Wylie |
ལོཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གདམས་པ། གཏེར་རྒྱ། སྦས་རྒྱ། གཏད་རྒྱ།།།། རྒྱ་གར་སྐད་དུ། ཨ་མྲྀ་ཏ་ར་ས་བིནྡུ་དཱི་པ་ཀུ་ཊ་ཏནྟྲ། བོད་སྐད་དུ། བདུད་རྩི་བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རིན་པོ་ཆེའི་གནས་ཀྱི་ཀློང། ཆོས་ཉིད་ཀྱི་དབྱིངས། འོད་གསལ་གྱི་མཁའ། རང་བྱུང་གི་གནས། ཀུན་གཞིའི་ཕོ་བྲང། འོད་གསལ་རྣམ་དག། བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར། སྒྲིབ་པ་མེད་པར་རང་བཞིན་གྱིས་འོད་གསལ་བ། རྒྱ་གར་ཡང་མ་ཆད་པ། ཕྱོགས་གང་དུ་ཡང་མ་ལྟུང་བ། མཐའ་གང་ཡང་མ་རེག་པ། རིན་པོ་ཆེ་རྣམ་དག་འོད་གསལ། ངང་དངས་རང་གསལ་གྱི་ལྷ་ཁང་ན། དམ་པ་དང་པོའི་སངས་རྒྱས་དབྱེར་མེད་སྔོན་ཐོག་ཡེའི་སངས་རྒྱས། རང་བཞིན་ཀུན་ཏུ་བཟང་པོ་བཞུགས་སོ།། དེའི་ཚེ་སྨིན་པ་ཆེན་པོའི་འཁོར་ཡང་འདི་ལྟ་སྟེ། རང་རྩལ་འོད་གསལ་གྱི་འཁོར་དང། རང་དངས་རྣམ་དག་གི་འཁོར་དང། རང་དངས་རང་གསལ་གྱི་འཁོར་དང། རང་བྱུང་རང་བརླག་དབྱེར་མེད་པའི་འཁོར་རོ། ། གཞན་ཡང་རྩལ་སྣང་ཟེར་གྱི་འཁོར་དང། འོད་གསལ་ཀུན་ཁྱབ་ཀྱི་འཁོར་དང། ཡན་ལག་བུའི་འཁོར་དང། མཚན་ཉིད་རིག་པའི་འཁོར་དང། འགྱུ་བ་ཡིད་ཀྱྀ་འཁོར་དང། གསལ་བ་སེམས་ཀྱི་འཁོར་དང། ཉིད་ཀྱི་རང་བཞིན་གྱི་འཁོར་དང། རང་བྱུང་སྤྲོས་གཅོད་ཀྱི་འཁོར་དང། རང་སངས་རྣམ་དག་རང་བཞིན་རྟོགས་པའི་འཁོར་རོ།། འཁོར་ཕུན་སུམ་ཚོགས་པའོ།། འདས་དང་མ་འོངས་ད་ལྟར་གྱི། ། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། དུས་ཕུན་སུམ་ཚོགས་པའོ།། བསྟན་པའི་རྒྱལ་པོ་དགུ་རྩེ་བློ་འདས་གསུངས།། བྱར་མེད་ལྷུན་རྫོགས་བསྒྲུབ་མེད་འབྲས་བུའོ།། བསྟན་པ་ཕུན་སུམ་ཚོགས་པའོ། ། དེའི་ཚེ་འཁོར་གྱི་ནང་ནས། ངང་དངས་ཁྱེའུ་ཆུང་སྟན་ལས་ལངས་ཏེ། ཕྱག་འཚལ་ནས་གུས་པས་འདི་སྐད་ཞུས་སོ།། དམ་པ་དང་པོའི་སངས་རྒྱས་ཀུན་བཟང་ཁྱེད་ལ། བཤད་མེད་བྱར་མེད་བློ་འདས་དོན། ། བསྒྲུབ་ཏུ་མེད་པས་ཆོས་ཤིག་ཞུ།། ཞེས་ཞུས་པ་དང། དེ་ནས་དམ་པ་མ་དང་པོའི་སངས་རྒྱས་དེ། རང་བཞིན་ཡོངས་རྫོགས་དབྱེར་མེད་བློ་འདས་སྤྲོས་བྲལ་མཚོན་མེད་ཀྱི་ཏིང་ངེ་འཛིན་ལ་བཞུགས་སོ། ། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། བྱར་མེད་བློ་འདས་ཆོས་ཤིག་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། སྙིང་པོའི་རང་བཞིན་སྐྱེ་འགག་གཉིས་མེད་ཀྱང།། རང་བྱུང་རྩལ་གྱི་ཤེས་པ་བུ་ལ་བཤད། ། ཆོས་ཉིད་བཅུད་འདུས་མཚོན་དུ་མེད་པ་ལ།། བདུད་རྩིའི་མན་ངག་སྒྲོན་མ་བརྩེགས་པ་བཤད།། བཤད་པའི་ཆོས་ནི་ཐ་སྙད་ཡིན།། མཚོན་དུ་མེད་པའི་ཆོས་ཤིག་བཤད།། བྱས་པའི་ཆོས་ནི་འདུས་བྱས་ཡིན། ། མ་བྱས་རང་བྱུང་ཆོས་ཤིག་བཤད།། བྱ་རྩོལ་ཆོས་ནི་རྩོལ་བསྒྲུབ་ཡིན།། བྱར་མེད་རྩོལ་བསྒྲུབ་བྲལ་བས་ཆོས་ཤིག་དགོས།། བློས་བཏགས་ཆོས་ལ་མཐར་ཐུག་མེད།། བློ་འདས་མཐར་ཐུག་ཆོས་ཤིག་བཤད། ། བསྒྲུབ་པའི་ཆོས་ནི་རེ་དོགས་ཡིད་སྨོན་ཡིན།། ཡེ་ཡིན་རང་སར་གནས་པའི་ཆོས་ཤིག་བཤད།། ཟད་སར་ཟད་ལ་ཐུག་པའི་ཐུག་པར་བཤད།། གཅིག་ཤེས་ཀུན་གྲོལ་ཆོས་ཤིག་ང་ཡིས་བཤད། ། བརྡའ་གཅིག་བརྡའ་ཀུན་གྲོལ་བའི་ཆོས་ཤིག་བཤད།། གནད་གཅིག་གནད་ཀུན་གྲོལ་བའི་ཆོས་ཤིག་བཤད།། བློ་ཟད་ཐོག་མའི་སར་སྒྲིབས་ཆོས་ཤིག་བཤད།། བྱ་བྲལ་ཡེ་བཞག་སྙིང་པོའི་ཆོས་ཤིག་བཤད། ། ཅེས་གསུངས་སོ།། བདུད་རྩི་བཅུད་བསྡུས་སྒྲོན་མ་བརྩེགས་པའི་རྒྱུད་ལས། ཕུན་སུམ་ཚོགས་པ་དང་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་སངས་རྒྱས་ལ་ཞུས་པ། ། དངོས་པོ་གཤིས་ཀྱི་འདུག་ཚུལ་ཇི་ལྟར་ལགས།། འདུག་ཚུལ་མ་རྟོགས་འགྲོ་དྲུག་ཇི་ལྟར་ལགས།། འཁོར་བ་རྩད་ནས་ཇི་ལྟར་བཅད།། རྟོགས་ཐབས་གང་གིས་ཇི་ལྟར་རྟོགས།། རྟོགས་ན་འབྲས་བུ་ཇི་ལྟར་ཐོབ་པར་འགྱུར། ། ཐོབ་ནས་མི་འགྱུར་བརྟན་པ་ཇི་ལྟར་ཐོབ།། འོག་མ་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས།། རིམ་པ་དགུ་ལས་སྤྱི་ཏི་གང་གིས་འཕགས།། མ་བསྐུར་དབང་དང་ཕྱོགས་བྲལ་དཀྱིལ་འཁོར་གང། ། ཕྲིན་ལས་སྤྱན་དྲངས་ལྷ་ཚོགས་མཆོད་བསྟོད་གང།། དངོས་གྲུབ་དམ་ཚིག་སྨོན་ལམ་ཇི་ལྟར་ལགས།། ཐམས་ཅད་མ་འདྲེས་ཡོངས་སུ་ཇི་ལྟར་རྫོགས།། མ་བྱས་རང་བྱུང་བྱར་མེད་བཤད་མེད་གང།། མཚོན་མེད་བློ་འདས་ཐེག་པ་ཇི་ལྟར་གསུངས། ། གཅིག་ཤེས་ཀུན་གྲོལ་ཆོས་ཤིག་ཇི་ལྟར་ལགས།། གནད་གཅིག་ཤེས་པས་གནད་ཀུན་ཇི་ལྟར་ཁྲོལ།། གཅིག་བརྡའ་ཀུན་བརྡའ་ཇི་ལྟར་ཤེས་པར་བྱ།། བདག་ཅག་རྣམས་ལ་ཟབ་པར་བཀའ་སྩོལ་ཅིག། ཅེས་ཞུས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། འཁོར་གྱིས་གླེང་སློང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ། ། དངོས་པོ་གཤིས་ཀྱི་གནས་ལུགས་གང།། ཞེས་ཞུས་པ་དང། དེ་ནས་དམ་པ་དང་པོའི་སངས་རྒྱས་དེ།། སྣ་ཚོགས་ཀློང་འོད་གསལ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ལས་བཞེངས་ནས་བཀའ་སྩལ་པ། ། འཁོར་ནས་ངང་དངས་ཁྱེའུ་ཆུང་ཉོན།། དངོས་པོ་གཤིས་ཀྱི་འདུག་ཚུལ་དེ།། མཚོན་བརྗོད་ཚིག་གིས་མི་ཕེབས་ཀྱང།། དཔལ་གྱི་མགུར་གྱི་སྒྲོན་མ་ཡིས།། འཁོར་རྣམས་ཀུན་ལ་གསལ་བར་བཤད། ། གནས་ལུགས་གཤིས་ཀྱྀ་འདུག་ཚུལ་ནི།། ཡོད་མེད་སྟོང་དང་མི་སྟོང་དང།། མཚོན་བརྗོད་ཚིག་གིས་མཚོན་ལས་འདས།། སྐྱེ་འགག་གཉིས་མེད་ཐ་སྙད་གྲོལ།། སངས་མེད་རྒྱས་མེད་སྐུ་དངོས་མེད། ། བྱང་ཆུབ་སེམས་མེད་རིགས་ལྔ་མེད།། བདེ་སྡུག་འཁོར་དང་མྱང་འདས་མེད།། རིག་འགྱུ་སེམས་མེད་དྲན་རྟོག་མེད།། ང་གཞན་ཕྱོགས་མེད་དགྲར་གཉེན་མེད།། ཡུལ་སེམས་བཟང་ངན་སྤང་ལེན་མེད།། ཡིན་མིན་དབྱེ་བསལ་ཕྱོགས་མཚམས་མེད། ། ཤེས་འཁྲུལ་སྒོ་གཉིས་རང་བཞིན་མེད།། གཞི་ཡི་རང་བཞིན་ཡོད་མེད་མཉམ།། ཚོགས་བརྒྱད་ཡུལ་དུ་མ་གྱུར་པས།། རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་གྲོལ།། གཉིས་འཛིན་འཁོར་འདས་ཀ་ནས་དག། འཁོར་འདས་ཕྱོགས་མེད་ལྷུན་གྱིས་གྲུབ།། གང་ཡང་མ་འགགས་འདི་ཡིན་མེད།། ཐོག་མ་རྒྱུ་ཡིས་མ་བསྐྱེད་པས།། མཐའ་བྲལ་དབྱིངས་ཀྱི་ནམ་མཁའ་འདྲ།། བར་དུ་རྫས་མེད་འདུས་མ་བྱས། ། ཉི་མར་འོད་འཕྲོའི་འོད་ཟེར་འདྲ།། ཐ་མར་རྐྱེན་གྱིས་འཇིག་བྲལ་མེད