Wylie |
རྒྱ་གར་སྐད་དུ། རཏྣ་ཨ་མྲྀ་ཏ་ར་ས་བིནྡུ་ཏནྟྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ་བཅོམ་ལྡན་འདས་གསང་བདག་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་པའི་དུས་གཅིག་ན། འོག་མིན་གྱི་གནས་སེམས་ཉིད་གདལ་བ་ཆེན་པོ། མ་བྲིས་པའི་དཀྱིལ་འཁོར་འོད་ཁ་དོག་སྣ་ཚོགས་འབར་བར་རང་བྱུང་བ། མ་བརྩིགས་པའི་གཞལ་ཡས་ཁང་ཡེ་ཤེས་ཀྱི་འོད་ཟེར་རྣམ་ལྔ་འཕྲོ་བ། ཆོས་དབྱིངས་གཡོ་མེད་མཁའ་གསལ་དངས་པའི་གཞལ་ཡས་ཁང་དེ་ན། སྟོན་པའི་རྒྱལ་པོ་རང་བྱུང་གི་ཡེ་ཤེས་གསང་བདག་ཆེན་པོ་བཞུགས་སོ།། འཁོར་གྱི་ཚོགས་ནི་འདི་ལྟ་སྟེ། འབྱུང་བ་ལྔ་དང། འདོད་ཡོན་ལྔ་དང། ཕུང་པོ་ལྔ་དང། ཡེ་ཤེས་ལྔ་དང། དུག་ལྔ་དང། སྐུ་ལྔ་དང་བཅས་ཏེ་འདུ་འབྲལ་མེད་པར་འཁོད་དོ།། དུས་ནི་འདི་ལྟ་སྟེ། འདས་མ་འོངས་ད་ལྟ་དུས་གསུམ་དུ་དབྱེར་མེད་པའི་ཚེ། བསྟན་པའི་རྒྱལ་པོ་སེམས་ཉིད་རྣལ་མ་སྐྱེ་མེད་ཀ་དག་བདུད་རྩི་བཅུད་ཐིགས་འདི་སྐད་དོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། གླེང་གཞི་ཡོངས་སུ་བཀོད་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་འཁོར་གྱི་ནང་ནས་ཀུན་རིག་ཁྱེའུ་ཆུང་རང་བྱུང་གི་རྩལ་དུ་ལངས་ཏེ་སྟོན་པ་གསང་བདག་ཆེན་པོ་ལ་ཞུས་པ། ཨེ་མ་སྟོན་པ་གསང་བའི་བདག། དགུ་རྩེ་སེམས་ཉིད་སྤྱི་ཏི་འདིར། ། ཀ་དག་ཕྱོགས་བྲལ་ཆེན་པོ་ལ།། མཚོན་བྱ་མཚོན་བྱེད་མ་གྲུབ་ན།། ཕྱི་རབས་བསྟན་པའི་ཐ་མ་ལ།། བློ་འདས་མཚོན་པར་བྱེད་པ་ཡི།། བརྡའ་དོན་སྟོན་བྱེད་དགོས་མི་དགོས།། དགོས་ན་བླ་མའི་མཚན་ཉིད་གང། ། དེ་མེད་ཇི་ལྟར་རྟོགས་པར་འགྱུར།། ཞེས་ཞུས་པ་དང། དེ་ནས་སྟོན་པ་གསང་བའི་བདག་པོ་དེ་ཕྱོགས་མེད་ཡོངས་རྫོགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་སྩལ་པ། ། ང་ཡི་བླ་མེད་སྤྱི་ཏི་ལ།། མཚོན་བྱ་མཚོན་བྱེད་ཀ་དག་ཀྱང།། མ་མཚོན་གོ་བར་མི་འགྱུར་བས།། མཚོན་བྱེད་ཕྱི་ཡི་བླ་མ་དགོས།། དེ་ཡི་མཚན་ཉིད་ངས་བཤད་ཀྱིས།། ཀུན་རིག་ཁྱེའུ་ཆུང་གུས་པས་ཉོན།། ཕྱི་རབས་བསྟན་པའི་ཐ་མ་ལ། ། འབྲས་བུའི་བསྟན་པ་དར་བའི་ཚེ།། སེམས་ཉིད་དགུ་རྩེ་སྤྱི་ཏི་འབྱུང།། དེ་འཛིན་བླ་མའི་མཚན་ཉིད་ནི།། མི་མཇེད་འཛམ་གླིང་ས་ཕྱོགས་སུ།། རྣལ་འབྱོར་གཙང་མའི་ལུས་བླངས་ལ། ། རིགས་བཟང་རྒྱུད་དུལ་དད་རྩོན་ལྡན།། ཤེས་རབ་སྙིང་རྗེས་འགྲོ་དོན་བྱེད།། རྒྱུ་འབྲས་ཐེག་པའི་ཐོས་བསམ་རྫོགས།། སྤྱོད་པ་དབང་དང་བལྟ་བར་ལྡན།། རྒྱུད་ལུང་མན་ངག་ཀུན་ལ་མཁས།། བློ་ལྡན་ངེས་དོན་ཐུགས་སུ་ཆུད། ། ཐབས་མཁས་རིན་ཆེན་ལྟ་བུ་ཡིས།། བླ་མས་དགུ་རྩེ་སྟོན་པར་འགྱུར།། དེ་ལ་ཕྱི་རབས་སྐལ་ལྡན་གྱིས།། དད་བརྩོན་གུས་པས་བསྟན་པར་གྱིས།། དེ་ལྟར་མི་ལྡན་སློབ་དཔོན་ནི།། རྒྱུད་ངན་མ་སྦྱངས་མུ་ཅོར་སྨྲ། ། བློ་དམན་དམ་མེད་དོན་མ་རྟོགས།། དུག་ལྔ་ཤས་ཆེ་འཇིག་རྟེན་སྒྲུབ།། སྙིང་རྗེ་ཤེས་རབ་ཐབས་དང་བྲལ།། ཚད་མར་མ་གྱུར་སྤྲེའུ་འདྲ།། མ་རིག་ལོང་བ་ལྟ་བུ་ལ།། བསྟན་པའི་ལམ་ནོར་ལོག་པར་འཁྲིད། ། རྟོག་ཆོས་ཞེན་པའི་དུག་གིས་འཛིན།། འཁོར་བའི་རྒྱ་མཚོར་བསྐྱུར་བ་ཡི།། བདུད་དེ་ལེགས་པར་བརྟགས་ཏེ་སྤངས།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། བཅུད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ།། དགུ་རྩེ་ངེས་དོན་སྤྱི་ཏི་འདི།། ནམ་ཞིག་དར་བའི་དུས་ཀྱི་ཚེ། ། དམན་པའི་རིགས་ཅན་བྱིས་པ་ཡིས།། སྤྱོད་ཡུལ་ཡིན་པར་མ་གསུངས་པས།། ཕྱི་རབས་སྣོད་ལྡན་མཚན་ཉིད་གང།། སྤང་བར་བྱ་བ་ཇི་ལྟ་བུ།། ཞེས་ཞུས་པས། གསང་བདག་སྟོན་པས་བཀའ་སྩལ་པ། ། ངེས་དོན་འདིར་འཇུག་སློབ་མ་ནི།། རིགས་བཟང་རྒྱུད་དུལ་སྙིང་རྗེ་ཅན།། འཁོར་བ་མངོན་བྱུང་བྱང་ཆུབ་འདོད།། དད་དང་བརྩོན་འགྲུས་ཤེས་རབ་ཆེ།། རྒྱུད་སྦྱངས་དབང་ཐོབ་དམ་ཚིག་གཙང། ། གཏོང་ཕོད་ཁེངས་མེད་རྨོངས་པ་སངས།། དྲང་བརྟན་དྲི་མེད་ཐེ་ཚོམ་བྲལ།། ལུས་སྲོག་མི་ལྟོས་ངེས་དོན་ཚོལ།། བསྒྲུབ་རྩོལ་ཐོད་རྒལ་བློ་ལྡན་ནི།། ང་ཡི་བླ་མེད་སྤྱི་ཏིའི་སྣོད།། མཚོན་བྱེད་སློབ་མ་དེ་ལ་བསྟན། ། བསྟན་པའི་སྙིང་པོ་འཛིན་པར་འགྱུར།། དེ་དང་མི་ལྡན་སློབ་མ་ནི།། ཁ་འཇམ་ཁོང་གྱོང་གཡོ་སྒྱུ་ཅན།། རང་བཟོ་བཀའ་རྐུ་ཐབས་ཀྱི་འདོད།། བདག་བསྟོད་མཁས་སྨོད་ང་རྒྱལ་ཆེ།། ཐོས་ཆུང་བློ་དམན་ལོག་ལྟ་ཅན། ། དད་བརྩོན་ཤེས་མེད་གཞན་ལ་སྐུར།། སྙིང་བརྩེ་སྡོམ་པར་དམ་ཚིག་བྲལ།། འཁྲུལ་པའི་ལས་བརྩོན་བསྒྲུབ་ལ་གཡེལ།། བླ་མར་གུས་བྲལ་ཐེ་ཚོམ་ཅན།། འཕྱར་སྲབ་ཁ་གསག་ཚིག་ལ་ཞེན།། གཞུང་ཐོག་བཀའ་སྨོད་སྐུར་པ་འདེབས། ། དུག་སྦྲུལ་ལྟ་བུའི་སྐལ་མེད་ལ།། སྲིད་པ་འཁྲུགས་ཀྱང་བསྟན་མི་བྱ།། དོན་འདིར་སྐྱོན་ཡོད་མ་ཡིན་ཏེ།། བློ་དམན་ལོག་རྟོག་སྒྲོ་སྐུར་འདོགས།། ཡང་དག་དོན་ལ་མ་མོས་པས། ། འཁྲུལ་སྣང་དམྱལ་བར་འཕེན་པས་གསང།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྣོད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ།། ཕྱི་རབས་སྐལ་ལྡན་དགུ་རྩེ་འདིར་དད་ནས།། འཇུག་སྒོ་གཡོ་བ་མེད་པར་བསྟན་པ་ལ།། རིམ་དང་ཅིག་ཅར་ཇི་ལྟར་འཇུག་པར་བྱ། ། ཞེས་ཞུས་པས། གསང་བདག་སྟོན་པས་འཁོར་ལ་བཀའ་སྩལ་པ།། ང་ཡི་སྐྱེ་མེད་ཀ་དག་ཕྱོགས་བྲལ་ལ།། དེ་ལས་མ་གཡོས་འཇུག་པས་རྩོལ་བ་མེད།། གར་ཡང་མ་ཞུགས་འཇུག་པས་མཆོག་ཡིན་པས། ། དེ་ཉིད་མ་མཚོན་ཡོད་མེད་མི་རྟོགས་པས། རྩོལ་མེད་འཇུག་པས་གདམས་ངག་བསྟན་གྱི་ཉོན།། ཕྱི་རབས་འདིར་འཇུག་རིགས་གཉིས་ཏེ།། བློ་ལྡན་ཐེག་པར་སྦྱངས་མ་སྦྱངས།། ཐེག་པར་སྦྱངས་པ་རྣམ་གཉིས་ཏེ། ། རྒྱུ་དང་འབྲས་བུའི་ཐེག་པའོ།། རྒྱུ་ཡི་ཐེག་པར་སྦྱངས་པ་ལ།། འབྲས་བུའི་ཐེག་པ་ཀུན་བསྟན་ལ།། དེ་ནས་ཅིག་ཅར་དོན་དེར་འཇུག། རྒྱུ་འབྲས་གཉིས་ཀར་སྦྱངས་པ་ལ།། ཅིག་ཆར་ཆོས་འདས་སྤྱི་ཏི་བསྟན། ། བློ་ལྡན་གང་ཡང་མ་སྦྱངས་ན།། སྣོད་ངན་སྐྱོན་བཅོས་སྤྲོས་པ་བཅད།། དེ་ནས་བླ་མེད་དོན་ལ་སྦྱར།། སྣོད་ངན་ཐ་མལ་ལོག་ལྟ་དང།། ཐེག་དམན་གྲུབ་མཐའི་དྲི་མ་གསལ།། ཐ་མལ་གནས་ལུགས་མ་ཤེས་པས། ། འཁྲུལ་སྣང་རང་རྒྱུད་གཟུང་འཛིན་སྤྱོད།། དེ་ལས་ལྡོག་པ་ཐར་ལམ་དགོད།། ལོག་ལྟ་མུ་སྟེགས་རྟག་ཆད་དང།། ཐུན་མོང་ཐེག་པའི་ལམ་ལ་ཞུགས།། དམན་པ་ཉན་ཐོས་རང་རྒྱལ་ཏེ།། རྒྱུ་ཡི་ཐེག་ཆེན་ལམ་ལ་ཞུགས། ། སྤྲོས་པའི་འཆིང་བ་རྣམ་གསུམ་སྟེ།། སྤྱི་དང་བྱེ་བྲག་ཁྱད་པར་རོ།། སྤྱི་ནི་ཐེག་པ་གྲུབ་མཐའ་སྟེ།། བློས་བཏགས་གཟུང་ཞེན་སྤྲོས་པ་ཆོད།། བྱེ་བྲག་འབྲས་བུའི་ཐེག་པ་སྟེ།། རྩོལ་བསྒྲུབ་ཡིད་སྨོན་སྤྲོས་པ་ཆོད། ། ཁྱད་པར་ཐེག་པའི་རྩེ་མོ་སྟེ།། ཨ་ཏི་སྡེ་གསུམ་སྤྲོས་པ་བཅད།། འདི་ནི་རིམ་འཇུག་མ་ཡིན་ཏེ།། དེ་ལྟར་མ་སྦྱངས་མ་བསྟན་ན།། ཆོས་འདས་ཀློང་ལས་མི་གྲོལ་བས།། ངེས་ཤེས་བསྟན་ཕྱིར་དེ་བསྟན་གཅེས། ། དེ་ནས་བླ་མེད་དོན་ལ་སྦྱར།། བསྐུར་ཐོབ་མཐའ་སྟོང་དབང་ལྡན་ཏེ།། སྐྱེ་མེད་ཆོས་འདས་རང་ངོ་སྤྲོད།། མ་བཙལ་རྫོགས་པར་མཐའ་ལས་འདས།། དེ་ནས་བྱ་བ་ཀུན་བཏང་ལ། ། ཡོངས་རྫོགས་མཐའ་རླག་ཆོས་འདས་པའི།། གནས་ལུགས་སྤྱི་ཡི་རང་སར་ཞོག། རིམ་འཇུག་རྩོལ་བསྒྲུབ་ཀ་ནས་དག། ཅེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། རྒྱ་ཆད་མེད་པའི་འཇུག་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ།། ཡང་དག་ཆོས་འདས་སྤྱི་ཏི་ཡི། ། གནས་ལུགས་བསྟན་དུ་ཡོད་དང་མེད།། ཡོད་ན་བློ་ཡི་ཡུལ་དུ་གྱུར།། མེད་ན་ཇི་ལྟར་རྟོགས་པར་བྱེད།། ཅེས་ཞུས་པས། གསང་བདག་སྟོན་པས་བཀའ་སྩལ་པ།། གནས་ལུགས་ཆོས་འདས་མཚོན་མེད་ལ། ། བསྟན་བྱ་སྟོན་བྱེད་མཐའ་ལས་གྲོལ།། འདི་ཞེས་གཅིག་ཏུ་མཚོན་དུ་མེད།། བསམ་འདས་བརྗོད་མེད་ཚུལ་དུ་མཚོན།། ཀ་དག་ང་ཡི་གནས་ལུགས་ནི།། རྒྱུ་རྐྱེན་མེད་པར་ཀུན་འཆར་བས།། རྒྱ་ཆད་ཕྱོགས་ལྷུང་གྲོལ་བར་གནས། ། རྟོགས་ཐབས་མཚན་མ་མིང་མེད་པས།། མི་རེ་དོགས་པའི་གཞི་དང་བྲལ།། ཕྱི་ནང་བར་གསུམ་རང་བརླག་པར།། གསལ་དག་ཡེ་ཤེས་འཆར་ནུབ་མེད།། ཅིར་སྣང་ཆོས་ཉིད་ཟང་ཀ་ལ།། གཉིས་འཛིན་རྟོགས་པའི་སེལ་མ་ཞུགས། ། ཤེས་པ་འཛིན་མེད་རྒྱ་ཡན་ལ།། ཏིང་འཛིན་བསམ་བཞག་གནས་པ་མེད།། སྲིད་གསུམ་རྒྱལ་བའི་ཞིང་ཁམས་ལ།། འཁོར་བའི་སྣོད་བཅུད་གདོད་ནས་དག། མཐོང་མེད་ཡེ་ཤེས་ཟང་ཐལ་ལ། ། གསལ་འགྲིབ་གཉིས་འཛིན་མཐའ་ལས་གྲོལ།། མིང་མེད་ཆོས་དབྱིངས་ངང་གསལ་ལ།། འབྱུང་འཇུག་མེད་པར་ཡེ་ནས་གནས།། ས་ལམ་རྣམ་གྲོལ་གཅིག་རྫོགས་ལ།། འགྲོ་འཇུག་ལམ་ལ་བགྲོད་དང་བྲལ། ། གྲུབ་མཐའ་འཛིན་མེད་དགོངས་པ་ལ།། ལྟ་བའི་འདོད་པ་ཉིད་མཐའ་སྟོང།། བསྒོམ་མཁན་རིག་པ་རང་བཅུད་པས།། མཐོང་བྲལ་དངོས་མེད་ཟང་ཀར་དངས།། འགག་མེད་སྣང་ཚུལ་མ་ངེས་པས།། རང་རྒྱུད་རྟག་ཞེན་མཐའ་དང་བྲལ། ། ཀ་དག་རིག་པ་གཞིར་སྨིན་པས།། རྩོལ་བསྒྲུབ་ཡིད་སྨོན་རེ་འདོད་ཆད།། ཆོས་རྣམས་རིག་པས་ཕར་བཏགས་པས།། ཝལ་པོ་འགག་མེད་ཚིག་ལས་འདས།། ཅིར་སྣང་སེམས་ཉིད་རང་སྣང་བས། ། གཉིས་འཛིན་གོལ་ས་གདོད་ནས་དག། རང་བྱུང་རང་ཤར་རང་གསལ་བས།། གཉེན་པོས་བཅོས་མེད་རང་སར་སངས།། གནས་ལུགས་དོན་རྟོགས་སངས་རྒྱས་པས།། རྟོགས་པའི་ངང་ལ་བོགས་འདོན་མེད། ། མ་བཅོས་ལྷུག་པར་ཡེ་གྲོལ་བས།། ཉམས་ལེན་གོམས་འདྲིས་ཀ་ནས་དག། རྟོགས་ཐོབ་དུས་གཅིག་གཅིག་ཏུ་རྫོགས།། བསགས་སྦྱངས་དགེ་ལ་རེ་ལྟོས་མེད།། འཁོར་འདས་རྒྱབ་ཤ་ཆོད་པ་ཡིས། ། སྤྲོས་མཐའ་མ་བཅད་རང་སར་