས་དག། ཡུལ་སེམས་དབྱེ་བསལ་ཀ་ནས་དག། ཕྱི་ནང་དགག་བསྒྲུབ་སྤང་ལེན་ཀ་ནས་དག། སྣང་སྲིད་འཁོར་འདས་ཀ་ནས་དག། ཡོད་མེད་རྟག་ཆད་ཀ་ནས་དག། གཟུགས་སྣང་རིག་བརྟགས་ཇི་སྙེད་མ་ལུས་ཀ་ནས་དག། སྣང་སྲིད་འཁོར་འདས་ཀ་ནས་དག། ཅེས་གསུངས་སོ། ། ཡང་སྟོན་པས་བཀའ་སྩལ་པ།། ཀུན་གྱི་གཞི་མེད་ཀ་ནས་དག། གཡོ་འགུལ་རྩལ་མེད་ཀ་ནས་དག། ཀླུང་འགྱུ་འོད་ཟེར་ཀ་ནས་དག། མ་རིག་ཡེ་ཤེས་ཀ་ནས་དག། ཤེས་དང་མ་ཤེས་ཀ་ནས་དག། འཕྲད་དང་མ་འཕྲད་ཀ་ནས་དག། ཟིན་དང་མ་ཟིན་ཀ་ནས་དག། འགྱུར་དང་མ་འགྱུར་ཀ་ནས་དག། མཉམ་དང་མི་མཉམ་ཀ་ནས་དག། རིག་དང་མ་རིག་ཀ་ནས་དག། ཡིད་འཁོར་རྣམ་གསུམ་ཀ་ནས་དག། རང་བཞིན་ངོ་བོ་ཀ་ནས་དག། འཆར་སྒོ་འཁྲུལ་སྒོ་ཀ་ནས་དག། མ་རིག་གཉིས་འཛིན་ཡུལ་སེམས་ཀ་ནས་དག། སེམས་ཅན་སངས་རྒྱས་ཀ་ནས་དག། འཁོར་བ་མྱང་འདས་ཀ་ནས་དག། སྒོ་ལྔ་ཡུལ་ལྔ་ཀ་ནས་དག། རྣམ་ཤེས་ཚོགས་བརྒྱད་ཀ་ནས་དག། གཟུགས་མེད་ལ་སོགས་ཡུལ་མེད་ཀ་ནས་དག། ཡིད་རིག་མི་འཇུག་མི་རྟོག་ཀ་ནས་དག། སྒྲིབ་གཡོགས་ཡེ་མེད་ཀ་ནས་དག། ཉོན་མོངས་བག་ཆགས་གཏན་མེད་ཀ་ནས་དག། ཡུལ་སེམས་གཉིས་འཛིན་རྟོགས་ཚོགས་ཀ་ནས་དག། ཅེས་གསུངས་སོ།། སྐྱེ་མེད་ཀ་དག་གི་རྒྱུད་ལས།། ཀ་དག་གི་དག་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་དངོས་མེད་ཟང་ཀ་ཡིས། ། སྐྱེ་མེད་ཀ་དག་ཆོས་སྐུ་ལ།། ཟང་ཀའི་དོན་ནི་ཇི་ལྟར་ཡིན།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། འཁོར་བ་གཞི་མེད་ཟང་ཀ་ཡིན།། འཁོར་བའི་རྒྱུ་མེད་ཟང་ཀ་ཡིན། ། འཁོར་བའི་རྐྱེན་མེད་ཟང་ཀ་ཡིན།། འཁོར་བའི་གཟུགས་མེད་ཟང་ཀ་ཡིན།། འཁོར་བའི་ཡུལ་མེད་ཟང་ཀ་ཡིན།། གཏི་མུག་ཡེ་མེད་ཟང་ཀ་ཡིན།། ཞེ་སྡང་ཡེ་མེད་ཟང་ཀ་ཡིན།། འདོད་ཆགས་ཡེ་མེད་ཟང་ཀ་ཡིན། ། ང་རྒྱལ་ཡེ་མེད་ཟང་ཀ་ཡིན།། ཕྲག་དོག་ཡེ་མེད་ཟང་ཀ་ཡིན།། མ་རིག་སྒྲིབ་མེད་ཟང་ཀ་ཡིན།། སྒྲིབ་ཉིད་དངོས་མེད་ཟང་ཀ་ཡིན།། ཡུལ་མེད་ཕྱོགས་རིས་དབྱེ་བསལ་མེད།། གང་ལ་རིག་སེམས་འཛིན་མེད་ཟང་ཀ་ཡིན། ། དྲན་རྟོག་བློ་མི་སྐྱེ་ན་ཟང་ཀ་ཡིན།། རང་བྱུང་རང་དངས་རང་སངས་ཟང་ཀ་ཡིན།། འོད་གསལ་སྒྲིབ་མེད་གསལ་དངས་ཟང་ཀ་ཡིན།། ཀ་དག་དངོས་མེད་ཟང་ཀ་དེ།། ཅང་མེད་ཅིར་སྣང་དངོས་གཞི་མེད། ། དངོས་མེད་ཀུན་གཞི་རང་བྱུང་སྟེ།། ཐོལ་བྱུང་ངང་དངས་དངས་སངས་ངེ།། སྟོང་གསལ་དངོས་པོ་ཅི་ཡང་མེད་སངས་ངེ།། སལ་ལེ་ལྷན་ནེ་ཕྱད་དེ་བུན་ནེའོ།། ཐ་སྙད་ཙམ་ཡིན་མཚོན་དུ་ཅི་ཡང་མེད། ། མིང་མེད་མཚོན་འདས་གང་གི་དངོས་གཞི་མེད།། དེ་ལྟར་སུས་རྟོགས་ཟང་ཀ་ཡིན།། ཞེས་གསུངས་སོ།། སྐྱེ་མེད་ཀ་དག་གི་རྒྱུད་ལས།། ཟང་ཀ་མའི་དོན་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་དངོས་མེད་ཟང་ཀ་ཡིས། ། སྐྱེ་མེད་ཀ་དག་སྟོན་པ་ཆོས་སྐུ་ལ།། དངོས་མེད་བློ་འདས་ཇི་ལྟར་བཤད།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་མེད་བློ་འདས་བཤད་དུ་མེད་ན་ཡང།། ཡང་དག་ཚིག་གི་སྒྲོན་མས་སྐལ་ལྡན་འཁོར་ལ་བཤད། ། བྱ་བཙལ་བློ་འདས་ཆོས་ཤིག་བཤད།། ཡུལ་སེམས་དངོས་མེད་ཆོས་ཤིག་བཤད།། ཞེ་འདོད་མེད་པའི་ཆོས་ཤིག་བཤད།། རྩོལ་བསྒྲུབ་མེད་པའི་ཆོས་ཤིག་བཤད།། མ་འདྲེས་ཡོངས་རྫོགས་ཆོས་ཤིག་བཤད། ། འུབ་ཆུབ་ཆེན་པོའི་ཆོས་ཤིག་བཤད།། གསལ་དག་རང་གྲོལ་ཆོས་ཤིག་བཤད།། རང་བྱུང་རང་རིག་ཆོས་ཤིག་བཤད།། ཐོལ་བྱུང་ངང་དངས་ཡུལ་མེད་ཆོས་ཤིག་བཤད།། སྐྱེ་མེད་ཀ་དག་ཆོས་ཤིག་བཤད། ། དངོས་མེད་ཟང་ཀའི་ཆོས་ཤིག་བཤད།། སྔོན་ཐོག་ས་ནོན་ཆོས་ཤིག་བཤད།། བྱ་བྲལ་ཡེ་བཞག་ཆོས་ཤིག་བཤད།། ཆོས་ཟད་བློ་ཟད་ཆོས་ཤིག་བཤད།། སེམས་མེད་དངོས་མེད་ཆོས་ཤིག་བཤད། ། རིག་མེད་སྐུ་མེད་ཆོས་ཤིག་བཤད།། སྣང་མེད་རྟག་མེད་ཆོས་ཤིག་བཤད།། སྤྲོས་པའི་མཐའ་རྣམས་ཡོངས་བྲལ་ཆོས་ཤིག་བཤད།། སྣ་ཚོགས་གཅིག་འདུས་ཆོས་ཤིག་བཤད། ། གཅིག་མེད་ཟད་པར་ཟད་པའི་ཆོས་ཤིག་བཤད།། ཐུག་སར་ཐུག་པས་སྐྱོལ་སར་སྐྱོལ་བའི་ཆོས་ཤིག་བཤད།། དངོས་མེད་ཀུན་འབྱུང་སྣ་ཚོགས་ཆོས་ཤིག་བཤད།། གཅིག་མེད་མཚོན་མེད་མ་བཤད་ཀུན་རྟོགས་བཤད། ། སངས་རྒྱས་སྐུ་དང་ཡེ་ཤེས་རིགས་ལྔ་བྱང་ཆུབ་ལྔ།། ཐེག་ཆོས་གྲུབ་མཐའ་ཐ་སྙད་མིང་འདོགས་རྣམས།། བླ་དགས་ཡིན་ཏེ་དོན་ལ་བརྗོད་དུ་མེད།། ཆོས་བོར་སངས་རྒྱས་རིག་མེད་ཀ་དག་རྟོགས། ། སེམས་མེད་སངས་རྒྱས་ཡིད་མེད་སྣང་བ་དང།། མཚོན་མེད་དཔེ་མེད་བཤད་མེད་དངོས་གཞི་མེད།། སྣང་སྲིད་འཁོར་འདས་ཡོད་མེད་ཇི་སྙེད་མ་ལུས་ཀུན།། སྐྱེ་མེད་ཀ་དག་བློ་འདས་དངོས་མེད་སྙིང་པོའི་ཆོས་ཤིག་བཤད། ། ཐ་སྙད་ཀུན་བྲལ་བརྗོད་མེད་དེ་ཉིད་ཁོ་ན་བཤད།། བཤད་པ་མ་ཡིན་མཚོན་དུ་ཚིག་ལས་འདས།། ཆོས་གཅིག་མ་བཤད་ཆོས་གཅིག་དངོས་པོ་མེད།། མེད་པ་མ་ཡིན་སྟོང་གསལ་མཐའ་རྣམས་གྲོལ། ། ཞེས་ཞུས་སོ།། དངོས་མེད་བཤད་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀ་དག་ཆོས་སྐུ་ལ།། ཡང་རབ་ཀ་དག་ཇི་ལྟར་རྟོགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ། ཡང་རབ་སྐལ་ལྡན་རྣལ་འབྱོར་གྱིས།། གོང་ལྟར་དོན་ལས་མ་གཡོས་པར།། སྐྱེ་མེད་ཀ་དག་དངོས་མེད་ཟང་ཀ་རྟོགས།། གོང་བཤད་དོན་རྣམས་སེམས་དང་འདྲེས།། རང་བྱུང་རིས་མེད་རང་སར་ཐིམ། ། གསལ་སྟོང་སྣང་མེད་ཡུལ་སེམས་མེད།། འཁྲུལ་ཆོད་འཛིན་མེད་སྣང་བ་དག། ཕྱི་རོལ་ནང་དག་ཡིད་གཉིས་མེད།། ཐོལ་བྱུང་ངང་དངས་ཀློང་དུ་ཐིམ།། གཉིས་སྣང་ཞེ་འདོད་བྱ་རྩོལ་ཡོངས་མི་རྟོག། ཞེས་གསུངས་སོ།། ཀ་དག་གི་རྒྱུད་ལས། ཡང་རབ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀ་དག་ཆོས་སྐུ་ལ།། རྟོགས་ཐབས་གདམས་ངག་ཇི་ལྟར་ལགས། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྟོགས་ཐབས་ཐུགས་ཀྱི་བཅུད་ཕྱུང་བཤད།། དངོས་མེད་ཟང་ཀའི་ཐུགས་ལ་ཆོངས།། སྐྱེ་བ་མེད་པར་གཏན་ལ་དབབ།། ལམ་ཀ་ནས་དག་པར་གཏན་ལ་དབབ། ། འབྲས་བུ་དངོས་མེད་ཟང་ཀ་ལ་ཡང་བཟླ།། གཞི་ནི་སྐྱེ་མེད་བརྗོད་འདས་ཐ་སྙད་མེད།། རྣམ་པ་གང་གིས་མིང་མ་ཐོགས།། ཐེག་པ་ཆེན་པོ་ཡི་གེ་མེད།། རྣམ་པ་ཀུན་ལྡན་རྣམ་མེད་དཔེ་ཡང་མེད། ། སྣ་ཚོགས་ཆོས་རྣམས་མཐའ་ཡས་གྲོལ།། སྐྱེ་མེད་རང་དངས་ཤེས་མེད་རྟོག་པ་མེད།། ཅེས་གསུངས་སོ།། ཀ་དག་ལམ་དུ་ཁྱེར་བ་ནི།། སྒྲིབ་གཉིས་འཁོར་འདས་ཆོས་རྣམས་ཀ་ནས་དག། ཡུལ་རྣམས་ཀ་དག་ཕྱོགས་རིས་མེད། ། རིག་ཡིད་སེམས་དག་འཛིན་རྟོག་མེད།། སྣ་ཚོགས་ཆོས་རྣམས་ཡུལ་སྣང་ལ།། རིག་སེམས་དྲན་བློ་གང་ལ་ཡིད་མི་འཇུག། རྟོགས་དཔྱོད་གཟུང་འཛིན་དབྱེ་བསལ་མེད།། རང་བྱུང་རྩལ་དངས་འཛིན་མེད་ཟང་ཐལ་ལོ། ། སྙིང་པོ་ཡན་ལག་གཉིས་མེད་ཤེས་པ་མ་བུ་འཕྲད།། གསལ་སྟོང་དབྱེར་མེད་ནམ་མཁའ་འདྲ།། ཤུགས་འབྱུང་ངང་དངས་ནམ་མཁའ་འདྲ།། ཤེས་མེད་གསལ་དངས་དངས་སངས་ངེ། ། རང་བྱུང་ངང་དངས་སྟོང་སངས་ངེ།། གསལ་དག་རང་གྲོལ་བདེ་ཕྱོད་དེ།། རང་སངས་རང་རླག་གོ་སྐབས་མེད།། མེད་ལས་ཀུན་འབྱུང་སྙིང་པོ་འོད་གསལ་ཀློང།། ཅང་མེད་ཅིར་སྣང་དངོས་མེད་སྣ་ཚོགས་གཅིག་ཏུ་འདུས། ། གཅིག་དང་མེད་ཤེས་མེད་ཀུན་ཤེས།། ཀུན་འཕྱེ་སླེར་ལ་ག་པའོ།། སྣང་སྟོང་རིག་སྟོང་ཡུལ་སེམས་གཉིས་མེད་སྟོང།། ཀུན་འབྱུང་ཀུན་གསལ་ཀུན་སྣང་ཀུན་བརྟགས་ཀུན་གཞི་མེད། ། མཁའ་དབྱིངས་ཆོས་ཉིད་ཀུན་གཞིའི་ཕོ་བྲང་ནས།། སྣ་ཚོགས་རྩལ་ཟེར་མཁའ་དབྱིངས་ཆོས་ཉིད་ཀློང་དུ་ཐིམ།། སྟོང་ལ་གསལ་དངས་ངང་ལ་དངོས་གཞི་ཅི་ཡང་མེད།། མཚོན་པའི་ཚིག་མེད་ཐ་སྙད་ཀུན་དང་བྲལ། ། བརྗོད་དུ་ཡེ་མེད་ཆོས་རྣམས་ཟད་སར་བསྐྱལ།། ཞེས་གསུངས་སོ།། འབྲས་བུ་དངོས་མེད་ཟང་ཀ་ལ་བཟླ་ནི།། ཆོས་རྣམས་ཀ་དག་ངང་ལ་ཡེ་ནས་གནས།། གོང་བསྟན་ཀློང་དུ་གྱུར་ཅིང་དེ་ལས་མ་འདས་ཆོས། ། ཐོག་མ་མེད་ནས་སྐྱེ་མེད་ཀ་ནས་དག། རེ་དོགས་ཡིད་སྨོན་བྱར་མེད་ལ་བཟླར་རང་ལ་གྲུབ།། ཅེས་འབྲས་སུ་བསྟན་པའོ།། སྐྱེ་མེད་ཀ་དག་གི་རྒྱུད་ལས།། རྟོགས་ཐབས་ཐུགས་ཀྱི་བཅུད་ཕྱུང་གི་ལེའུ་སྟེ་བདུན་པའོ། །།། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། སྐྱེ་མེད་ཀ་དག་ཇི་ལྟར་ཐོབ།། ཅེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྐྱེ་མེད་ཀ་དག་ངང་ལ་ཐོབ་དང་མ་ཐོབ་མེད། ། འཁོར་རྣམས་བྲོད་པ་བསྐྱེད་ཕྱིར་ཐོབ་ཅེས་བཤད།། མི་སྐྱེ་མི་འགག་སྐྱེ་མེད་དེ།། ཤེས་མེད་རང་གསལ་ཉིད་ལ་གནས།། གསལ་དངས་མ་གཡོས་སྐྱེ་མེད་ཀློང་དུ་གྱུར། ། དེ་ཀ་ཉིད་ལ་ཐོབ་ཅེས་བཤད།། ཉོན་མོངས་ཁམས་རྣམས་ཀ་ནས་དག། སྒྲིབ་གཡོགས་མ་རིག་མུན་པ་མེད།། བག་ཆགས་ཆགས་སྡང་ཀ་ནས་དག། རང་དག་རང་གདངས་རང་སངས་སྐྱོན་སྒྲིབ་གང་ཡང་མེད། ། གསལ་དག་འོད་གསལ་ཀ་དག་དྲི་མ་མེད།། གཏིང་གསལ་ཁ་གསལ་གསལ་དག་གཟུང་འཛིན་དག། དེ་བཞིན་ཉིད་དག་ཡང་དག་རྣམ་པར་དག། དེ་ལྟར་སུས་རྟོགས་ཀ་དག་ཐོབ་ཅེས་བཤད།། ཅེས་གསུངས་སོ། ། སྐྱེ་མེད་ཀ་དག་གི་རྒྱུད་ལས། སྐྱེ་མེད་ཀ་དག་དྲི་མེད་དངོས་མེད་ཀ་དག་ཐོབ་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀ་དག་ཆོས་སྐུ་ལ།། རྒྱུད་འདིའི་མཚན་ནི་ཇི་ལྟར་གཟུང། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། གང་ཡང་མ་སྐྱེས་མཚན་མེད་ཕྱིར།། སྐྱེ་བ་མེད་པའི་རྒྱུད་དུ་ཟུང།། མ་རིག་བག་ཆགས་ཀ་དག་ཕྱིར།། ཀ་དག་དྲི་མེད་རྒྱུད་དུ་ཟུང། ། ཤེས་མེད་འོད་གསལ་དངས་སངས་ངེ།། ཡེ་ཤེས་མིག་གཅིག་དྲི་མ་དག། ཡེ་དག་ཤེལ་སྒོང་ཉི་ཟླ་བཞིན།། རྟོག་ཚོགས་སྒྲིབ་གཡོགས་ཉོན་མོངས་དག། ངང་དངས་གསལ་གདངས་རྒྱུད་དུ་ཟུང།། སྐྱེ་མེད་ཀ་དག་ཆོས་སྐུ་ཟང་ཀར་གནས། ། ཀ་དག་ཟང་ཀའི་རྒྱུད་དུ་ཟུང།། ཞེས་གསུངས་སོ།། ཀ་དག་ཟང་ཀའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀ་དག་སྟོན་པ་ལ། ། རྒྱུད་འདི་གཏད་པ་གང་ལ་གཏད།། ཅེས་ཞུས་པས།། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྒྱུད་འདི་གཏད་པའི་སློབ་མ་ནི།། སྨྲས་པ་མི་འགྱུར་རི་རབ་འདྲ།། དམ་ཚིག་ཤེལ་སྒོང་པདྨ་འདྲ།། རང་རྒྱུད་གླ་བྲེང་དར་དཀར་འདྲ། ། ཤེས་རབ་རིག་པ་སྤུ་གྲི་རལ་གྲི་འདྲ།། བླ་མ་ལ་གུས་དགེ་སེམས་དམ་ཚིག་ལྡན།། མན་ངག་གཏེར་འཆང་འདོད་དོན་ཁར་མི་གཏང།། དེ་ལྟ་བུ་ཡི་སློབ་མ་ལ།། སྐྱེ་མེད་ཀ་དག་རྒྱུད་འདི་གཏད། ། སྣོད་མེད་དམ་མེད་ང་རྒྱལ་དྲེགས་པ་ཅན་ལ་མ་སྦྱིན་ཅིག། ཅེས་གསུངས་སོ།། སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་པའོ།།།། སྐྱེ་མེད་ཀ་དག་གི་རྒྱུད་རྫོགས་སོ།།།།

CLOSE WINDOW