།། གཉིས་མེད་མཁའ་ལྟར་མཉམ་ཉིད་གནས།། ངོ་བོ་སྟོང་པའི་རྩལ་དང་བྲལ།། འདི་ཞེས་ཅིས་ཀྱང་བསྟན་དུ་མེད།། མ་བསྒྲིབས་མཚོན་མེད་གསལ་དག་ངང། ། རྟོག་མེད་ཀུན་འབྱུང་ཟད་མི་ཤེས།། གང་ཡང་ཕྱོགས་མེད་མཐའ་བཞི་གྲོལ།། ཡུལ་སྣང་བག་དག་སངས་རྒྱས་ཉིད།། འགྱུ་མེད་དྲང་པོར་རྒྱུན་སར་གྲོལ།། བཅོས་མེད་བློ་འདས་ངོ་བོ་ཉིད། ། བསླད་པས་མི་བསྒྲིབ་ཡང་དག་ངང།། ཐམས་ཅད་གཞི་འཛིན་བྱང་ཆུབ་སེམས།། གཞན་ནས་མ་བཙལ་ཀ་ནས་དག། གང་ཡང་མ་བསྒྲུབས་ཕྱོགས་རིས་མེད།། དགག་བསྒྲུབ་གཅིག་འཛིན་རྒྱ་ཆད་མེད། ། འཁོར་འདས་ལ་སོགས་གཉིས་དབྱེར་མེད།། རྩོལ་བསྒྲུབ་ལམ་གྱི་བཅོས་དང་བྲལ།། ལྟ་བྱེད་མིང་དང་རང་སངས་རྒྱས།། གཉིས་འཛིན་བློས་བཏགས་གྲུབ་མཐའ་སྟོངས།། སྒོམ་བྱེད་གཡོ་རྩོལ་ཡེ་གྲོལ་བས། ། འབྱུང་འཇུག་བཏང་བཞག་དབྱིངས་སུ་དངས།། སྐྱོན་ཡོན་དཔྱོད་བྱེད་མིང་མེད་པས།། གཉིས་འཛིན་བླང་དོར་ལས་རྣམས་ཟིན།། དགེ་སྡིག་མཚན་མའི་ཆོས་འདས་པས།། དམ་ཚིག་སྡོམ་པའི་དགག་སྒྲུབ་སངས། ། ཀ་དག་ཡེ་ཤེས་སྣང་མེད་པས།། དངོས་མེད་ཡུལ་གྱི་སྒྲིབ་བྱེད་སངས།། ཆོས་ཉིད་རྣམ་པ་ཡུལ་མེད་པས།། སྟོང་ཉིད་ངང་ལ་གནས་པ་སྟོང།། གཉིས་འཛིན་མཚན་མ་དངོས་དག་པས།། གཟུང་འཛིན་དབྱེ་བསལ་ཆོས་ལས་འདས། ། ཤེས་མེད་རྣལ་མ་གཏིང་ཡངས་པས།། མདོ་རྒྱུད་ཆོས་རྣམས་ཀློང་དུ་སངས།། མདོར་ན་གཉིས་འཛིན་ཆོས་རྣམས་ཀུན།། ཕྱོགས་སུ་ལྷུང་དང་མ་ལྷུང་དང།། དེ་ལྟར་གཉིས་དང་གཉིས་མེད་ཀྱི། ། མུ་མཐའི་ཚོགས་ལས་གཏན་གྲོལ་བས།། ཡེ་གྲོལ་ཆོས་ལས་འདས་པ་ལས།། རྒྱ་ཆད་མེད་པའི་ངོ་བོར་གནས།། ས་གསེར་བང་མཛོད་རྒྱ་མཚོ་བཞིན།། དངོས་པོ་གཤིས་ཀྱི་མཐུན་དཔེའོ།། ཞེས་གསུངས་སོ། ། སྒྲོན་མ་བརྩེགས་པའི་རྒྱུད་ལས། དངོས་པོ་གཤིས་ཀྱི་འདུག་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་རང་བཞིན་ཀུན་བཟང་ལ།། འདུག་ཚུལ་མ་རྟོགས་ཇི་ལྟར་འཁྲུལ། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། གནས་ལུགས་མ་རྟོགས་འཁོར་བ་བཤད།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། མཁའ་ཀློང་རྣམ་དག་ཕོ་བྲང་ན།། གཞི་ཡི་རང་བཞིན་མཉམ་པའི་ངང། ། དེ་ནས་ཀུན་འབྱུང་མཛོད་པོ་ཆེ།། ཐོག་མར་ཡེ་ཤེས་འཆར་སྒོ་ནི།། མཁའ་ལས་བྱུང་བའི་ཆོ་འཕྲུལ་ལྟར།། དབྱིངས་ནས་རང་བྱུང་དབྱིངས་ལ་གནས།། ནམ་མཁའི་ངང་ནས་སྟོང་ཉིད་སྒྲ། ། མཚུངས་མེད་རྒྱ་ཆེ་ཟབ་དོན་སྒྲོགས།། བརྒྱད་ཁྲི་བཞི་སྟོང་ལ་སོགས་པ།། ཚིག་ཏུ་བརྗོད་པ་མ་ལུས་པ།། དབྱིངས་ལས་གྲག་སྟོང་དབྱིངས་སུ་དངས།། ཚིག་ཏུ་བརྗོད་པའི་མཐའ་ལས་འདས།། བརྗོད་དང་མ་བརྗོད་གཉིས་ཀ་དང། ། གཉིས་མེད་འཛིན་པའི་རྒྱ་མ་ཆད།། ཁམས་གསུམ་ལ་སོགས་མ་ལུས་པའི།། མཚན་མའི་ཡུལ་ལས་རྣམ་གྲོལ་བས།། སྣང་སྟོང་གཟུང་འཛིན་ཕྱོགས་མ་ཆད།། ཕྱི་གྲོལ་ནང་དག་འཛིན་པ་བརླག། ལུས་དང་སྐུ་ཡི་མུ་མཐའ་སངས།། སྣང་དང་སྟོང་པ་གཉིས་ཀ་དངས།། གཉིས་མེད་འཛིན་པའྀ+ྀ་རྒྱ་མ་ཆད།། འཁོར་འདས་བདག་གཞན་ལ་སོགས་པའི།། གཉིས་འཛིན་རྟོག་པ་མ་ལུས་ཀུན།། དབྱེར་མེད་ཤེས་རབ་ཡེ་ཤེས་མེ། ། རྒྱུ་རྐྱེན་མེད་པར་རང་འབར་བས།། སྤང་ཐོབ་དགག་བསྒྲུབ་ཀུན་ལས་འདས།། རྣམ་རྟོག་ཆོས་ཉིད་གཉིས་ཀ་དངས།། གཉིས་མེད་འཛིན་པའི་རྒྱར་མ་ཆད།། དེ་ལྟར་གཅིག་གིས་གཅིག་བཀྲོལ་བས། ། མུ་མཐའ་མ་ལུས་རང་སར་གྲོལ།། གྲོལ་དང་མ་གྲོལ་གཉིས་ལས་འདས།། དམ་པ་དང་པོར་ཡེ་སངས་རྒྱས།། ངོ་བོ་རང་བཞིན་ཐུགས་རྗེ་ལས།། ཀ་དག་ལྷུན་གྲུབ་ཀུན་ཁྱབ་གསུམ།། དང་པོར་སྐུ་གསུམ་མཆོག་གི་ས། ། གསལ་དག་ཡེ་ཤེས་འཆར་སྒོ་ཡིན།། འདུག་ཚུལ་མ་རྟོགས་འཁྲུལ་པ་ཡང།། གཞི་ཡི་རྩལ་ལས་ཟེར་གཡོས་པས།། མཁའ་ལ་མཇའ་ལྟར་ཡུལ་དུ་ཆད།། རང་བཞིན་རང་ངོར་མ་ཐིམ་པས། ། འོད་ལས་ཟེར་ཤར་ཤེས་པར་རིག། ཡེ་དོན་མ་ཤེས་གཉིས་འཛིན་ཞུགས།། གནས་ལུགས་མ་རྟོགས་ས་མ་ཟིན།། རིག་པའི་སྙིང་པོ་མ་རྟོགས་རྒྱུ།། རིག་པ་ཡིད་དང་སེམས་གསུམ་ལ།། རང་ས་མ་ཟིན་འཁོར་ལོ་གསུམ། ། འགྱུ་བ་རླུང་གིས་རྒྱུ་བྱས་ནས།། སྒྲིབ་གཡོགས་མུན་པས་བར་བཅད་དེ།། འབྲས་བུ་མུན་པའི་འཁོར་སྒོར་ཆུད།། སྣ་ཚོགས་གཟུགས་ཅན་སེམས་ཅན་རྣམས།། གཅིག་འཛིན་འགྱུ་བའི་ཡིད་ལས་སྐྱེས། སྣ་ཚོགས་རྣམ་རིག་གཟུགས་དོན་ཅན། ། དངོས་པོའི་དོན་རྣམས་ཀུན་ལ་ཆགས།། སེམས་ཅན་ཀུན་གྱི་ཡིད་མགྱོགས་པས།། ཁམས་གསུམ་ཀུན་གྱི་ཡིད་ལ་འཇུག། ཕུང་པོ་ལྔ་པོ་ཀུན་ལ་རྟོག། སྲིད་པའི་དྲ་བར་འཐུམས་པ་ཡིས། ། མ་རིག་སྒོ་ལྔའི་སྦུབས་སུ་ཆུད།། གཉིས་འཛིན་གཟུགས་བརྙན་མ་ལུས་འཆར།། དངོས་པོ་ཀུན་ལ་གཟུང་འཛིན་པས།། སྲིད་རྩའི་ཡན་ལག་བཅུ་གཉིས་སྟོན།། རྣམ་ཤེས་ཚོགས་བརྒྱད་ཆགས་སྡང་བས། ། ཉོན་མོངས་ཉེ་བའི་ཉོན་མོངས་དྲུག། ཁམས་གསུམ་འཁོར་བའི་གནས་སུ་འཁྱམས།། མ་གྲུབ་བཞིན་དུ་འཁྲུལ་སྣང་བའི།། སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་མྱོང།། ཞེས་གསུངས་སོ།། བདུད་བརྩི་བཅུད་འདུས་སྒྲོན་མ་བརྩེགས་པའི་རྒྱུད་ལས། གནས་ལུགས་མ་རྟོགས་འཁྲུལ་པར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། འདུག་ཚུལ་མ་རྟོགས་འཁྲུལ་པ་དེའི། ། འཁྲུལ་གཞི་རྩད་ནས་ཇི་ལྟར་གཅད།། ཅེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་པོ་གཤིས་ཀྱི་གནས་ལུགས་ལ།། འཁྲུལ་དང་མ་འཁྲུལ་མིང་མེད་དེ།། གཉིས་འཛིན་བློ་ལ་འཁྲུལ་པ་བྱུང། ། མ་རྟོགས་རིགས་དྲུག་འཁྲུལ་བཅས་པ།། རབ་འབྲིང་ཐ་མ་གསུམ་དུ་བཤད།། སྐལ་ལྡན་རབ་ཀྱི་ཡང་རབ་ལ།། འཁྲུལ་པ་རྩད་གཅོད་མི་དགོས་ཏེ།། འཁྲུལ་པར་ཤེས་པས་སྣང་བ་ལྡོག། ཀ་དག་རྣལ་མ་ཟང་ཀ་ལ། ། སྒྲོ་སྐུར་ཆོས་རྣམས་ག་ལ་ཡོད།། སེམས་ཉིད་མུ་མེད་གཏིང་ཡངས་འདི།། ཤེས་ཤིང་རིག་པའི་ཡུལ་ལས་འདས།། སུས་ཀྱང་སྨྲ་བསམ་བསྟན་ཏུ་མེད།། རེ་ཞིག་ཙམ་དུ་མཚོན་པ་ནི།། རྒྱལ་པོའི་ཕོ་བྲང་མེ་ཡིས་བསྲེག། གླིང་གཞིའི་གྲོང་ཁྱེར་དམག་གིས་གཞོམ།། སེམས་ཅན་ཀུན་སྲོག་དུས་གཅིག་གཅད།། རི་བོ་ཆེན་པོ་ཁྱུར་མིད་བྱ།། གསལ་བའི་ཉི་ཟླ་གོས་སུ་གྱོན།། འབད་རྩོལ་ཆོས་ཀུན་ཆུ་ལ་འབོ།། ཕྱི་ནང་གྲུབ་མཐའ་ཀུན་གོ་ལྡོག། སྐུ་གསུམ་འབྲས་བུ་དུར་དུ་བསྐྱལ།། རྒྱ་ཆད་ཆོས་ཀུན་མཐའ་ལས་གྲོལ།། ཕོ་བྲང་ཕྱི་ནང་གསང་བ་གསུམ།། ཕྱི་ལྟར་ཡུལ་གྱི་སྣང་བ་འདི།། གཉིས་འཛིན་རྒྱལ་པོའི་ཕོ་བྲང་སྟེ།། མཚན་མ་རང་གྲོལ་མེ་ཡིས་བསྲེག། གཟུང་འཛིན་འབྱེད་མེད་ཡེ་ནས་གྲོལ།། ནང་ལྟར་ཟག་མེད་ཕུང་པོ་འདི།། རང་སེམས་རྒྱལ་པོའི་ཕོ་བྲང་སྟེ།། དངོས་མེད་ཟང་ཀའི་མེ་ཡིས་བསྲེག། ལུས་སེམས་དངོས་མེད་གདོད་ནས་དག། གསང་བར་རྩལ་གྱི་འཁོར་ལོ་གསུམ།། འགྱུ་བ་རྒྱལ་པོའི་ཕོ་བྲང་སྟེ།། འགྱུ་མེད་བློ་འདས་མེ་ཡིས་བསྲེག། བཏགས་ཆགས་ཞེན་གསུམ་མིང་ཡང་མེད།། གླིང་གཞིའི་གྲོང་ཁྱེར་ལ་ཡང་གསུམ།། སྤྱི་ཡི་གྲོང་ཁྱེར་འབྱུང་བ་ལྔ། ། དམྱལ་བའི་གནས་སོགས་རིགས་དྲུག་གནས།། རང་སྣང་རང་དག་དམག་གིས་གཞོམ།། གདོད་ནས་རྣམ་དག་ཆོས་དབྱིངས་ངང།། ནང་གི་གྲོང་ཁྱེར་འགྲོ་དྲུག་ལུས།། གསུམ་དང་བརྒྱད་སོགས་སྡུག་བསྔལ་རྣམས། ། སྐྱེ་མེད་བདེ་ཆེན་དམག་གིས་གཞོམ།། ཡེ་ནས་སྤང་མེད་ཡེ་ཤེས་ཀློང།། གསང་བའི་གྲོང་ཁྱེར་འཁོར་ལོ་གསུམ།། བཏགས་ཆགས་ཞེན་གསུམ་གྲུབ་མཐའ་རྣམས།། མུ་མེད་ཆོས་འདས་དམག་གིས་གཞོམ། ། བསམ་བརྗོད་རྟོག་ཚོགས་མཐའ་ལས་གྲོལ།། ཀུན་སྲོག་དུས་གཅིག་གཅད་ལ་གསུམ།། ཕྱི་ཡི་ཚོགས་དྲུག་ངར་འཛིན་ཡུལ།། རང་སངས་དབྱེར་མེད་རབ་རྟོགས་པས།། གཞན་མིན་ངས་རྟོགས་ང་རྒྱལ་ཏེ། ། བདག་མེད་ཕྱོགས་བྲལ་མཚོན་གྱིས་བཅད།། ནང་གི་ངར་འཛིན་སེམས་རིག་ཡིད།། འགྱུ་མེད་ངང་ཐིམ་དོན་བསྒོམས་པས།། གཞན་མིན་ངས་བསྒོམ་ང་རྒྱལ་ཏེ།། བསམ་འདས་རིས་མེད་མཚོན་གྱིས་བཅད། ། གསང་བའི་ངར་འཛིན་རང་ནས་དོན།། ཡེ་ཡིན་རེ་མེད་ངང་གྲོལ་བས།། གཞན་མིན་ངས་ཐོབ་ང་རྒྱལ་ཏེ།། ཆོས་ཟད་མུ་མེད་མཚོན་གྱིས་བཅད།། རི་བོ་ཁྱུར་མིད་བྱ་ལ་གསུམ།། ཇི་ལྟར་རི་བོ་སྣོད་འཇིག་རྟེན། ། མི་འགྱུར་རྟག་ལྟའི་མངོན་ཞེན་ཏེ།། མཐའ་མེད་ནམ་མཁའི་ཀློང་དུ་མིན།། རྟག་ལྟའི་མངོན་ཞེན་རང་སར་དག། ནང་ལྟར་རི་བོ་འཇིག་ཚོགས་ལྟ།། མ་རྟོགས་ལོག་ལྟའི་བདེན་འཛིན་ཏེ།། གནས་ལུགས་ཀ་དག་ཀློང་དུ་མིན། ། ལོག་ལྟ་མིང་མེད་རང་ངོར་སྟོར།། གསང་བའི་རི་བོ་ཆོས་ཉིད་དོན།། ལྷུན་གྲུབ་ཀ་དག་ངེས་མེད་འཛིན།། མཐའ་བཞི་རྒྱ་གྲོལ་ཀློང་དུ་མིད།། བླ་མེད་བློ་འདས་དགུ་རྩེར་ཕྱིན།། ཉི་ཟླ་གོས་སུ་གྱོན་ལ་གསུམ། ། ཕྱི་ཡི་ཉི་ཟླ་བསྟན་པ་ནི།། སྣང་གསལ་འོད་ཀྱི་དཀྱིལ་འཁོར་དུ།། སེམས་ཉིད་གསལ་དངས་ཉི་ཟླ་ཤར།། དགག་བསྒྲུབ་རིས་མེད་གོས་སུ་གྱོན།། ནང་གི་ཉི་ཟླ་བསྟན་པ་ནི།། འགག་མེད་རང་རྩལ་དཀྱིལ་འཁོར་དུ། ། མུ་མེད་ངང་དངས་ཉི་ཟླ་ཤར།། བླང་དོར་འཛིན་མེད་གོས་སུ་གྱོན།། གསང་བའི་ཉི་ཟླ་བསྟན་པ་ནི།། སྙིང་པོ་ཀ་དག་དཀྱིལ་འཁོར་དུ།། བླ་མེད་སྤྱི་ཏིའི་ཉི་ཟླ་ཤར།། ཕྱོགས་ལྷུང་མེད་པར་གོས་སུ་གྱོན། ། འབད་རྩོལ་ཆོས་ཀུན་ཆུར་འབོ་བ།། ཕྱི་ཡི་ཡུལ་ལ་འབད་རྩོལ་ནི།། རྒྱུ་ཡི་ཐེགས་པའི་སྒོར་ཞུགས་ནས།། ས་ལམ་སྦྱངས་བགྲོད་བྱེད་པ་ནི།། བགྲོད་མེད་རྣམ་གྲོལ་དབྱིངས་སུ་འབོ།། ནང་ལྟར་ལུས་ངག་ཡིད་རྩོལ་ནི། ། གསང་སྔགས་ཐེག་པའི་དཀྱིལ་འཁོར་དང།། ལྟ་སྤྱོད་དབང་དང་བསྙེན་བསྒྲུབ་སོགས།། ཡེ་ཡིན་བསྒྲུབ་མེད་ཀློང་དུ་འབོ།། གསང་བ་སེམས་ལ་འབད་རྩོལ་ནི།། བློས་བྱས་ལྟ་སྒོམ་སྤྱོད་འབྲས་ཏེ། ། མིང་མེད་ཆོས་འདས་ངང་དུ་འབོ།། ཕྱི་ནང་གྲུབ་མཐའ་གོ་ལྡོག་པ།། གང་ཡང་བཟང་ངན་འབྱེད་མེད་པས།། བླ་མེད་དཀོན་མཆོག་གསུམ་པོ་བཀུར།། དགེ་སྡིག་གང་ལ་མ་སྤྱད་པས། ། ཆོས་སྤྱོད་དགེ་སྦྱོར་མ་ལུས་རྫོགས།། མཇུག་སྒོ་གར་ཡང་མ་ཞུགས་པས།། དབང་རྣམས་མ་ལུས་དུས་གཅིག་ཐོབ།། མཚོན་པ་ཅིར་ཡང་མ་བརྗོད་པས།། གྲུབ་མཐའི་ཐོས་པ་མ་ལུས་རྫོགས།། བྱ་བ་གང་ཡང་མ་བྱས་པས། ། འཁོར་འདས་བྱ་བ་ཐམས་ཅད་རྫོགས།། ཚོགས་བརྒྱད་ཅི་ཡང་མ་བསམ་པས།། སྤྲོས་པ་མ་ལུས་དབྱིངས་སུ་ཆོད།། འཁོར་བ་གང་ཡང་མ་བགྲོད་པས།། ཡང་དག་ཆོས་ཉིད་བྱང་ཆུབ་ས། ། མཐའ་བཞི་གང་ཡང་མ་བལྟས་པས།། བླ་མེད་སྤྱི་ཏིའི་ལྟ་བ་རྫོགས།། ཆོས་ཀུན་གང་ཡང་མ་བསྒོམས་པས།། ཆོས་ཉིད་རྣལ་མ་ཟང་ཀའི་ངང།། དུས་ཕྱོགས་གང་ནས་མ་བཙལ་བས།། ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ། ། སྨྲ་བརྗོད་ཅི་ཡང་མ་བཟླས་པས།། རྒྱལ་བ་མ་ལུས་ཀུན་སྲོག་ཐོན།། གཉིས་འཛིན་གང་ཡང་མ་བསྒྲུབས་པས།། བསྒྲུབ་བྱའི་ཆོས་ཀུན་མ་ལུས་རྫོགས།། བླ་མེད་ཨ་ཏིའི་དོན་རྟོགས་པས།། རེ་མེད་རང་གནས་འབྲས་བུར་གྲོལ། ། སྐུ་གསུམ་དུར་དུ་བསྐྱལ་བ་ནི།། ཕྱི་ལྟར་འཁོར་འདས་ཆོས་རྣམས་ཀུན།། སྟོང་དང་སྣང་དང་གཉིས་མེད་གསུམ།། དབྱེར་མེད་དབྱིངས་ཀྱི་དུར་དུ་བསྐྱལ།། ནང་ལྟར་སངས་རྒྱས་འབྲས་བུ་ནི། ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ།། རེ་མེད་རང་གནས་དུར་དུ་བསྐྱལ།། གསང་བ་བླ་མེད་སྐུ་གསུམ་ནི།། སྙིང་པོ་འོད་གསལ་རང་དངས་གསུམ།། ཆོས་མེད་གཏིང་ཡངས་དུར་དུ་བསྐྱལ།། རྒྱ་ཆད་ཆོས་ཀུན་མཐའ་གྲོལ་བ། ། དེ་ལྟར་བསྟན་པ་མ་ལུས་ཀུན།། ང་ཡི་བླ་མེད་སྤྱྀ་ཏི་འདིར།། སྣང་དང་སྟོང་པ་གཉིས་ཀ་དང།། གཉིས་མེད་ཕྱོགས་སུ་རྒྱ་མ་ཆད།། དེ་ཡང་གཅིག་གིས་གཅིག་བཀྲོལ་བས།། བདེན་པ་མཐའ་མཉམ་ཕྱོགས་ལས་གྲོལ། ། གདོད་ནས་རྣམ་དག་ཆོས་ཀྱྀ་སྐུ།། བསྒོམ་དུ་མེད་དེ་ཡེ་སངས་རྒྱས།། བྱུང་ཚོར་རྒྱུ་མེད་བསམ་དང་བྲལ།། བདེ་ཆེན་ཀློང་བརྡལ་འཛིན་པ་བརླག། ཡིད་ལ་མི་བྱེད་སྣང་བ་དག། མ་བཙལ་མ་བཅོས་རང་བྱུང་བས། ། ངང་དངས་བསམ་བྲལ་བློ་ལས་འདས།། སྣ་ཚོགས་བློ་བྲལ་རྒྱལ་བའི་ཐུགས།། རང་བྱུང་རང་དངས་སྤྲོས་གཅོད་ལ།། བྱ་བཙལ་རྩོལ་བསྒྲུབ་མཐའ་ལས་འདས།། དཔེར་ན་ཧ་ལ་ནག་པོའི་དུག། དུག་ཏུ་ངོ་ཤེས་ཟ་མི་སྲིད།། སྔགས་ལྡན་ཟོས་ཀྱང་སྨན་དུ་འགྱུར།། དེ་བཞིན་འཁྲུལ་སྣང་འཁོར་བ་ཡང།། རྟོགས་ལྡན་མི་འཆིང་གྲོགས་སུ་འགྱུར།། དབང་པོ་ཡང་རབ་གཅོད་ལུགས་སོ།། དབང་པོ་འབྲིང་གི་གང་ཟག་ལ། ། དུས་གསུམ་དག་ཏུ་ངོས་བཟུང་ལ།། འཕྲང་གསུམ་ནང་དུ་ནན་བོར་ཏེ།། མཚན་ཉིད་གསུམ་གྱིས་རྒྱས་གདབ་པ།། བཅོ་བརྒྱད་དོན་གྱི་མན་ངག་ཡིན།། ཐེ་ཚོམ་མེད་པས་དོན་གསུམ་བློས།། དུས་གསུམ་ཀུན་ཏུ་ཕུང་པོ་ལྔ། ། དོན་ཀུན་ཡེ་ནས་དག་ཤེས་པས།། དངོས་པོ་ཀུན་གྱི་དོན་སངས་ཤིང།། འདས་དང་མ་འོངས་ད་ལྟའི་དུས།། སེམས་དང་སེམས་བྱུང་ཆོས་སྐུར་ཤེས།། དེ་ཡིས་བདེ་སྡུག་མཐའ་སེལ་བས། ། ཆགས་བྲལ་ཕྱི་ནང་ཡུལ་སེམས་མེད།། སྡུག་བསྔལ་གསུམ་པོ་མ་ལུས་ཞི།། ཉོན་མོངས་མ་ལུས་རང་སར་དངས།། སྣང་བ་གསུམ་སེལ་གྲོལ་གསུམ་རྟོགས།། ང་བདག་འཛིན་པའི་རྩ་བ་ཆོད། ། གཉིས་མེད་ངང་ལས་མུ་མེད་སྟོན།། ཡང་དག་ཆོས་འདས་མཐའ་ལ་གནས།། མ་བཙལ་དངོས་མེད་ཡེ་ཤེས་འཆར།། རྟོག་བྲལ་ཟང་ཀ་ལྷུན་གྱིས་གྲུབ།། གྲོལ་སྒྲིབ་འཁྲུལ་པ་ཀུན་ལས་གྲོལ། ། བདག་ཉིད་དེ་བཞིན་ཉིད་དུ་དག། མཉམ་ཉིད་ཕྱོགས་བྲལ་མཁའ་ལྟར་དངས།། དུས་གསུམ་མཚོན་བརྗོད་མེད་པར་རྟོགས།། འཕྲང་གསུམ་ནང་དུ་ནན་བོར་བས།། སྒོ་ལྔ་ཡུལ་ལྔ་གསལ་བ་ལ།། མ་བཀག་སྒྲིབ་བྲལ་ཟང་ཐལ་ཤེས། ། སྣང་སྲིད་དགག་བསྒྲུབ་དབྱེ་བསལ་མེད།། ཡུལ་ལྔ་མ་བཀག་རང་སྣང་ལ།། ཤེས་རབ་ཆེན་པོ་སྐད་ཅིག་གིས།། སྣང་ཞེན་འཛིན་མེད་རང་སར་དངས།། འགྱུ་བ་དྲན་རྟོག་ཡིད་གཉིས་ལ། ། འབྱེད་མེད་སྙིང་རྗེའི་གོ་ཆ་གོན།། སྤྲོས་གཅོད་ཤེས་རབ་རལ་གྲི་དང།། ཐབས་རྒྱལ་བྱར་མེད་མདའ་གཞུ་ཡིས།། མ་རིག་ཉོན་མོངས་གཡུལ་ངོ་བཟློག། ཡིད་གཉིས་དྲན་རྟོག་རྩད་ནས་བཅད།། སེམས་ཅན་ཀུན་གྱི་ཆགས་སྡང་གཅོད། ། མཁའ་ལྟར་གཉིས་འཛིན་ཡུལ་ལས་འདས།། བླ་མེད་ཐེག་ཆེན་སྡུག་བསྔལ་གཅོད།། འགྱུ་བ་དྲན་རྟོག་འཕྲང་བཅད་པའོ།། ཀུན་གྱི་ཆོས་ཉིད་འཕྲང་དུ་ནི།། དེ་བཞིན་མ་ནོར་ཆོས་ཉིད་དང། ། རྩིས་གདབ་ཡོད་མེད་མཐའ་ལས་འདས།། སྙིང་པོ་བཅུད་འདུས་བསྟན་དུ་མེད།། རྩིས་གདབ་གཉིས་མེད་བརྗོད་མཐའ་འདས།། སོ་སོ་རང་རིག་མི་གཡོ་བས།། ཕྱི་གྲོལ་ནང་དངས་གཉིས་འཛིན་བརླག། མཁས་པས་རྣམ་གྲོལ་གསུམ་དུ་ཆོད།། མཚན་ཉིད་གསུམ་དུ་གཏན་ལ་དབབ།། སྣང་བའི་མཚན་ཉིད་རང་སྣང་ཡིན།། གནས་ལུགས་མཚན་ཉིད་སྐྱེ་བ་མེད།། རིག་པ་ཡིད་གཉིས་འཛིན་པ་ནི།། འཁྲུལ་པའི་མཚན་ཉིད་ཤེས་པར་བྱ། ། སྣང་བ་མ་བཀག་རང་སོར་བཞག། གནས་ལུགས་སྐྱེ་འགག་གཉིས་སུ་མེད།། རིག་འགྱུ་སེམས་མེད་སྤྲོས་པ་ཆོད།། དཀྱིལ་འཁོར་གསུམ་དུ་ངོ་སྤྲོད་པ།། སྣང་བ་ཆོས་ཀྱི་དཀྱིལ་འཁོར་དུ། ། རང་གྲོལ་རང་སངས་རང་ངོ་སྤྲོད།། འགྱུ་བ་རིག་པ་དྲན་སེམས་རྣམས།། ཐོལ་བྱུང་ངང་དངས་འཛིན་པ་མེད།། རིས་མེད་གསལ་དག་དལ་དུ་སྤྲད།། ཀུན་གཞི་འོད་གསལ་ཆོས་ཉིད་འདི།། རྣམ་དག་བསམ་གྱིས་མི་ཁྱབ་པས། ། དཀྱིལ་འཁོར་ཆེན་པོར་རང་ངོ་སྤྲད།། དུས་གསུམ་དུས་ལས་བཟློག་པ་ནི།། འདས་པའི་དུས་ལས་བཟློག་པ་ཡིས།། སྔར་ཞེན་བག་ཆགས་གནས་པ་མེད།། ད་ལྟའི་ཡིད་ལས་བཟློག་པ་ཡིས།། དེ་ལ་དེར་འཛིན་དམིགས་པ་མེད། ། མ་འོངས་ཆ་ལས་བཟློག་པ་ཡིས།། ཐ་མལ་བཏང་སྙོམས་མུན་པ་མེད།། བཟློག་ཐབས་གསུམ་གྱིས་ཉམས་བླངས་པའོ།། མེད་པ་གསུམ་གྱིས་རྒྱས་གདབ་པ།། གཞི་ནི་སྐྱེ་བ་མེད་པ་ཡིན། ། ཡིད་རིག་དྲན་སེམས་འགྱུ་བ་མེད།། སྣང་སྲིད་ཆོས་རྣམས་དབྱེ་བསལ་མེད།། ཆོས་རྣམས་ཀུན་ལ་དེ་རྒྱས་གདབ།། ཀ་དག་ཡེ་ཤེས་སྣང་གསལ་ཆེ།། སངས་རྒྱས་ཀུན་གྱི་མངོན་གསུམ་པ།། འགྲོ་བའི་མ་རིག་མུན་པ་སེལ། ། ཡང་དག་ཡེ་ཤེས་ངང་དངས་པས།། བླ་མེད་ཡེ་ཤེས་ཆེན་པོ་གསལ།། མ་རིག་སྒོ་ལྔའི་སྦུབས་ནས་འཐོན།། སྲིད་པའི་དྲ་བ་གཏན་བཅོམ་པས།། རྣམ་གྲོལ་ཞི་བ་མཆོག་གི་ས།། འཁོར་བའི་མཐའ་ལས་ཕ་རོལ་ཕྱིན། ། བྱ་བ་ཀུན་རྫོགས་ཟད་སར་སྐྱོལ།། གཟུགས་སོགས་དབྱེར་མེད་ཆོས་ཀྱི་སྐུ།། སྣང་ཡང་དངོས་མེད་མེ་ལོང་བཞིན།། ཡུལ་སེམས་གཉིས་མེད་རང་སོར་བཞག། དེ་ལྟར་སུས་རྟོགས་མྱ་ངན་འདས། ། རེ་མེད་རང་གནས་བླ་མེད་པ།། དབང་པོ་ཐ་མའི་གང་ཟག་ལ།། ཐམས་ཅད་འཁྲུལ་ཞིང་བསླུ་བའི་ཆོས།། མི་བདེན་ངང་གིས་སྟོང་པས་ན།། ཆགས་སྡང་གཉིས་འཛིན་མ་བྱེད་ཅིག། ཅེས་བསྟན་ཐ་མས་ཉམས་བླངས་པས། ། འཁྲུལ་སྣང་འགགས་ནས་ཡེ་ཤེས་སྐྱེ།། སྲིད་པ་བར་དོར་རྟོགས་ཐབས་རྫོགས།། སྒྲོན་མ་བརྩེགས་པའི་རྒྱུད་ལས། འཁྲུལ་པ་རྩད་ནས་བཅད་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས། ། ཡེ་ཐོག་ཀུན་བཟང་ལ་ཞུས་པ།། བླ་མེད་སྤྱི་ཏིའི་རང་ངོ་འདི།། རྟོགས་ཐབས་གང་གིས་ཇི་ལྟར་རྟོགས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྟོགས་དང་མ་རྟོགས་གཉིས་མེད་ཀྱང། ། བློ་དམན་རྟོགས་ཐབས་མན་ངག་བཤད།། ཐེག་པ་དགུ་རྩེའི་མན་ངག་འདི།། གཞན་ནས་མི་འབྱུང་འབྱུང་མི་སྲིད།། བྱ་བྲལ་བསམ་བྲལ་ངང་བཞག་སྟེ།། ཅི་ཡང་མི་བསམ་མི་འདའ་བས།། གང་ཡང་མི་དམིགས་མི་རྟོག་ལ། ། ཅི་བྱུང་རང་བྱུང་ངང་དངས་བདེ།། ཅི་སྐྱེས་ཞེན་མེད་རང་སར་ཀློད།། ཅི་ཡང་དགག་བསྒྲུབ་དབྱེ་བསལ་མེད།། རིག་པ་ཐོལ་བྱུང་བྱུང་སར་ཐིམ།། བདེ་ཆེན་མི་རྟོག་འགྱུ་བ་མེད།། རིག་པ་མ་འགགས་ཟང་ཐལ་ལ། ། ཡིད་ལ་མི་བྱེད་སྣང་བ་དག། དབང་པོ་རང་སྣང་རྒྱལ་བའི་ཐུགས།། མཐོང་བ་ལོག་པའི་འཁྲུལ་པ་ཡང།། འཁྲུལ་པ་སངས་པས་མྱ་ངན་འདས།། རྟོགས་པས་སངས་རྒྱས་ཁོ་ན་སྟེ།། མ་རྟོགས་པ་ནི་སེམས་ཅན་ནོ། ། ཡེ་ཡིན་ཀ་དག་རྣལ་མའི་སྐུ།། དངོས་མེད་ཡེ་ཤེས་ཟང་ཀ་མ།། བྱ་བྲལ་བསམ་མེད་དགོངས་པ་ཤེས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། རྟོགས་ཐབས་མན་ངག་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་རང་བཞིན་ཀུན་བཟང་ལ།། རྟོགས་ན་འབྲས་བུ་ཇི་ལྟར་འཐོབ།། ཅེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། འབྲས་བུ་ཐོབ་མ་ཐོབ་མེད་ཀྱང། ། བློ་དམན་བྲོད་པ་བསྐྱེད་ཕྱིར་བཤད།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། སྙིང་པོ་བཅུད་འདུས་མ་ཡི་དབྱིངས།། མཁའ་གསལ་འོད་གསལ་བུ་ཡི་དངས།། སྙིང་པོའི་ཀློང་དུ་རང་བྱུང་བུ། ། རྩལ་ཟེར་མ་འཕྲོས་མ་ལ་ཐིམ།། མ་བུ་ངོ་འཕྲོད་ཡེ་སངས་རྒྱས།། རང་བཞིན་སྐྱེ་མེད་ཆོས་ཀྱི་སྐུ།། ངོ་བོ་འགགས་མེད་ལོངས་སྤྱོད་སྐུ།། ཐུགས་རྗེ་གཉིས་མེད་སྤྲུལ་པའི་སྐུ།། ཡོན་ཏན་དབྱེར་མེད་ངོ་བོའི་སྐུ། ། ཕྲིན་ལས་རང་གྲོལ་ཡོངས་རྫོགས་སྐུ།། ཡེ་ཡིན་ངོ་ཤེས་ཐོབ་ཅེས་བཤད།། ཡེ་ནས་ཡོད་པར་མ་ཤེས་པར།། ཡེ་ནས་ཐོབ་ཅེས་རེ་དོགས་ཡིན།། གཞི་ཤེས་ཐོག་མའི་སར་སླེབ་ཆོག། རང་བཞིན་ངོ་བོ་ཐུགས་རྗེ་ལས། ། རྩོལ་མེད་ལྷུན་གྲུབ་ཐུགས་རྗེ་འབྱུང།། ལས་ཀྱི་ཁམས་རྣམས་ཟད་པར་བྱས།། ཉོན་མོངས་མ་བསལ་རྣམ་པར་དག། འཁོར་བའི་རྒྱ་མཚོ་ཆེ་ལས་བརྒལ།། སྲིད་པའི་དྲ་བ་རང་སར་ཆོད།། ཁམས་གསུམ་རང་དག་སྐྱེ་གནས་མེད། ། སྐྱེ་འགགས་ལས་གྲོལ་རྡོ་རྗེའི་བདག། བླ་མེད་ཤེས་རབ་སྐད་ཅིག་གིས། ཆོས་ཀུན་མ་འདྲེས་ཡོངས་རྗོགས་རྟོགས།། སྐད་ཅིག་ཉིད་ལ་རྗོགས་སངས་རྒྱས།། མི་གནས་མྱ་ངན་འདས་དོན་གྲུབ། ། ཅེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། འབྲས་བུ་ཐོབ་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཐོག་མའི་སངས་རྒྱས་ཀུན་བཟང་ལ། ། འབྲས་བུ་དེ་ལྟར་ཐོབ་ན་ཡང།། མི་འགྱུར་བརྟན་པ་ཇི་ལྟར་འཐོབ།། ཅེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། བསམ་བརྗོད་བློ་ཡི་ཡུལ་མིན་ཐོབ།། དངོས་མེད་ཆོས་སྐུ་ཟང་ཀ་མ།། རྒྱུ་རྐྱེན་སྐྱེ་འཇིག་མེད་པ་ཡི། ། འཕོ་འགྱུར་མེད་པར་བརྟན་པ་ཐོབ།། རྩལ་ཟེར་ཡན་ལག་འོད་གསལ་ངང།། ངང་དངས་རང་གྲོལ་བརྟན་པ་ཐོབ།། སྣ་ཚོགས་སྣང་ལ་ངོས་བཟུང་མེད།། དྲན་མེད་ཡིད་ལ་བྱར་མེད་པས།། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། ། མ་ཕྱེ་མ་བཀོལ་བརྟན་པ་ཐོབ།། དོན་དམ་བདེ་བ་ཆེན་པོའི་སྐུ།། རྩིས་གདབ་ཤུགས་གྲོལ་བརྟན་པ་ཐོབ།། ཆོས་ཟབ་མཐར་ཕྱིན་འཁྲུལ་པ་མེད།། ནོར་པའི་གཉིས་འཛིན་ཀ་ནས་དག། ཡེ་ཐོག་སངས་རྒྱས་དགོངས་པ་རིག་། བདག་མེད་རྣམ་དག་ཕྱོགས་བྲལ་ཆོས། ། མ་བྱས་རང་བྱུང་བློ་འདས་སྟོན། ། རྒྱ་ཆད་མེད་པར་བརྟན་པ་ཐོབ། ཅེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས།། འབྲས་བུ་མི་འགྱུར་བརྟན་པ་ཐོབ་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། རང་བཞིན་ཀུན་ཏུ་བཟང་པོ་ལ།། འོག་མ་རྣམས་ལ་སྐྱོན་ཅི་མཆིས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ། སྤྱི་ཏི་སྙིང་པོའི་ངང་ཉིད་ལ།། སྐྱོན་དང་ཡོན་ཏན་གཉིས་མེད་ཀྱང།། མ་རྟོགས་བློ་ལ་སྐྱོན་དུ་བྱུང།། གང་ཟག་དབང་པོའི་ཁྱད་པར་ལས།། སེམས་འཐད་ཐེག་པ་རིམ་པ་དགུ།། མི་མཐུན་འཇུག་སྒོ་ལྟ་བསྒོམ་འབྲས། ། དེ་ཡི་སྐྱོན་ལ་ཐུག་པ་མེད།། མདོར་བསྡུས་སྐྱོན་བཤད་འཁོར་ལ་བཤད།། ཨ་ཏི་ཁ་འབྱམས་ཕྱོགས་ལྷུང་སྐྱོན།། ཨ་ནུ་དབྱིངས་དང་ཡེ་ཤེས་སྐྱོན།། མ་ཧཱ་སྣང་སྟོང་གཉིས་ཀྱི་སྐྱོན།། ཡོ་ག་སྐྱེ་འགག་གཉིས་ཀྱི་སྐྱོན། ། ཨུ་པ་ཡར་བལྟ་མར་སྤྱོད་སྐྱོན།། ཀྲི་ཡ་དག་པ་རྣམ་གསུམ་སྐྱོན།། དབུ་མ་བདེན་པ་གཉིས་ཀྱི་སྐྱོན།། སེམས་ཙམ་རང་རིག་རང་གསལ་སྐྱོན།། རང་རྒྱལ་རྟེན་འབྲེལ་རིག་བྱེད་སྐྱོན།། ཉན་ཐོས་ཡུལ་སེམས་བདག་མེད་སྐྱོན། ། བྱ་རུ་བཞིན་དུ་གཉིས་བཟུང་བས།། ཀིམ་པ་ཀ་ཡི་འབྲས་བུ་བཞིན།། སྨིན་ཡང་འབྲས་བུ་མི་འབྱུང་ངོ།། བལྟ་བསྒོམ་སྤྱོད་འབྲས་ས་ལམ་ངམ།། ང་རྣམས་སྐྱོན་བརྗོད་ཟད་མཐའ་ཡས། ། ལྡོང་པ་ནམ་མཁར་སྙེགས་པ་འདྲ།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། ཐེག་པ་འོག་མ་པའི་སྐྱོན་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཐོག་མའི་སངས་རྒྱས་ཀུན་བཟང་ལ། ། ཐེག་པ་རིམ་པ་དགུ་པོ་ལས།། སྤྱི་ཏི་ཁྱད་པར་གང་གིས་སྤགས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ང་ཡི་བླ་མེད་སྤྱི་ཏི་ལ།། སྤགས་དང་མ་སྤགས་གཉིས་མེད་ཀྱང། ། རྩལ་གྱི་རིག་པས་ཚིག་ཕྱེ་བས།། ཐེག་པ་དགུ་རྩེའི་སྤྱི་ཏི་འདི།། གདོད་ནས་དག་པའི་ཆོས་སྐུ་ལ།། བྱ་བཙལ་རྩོལ་བསྒྲུབ་མི་འཐད་དེ།། མཚོན་འདས་བློ་འདས་བསྒྲུབ་མེད་འདི།། བདེན་པ་གཉིས་སུ་མི་བལྟ་སྟེ། ། གཉིས་བཟུང་ཆོས་རྣམས་སྤྲོས་པ་གཅོད།། དེས་ན་རྩེ་རྒྱལ་སྤྱི་ཏི་སྤགས།། དྲན་པའི་འཁོར་ལོ་ལས་འདས་པས།། འཛིན་རྟོགས་བློ་ལས་ཁྱད་པར་འཕགས།། དྲན་མེད་བསམ་པ་ལས་འདས་པས།། བེམ་པོ་རིག་མེད་རྣམས་ལས་སྤགས། ། སྐྱེ་མེད་ཙམ་དུའང་མ་གྲུབ་པས།། སྐྱེ་བའི་འཁོར་ལོ་རྣམས་ལས་སྤགས།། ཡིད་ཀྱི་འགྱུ་བ་རང་དག་པས།། སེམས་ཀྱི་བརྟགས་ཞེན་རྣམས་ལས་སྤགས།། ཉོན་མོངས་མ་ལུས་ཀུན་འདས་པས། ། མངོན་ཞེན་ཐ་དད་ཡུལ་ལས་སྤགས།། ཚིག་གིས་མཚོན་བརྗོད་ཡུལ་འདས་པས།། ཐེག་པའི་གྲུབ་མཐའ་རྣམས་ལས་སྤགས།། ཤེས་རྟོགས་སྤྱད་ཡུལ་མ་ཡིན་པས།། ཡིད་དཔྱོད་བྱས་བཅོས་ཆོས་ལས་སྤགས། ། སྣང་སྟོང་ཕྱོགས་འཛིན་མཐའ་འདས་པས།། རྟག་ཆད་ལོག་ལྟའི་ཡུལ་ལས་སྤགས།། ཉོན་མོངས་མཐའ་ལས་རང་གྲོལ་བས།། བླང་དོར་དཀའ་སྤྱད་རྣམས་ལས་སྤགས།། ལས་དང་བག་ཆགས་མཐའ་སྤངས་པས། ། རྒྱུ་རྐྱེན་རྣམ་སྨིན་ཆོས་ལས་སྤགས།། གཅོད་པའི་ཤེས་རབ་ལས་འདས་པས།། རང་རིག་རང་གསལ་སེམས་ལས་སྤགས།། ས་ལམ་བདེན་གཉིས་དངོས་དག་པས།། སྤང་ཐོབ་རྒྱུ་ཡི་ཆོས་ལས་སྤགས། ། སྐུ་དང་ཡེ་ཤེས་ལས་གྲོལ་བས།། བཟང་ངན་རེ་དོགས་ཆོས་ལས་སྤགས།། མ་བྱས་མ་བཅོས་དེ་ཁོ་ན།། མི་འཇུག་མི་བལྟ་བསྒོམ་མི་བྱེད།། མི་བཙལ་མི་སྤྱད་བསྲུང་སྡོམ་མེད།། དཀྱིལ་འཁོར་ལྷ་བོད་མཆོད་བསྟོད་མེད། ། དབང་དང་དངོས་གྲུབ་སྨོན་འབྲས་མེད།། རྩོལ་སྒྲུབ་བྱ་བྱེད་ལས་འདས་པའི།། ཕྱི་ནང་འབྲས་བུའི་ཆོས་ལས་འདས།། ཀ་དག་ལྷུན་གྲུབ་ངེས་མེད་ཀྱི།། གཞི་ཡི་ཕྱོགས་ཆ་མིང་མེད་པས།། ཨ་ཏི་ཁ་འབྱམས་ཆོས་ལས་སྤགས། ། རང་བྱུང་ཡེ་ཤེས་དངོས་སྟོང་པས།། སེམས་སྡེ་དགོངས་པའི་ཆོས་ལས་སྤགས།། ཀུན་བཟང་ཀློང་ཆེན་མུ་མེད་པས།། ཀློང་སྡེ་རབ་འབྱམས་དོན་ལས་སྤགས།། ལུས་ངག་གནད་ལ་མི་ལྟོས་པས། ། མན་ངག་སྡེ་ཡི་ཐབས་ལས་སྤགས།། དེ་ལྟར་ཅིར་ཡང་སྣང་དུས་ན།། དེ་དག་གང་ལའང་མ་བཀག་ལ།། གྲངས་ཅན་དུམ་བུ་བསྒྲུབས་པས་ནི།། ཀུན་གྱི་མུ་མཐའ་རང་སར་གྲོལ། ། རང་གྲོལ་ཕྱོགས་སུ་རྒྱ་མ་ཆད།། གཉིས་ཀའི་ཕྱོགས་སུ་རྒྱ་མ་ཆད།། གཉིས་མེད་ཕྱོགས་སུ་རྒྱ་མ་ཆད།། མ་གྲོལ་བ་ནི་གྲོལ་བས་བཀྲོལ།། གྲོལ་བ་མ་གྲོལ་བ་ཡིས་བཀྲོལ།། གཉིས་ཀ་གཉིས་སུ་མེད་པར་བཀྲོལ། ། གཉིས་ཀ་མེད་པར་གཉིས་ཀ་བཀྲོལ།། དེ་ལྟར་གཅིག་གིས་གཅིག་བཀྲོལ་བས།། རང་གྲོལ་ཡེ་གྲོལ་ཡོངས་གྲོལ་དང།། གཅེར་གྲོལ་མཐའ་གྲོལ་བླ་མེད་པས།། དགུ་རྩེ་སྤྱི་ཏི་ཡང་ཏི་སྤགས།། ཞེས་གསུངས་སོ། ། སྒྲོན་བརྩེགས་པའི་རྒྱུད་ལས། སྤྱི་ཏི་ཆོས་ཐམས་ཅད་ལས་སྤགས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། སྤྱི་ཏིའི་དཀྱིལ་འཁོར་ཇི་ལྟར་སྤགས། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། མ་བྲིས་ཁྱབ་བརྡལ་དཀྱིལ་འཁོར་ནས།། མཁའ་དབྱིངས་རྣམ་དག་ཕྱོགས་བྲལ་དེར།། བརྡལ་ཁྱབ་རྟག་ཆད་ས་གཞི་ལ།། མི་འགྱུར་དྲང་པོའི་ཐིག་བཏབ་ནས། ། དཀར་སེར་དམར་ལྗང་ཡེ་ནས་བཀོད།། ཕྱོགས་བཞི་མཚམས་བཞི་ཡེ་ནས་དག། སྐྱེ་ཤི་རྩད་གཅོད་སྒོ་བཞི་ལ།། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཏེ།། ཚད་ལས་འདས་པའི་ཡངས་པ་ཆེ། ། སྣང་སྟོང་སྐུ་ཡི་དཀྱིལ་འཁོར་ཏེ།། གྲག་སྟོང་གསུང་གི་དཀྱིལ་འཁོར་ཡིན།། དྲན་སྟོང་ཐུགས་ཀྱི་དཀྱིལ་འཁོར་ཡིན།། སྐུ་ཡི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། གསུང་གི་དཀྱིལ་འཁོར་ཡང་དག་པ། ། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། ཐུགས་ཀྱི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། རང་བཞིན་ངོ་བོ་ཐུགས་རྗེ་གསུམ།། གདོད་ནས་མ་བཅོས་དཀྱིལ་འཁོར་ཡིན། ། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ།། དཀྱིལ་ནི་སྔོན་ཐོག་ཡེ་གནས་ཡིན།། འཁོར་ནི་རྒྱ་ཆད་ཕྱོགས་ལྷུང་མེད།། དཀྱིལ་ནི་སྙིང་པོའི་གཤིས་ཡིན་ཏེ།། རྩལ་ཟེར་ཡན་ལག་འཁོར་ཡིན་ནོ།། དཀྱིལ་ནི་ཀུན་གཞིའི་ཀློང་ཡིན་ཏེ། ། འོད་ཟེར་ཤེས་རིག་འཁོར་ཡིན་ནོ།། རང་བཞིན་ངོ་བོ་ཐུགས་ཀྱི་དཀྱིལ།། སྒོ་གསུམ་སྒོ་གཉིས་འཁོར་ཡིན་ནོ།། འཁྲུལ་ལུགས་རྣམ་གསུམ་དཀྱིལ་ཡིན་ཏེ།། གཅོད་ལུགས་རྣམ་གསུམ་འཁོར་ཡིན་ནོ། ། རིག་ཡིད་སེམས་གསུམ་དཀྱིལ་ཡིན་ཏེ།། ངང་དངས་རྩད་གཅོད་འཁོར་ཡིན་ནོ།། སྙིང་པོ་ཆོས་ཉིད་དཀྱིལ་ཡིན་ཏེ།། ཐག་ཆོད་གདེངས་ལྡན་འཁོར་ཡིན་ནོ།། ཡེ་ནས་རང་གནས་དཀྱིལ་ཡིན་ཏེ།། སྐྱེ་མེད་དོན་རྟོགས་འཁོར་ཡིན་ནོ། ། ཕྱི་ནང་སྣང་སྲིད་དཀྱིལ་ཡིན་ཏེ།། ཕྱོགས་མེད་དབྱེར་མེད་འཁོར་ཡིན་ནོ།། ཡོད་མེད་སྐྱེ་འགུལ་དཀྱིལ་ཡིན་ཏེ།། སོར་བཞག་རྩིས་གདབ་མེད་པ་འཁོར།། བླ་མེད་སྤྱི་ཏིའི་དཀྱིལ་འཁོར་ཏེ། ། དཀྱིལ་འཁོར་གཞན་ལས་ཁྱད་པར་འཕགས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། སྤྱི་ཏིའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས། ། དམ་པ་དང་པོའི་སངས་རྒྱས་ལ།། ལྷ་ཚོགས་སྤྱན་འདྲེན་མཆོད་བསྟོད་གང།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ལྷ་ཡི་དབང་པོ་ལྷ་ཡི་ལྷ།། ལྷ་དང་ལྷ་མིན་ཀུན་གྱི་བདག། གནས་ལུགས་སྐྱེ་མེད་ཀ་དག་སྟེ།། ཇི་བཞིན་མ་བཅོས་སྙིང་པོའི་ལྷ།། གདོད་ནས་དངོས་མེད་ཟང་ཀ་སྟེ།། མ་བསྒྲུབས་ཡེ་ནས་ལྷ་ཚོགས་ལ།། སྤྱན་དྲངས་མིང་མེད་ཡེ་ནས་གནས།། བཅོས་བསླད་སྒྲིབ་མེད་རང་སར་བསྟན། ། སྐྱེ་མེད་མཚོན་བྲལ་ཆོས་འདས་ལ།། གཉིས་བྲལ་འགྱུར་མེད་མཆོད་བསྟོད་མེད།། ཕུང་པོ་ལྔ་ཉིད་ཡེ་དག་པས།། འཁྲུལ་པའི་དུས་ཉིད་ཡེ་སངས་རྒྱས།། འབྱུང་ལྔ་ཡེ་ནས་རང་དངས་པས།། ཡུལ་སྣང་གསལ་དག་ངང་དུ་གྲོལ། ། དབང་པོ་ལྔ་ཉིད་གཅེར་གྲོལ་བས།། དུག་ལྔ་གདོད་ནས་ཡེ་ཤེས་པས།། གནས་བསྒྱུར་མི་དགོས་རྣལ་མའི་ངང།། རེ་མེད་རང་ལ་ཡེ་གནས་པས།། སྤྱན་དྲངས་མཆོད་བསྟོད་ཡུལ་ལས་འདས། ། གང་ནས་མ་བསྒྲུབས་རང་ཉིད་པས།། ཆེ་བའི་ཡོན་ཏན་བཙལ་དང་བྲལ།། ཚོགས་གཉིས་མ་བསགས་ཡོངས་རྫོགས་པས།། ཁམས་གྱིས་བཙལ་ཞིང་བསྒྲུབ་ལས་གྲོལ།། དྲི་མེད་ངང་དངས་ཡེ་གསལ་ལ། ། སྒྲིབ་གཉིས་མ་སྦྱངས་ཀ་ནས་དག། སྐྱེ་མེད་རྡོ་རྗེ་རང་འཁྲུངས་པས།། ལྷ་དང་མཆོད་བསྟོད་མུ་མཐའ་སངས།། རྩོལ་བསྒྲུབ་བློ་ལས་ཁྱད་པར་འཕགས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། ལྷ་ཚོགས་མཆོད་བསྟོད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། མ་བསྐུར་དབང་ནི་ཇི་ལྟར་ཐོབ།། ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ། ཐེག་པ་གཞན་ལས་འཕགས་པ་ཡི།། དགུ་རྩེ་དབང་གི་རྒྱལ་པོ་བཤད།། མཁའ་ཀློང་ཆོས་དབྱིངས་ཡངས་པའི་དབང།། མ་ཕྱེ་མ་བཀོལ་སྙིང་པོར་བསྐུར།། ཆོས་ཉིད་སྐྱེ་འགག་གཉིས་མེད་དབང། ། རྩལ་ཟེར་ཐིག་ལེའི་ཀློང་འདུས་བསྐུར།། སྣང་སྲིད་མ་བཀག་རོལ་པའི་དབང།། དགག་བསྒྲུབ་འབྱེད་པ་མེད་པར་བསྐུར།། གཉིས་མེད་རང་སོར་བཞག་པའི་དབང།། ཆོས་ཉིད་གསལ་དག་ངང་དུ་བསྐུར། ། རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང།། བྱ་བཙལ་གཡོ་རྩོལ་མེད་པར་བསྐུར། བུམ་པའི་རྒྱལ་པོ་སྙིང་པོའི་བཅུད།། ཐིག་ལེ་བཅུད་འདུས་བུམ་པས་བསྐུར།། རྡོ་རྗེ་རྒྱལ་པོ་བཀའ་ཡི་དབང།། དུས་གསུམ་འཕོ་འགྱུར་མེད་པར་བསྐུར། ། དབུ་རྒྱན་བླ་མེད་རིགས་ལྔའི་དབང།། གདོད་ནས་སྤྱི་བླུགས་ཀློང་དུ་བསྐུར།། ཅོད་པན་ཐེག་དགུ་ལས་རྒྱལ་དབང།། གྲུབ་མཐའ་འཛིན་ཞེན་མེད་པར་བསྐུར།། ཤེས་བརྗོད་ལས་འདས་གསང་བའི་དབང། ། ཅི་ཡང་བསྟན་དུ་མེད་པར་བསྐུར།། རང་སྣང་རང་གདངས་ཐབས་ཤེས་དབང།། རྣམ་རྟོག་ཡེ་ཤེས་ཆེན་པོར་བསྐུར།། རང་བལྟ་རང་སྟོར་ཆོས་འདས་དབང།། ཚིག་དབང་མཚོན་དུ་མེད་པར་བསྐུར། ། སྙིང་པོ་ཀ་དག་རྣལ་མའི་དབང།། གཡོ་རྩོལ་འཇིག་བྲལ་མེད་པར་བསྐུར།། རྩིས་གདབ་ཕྱོགས་ལྷུང་མེད་པར་ཐོབ།། སྣང་སྲིད་སེམས་ཉིད་ངང་དག་དབང།། གཉིས་འཛིན་དགག་བསྒྲུབ་མེད་པར་བསྐུར། ། དབྱེ་བསལ་རྒྱ་ཆད་མེད་པར་ཐོབ།། རང་བྱུང་དྲི་མེད་རིག་པའི་དབང།། རང་བརླག་རང་ཐིམ་ངང་དུ་བསྐུར།། རྩད་གཅོད་འཁྲུལ་སངས་གཏིང་ཡངས་ཐོབ།། ཡིད་བཞིན་དགོངས་པ་ཡེ་རྫོགས་དབང། ། རྩལ་མེད་ཡོངས་རྗོགས་ཀློང་དུ་བསྐུར།། བསྒྲུབ་མེད་སྨོན་པ་མེད་པར་བསྐུར།། བསྐྱོད་མེད་ས་ལམ་ཆིག་ཆོད་དབང།། བགྲོད་མེད་རྣམ་གྲོལ་དབྱིངས་སུ་བསྐུར།། ཆོས་ཟད་མུ་མེད་མཐའ་སྟོངས་དབང། ། ཡེ་ཐོབ་མཁའ་ཀློང་དབྱིངས་སུ་བསྐུར།། བསྐུར་ཐོབ་མཚན་མ་མཐའ་སྟོངས་པའི།། ཡེ་རྫོགས་དབང་གི་སྤྱི་རྒྱལ་འདི།། ཐོབ་བྱ་ཐོན་བྱེད་གཉིས་འཛིན་པའི།། བློས་བཏགས་གཟུང་འཛིན་དབང་ལས་སྤགས། ། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། ཡོངས་རྫོགས་སྤྱི་ཏིའི་དབང་བསྐུར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། རང་བཞིན་ཀུན་ཏུ་བཟང་པོ་ལ། ། དངོས་གྲུབ་དམ་ཚིག་སྨོན་ལམ་གང།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་གྲུབ་དངོས་གྲུབ་ཅེས་བྱ་བ།། གཞན་ནས་བླང་བའི་ཡུལ་མེད་དེ།། རང་ལ་ཡེ་གནས་གདོད་ནས་གྲུབ། ། གྲུབ་ཟིན་དོན་ལས་མ་འདས་ན།། ཐུན་མོང་བསྒྲུབ་པ་བྱ་མི་དགོས།། དངོས་ནི་ཆོས་ཉིད་སྐྱེ་མེད་དེ།། གྲུབ་པ་རྟོགས་པའི་ཡེ་ཤེས་ཏེ།། ཐོབ་ནི་ཆོས་སྐུ་སྐྱེ་མེད་ཐོབ།། དངོས་ནི་རང་གསལ་རིན་པོ་ཆེ།། གྲུབ་པ་དེ་རྟོགས་ཤེས་རབ་ཡིན། ། དངོས་ནི་དངོས་མེད་ཆོས་ཀྱི་སྐུ།། སྐྱེ་ཤི་འཕོ་འགྱུར་མེད་པར་གྲུབ།། དངོས་ནི་སྙིང་པོ་དོན་གྱི་ཀློང།། གནས་གཞི་གཏན་ལ་ཕེབས་པ་ཡིས།། འཁྲུལ་པ་རྩད་ནས་ཆོད་པས་གྲུབ། ། དངོས་ནི་སྤྱི་ཏིའི་གནས་ལུགས་ཏེ།། གྲུབ་མཐའི་རྒྱ་ལས་གྲོལ་བས་གྲུབ།། ཡང་དག་དོན་གྱི་དམ་ཚིག་ནི།། དབྱེར་མེད་གདེང་ལས་མི་འདའ་དང།། སྙིང་པོའི་དོན་ལས་མི་འདའ་དང།། རྟོགས་པའི་དོན་ལས་མི་འདའ་དང། ། མ་བུ་ངོ་སྤྲོད་ཉམས་ལེན་ལས།། རྟག་ཏུ་མི་འདའ་དམ་ཚིག་ཡིན།། བླ་མེད་མཆོག་གི་སྨོན་ལམ་ནི།། མ་བགྲོད་ཐོག་མའི་གཞིར་ཕྱིན་དང།། རང་གནས་སྨོན་པའི་སར་སྐྱོལ་དང།། ཆོས་དབྱིངས་བླ་མེད་ཀློང་དཀྱིལ་དུ། ། རྩལ་ཟེར་རིག་པ་རང་སར་ཐིམ།། ཐིམ་དང་མ་ཐིམ་མུ་མཐའ་སྟོང།། སྨོན་པའི་སངས་རྒྱས་རང་ལས་རྙེད།། སྨོན་ལམ་ཞེས་བྱ་ཐ་སྙད་བཏགས།། བསམ་མེད་བྱ་བྲལ་མཐའ་གྲོལ་ཏེ།། མ་བཙལ་རང་གནས་རྟོགས་པ་ལ། ། སྨོན་ལམ་ཞེས་བྱར་བཏགས་པ་ཡིན།། ཚེ་འདིར་བཏབ་ནས་ཕྱི་མ་ལ།། ཐོབ་ཏུ་རེ་བ་ལྟོས་མེད་པར།། སྙིང་པོ་ཆོས་སྐུ་རང་ལས་རྙེད།། རྙེད་དང་མ་རྙེད་གཉིས་ཀ་དང། ། གཉིས་མེད་མུ་མཐའ་རང་སར་གྲོལ།། ཡང་རྩེ་སྤྱི་ཏིའི་སྨོན་ལམ་ཡིན།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། དངོས་གྲུབ་དམ་ཚིག་སྨོན་ལམ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། རང་བཞིན་ཀུན་བཟང་ལ་ཞུས་པ།། དགུ་རྩེ་སེམས་ཉིད་སྤྱི་ཏི་འདི།། མ་འདྲེས་ཡོངས་སུ་ཇི་ལྟར་རྫོགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ། མཁའ་ཀློང་རྣམ་དག་ཀློང་ཆེན་དུ།། སྣང་སྲིད་འུབ་བསྡུས་ཆེན་པོར་རྫོགས།། རྩེ་རྒྱལ་རྫོགས་ཆེན་སྤྱི་ཏི་རུ།། ཐེག་པ་བརྒྱད་ཁྲི་བཞི་སྟོང་རྫོགས།། མ་བུ་གཉིས་མེད་གནས་གཉིས་སུ།། གདམས་ངག་ཐམས་ཅད་འུབ་བསྡུས་རྫོགས། ། རང་སངས་རང་རྒྱལ་རང་གྲོལ་དུ།། རྟོགས་ལུགས་བརྒྱད་ཁྲི་བཞི་སྟོང་རྫོགས།། ནམ་མཁར་འབྱུང་ལྔ་མ་འདྲེས་རྫོགས། ། བར་སྣང་ཉི་ཟླ་གཟའ་སྐར་རྫོགས།། གནམ་སའི་ཀློང་དུ་སྐྱེ་འགྲོ་རྫོགས། ། དཀྱིལ་འཁོར་ཀློང་དུ་ཚོན་ལྔ་རྫོགས།། ཟ་འོག་སྣམ་བུར་དར་སྣ་རྫོགས།། ཡིད་བཞིན་ནོར་བུ་རིན་ཆེན་རྫོགས།། དེ་བཞིན་སེམས་ཉིད་སྤྱི་ཏི་འདིར།། ཕྱི་ནང་ཐེག་པ་མ་ལུས་རྫོགས།། ཡེ་དག་བྱ་བྲལ་ཆོས་ཀྱི་བསྐུར། ། རྫོགས་ཆེན་ལྟ་བ་མ་ལུས་རྫོགས།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། ཨ་ནུའི་ལྟ་བ་མ་འདྲེས་རྫོགས།། སྣང་སྟོང་ཐབས་དང་ཤེས་རབ་མེད།། མ་ཧཱའི་ལྟ་བ་མ་འདྲེས་རྫོགས།། སུམ་ཅུ་རྩ་བདུན་སྐྱེ་འགག་མེད། ། ཡོ་གའི་ལྟ་བ་མ་འདྲེས་རྫོགས།། མར་སྤྱོད་ཡར་ལྟའི་རྩེ་གཉིས་མེད།། ཨུ་པའི་ལྟ་བ་མ་འདྲེས་རྫོགས།། དག་གསུམ་རིགས་གསུམ་མགོན་མེད་པས།། ཀྲི་ཡའི་ལྟ་བ་མ་འདྲེས་རྫོགས།། བདེན་པ་གཉིས་སུ་མི་བལྟ་པས། ། དབུ་མའི་ལྟ་བ་མ་འདྲེས་རྫོགས།། ཡུལ་སེམས་གཉིས་སུ་མི་བལྟ་བས།། སེམས་ཙམ་ལྟ་བ་མ་འདྲེས་རྫོགས།། རྟེན་འབྲེལ་བཅུ་གཉིས་མི་བལྟ་བས།། རང་རྒྱལ་ལྟ་བ་མ་འདྲེས་རྫོགས། ། བདག་མེད་ཕྱོགས་ཆ་མི་འདོད་པས།། ཉན་ཐོས་ལྟ་བ་མ་འདྲེས་རྫོགས།། རྟག་ཆད་གཉིས་སུ་མ་ལྷུང་བས།། མུ་སྟེགས་ལྟ་བ་མ་འདྲེས་རྫོགས།། དེ་ལྟར་གང་དུའང་མི་བལྟ་ལ།། གང་ཡང་མ་འདྲེས་འདིར་རྫོགས་ཤིང། ། འདྲེས་དང་མ་འདྲེས་རྫོགས་མ་རྫོགས།། གཉིས་ཀ་གཉིས་མེད་རང་གྲོལ་བས།། ཆོས་རྣམས་མ་འདྲེས་སྤྱི་ཏི་རྫོགས།། འཇུག་སྒོ་ཕྲིན་ལས་ལྷ་དབང་རྫོགས།། དམ་ཚིག་མཆོད་བསྟོད་གཏོར་མ་རྫོགས། ། མཎྜལ་ཚ་ཚ་བཤགས་པ་དང།། དགེ་རྩ་སྨོན་ལམ་རྒྱས་འདེབས་རྫོགས།། གཅིག་རྫོགས་གཉིས་རྫོགས་སེམས་སུ་རྫོགས།། ཡོད་མེད་མ་ལུས་སྣང་སྟོང་རྫོགས།། ཡོངས་རྫོགས་སྐད་ཅིག་བྱེ་བྲག་ཕྱེད།། སྐད་ཅིག་ཉིད་ལ་མངོན་སངས་རྒྱས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། མ་འདྲེས་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས། ། དམ་པ་དང་པོ་ཀུན་བཟང་ལ།། མ་བྱས་རང་བྱུང་མཚོན་མེད་པས།། བྱར་མེད་བློ་འདས་ཐེག་པ་གང།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། མ་བྱས་རང་བྱུང་རྩོལ་མེད་སེམས།། གདོད་ནས་དག་པའི་ཆོས་སྐུ་ཉིད། ། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ངག་ཏུ་བརྗོད་པ་ཀུན་ལས་གྲོལ།། མཚོན་དུ་མེད་པའི་བརྗོད་པའི་མཆོག། མ་སྐྱེས་ཆོས་ཉིད་སེམས་ལས་འདས།། དངོས་མེད་འདོད་བྲལ་བློ་འདས་ཡིན། ། རང་བྱུང་ངང་དངས་བློ་ལས་འདས།། སྙིང་པོ་ཆོས་ཉིད་བློ་ལས་འདས།། བྱར་མེད་བཤད་མེད་མཚོན་དུ་མེད།། རྩོལ་མེད་བསམ་བྲལ་ཀ་ནས་དག། དེས་ན་མཚོན་མེད་བློ་ལས་འདས།། བྱས་པའི་ཆོས་ནི་འདུས་བྱས་ཡིན། ། འདུས་བྱས་ཆོས་ཀྱི་སངས་མི་རྒྱ།། བཤད་པའི་ཆོས་ནི་ཐ་སྙད་ཡིན།། བླ་དགས་ཚིག་གིས་སངས་མི་རྒྱ།། བློ་བཏགས་ཆོས་ནི་འཁྲུལ་པ་ཡིན།། འཁྲུལ་པའི་ཆོས་ཀྱིས་སངས་མི་རྒྱ།། བསྒྲུབ་ཆོས་རྩོལ་བསྒྲུབ་ཡིད་སྨོན་ཡིན། ། ཡིད་སྨོན་ཆོས་ཀྱིས་སངས་མི་རྒྱ།། རྩོལ་བསྒྲུབ་མེད་པའི་ཆོས་ཤིག་དགོས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། བྱར་མེད་མཚོན་མེད་བློ་ལས་འདས་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། གཅིག་ཤེས་ཀུན་གྲོལ་ཇི་ལྟར་ལགས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་གཅིག་དེ་བཞིན་ཉིད་ཤེས་ན། ། ཆོས་རྣམས་ཐམས་ཅད་གྲོལ་བར་འགྱུར།། ཞེས་བཀའ་སྩལ་པ་དང།། དེ་ནས་རང་དངས་ཁྱེའུ་ཆུང་གིས།། ཆོས་གཅིག་དེ་ནི་ཇི་ལྟར་ལགས།། གཅིག་ལ་དངོས་པོ་ཡོད་ལགས་སམ།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་གཅིག་བྱ་བའི་རང་བཞིན་ནི།། གཞི་ཡི་ཀློང་ལས་མཚོན་མེད་ཀྱང།། རྩལ་ཟེར་ཤེས་རིག་གཅིག་ཅེས་བརྗོད།། རིན་ཆེན་གསལ་དངས་ངང་དངས་དེ།། ཡོད་པ་མ་ཡིན་དངོས་པོ་མེད། ། མེད་པ་མ་ཡིན་གསལ་ཞིང་རིག། དངོས་མེད་ཡེ་ཤེས་ཟང་ཀ་མ།། མི་སྣང་གསལ་བའི་རང་བཞིན་ཅན།། དེ་ཀ་ཉིད་ལས་གྲོལ་ཞེས་བཤད།། དེས་ན་གཅིག་ཤེས་ཀུན་གྲོལ་ལོ།། ཞེས་གསུངས་སོ། ། སྒྲོན་མ་བརྩེགས་པའི་རྒྱུད་ལས།། གཅིག་ཤེས་ཀུན་གྲོལ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། གནད་རྣམས་ཁྲོལ་བ་གཅིག་ཀུན་ནི། ། ཇི་ལྟར་རང་སར་གྲོལ་བར་འགྱུར།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། མིང་མེད་ཕྱོགས་བྲལ་ཀུན་ཁྱབ་ཐོག་མའི་གནད།། ཡན་ལག་རྩལ་ཟེར་མིང་འདོགས་ཐ་མའི་གནད།། རྩལ་ཤེས་ཟེར་ཐོག་མའི་ཀློང་འདུས་གཉིས་མེད་གནད། ། སྔོན་རོལ་ཅང་མེད་ཐོག་མའི་གནད།། གཡོ་བ་གསལ་ཁྱབ་ཐ་མའི་གནད།། སྔོན་རོལ་གསལ་ཐེབས་གཉིས་མེད་གནད།། སྙིང་པོ་ཆོས་ཀྱི་ཐོག་མའི་གནད། ། འདིར་ནི་རྩལ་ལག་ཐ་མའི་གནད།། སྙིང་པོ་རྩལ་ཐིམ་གཉིས་མེད་གནད།། ཀུན་གཞི་མཁའ་ཀློང་ཐོག་མའི་གནད།། རིག་ཤེས་ཡིད་སེམས་ཐ་མའི་གནད།། དེ་དག་ཀློང་ཐིམ་གཉིས་མེད་གནད།། མ་བུ་གཉིས་མེད་དབྱེར་མི་ཤེས། ། གནད་རྣམས་མ་ལུས་ཁྲོལ་བར་བཤད།། བྱ་གནད་ནམ་མཁའ་ཉ་གནད་ཆུ།། སྲོག་གནད་སྙིང་ལ་མེ་གནད་རྩེ།། སྣང་གསལ་ཉི་ཟླ་སེམས་གནད་དོན།། རིན་ཆེན་དངོས་མེད་ཀུན་གྱི་གཞི། ། མི་སྣང་གསལ་བའི་བདག་ཉིད་ཅན།། དོན་གཅིག་ཅང་མེད་ཅིར་ཡང་གསལ།། མི་སྣང་རང་བཞིན་ཡོད་པའོ།། དེས་ན་དངོས་མེད་ཀུན་གྱི་གནད།། གནད་རྣམས་ཐམས་ཅད་དེ་ཡིས་ཁྲོལ།། ཞེས་གསུངས་སོ། ། སྒྲོན་མ་བརྩེགས་པའི་རྒྱུད་ལས། གནད་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་ཀུན་བཟང་ལ།། བརྡའ་གཅིག་ཤེས་པས་བརྡའ་ཀུན་ཁྲོལ། ། བརྡའ་ཡི་གནད་དེ་ཇི་ལྟར་ལགས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། མིང་མ་ཐོགས་པའི་སྔོན་རོལ་ན།། ཅང་མེད་ཐ་སྙད་གང་གིས་ཀྱང།། མ་གོས་པ་ཡི་བརྡའ་གཅིག་ཡོད།། ཀུན་གཞི་རྩལ་ཟེར་བར་ཤེད་ན། ། ཐམས་ཅད་བསྐྱེད་བསྡུས་བརྡའ་གཅིག་ཡོད།། འོད་རླུང་ཤེས་རིག་བར་ཤེད་ན།། གྱུར་མ་གྱུར་གྱི་བརྡའ་གཅིག་ཡོད།། འཆར་སྒོ་འཁྲུལ་སྒོའི་བར་ཤེད་ན།། ལྡོག་ཐབས་གཉིས་ཀྱི་བརྡའ་གཅིག་ཡོད། ། སངས་རྒྱས་སེམས་ཅན་བར་ཤེད་ན།། བར་ཆད་མེད་པའི་བརྡའ་གཅིག་ཡོད།། མ་རིག་ཡེ་ཤེས་བར་ཤེད་ན།། བར་པར་བྱེད་པའི་བརྡའ་གཅིག་ཡོད།། དབྱིངས་དང་ཡེ་ཤེས་བར་ཤེད་ན།། བར་པར་བྱེད་པའི་བརྡའ་གཅིག་ཡོད། ། འཁོར་བ་མྱང་འདས་བར་ཤེད་ན།། བར་པར་བྱེད་པའི་བརྡའ་གཅིག་ཡོད།། ཨ་སང་ས་ཀ་རི། ཀུན་འབྱུང་བསམ་ཡས་ཀྱི་ལྷ་ཁང་ན།། བར་རླག་དངོས་མེད་འདོད་མེད་བྱ་བྲལ་ལས་ཟིན་ནོ། ། ཨ་དྷ་ཐིམ། སིདྡྷི་ཨ། བརྡའ་དེ་ཤེས་ན་བརྡའ་ཀུན་ཤེས་པར་འགྱུར།། རྣམ་དག་འོད་གསལ་ཆེན་པོའི་ལྷ་ཁང་ན།། བྱ་བྲལ་འདོད་མེད་རླག་པའོ།། བརྡའ་དེ་ཤེས་ན་བརྡའ་ཀུན་ཤེས་པར་འགྱུར། ། དངོས་མེད་ཟང་ཀ་ཀུན་མཁྱེན་ལྷ་ཁང་ན།། ཅིར་ཡང་མི་སྣང་གསལ་བའི་མེ་ལོང་ཅན།། བརྡའ་དེ་ཤེས་པས་བརྡའ་ཀུན་ཤེས་པར་འགྱུར།། མཁའ་ཀློང་སྤྱི་ཁྱབ་རིན་པོ་ཆེ་ཡི་འོད་ཁང་ན།། རྩོལ་བྲལ་མེ་ལོང་ཕྱོགས་མུ་མཐའ་རང་རླག་པོ། ། བརྡའ་དེ་ཤེས་ན་བརྡའ་ཀུན་ཤེས་པར་འགྱུར།། འཕེལ་འགྲིབ་མེད་པའི་རྣམ་དག་ལྷ་ཁང་ན།། དངོས་མེད་ཀུན་གསལ་ཉི་ཟླའི་མེ་ལོང་ཅན།། མ་ལུས་རླག་བྱེད་ཀུན་གྱི་སྤྱི་མེས་པོ། ། མུན་སེལ་མེ་གསོད་མཚོ་སྐེམ་རྫ་བར་ལ།། རང་གཅིག་མདུད་ཁྲོལ་ཕྱོགས་འདེབས་ཀུན་སྡུད་འུབ་ཆུབ་བོ།། དངོས་མེད་ཟང་ཀ་གསལ་དངས་སྤྱི་ཡི་རྗེ།། བརྡའ་དེ་ཤེས་ན་བརྡའ་ཀུན་ཤེས་པར་འགྱུར། ། འཁྲུལ་ཆོད་མདོ་མེད་ཅོལ་ཆུང་མདོ་བོ་ཆེ།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། བརྡའ་གཅིག་ཤེས་ན་བརྡའ་ཀུན་གྲོལ་བར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས། ། དམ་པ་དང་པོའི་སངས་རྒྱས་ལ།། རྒྱུད་འདིའི་མཚན་ནི་ཇི་ལྟར་གཟུང།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། འདི་ལ་མཚོན་མེད་བརྗོད་མེད་ཀྱང།། འཁོར་གྱིས་མཚན་འདི་གཟུང་ཕྱིར་བཤད། ། བྱ་བརྩལ་ཆགས་སྡང་བློ་ཆོས་འདུད།། བྱར་མེད་བློ་འདས་ཞེན་གཅོད་རྩི།། དེས་ན་བདུད་རྩིའི་རྒྱུད་དུ་ཟུང།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད།། བཀའ་བརྒྱུད་ཀུན་གྱི་བཅུད་འདུས་པས། ། བཅུད་འདུས་ཆེན་པོའི་རྒྱུད་དུ་བཟུང།། མ་རིག་འཁོར་བའི་མུན་རུམ་དེར།། སྒྲོན་མ་བརྩེགས་པས་སེལ་བར་བྱེད།། སྒྲོན་མ་བརྩེགས་པའི་རྒྱུད་དུ་ཟུང།། ཐེག་པ་མ་ལུས་གཉའ་གཅོག་ཕྱིར།། གཉའ་གཅོག་སྤྱི་ཏི་བྱ་བར་ཟུང། ། ཐེག་པ་ཀུན་ལས་ལ་ཟློའི་ཕྱིར།། ལ་ཟློ་ཆེན་པོའི་རྒྱུད་དུ་ཟུང།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས། ། རྒྱུད་འདི་གཏད་པའི་གང་ཟག་གང།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། དད་དང་དམ་ཚིག་ཤེས་རབ་དང།། བརྩོན་འགྲུས་བརྩེ་གདུང་གཏོང་ཕོད་ཆེ།། རྒྱུད་བཟང་བརྩོན་ལྡན་བློ་ཆེ་མྱུར། ། བླ་མ་སྙིང་ལ་སེམས་པ་དང།། མན་ངག་སྲོག་བཞིན་འཚོ་བ་ལ།། དགུ་རྩེ་སྤྱི་ཏིའི་རྒྱུད་འདི་གཏད།། ཉོན་མོངས་མ་རིག་སེར་སྣ་དང།། ལེ་ལོ་ལོག་ལྟ་ང་རྒྱལ་ཆེ།། དམ་མེད་རྒྱུད་ངན་གྲོགས་མཆེད་བསླུ། ། ཆེ་ངག་དགེ་སྨོད་གཡོ་སྒྱུ་ཅན།། དེ་ལྟ་བུ་ལ་བྱིན་གྱུར་ན།། བེའུ་སྦྲེལ་གཡང་ལ་བསྐྱུར་བ་བཞིན།། གཉིས་ཀ་རྡོ་རྗེ་དམྱལ་བར་འགྲོ།། དེ་བས་སྣོད་ལྡན་གདམས་པའི་རྒྱ།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། སྣོད་བཟང་ངན་གྱི་ཁྱད་པར་བསྟན་པའི་རྒྱུད་གཏད་པའི་གནད་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ། ། རྒྱུད་འདི་འབྱུང་དུས་གང་གི་ཚེ།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྒྱུད་འདི་འབྱུང་བའི་དུས་སུ་ནི།། དུས་ངན་ཡུལ་དབུས་བསྟན་པ་དམའ།། བདུད་དང་ལོག་ལྟ་མུ་སྟེགས་དར།། སྡེ་འཁྲུག་གནས་གཞི་འཐབ་རས་བསྐོར། ། ནང་རྒྱས་ཆེ་བཙུན་དུག་ལ་སྦྱོར།། བཙུན་ཆེན་ཆུང་མ་ལེན་པ་དང།། བཙུན་མས་བུ་ཆུང་གསོ་བ་དང།། དགེ་སློང་ཚོང་ཁེ་བྱེད་པ་དང།། མི་ཐུབ་རྣམ་གསུམ་བྱུང་དུས་ན།། དེ་དུས་ང་ཡི་རྒྱུད་འདི་འབྱུང། ། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། བསྟན་པ་འབྱུང་དུས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།།།། རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་བདུད་རྩི་བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད་རྫོགས་སོ། །།། ཨུ་རྒྱན་པདྨས་བཤད་ལོཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གདམས་སོ།། གཏེར་རྒྱ། ཟབ་རྒྱ། སྦས་རྒྱ། ཊ་ཊ་རྒྱ། །།། རྒྱ་གར་སྐད་དུ། ཧྲྀ་ད་ཡ་སུ་ར་རཱ་ཤི་ག་ག་ནཱུ྅་བརྟྟ་བིསྟཱ་ར་ཏནྟྲ། བོད་སྐད་དུ། སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད། སྔོན་གནས་ཡེ་ཐོག་མའི་སངས་རྒྱས་ལ་ཕྱག་འཚལ་ལོ།
CLOSE WINDOW