ཆོད།། ཕྱོགས་བྲལ་ཡེ་ཤེས་རང་ཤེས་པས།། བསྒོམ་བྱ་སྒོམ་བྱེད་རྩོལ་དང་བྲལ།། ཡེ་ནས་གདོད་དག་སྐྱོན་བྲལ་བས།། མཚན་མའི་བསྲུང་མཚམས་ཕྱོགས་རིས་མེད། ། སེམས་ཉིད་ངོས་ཟུང་ཡུལ་མེད་པས།། དམིགས་པའི་གཟའ་གཏད་བསམ་དང་བྲལ།། གཟུང་ཡུལ་ཡེ་གྲོལ་ཆེན་པོ་བས།། སྣང་བའི་མཚན་མ་དགག་བྱ་སྟོང།། སྣང་སྟོང་གཉིས་མེད་མཁའ་གསལ་བས། ། ཤེས་རིག་ཡོངས་གྲོལ་ཀློང་དུ་གཏོར།། རང་འཛིན་རང་སར་རང་འགག་པས།། འབྲས་བུའི་སྒྲུབ་བྱེད་རེ་སྨོན་མེད།། མཐའ་མེད་ཕྱོགས་བྲལ་མཉམ་ཉིད་པས།། ཤེས་བརྗོད་མཚོན་པའི་ཚིག་དང་བྲལ།། ཡང་དག་དོན་གྱི་གནད་ལུགས་སོ། ། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སེམས་ཉིད་ཡང་དག་དོན་གྱི་གནས་ལུགས་ཀྱིས་ཆོས་ཐམས་ཅད་ལ་བཟླ་བའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ།། གནས་ལུགས་མཉམ་ཉིད་སྤྱི་ས་ན།། སངས་རྒྱས་སེམས་ཅན་གཞི་གཅིག་ལས།། འཁོར་འདས་གཉིས་སུ་སྣང་བ་ཅི། ། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྤྱི་གཞི་གནས་ལུགས་ག་བུར་འདྲ།། སྨན་དུག་གར་ཡང་རྒྱ་མ་ཆད།། གཉིས་ཀ་ག་བུར་སྤྱི་སར་གཅིག། རྐྱེན་དང་གང་ཕྲད་གཉིས་སུ་སྣང། ། སྤྱི་གཞིའི་མིང་མེད་སྤྱི་ས་ན།། འཁོར་འདས་གང་དུ་རྒྱ་མ་ཆད།། སངས་རྒྱས་སེམས་ཅན་སྤྱི་སར་གཅིག། རྐྱེན་གྱི་འཆར་སྒོ་འཁྲུལ་སྒོ་སྣང།། སྤྱི་གཞི་ནམ་མཁའ་ལྟ་བུ་ལས།། རྩལ་སྣང་སྐར་སྐྱེའི་ཚུལ་དུ་བྱུང། ། རླུང་གཡོས་ནམ་མཁའ་སྒོ་ཕྱེ་ནས།། རིག་ཡིད་བསྐྱོད་པའི་རྩལ་གཉིས་བྱུང།། ཡེ་ཤེས་འཇམ་རླུང་རང་གྲོལ་གྱི།། རིག་པ་རང་ཤར་འཛིན་མེད་དུ།། རང་ངོ་ཤེས་པས་ཡེ་ཤེས་ཤར།། རང་ནི་རླུང་གིས་འགྱུ་མ་ནུས། ། ཁུ་རླངས་ནམ་མཁར་ཡལ་བ་འདྲ།། ཡིད་གཉིས་རྟོགས་པར་འཕྱོ་མ་ནུས།། སེར་བུ་བར་སྣང་དངས་པ་འདྲ།། སེམས་ཀྱིས་ཡུལ་ལ་འཛིན་མ་ནུས།། འཇའ་ཚོན་མཁའ་ལ་དག་པ་འདྲ།། རྩལ་སྣང་གར་ཡང་འགྲོ་བ་མེད། ། རྦ་རླབས་རྒྱ་མཚོར་ཐིམ་པ་འདྲ།། ངོ་བོ་ཡེ་ནས་ཀ་དག་གི།། རང་ས་ཟིན་པ་ཆོས་ཀྱི་སྐུ།། རང་བཞིན་ལྷུན་གྲུབ་ཆེན་པོ་ཡི།། རང་ས་ཟིན་པ་ལོངས་སྤྱོད་སྐུ།། ཐུགས་རྗེ་ཀུན་ཁྱབ་ཕྱོགས་བྲལ་གྱི། ། རང་ས་ཟིན་པ་སྤྲུལ་པའི་སྐུ།། གསུམ་དུ་དབྱེར་མེད་མཐའ་སྟོང་པའི།། རང་ས་ཟིན་པ་ངོ་བོའི་སྐུ།། ཆོས་འདས་ཐོག་མའི་གནས་ལུགས་ཀྱིས།། རང་ས་གཟུང་འཛིན་མིང་མེད་པ།། བདེ་ཆེན་མངོན་པར་བྱང་ཆུབ་སྐུ། ། སྔོན་ཐོག་ཡེ་ཤེས་སངས་རྒྱས་ཡིན།། སྲིད་པ་ལས་ཀྱི་རྩུབ་རླུང་གིས།། རྣམ་པར་མ་གྱུར་རང་བཅས་ཉིད་མ་རིག། གནས་ལུགས་རང་ངོ་མ་ཤེས་པས།། མ་རིག་ཞེས་བྱའི་འཁྲུལ་འཁོར་བྱུང།། ང་ཡིས་གནས་ལུགས་རིག་སྙམ་པའི། ། ཤེས་པ་དེ་ཉིད་འཁྲུལ་པར་སོང།། མིང་མེད་མིང་དུ་སོང་བ་འདྲ།། རིག་པས་ཡུལ་བཅད་གཉིས་འཛིན་ཞུགས།། རང་གཅིག་བྱུང་ན་གཞན་ཡོད་འདྲ།། གཞི་ལས་མ་གྲུབ་གློ་བུར་འཁྲུལ། ། ནམ་མཁའ་སྤྲིན་གྱིས་འཁྲུག་པ་འདྲ།། རིག་པ་རང་ས་མ་ཟིན་འཕྱོས།། ཡུལ་བྲལ་འཁྱམ་པའི་དབུལ་པོ་འདྲ།། ཡིད་ཀྱིས་རང་ས་མ་ཟིན་འགྱུས།། སྤྲིན་པ་རླུང་གིས་བསྐྱོད་པ་འདྲ།། སེམས་ཀྱིས་རང་ས་མ་ཟིན་རྟགས། ། བྲ་བྱི་ཁུང་སྟོར་ཚོལ་བ་འདྲ།། དེ་ཡིས་འཁོར་བའི་འཁྲུལ་པར་སྣང།། སྨིག་རྒྱུ་ཆུ་རུ་འཁྲུལ་པ་འདྲ།། བདག་འཛིན་དབང་གིས་དུག་ལྔར་སྤྱོད།། རང་སྲོག་རང་གིས་གཅོད་པ་འདྲ།། རིགས་དྲུག་གནས་སུ་སྡུག་བསྔལ་མྱོང། ། རི་དྭགས་རྒྱ་ལ་ཆུད་པ་འདྲ།། ཅི་བྱས་མར་འགྲོའི་གནས་སུ་སོང།། གླང་ཆེན་འདམ་དུ་བྱིང་བ་འདྲ།། དེས་ན་ངར་འཛིན་རྩད་ཆོད་ལ།། ཡང་དག་ཆོས་འདས་ཀློང་དུ་སྡོད།། ཅེས་གསུངས་སོ། ། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། གནས་ས་སྤྱི་ནས་འཁོར་འདས་སུ་སྣང་ཚུལ་གཏན་ལ་ཕབ་པའི་མཚན་མའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས། གསང་བདག་སྟོན་པ་ལ་ཞུས་པ།། འཁྲུལ་པའི་ངོ་བོ་ངར་འཛིན་དེ།། དེ་མ་ཡིན་ལ་དེར་འཛིན་པས།། དེ་ཉིད་རྩད་ནས་གཅོད་པ་ལ།། ཀུན་བརྟགས་ཐེག་པ་ཇི་ལྟར་སྤྱོད།། ཅེས་ཞུས་པས། ། གསང་བདག་སྟོན་པས་བཀའ་སྩལ་པ།། ངང་འཛིན་རྩད་ནས་གཅོད་པ་ལ།། ཕྱི་ནང་ཐེག་པའི་ཆོས་སྒོ་ལ།། གཅོད་ཚུལ་བསམ་གྱིས་མི་ཁྱབ་སྟེ།། ཕྱི་པ་བསྡུས་པས་རྟག་ཆད་གཉིས།། ནང་པ་བསྡུས་པས་རིམ་པ་དགུ། ། རང་རང་འདོད་པ་རྣམ་མང་སྟེ།། སྤྱི་ཏི་མ་རྟོགས་གོལ་བར་ཆད།། དེ་ཡང་མུ་སྟེགས་རྟག་པ་ནི།། གཞི་ཡི་ངོ་བོ་འགྱུར་མེད་ལ།། བརྟགས་པས་ཁ་དོག་དབྱིབས་སུ་མཐོང།། སྒྲོ་འདོགས་ལོག་པའི་ལམ་ལ་སྤྱོད། ། ཆད་པར་ལྟ་བའི་མུ་སྟེགས་ལ།། རང་བཞིན་ཁ་དོག་དབྱིབས་མེད་ལ།། རྒྱུ་འབྲས་རྟེན་མེད་སྟོང་པར་མཐོང།། སྐུར་འདེབས་འཁྲུལ་པའི་ལས་ལ་སྤྱོད།། ནང་པ་ཐེག་པ་ཆུང་ངུ་ཡི།། ཉན་ཐོས་སྣང་བ་ཕྲ་རགས་ཡུལ། ། གང་ཟག་བདག་མེད་པར་རྟོགས་ཀྱང།། ཆོས་ཀྱི་བདག་མེད་མ་རྟོགས་འཁྲུལ།། དམན་པའི་དཀའ་ཐུབ་མཚན་མར་སྤྱོད།། རང་རྒྱལ་ཅང་མེད་ཅིར་སྣང་ལ།། མ་རིག་འཁོར་བའི་གཞིར་མཐོང་བས། ། རྟེན་འབྲེལ་འབྱུང་ལྡོག་ངན་རྟོག་སྤོང།། སེམས་ཙམ་འགག་མེད་རང་གསལ་ལ།། སྣང་བ་སེམས་སུ་མཐོང་བ་ཡིས།། རང་རིག་རང་གསལ་འདོད་པ་གོལ།། དབུས་མ་སེམས་ཉིད་དངོས་མེད་ལ། ། གཏན་ཚིགས་ཀྱིས་དཔྱད་སྟོང་པར་མཐོང།། ཅིར་ཡང་མེད་པའི་སྐྱེ་མཆེད་གོལ།། ཀྲི་ཡ་ཡི་དྭགས་ཆོས་ཉིད་ལ།། འཁོར་འདས་གཞི་མེད་མ་ཤེས་པས།། གཙང་སྦྲས་དངོས་གྲུབ་འདོད་པ་གོལ།། ཨུ་པ་རང་བཞིན་གནས་ལུགས་ལ། ། འཁོར་འདས་གཉིས་མེད་ཡིན་པ་ལ།། མར་སྤྱོད་ཡར་ལ་བལྟ་བ་འཁྲུལ།། ཡོ་ག་གནས་ལུགས་ཡུལ་བྲལ་ལ།། སྐྱེ་འགག་གཉིས་སུ་མེད་བཟུང་ནས།། བྱང་ཆུབ་རྣམ་ལྔ་འདོད་པ་འཁྲུལ། ། མ་ཧཱ་སྣང་སྟོང་དབྱེར་མེད་ལ།། རྟོག་ཚོགས་ལྷ་རུ་བསྒོམ་པས་གོལ།། ཨ་ནུ་ཀུན་གཞི་མཁའ་ཀློང་ལ།། དབྱིངས་དང་ཡེ་ཤེས་དབྱེར་མེད་མཐོང།། བལྟ་སྤྱོད་རྩེ་གཉིས་རབ་ཏུ་གོལ།། ཨ་ཏི་ཕྱོགས་མེད་མཐའ་གྲོལ་ལ། ། ལྷུན་གྲུབ་ཀ་དག་ངེས་མེད་མཐོང།། བློས་བཏགས་ཁ་འཇམ་ཚིག་ཏུ་གོལ།། དེ་ལྟར་ཐེག་པའི་རིམ་པ་རྣམས།། ང་ལས་བྱུང་བས་སྐུ་གསུམ་གྱིས།། རང་སྣང་འཁོར་གྱི་ངོ་བོ་ལ།། གང་འཐད་རིམ་པར་སྦྱར་ནས་བསྟན། ། སྤྱི་ཏིའི་གནས་ལུགས་མ་རྟོགས་ན།། མཐོ་དམན་གྲུབ་མཐའ་གང་འདོད་ཀྱང།། རྟག་ཆད་གཉིས་ལས་མ་འཕགས་པས།། ངར་འཛིན་སྤྱད་པས་སླར་ལ་འཛིན།། ང་ཡི་བླ་མེད་ཨ་ཏི་འདིར། ། སྣ་ཚོགས་ཅིར་ཡང་སྣང་དུས་ན།། གང་ཡང་མ་བཀག་མ་ཞེན་པར།། རང་སྣང་རང་དག་ཆེན་པོར་གྲོལ།། གྲོལ་དང་མ་གྲོལ་མུ་མཐའ་སྟོངས།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། ཐེག་པའི་གྲུབ་མཐའ་བཟུང་བས་གོལ་བར་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ། ། བློས་བཏགས་ཐེག་པ་ཀུན་གོལ་ན།། བཅུ་རྩིའི་འཁྲུལ་པ་ཇི་ལྟར་བཅད།། ཅེས་ཞུས་པ་དང། གསང་བདག་སྟོན་པས་བཀའ་སྩལ་པ།། ང་ཡི་སེམས་ཉིད་སྤྱི་ཏི་འདིར།། གཅད་བྱ་གཅོད་བྱེད་མཐའ་སྟོངས་ཀྱང། ། དེ་ལྟར་མ་རྟོགས་བློ་ཅན་ལ།། རང་རིག་ཉིད་ཀྱི་རང་ངོ་དེ།། སྐྱེ་མེད་ཀ་དག་མཐོང་སྟོངས་སུ།། མ་ཤེས་ཤེས་པར་བྱ་བའོ།། མ་གོ་གོ་བར་བྱ་བ་ཙམ།། མ་རྟོགས་རྟོགས་པར་བྱ་བ་ཙམ། ། མ་གྲོལ་གྲོལ་བར་བྱ་བ་ཙམ།། མ་མཐོང་མཐོང་བར་མཚོན་ཙམ་ལས།། བཙལ་བྱ་བསྒྲུབ་བྱ་ཐོབ་བྱའི་ཆོས།། རྡུལ་ཆ་ཙམ་ཡང་གུད་ན་མེད།། རྟོགས་བྱེད་ཐབས་སུ་ངས་མཚོན་གྱིས།། རང་དངས་རང་རིག་ངང་དུ་ལྟོས།། འཁྲུལ་པའི་གཞི་མ་ངར་འཛིན་འདི། ། ཀ་དག་སྐྱེ་མེད་ཟང་ཀ་ཡིན།། ཡེ་ཤེས་ཆེན་པོ་རང་བྱུང་བས།། བསམ་བརྗོད་ཀུན་བྲལ་ཐོགས་རྡུགས་མེད།། རིན་ཆེན་གསེར་གྱི་ཐོག་མཐོངས་འདྲ།། འཁྲུལ་རྐྱེན་ཡུལ་གྱི་སྣང་བ་འདི། ། ཡུལ་མེད་ཆོས་སྐུ་རང་དངས་པས།། སངས་རྒྱས་དགོངས་པ་རྒྱུན་ཆད་མེད།། ཆུ་བོ་ཆེན་པོའི་རྒྱུན་དང་འདྲ།། ལོག་པར་རྟོག་པའི་དྲི་མ་འདི།། གནས་ལུགས་ཀློང་དུ་རང་དག་པས།། ཀ་དག་ཡེ་ཤེས་ཟང་ཀའི་ངང། ། རིན་ཆེན་མན་ཤེལ་དངས་པ་འདྲ།། རྣམ་རྟོག་སྣང་སྲིད་འཁོར་འདས་འདི།། སྐུ་ལྔའི་ཞིང་དུ་རང་གྲུབ་པས།། བླང་དོར་དབྱེ་གསལ་སེལ་དང་བྲལ།། རིན་ཆེན་གསེར་གླིང་ཕྱིན་པ་འདྲ།། ཕྱི་ནང་གཉིས་སུ་སྣང་བ་འདི། ། སེམས་ཉིད་ཡེ་ཤེས་རང་དངས་པས།། སྣང་སྟོང་གསལ་འགྲིབ་ཟང་ཐལ་འདི།། འཕྲུལ་གྱི་མེ་ལོང་བརྩེགས་པ་འདྲ།། བསྐལ་པར་བསགས་པའི་མུན་པ་འདིར།། ཤེས་རབ་སྒྲོན་མ་རང་ཤར་བས།། མ་རིག་མུན་པ་མ་བསལ་སངས། ། གསལ་བའི་སྒྲོན་མེ་བཏེགས་པ་འདྲ།། མ་ངེས་སྣང་བ་དཀར་དམར་འདི།། མཁའ་གསལ་ཡེ་ཤེས་རང་གསལ་བས།། ཉིན་མཚན་མེད་པར་གསལ་འགྲིབ་མེད།། མཁའ་ལ་ཉི་མ་ཤར་བ་འདྲ། ། མཚན་མའི་དངོས་པོ་སྣ་ཚོགས་འདི།། ཆོས་ཉིད་སྐྱེ་མེད་རང་སྣང་བས།། མཐོང་ཡུལ་དམིགས་པའི་ངོས་གཟུང་མེད།། བར་སྣང་དག་པའི་སེར་བུ་འདྲ།། གཉིས་སྣང་མེད་པའི་ཆོས་ཉིད་འདི།། བཙལ་མེད་ངང་བཞག་རང་བསོ་བས། ། བྱ་བཙལ་སྤྲོས་པའི་སྣང་བ་མེད།། འབྱེད་མེད་མུན་པའི་སྨག་དང་འདྲ།། སེམས་ཉིད་རྣམ་དག་ཡེ་ཤེས་འདི།། མ་བཅོས་སོར་བཞག་རང་སྟོང་པས།། བརྟགས་ཞེན་མཚན་མའི་ཡུལ་ལས་འདས། ། མཐའ་མེད་ནམ་མཁའ་ཆེན་པོ་འདྲ།། སངས་རྒྱས་སེམས་ཅན་གཉིས་འཛིན་འདི།། ལམ་གྱིས་བཅོས་མེད་རང་རིག་པས།། ཆེ་བའི་རེ་སྨོན་བསྒྲུབ་རྩོལ་མེད།། འཁོར་ལོས་སྒྱུར་བའི་རྒྱལ་པོ་འདྲ།། སྐྱེ་མེད་རང་བྱུང་ཡེ་ཤེས་འདི། ། མ་བཙལ་མ་བསྒྲུབས་རང་ཉིད་ལས།། འགག་མེད་གྲོལ་ནས་གྲོལ་ལམ་སྟོན།། བར་སྣང་འཁྲུལ་པའི་གློག་དང་འདྲ།། མ་བྱུང་མ་སྐྱེས་སྙིང་པོ་འདི།། མིང་དུ་བསྟན་མེད་རང་སར་སངས། ། གཞན་ལ་བསྟན་ཅིང་སྨྲ་རུ་མེད།། གཞོན་ནུ་མ་ཡི་བདེ་བ་འདྲ།། ཀ་དག་ཆོས་སྐུ་བུན་ཁྱབ་འདི།། རྒྱ་ཆད་མེད་པར་རང་དངས་པས།། ཡོན་ཏན་ཀུན་རྫོགས་འཕེལ་འགྲིབ་མེད།། དགོས་འདོད་ཀུན་འབྱུང་ནོར་བུ་འདྲ། ། བློ་འདས་མུ་མེད་ཆོས་འདས་འདི།། སློབ་དཔོན་མེད་པར་རང་གྲོལ་བས།། བཙལ་མེད་བདེ་ཆེན་རང་ལས་རྙེད།། རྟ་རྔ་སྦྲུལ་གྱི་མདུད་པ་འདྲ།། མ་རྟོགས་དམན་པའི་གོལ་སྒྲིབ་འདི།། ཐིག་ལེའི་ཀློང་དུ་རང་ཞི་བས། ། བསྒྲིབ་བྱ་སྒྲིབ་བྱེད་ཀ་ནས་དག། ནམ་འཁར་ནམ་མཁའ་ཐིམ་པ་འདྲ།། གཉིས་འཛིན་གཟུང་ཡིད་ཞགས་པ་འདི།། དབྱེ་བསལ་མེད་པར་རང་ཆད་པས།། སྲིད་པའི་འཆིང་བ་མ་ལུས་གྲོལ།། མདུད་རྒྱའི་སྤྱི་མདུད་བཅད་པ་འདྲ། ། ཉོན་མོངས་བརྒྱད་ཁྲིའི་དམག་དཔུང་འདི།། རྟེན་པ་མེད་པར་རང་བརླགས་པས།། འཁོར་བའི་གཡུལ་ངོ་མ་ལུས་བཟློག། རྡོ་ཚན་ཁ་བ་བབས་པ་འདྲ།། སྣང་བརྟགས་གཟུང་ཞེན་སྤྲོས་པ་འདི། ། མཐའ་གསལ་བར་སྣང་རང་བཅད་དེ།། བདག་གཞན་ཕྱོགས་བྲལ་མིང་མེད་པ།། མཚོན་ཆའི་འཁོར་ལོ་བསྐོར་བ་འདྲ།། དྲང་དོན་ཐེག་པའི་བྱ་བཙལ་འདི།། བླང་དོར་མེད་པར་རང་བཞག་པས། ། དགེ་སྡིག་ལས་ཀྱི་མཐའ་ལས་གྲོལ།། མཁའ་ལ་མདུད་པ་བོར་བ་འདྲ།། བཙལ་མེད་ཤུགས་འབྱུང་ཐུགས་རྗེ་འདི།། འགག་པ་མེད་པར་རང་འཆར་བས།། རྩོལ་བའི་ཕྲིན་ལས་སྤྱད་དུ་མེད།། ནམ་མཁའི་ངང་ནས་ཆོ་འཕྲུལ་འདྲ། ། ཡང་དག་ངེས་དོན་གནས་ལུགས་ལ།། འདྲ་བཞི་ཕྱོགས་མཐུན་དང་པོ་ཡི།། རང་ངོར་དཔེ་ཡིས་མཚོན་ཚུལ་འདས།། ང་ཡི་དགུ་རྩེའི་སྤྱི་ཏི་འདིར།། སྤྲོས་པ་རང་གི་ཐོག་ཏུ་བཅད།། རང་ངོ་རང་གིས་རང་ལ་སྤྲད། ། རང་གདང་རང་གྲོལ་ཐོག་ཏུ་བཅའ།། ཆོས་འདས་རང་ལ་རང་གིས་བཟླའོ།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། འཁྲུལ་པའི་རྩ་བ་སྤྲོས་པ་རང་ཐོག་ཏུ་བཅད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ།། དོན་ལ་འཁྲུལ་རྩད་མ་ཆོད་ན།། ཚིག་ཏུ་འབྱམས་པའི་ཉེས་པ་གང། ། ངོ་སྤྲོད་གནད་ཀྱི་ཇི་ལྟར་སྤྲད།། དོན་གྱི་ཀློང་དུ་བཞག་ཐབས་གང།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཁྱོད་ཀྱིས་དེ་ལྟར་ཞུས་པ་ལེགས།། ཚིག་ཏུ་མཚོན་གྱིས་ལེགས་པར་ཉོན།། མ་རྟོགས་ཚིག་ལ་འབྱམས་པ་འདིས། ། སྤྱི་ཏི་མི་མཐོང་འཁོར་བར་འཁྱམས།། འཁོར་བའི་མཚན་ཉིད་མ་ཤེས་ན།། འཁྲུལ་སྣང་འདི་ལ་བློ་མི་བཟློག། འཇིག་རྟེན་བྱ་བ་མ་བཏང་ན།། བདེ་ཆེན་རྣམ་གྲོལ་ལམ་མི་རྙེད། ། དུག་ལྔ་རང་སར་མ་ཟད་ན།། རིག་པ་འཆིང་བ་ལས་མི་གྲོལ།། དྲན་རིག་དབྱིངས་སུ་མ་ཐིམ་ན།། ཆེ་བའི་ཡེ་ཤེས་དོན་མི་རྙེད།། རང་སྣང་རང་སར་མ་གྲོལ་ན།། སྐྱེ་མེད་ཆོས་སྐུའི་ངོ་མི་མཐོང།། འཁོར་འདས་ཀློང་དུ་མ་གྲོལ་ན། ། སྣང་སྲིད་གཉིས་འཛིན་འཕྲང་དུ་ཆུད།། གནས་ལུགས་རང་ངོ་མ་ཤེས་ན།། བསྐལ་པར་བཙལ་ཡང་རང་ཚི་ཆད།། རང་བྱུང་རྟེན་དང་མ་བྲལ་ན།། ཕུག་པས་རི་རྡིབ་བརྟེན་རྗེ་ཕུང།། འདུ་འབྲལ་མེད་པར་མ་རྟོགས་ན། ། གཞན་ནས་ཐོབ་བྱེད་ནོར་བའི་ལམ།། ཀུན་བཟང་ཆོས་འདས་མ་ཤེས་ན།། བཟང་བརྩོན་སངས་རྒྱས་འཕྲང་དུ་ཆུད།། ཤེས་རིག་སྟོང་སངས་མ་གྲོལ་ན།། འཁོར་བ་དོང་ནས་སྤྲུག་མི་ནུས། ། རྒྱལ་སྲས་རང་རིག་མ་ཤེས་ན།། སྲིད་པའི་མཚོ་ལས་སྒྲོལ་མི་ནུས།། དོན་མེད་བསྒོམ་མེད་གཞིར་འཇོག་པ།། རང་རྒྱུད་ཐ་མལ་ལས་མི་འཕགས།། ཏིང་འཛིན་བསམ་གཏན་ལམ་འཛིན་པ།། འགྲོ་འདོད་ཆོས་ཀྱིས་རང་ཉིད་འཆིངས། ། ཐོག་མཐའི་རྩིས་གདབ་མ་གྲོལ་ན།། ཆོས་ཉིད་འགྱུར་བའི་སྐྱོན་དུ་གོལ།། འཁོར་འདས་ཀ་ནས་མ་དག་ན།། སྣང་བ་ངེས་པ་མེད་པར་འགྱུར།། གདེང་དུ་མ་གྱུར་ཐེ་ཚོམ་ན། ། གོལ་སྒྲིབ་འཁྲུལ་པའི་འཕྲང་མི་ཆོད།། རེ་དོགས་སྤང་བླང་མ་ཆོད་ན།། རྒྱུ་འབྲས་དམན་པའི་ལམ་དུ་གོལ།། གཡོ་མེད་ཕྱོགས་འཛིན་མ་སྟོངས་ན།། ཇི་ལྟར་འབད་ཀྱང་རྟག་ཆད་ཉིད།། མིང་མེད་མཐའ་སྟོངས་མ་རྟོགས་པར། ། རྒྱུ་འབྲས་རིམ་དགུར་སྤྱོད་པ་སྡུག། རང་དངས་འབྲལ་མེད་མི་ཤེས་པར།། མཉམ་བཞག་རྗེས་ཐོབ་སྙིང་རྗེའི་ཡུལ།། སྐྱེ་ཤིའི་གཞི་རྩ་མ་ཆོད་ན།། ཚོགས་གཉིས་བསགས་སྦྱངས་བདག་འཛིན་གྲོགས། ། བླ་མེད་སྤྱི་ཏི་མ་རྟོགས་ན།། སྣང་བརྟགས་ཞེན་གསུམ་ལས་མི་གྲོལ།། དེ་ན་ཀུན་རིག་ཁྱེའུ་ཆུང་ཁྱོད།། ཟང་ཐལ་འཛིན་མེད་ཆོས་འདས་སུ།། ཕྱོགས་འཛིན་སྤྲོས་ཐག་ཆོད་པར་གྱིས།། གཞི་ཡི་ཆོས་རྣམས་རླུང་ལ་བསྐུར། ། ལམ་ཀྱི་ཆོས་རྣམས་ཕྱགས་མས་ཐོབ།། འབྲས་བུའི་ཆོས་རྣམས་ཆུ་ལ་འཕོས།། གྲུབ་མཐའ་སྤྱི་མེས་དུར་དུ་སྐྱོལ།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྤྱི་ཏི་མ་རྟོགས་པའི་སྐྱོན་ངོས་བཟུང་ཞིང་ལ་བཟླ་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་གསང་བདག་སྟོན་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ང་ཡི་བླ་མེད་སྤྱི་ཏི་འདིར། ། ཡེ་གྲོལ་ཕྱོགས་མེད་ཀ་ནས་དག། ཡེ་གྲོལ་ཀུན་རྫོབ་རང་བཞིན་ལ།། བསྟན་བྱ་སྟོན་བྱེད་གཉིས་མེད་ཀྱང།། སྐལ་ལྡན་མ་རྟོགས་དོན་མཚོན་ཕྱིར།། ངོ་སྤྲོད་གདམས་པ་བསྟན་གྱིས་ཉོན།། སེམས་ཉིད་གདོད་ནས་ཆོས་སྐུ་འདི། ། དང་པོའི་བྱུང་ས་མ་ཤེས་ན།། མ་བུ་རང་ངོ་མི་འཕྲོད་དེ།། དམུས་ལོང་སྣང་མེད་འཁྱམས་པ་འདྲ།། ད་ལྟ་གནས་ས་མ་ཤེས་ན།། སྙིང་པོའི་ཁྱེར་ལུགས་མི་ཤེས་པས།། བྲ་བྱི་འཚང་སྒོ་སྟོང་པ་འདྲ། ། ཐ་མ་ཐིམ་ས་མ་ཤེས་ན།། དོན་ལ་ངེས་ཤེས་མི་ཐོབ་སྟེ།། ཁ་དྲག་ལམ་དུ་ཕྱིན་པ་འདྲ།། དེས་ན་དང་པོ་བྱུང་ས་ནི།། ཆོས་དབྱིངས་བརྡལ་བ་ཆེན་པོ་ཡི།། རིན་ཆེན་འོད་འབར་གཞལ་ཡས་ཁང།། སྐྱེ་མེད་ཀ་དག་ཉིད་དུ་བྱུང། ། བར་དུ་གནས་ས་བསྟན་པ་ནི།། ཙིཏྟ་རིན་ཆེན་གཞལ་ཡས་ཁང།། རྩ་བརྒྱད་དངས་མ་ལྔ་ཡི་དབུས།། ཀུན་གཞི་འོད་ཀྱི་གཞལ་ཡས་ཁང།། ཆོས་དབྱིངས་གཏིང་གསལ་གཡོ་མེད་ན།། ཕྱི་ནང་གསང་བའི་འཁོར་ཚོགས་དང། ། འདུ་འབྲལ་མིང་འདོགས་མི་བྱེད་པར།། དུས་གསུམ་དུས་མེད་རྒྱུན་གནས་སུ།། དོན་གྱི་སྟོན་པ་སྐུ་གསུམ་ནི།། གཡོ་མེད་རྩིས་གདབ་མེད་པར་བཞུགས།། དེ་ཉིད་རང་ངོ་སྤྲོད་པའི་ཐབས། ། སྣོད་བཅུད་ལྡན་པའི་དཔོན་སློབ་གྱིས།། རྐྱེན་མེད་དབེན་པའི་གནས་སུ་འགྲོ།། ལུས་ངག་ཡིད་གསུམ་བྱ་བ་བཏང།། སྣང་ཚུལ་རོལ་པའི་སྐུར་གནས་མཆོད།། ལུས་ངག་ཡིད་གསུམ་རང་རིག་བཅའ། ། སྒོ་ལྔ་གཡོ་མེད་ཧར་པོར་བཞག། ལྟ་སྟེངས་མཁའ་གསལ་དག་པ་ལ།། དྲན་རིག་ནམ་མཁར་འཕང་སྟེ་བོར།། ཡིད་ཀྱི་འགྱུ་བ་རོལ་ཏུ་བསད།། སེམས་ཉིད་གཏིང་གསལ་དངས་པར་བཞག། ཐོག་མའི་སངས་རྒྱས་ངོ་སྤྲད་པ།། བསམ་གྱིས་མི་ཁྱབ་ལྷ་ཁང་ན།། ཀུན་ཁྱབ་དངོས་མེད་ཆོས་ཀྱི་སྐུ།། ཡང་དག་སངས་རྒྱས་རང་གནས་འབར།། དེ་ཉིད་རང་ངོ་སྤྲོད་པའི་ཐབས།། གཉིས་འཛིན་ཐམས་ཅད་སྤྲོས་བཅད་ལ། ། བསམ་ཡས་ངང་དངས་རིན་ཆེན་སྐུ།། ཐིག་ལེ་ཁོང་ཤར་རང་ངོ་སྤྲད།། གསལ་དག་ལོངས་སྐུ་ངོ་སྤྲད་པ།། རང་དག་ཟང་ཐལ་གཞལ་ཡས་ན།། སྙིང་པོ་དྲི་མེད་ཀ་དག་བཞུགས།། དེ་དང་རང་ངོ་སྤྲད་པའི་ཐབས། ། མ་རིག་མུན་པ་གཉིས་མེད་གསལ།། ཆོས་ཉིད་རིན་ཆེན་ཀ་དག་ལྷ།། རྣལ་མ་ཟང་ཀ་རང་ངོ་སྤྲད།། དེ་འདོད་ལོངས་སྤྱོད་རྫོགས་སྐུ་སྤྲད།། ཐ་མའི་སངས་རྒྱས་ངོ་སྤྲད་པ།། ཆོས་དབྱིངས་སྣང་གསལ་དཀྱིལ་འཁོར་ན། ། གཉིས་མེད་སོར་བཞག་སྤྲུལ་སྐུ་བཞུགས།། དེ་དང་རང་ངོ་སྤྲད་པའི་ཐབས།། ཞེ་འདོད་ཐམས་ཅད་སྤྲོས་བཅད་ལ།། རང་དག་རང་གྲོལ་དབྱེ་བསལ་མེད།། གང་སྣང་ཆགས་འཛིན་དགག་བསྒྲུབ་བྲལ། ། གཉིས་མེད་སྤྲུལ་པའི་སྐུ་དང་ཕྲད།། རེ་མེད་རང་གནས་དོན་མཐོང་ནས།། བྱ་རྩོལ་རེ་དོགས་མཐའ་ལས་གྲོལ།། ཐ་མ་ཐིམ་ས་བསྟན་པ་ནི།། ཆོས་འདས་དངོས་མེད་ཟང་ཀའི་ངང།། ཡུལ་མེད་མཁའ་གསལ་ཆེན་པོའི་ཀློང། ། གཞི་འདས་སྐྱེ་མེད་ཀུན་མཁྱེན་ཐུགས།། མཚོན་འདས་བསམ་རྡུགས་ཕྱོགས་བྲལ་དོན།། སྐུ་འདས་མིང་མེད་མཐའ་སྟོངས་སུ།། ཆོས་སྐུ་རྒྱ་ཆད་མེད་པར་ཐིམ།། རྩིས་གདབ་དབྱེ་བསལ་ཡུལ་ལས་འདས། ། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། ཆོས་འདས་དོན་གྱི་སྐུ་གསུམ་རང་ངོ་སྤྲད་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་གསང་བདག་སྟོན་པ་ཡིས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྤྱི་ཏིའི་དོན་ལ་གཞག་པ་ནི།། གཞག་བྱ་འཇོག་བྱེད་ཀ་དག་ཀྱང།། རེ་ཞིག་མ་རྟོགས་བློ་ཅན་ལ།། ཆོས་འདས་དོན་ལ་བཞག་ཐབས་བསྟན།། མཁའ་གསལ་དཔེ་ནི་ནམ་མཁའ་ལ། ། འཆར་སྒོ་གསལ་བྱེད་མི་བསྐྱོད་བགྲད།། ཀ་དག་དོན་གྱི་ཆོས་ཉིད་ལ།། སེམས་ཀྱིས་འཛིན་པ་མེད་པར་བཞག། ཆོས་དབྱིངས་གསལ་ཁྱབ་དངས་པ་ལ།། རིག་པ་གཏིང་གསལ་ཆེན་པོར་བཞག། མ་བཅོས་སྤྲོས་བྲལ་ཀློང་ཡངས་སུ།། འགྱུར་བ་དངས་སངས་ཆེན་པོར་བཞག། འགག་མེད་རྩལ་གྱི་རང་འོད་རྣམས།། ཚོར་བ་རྗེས་མེད་རང་སར་བཞག། ངང་དངས་ཀུན་ཁྱབ་ཟང་ཐལ་ལ།། ཆོས་སྐུ་གཅེར་བུ་ཀློང་དུ་བཞག། ཆོས་དབྱིངས་སྣང་གསལ་དཀྱིལ་འཁོར་དུ།། བསམ་བྲལ་སྟོང་པ་ཧལ་པོར་བཞག། གཉིས་མེད་ཐིག་ལེ་ཉག་གཅིག་ལ།། ཤེས་རབ་རང་བརྡོལ་ཆེན་པོར་བཞག། ཅང་མེད་ཅིར་སྣང་རོལ་པ་རྣམས། ། ཡུལ་མེད་སྣང་གྲོལ་རང་སར་བཞག། དབྱིངས་ལས་ཤར་བའི་རིག་པ་འདི།། མ་བུ་དབྱེར་མེད་རང་སོར་བཞག། སྒོ་ལྔའི་རྣམ་ཤེས་རང་བྱུང་འདི།། འཇའ་ལྟར་མཁའ་ལ་རང་ཡལ་བཞག། དགོངས་པ་ཕྱོགས་མེད་མཐའ་གྲོལ་ལ།། ཡངས་དོག་རྒྱ་ཆད་མེད་པར་བཞག། ཀུན་གཞི་མཁའ་ལྟར་དག་པ་ལ།། ཡིད་གཉིས་འགྱུ་སྟོང་རྗེས་མེད་བཞག། སྣང་ཡུལ་མེ་ལོང་ལྟར་གསལ་ལ།། སྐྱེན་སྣང་སྐྱེ་མེད་རང་གྲོལ་བཞག། གནས་ལུགས་འདུ་འབྲལ་གནས་མེད་པས།། གང་ནས་བཙལ་མེད་ངང་དུ་བཞག། སྒྲིབ་གཉིས་ཡེ་ནས་རང་དག་པས།། བླང་དོར་དབྱེ་བསལ་མེད་པར་བཞག། རང་བྱུང་ཡེ་ཤེས་རང་ཤར་བས། ། བཙལ་སེམས་སྒྲིབ་པ་མེད་པར་བཞག། འཁོར་འདས་ཆོས་ཀུན་ཡེ་གྲོལ་ལ།། གྲོལ་འདོད་འཆང་པ་མེད་རང་བཞག། གདོད་དག་སྐྱོན་བྲལ་མཐོང་མེད་ལ།། འདོད་རློམས་རྩིས་གདབ་མེད་པར་བཞག། སྐུ་གསུམ་རེ་མེད་རང་གནས་ལ། ། བསྒྲུབ་འདོད་རེ་སྨོན་མེད་པར་བཞག། ས་ལམ་བགྲོད་མེད་གཅིག་རྫོགས་ལ།། བགྲོད་མེད་རང་བརླག་ཆེན་པོར་བཞག། སེམས་ཉིད་མཚོན་འདས་བླ་མེད་ལ།། དཔེ་དོན་མཚོན་བརྗོད་མེད་པར་བཞག། ཆོས་དབྱིངས་གཏིང་ཡངས་མཐའ་གྲོལ་ལ།། མཐའ་ཐུག་རྩལ་དང་བྲལ་བར་བཞག། དམ་ཚིག་བསྲུང་མཚམས་ཕྱོགས་མེད་ལ།། གཉིས་འཛིན་སྒྲིབ་པ་མེད་པར་བཞག། སྣོད་བཅུད་རྒྱལ་བའི་ཞིང་ཁམས་ལ། ། འཁོར་འདས་གཉིས་འཛིན་རང་སངས་བཞག། ཅིར་སྣང་སྐྱེ་མེད་ཆོས་སྐུ་ལ།། སྐྱེ་འཆི་འཕོ་འགྱུར་མེད་པར་བཞག། མཁའ་གསལ་རང་དངས་ཡེ་ཡིན་ལ།། དབང་བཞི་བསྐུར་ཐོབ་མིན་པར་བཞག། ཅིར་སྣང་གསལ་སྟོང་དུས་མཉམ་ལ།། སྐྱོན་ཡོན་སྤང་བླང་མེད་པར་བཞག། སྙིང་པོ་མཐོང་རྟོགས་དུས་མཉམ་ལས།། ཞེ་འདོད་ལྟོས་པ་མེད་པར་བཞག། འགག་མེད་ཐོལ་བྱུང་ཀློང་ཐིམ་ལ།། གོལ་སྒྲིབ་བྱིང་རྒོད་གསལ་བ་མེད། ། གཞན་སྐྱོན་སེལ་མེད་ཀ་དག་ལ།། ངན་རྟོག་དགག་ཏུ་མེད་པར་བཞག། ངང་དངས་ཡེ་ཤེས་རྒྱུ་མ་ལ།། མཉམ་རྗེས་ཐུན་མཚམས་མེད་པར་བཞག། དམིགས་འཛིན་གཟའ་གཏད་བསམ་བྲལ་ལ། ། བསྒོམ་བྱ་སྒོམ་བྱེད་མེད་པར་བཞག། ཕྱོགས་མེད་རང་ཤར་མཐའ་སྟོངས་ལ།། གཞན་དུ་བཀོལ་བ་མེད་པར་བཞག། ཡེ་ནས་གཏད་མེད་ཟང་ཐལ་ལ།། གོམ་འདྲིས་ཀ་དག་རྣམ་པར་བཞག། རྒྱུ་རྐྱེན་འཕེལ་འགྲིབ་མིང་མེད་ལ། ། དགེ་སྡིག་བློ་ལས་གྲོལ་བར་བཞག། གཞག་བྱ་འཇོག་བྱ་མཚོན་པ་ཉིད།། མིང་འདོགས་མཐའ་ལས་འདས་པ་སྟེ།། མཐའ་ལྔའི་རྒྱ་ལས་གྲོལ་བའོ།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། བཞག་ཏུ་མེད་པའི་བཞག་ཐབས་མཚོན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ། ། གེགས་སེལ་ཤན་འབྱེད་ལ་བཟླ་བ།། དགུ་རྩེ་སྤྱི་ཡི་མན་ངག་གང།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྤྱི་ཡི་ཞུས་དོན་བཤད་ཀྱིས་ཉོན།། གནས་ལུགས་གཏན་ལ་མ་ཕེབས་ན། ། བྱ་སྒྲོ་རླུང་གིས་ཁྱེར་བ་འདྲ།། ཀུན་གཞི་ཆོས་སྐུ་མ་ཕྱེད་ན།། ཆུ་དང་འོ་མ་འདྲེས་པ་འདྲ། འཁྲུལ་པ་རྩད་ནས་མ་ཆོད་ན།། ལྗོན་ཤིང་ཡལ་ག་བྲེགས་པ་འདྲ།། སེམས་དང་སེམས་ཉིད་མ་ཕྱེད་ན།། བུ་རམ་སྦྲང་རྩི་འདྲེས་པ་འདྲ། ། མ་རིག་ཡེ་ཤེས་མ་ཕྱེད་ན།། གསེར་དང་གཡའ་རུ་འདྲེས་པ་འདྲ།། སེམས་དང་བག་ཆགས་མ་ཕྱེད་ན།། དུག་དང་སྨན་དུ་འདྲེས་པ་འདྲ།། འཁོར་འདས་བྱེ་བྲག་མ་ཕྱེད་ན།། མཁའ་ལ་བགྲོད་པར་འདོད་པ་འདྲ། ། བལྟ་མཁན་རང་ངོས་མ་ཟིན་ན།། དམུས་ལོང་ཐང་སྟོང་བོར་བ་འདྲ།། སྒོམ་མཁན་རང་ངོས་མ་ཟིན་ན།། རི་དྭགས་སྨིག་རྒྱུ་བསྙེགས་པ་འདྲ།། སྤྱོད་མཁན་རང་ངོ་མ་ཤེས་ན།། རི་དྭགས་རྒྱ་ལ་ཚུད་པ་འདྲ། ། སྒྲུབ་མཁན་རང་ངོ་མ་ཟིན་ན།། ཁྱུང་ཆེན་ནམ་མཁའི་མཐའ་ཚོལ་འདྲ།། འབྲས་བུ་རང་ངོས་མ་ཟིན་ན།། རྒྱལ་བུ་གང་འཁྱམས་སྤྱོད་པ་འདྲ།། གནས་ལུགས་ཕྱོགས་བྲལ་ཀུན་རྫོགས་ཀྱང། ། རྒྱ་ཆད་མེད་པས་ནོར་བུ་འདྲ།། དབྱིངས་ཀྱི་ཀློང་ལས་འདས་པ་མེད།། མཁའ་ལ་བྱ་ཡིས་ཕུར་པ་འདྲ།། ཀུན་གཞི་འཁོར་འདས་འབྱུང་གཞིར་ཡོད།། ཀུན་འབྱུང་རྒྱལ་པོའི་བང་མཛོད་འདྲ།། ཆོས་སྐུ་སྐྱེ་མེད་མུ་མཐའ་སྟོངས། ། ལྡོག་མེད་བསེ་ཞིང་འབྲས་བུ་འདྲ།། འཁྲུལ་རྩ་རང་འཛིན་རྩད་ནས་བཅད།། སྡོང་པོ་རྩད་ནས་བཅད་པ་འདྲ།། སེམས་ནི་རྣམ་ཤེས་ཚོགས་བརྒྱད་དེ།། འགག་མེད་ནམ་མཁའི་ཆོ་འཕྲུལ་འདྲ། ། སེམས་ཉིད་སྨྲ་བསམ་ཡུལ་འདས་ཏེ།། སྐྱོན་བྲལ་ནམ་མཁའ་དག་པ་འདྲ།། མ་རིག་འཛིན་བྱེད་ཤེས་པ་སྟེ།། མཐོང་མེད་འཛིན་ཡོད་ལོང་བ་འདྲ།། ཡེ་ཤེས་གསལ་དག་ཟང་ག་སྟེ།། མཁའ་ལ་ཉི་མ་ཤར་བ་འདྲ། ། སེམས་ནི་འཁོར་འདས་གཉིས་ཀར་འགྱུར།། རས་དཀར་དྲི་མ་མེད་པ་འདྲ།། བག་ཆགས་འཁོར་བའི་ས་བོན་ཏེ།། མཐོང་མེད་གནོད་པ་འདྲེ་རྐུན་འདྲ།། གཉིས་འཛིན་རྟོག་པ་འཁོར་བ་སྟེ།། ཐོ་ཡོར་མི་རུ་འཁྲུལ་པ་འདྲ། ། དེ་ཉིད་གྲོལ་བ་མྱང་འདས་ཏེ།། འཁྱག་རོམ་ཆུ་རུ་ཞུ་བ་དང།། བལྟ་མཁན་ངོས་ཟིན་གྲུབ་མཐའ་སྟོར།། གཞི་མེད་བར་སྣང་ནམ་མཁའ་འདྲ།། སྒོམ་མཁན་ངོས་ཟིན་རང་སར་གྲོལ།། ཆུ་བུར་ཆུ་ལ་ཐིམ་པ་འདྲ། ། སྤྱོད་མཁན་ངོས་ཟིན་མཚན་མ་སངས།། རང་གི་རོལ་པ་གར་མཁན་འདྲ།། སྒྲུབ་མཁན་ངོས་ཟིན་འདུ་འབྲལ་མེད།། མོ་གཤམ་བུ་ཡི་ཆུང་མ་འདྲ།། འབྲས་བུ་ངོས་ཟིན་རེ་དོགས་ཆད།། རྒྱལ་སྲིད་ཐོབ་པའི་རྒྱལ་པོ་འདྲ། ། དེ་ལྟར་བསྟན་པ་ཐམས་ཅད་ཀྱང།། ཅང་མེད་ཅིར་སྣང་རང་སར་གྲོལ།། དབྱིངས་ལས་མ་རྟོགས་ཡུལ་མེད་པས།། དངོས་པོའི་མཚན་མ་ཀ་ནས་དག། ཆོས་ཀུན་བཏགས་ཆགས་མིང་ཡིན་པས། ། བདེན་རྫུན་ཆགས་སྡང་ཀ་ནས་དག། རང་ངོ་མཐོང་ལས་བལྟ་བ་མེད།། གོལ་སྒྲིབ་འཁྲུལ་པ་ཀ་ནས་དག། སེམས་ཉིད་མཐོང་ལས་བསྒོམ་པ་མེད།། བྱིང་རྒོད་བག་ཆགས་ཀ་ནས་དག། རང་སྣང་གྲོལ་ལས་སྤྱོད་པ་མེད།། བྱ་བཙལ་གཉིས་འཛིན་ཀ་ནས་དག། སྐྱེ་མེད་རྟོགས་པས་དབང་བསྐུར་མེད།། བསྐུར་ཐོབ་རིམ་པ་ཀ་ནས་དག། གཡོ་རྩོལ་བྲལ་ལ་ས་ལམ་མེད།། ལམ་ལྔ་ས་བཅུ་ཀ་ནས་དག། སྙིང་པོར་གནས་ལ་དམ་ཚིག་མེད།། བསྲུང་ཉམས་མཚན་མ་ཀ་ནས་དག། སྐུ་གསུམ་གཞིར་སྨན་འབྲས་བུ་མེད།། རེ་དོགས་སྨོན་ཐོབ་ཀ་ནས་དག། རང་ངོ་སྤྲད་པས་སངས་རྒྱས་མེད།། སྐྱེ་ཤི་ཐ་སྙད་ཀ་ནས་དག། སྤྱི་ཏི་རྟོགས་ལ་ཐམས་ཅད་མེད།། མེད་པ་མ་ཡིན་ཐམས་ཅད་རྫོགས།། ཡོད་མེད་གཉིས་མིན་གཅིག་མེད་ཡིན།། མཐའ་བཞིའི་རྒྱལ་ས་རྣམ་པར་གྲོལ།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྤྱིའི་གེགས་བསལ་ཞིང་ཤན་དབྱེ་ལ་བཟླ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ། ། སེམས་ཉིད་བླ་མེད་སྤྱི་ཏི་འདིར།། ཆོས་རྣམས་དགོངས་པ་ཇི་ལྟར་འདུས།། ཞེས་ཞུས་པས། གསང་བདག་སྟོན་པས་བཀའ་སྩལ་པ།། ང་ཡི་བླ་མེད་སྤྱི་ཏི་འདིར།། ཆོས་རྣམས་འདུས་ལུགས་བསྟན་གྱིས་ཉོན། ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན།། བྱང་ཆུབ་སེམས་ཀྱི་ངང་དུ་འདུས།། འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ཀུན།། མ་རིག་གཟུང་འཛིན་གཉིས་ལ་འདུས།། ལོག་པར་ལྟ་བ་མ་ལུས་པ།། རྟག་ཆད་གཉིས་ཀྱི་ནང་དུ་འདུས། ། ཉན་ཐོས་རང་རྒྱལ་དགོངས་པ་ནི།། གཅིག་ཏུ་ཐར་པ་བསྒྲུབ་པར་འདུས།། རྒྱུ་ཡི་ཐེག་ཆེན་དགོངས་པ་ནི།། གཞན་དོན་གཉིས་མེད་སྤྱོད་པར་འདུས།། ཐེག་ཆེན་སྤྱི་ཡི་དགོངས་པ་ནི། ། ཤེས་རབ་སྙིང་རྗེ་ཆེ་ལ་འདུས།། བྱང་ཆུབ་སེམས་དཔའི་ཏིང་འཛིན་རྣམས།། སྣང་ལ་རང་བཞིན་མེད་པར་འདུས།། སྤྲུལ་སྐུ་སངས་རྒྱས་དགོངས་པ་ནི།། མེད་ལས་འདོད་དགུ་འབྱུང་བར་འདུས།། བཀའ་ལུང་ཀུན་གྱི་ཕྱི་མོ་ནི། ། རང་རིག་ཡེ་ཤེས་འདི་ལ་འདུས།། ཕྱི་ཡི་ཡུལ་རྣམས་མ་ལུས་པ།། མ་བཅོས་ཆོས་ཀྱི་དབྱིངས་ལ་འདུས།། ཕྱི་ནང་སྣོད་བཅུད་མ་ལུས་པ།། སྙིང་པོ་ཀུན་ཁྱབ་ཀློང་དུ་འདུས།། གསང་སྔགས་ཕྱི་ནང་དགོངས་པ་ཀུན། ། སྣོད་བཅུད་ཞེན་པ་གྲོལ་ལ་འདུས།། ཁྱད་པར་སྣང་བའི་དགོངས་པ་ཀུན།། བླང་དོར་གཉིས་འཛིན་གྲོལ་ལ་འདུས།། སྐུ་དང་ཡེ་ཤེས་མ་ལུས་པ།། རང་རིག་གསལ་དག་འདི་ལ་འདུས།། ཆོས་རྣམས་སྤྱི་ཡི་རང་བཞིན་ནི། ། སྟོང་ཞིང་བདག་དང་བྲལ་ལ་འདུས།། ཡང་དག་ངེས་དོན་གདམས་ངག་ཀུན།། གསལ་དང་ཡེངས་མེད་ངང་ལ་འདུས།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྣམས།། རྩ་བ་ངར་འཛིན་གཅིག་པུར་འདུས། ། འདུལ་བྱེད་ཆོས་སྒོ་དཔག་མེད་རྣམས།། བདག་འཛིན་རྩད་ནས་གཅོད་པར་འདུས།། གཅོད་ཚུལ་བསམ་གྱིས་མི་ཁྱབ་ཀྱང།། བསྡུས་ན་ཐེག་པ་རིམ་དགུར་འདུས།། རིམ་དགུའི་འདོད་པ་རྣམ་མང་ཡང། ། ཡང་རྩེ་རྫོགས་པ་ཆེན་པོར་འདུས།། ཆོས་སྐུའི་བསྟན་པ་རྫོགས་ཆེན་རྣམས།། སྡེ་གསུམ་ནང་དུ་འདུས་པར་བསྟན།། སེམས་སྡེ་ཀློང་སྡེ་མན་ངག་སྡེ།། དེ་ཡང་རྫོགས་ཆེན་སེམས་སྡེ་ནི།། གཞི་ཉིད་མདུང་སྒྱུར་ཆེན་པོར་བསྟན། ། ཀློང་སྡེའི་རྫོགས་པ་ཆེན་པོ་ནི།། འབྲས་བུ་ཡེ་གྲོལ་ཆེན་པོར་བསྟན།། མན་ངག་སྡེ་ཡི་རྫོགས་ཆེན་ནི།། ལམ་གསུམ་ཐ་དད་ཉིད་དུ་བསྟན།། དེ་དག་ཀུན་གྱི་སྤྱི་ཕུད་ནི།། བཅུ་རྩི་སྤྱི་ཏི་འདིར་འདུས་ཏེ། ། ཐེག་པའི་ཆོས་ཀུན་ལ་བཟླར་བཤད།། ལ་བཟླའི་ཕྱོགས་སུ་རྒྱ་མ་ཆད།། གཉིས་ཀའི་ཕྱོགས་སུ་རྒྱ་མ་ཆད།། གཉིས་མེད་དུ་ཡང་རྒྱ་མ་ཆད།། སྐྱེ་མེད་ཀ་དག་མཐའ་ལས་གྲོལ།། ཞེས་གསུངས་སོ། ། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། ཆོས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་ལ་བཟླ་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས། ། གསང་བདག་སྟོན་པ་ལ་ཞུས་པ།། རྒྱུད་འདིའི་མཚན་དོན་ཇི་ལྟར་གཟུང།། གཏད་པའི་གནད་ནི་གང་ལ་གཏད།། ཅེས་ཞུས་པས། གསང་བདག་སྟོན་པས་བཀའ་སྩལ་པ།། དགོས་འདོད་ཀུན་འབྱུང་རྒྱ་ཆད་མེད། ། ཀུན་བྱུང་རིན་ཆེན་རྒྱུད་ཅེས་བྱ།། བཏགས་ཆགས་བཟུང་ཞེན་ཀུན་བདུད་ལ།། ཀ་དག་ཕྱོགས་བྲལ་རྩིས་འདེབས་པས། བླ་མེད་བདུད་རྩིའི་རྒྱུད་ཅེས་བྱ།། གསང་བདག་ང་ཡི་ཐུགས་ཀྱི་བཅུད།། ཀུན་རིག་འཁོར་ལ་འདིར་ཐིགས་པས། ། སྙིང་པོ་བཅུད་ཐིགས་རྒྱུད་ཅེས་བྱ།། འབྲེལ་དང་མ་ཚང་མེད་རྫོགས་པས།། རྒྱ་མ་ཆད་པས་རྒྱུད་ཅེས་བྱ།། ང་ཡི་སྐུ་གསུང་སངས་རྒྱས་ཀྱི།། དགོངས་པ་ཐམས་ཅད་འདིར་འདུས་པས། ། དགོངས་འདུས་ཆེན་པོའི་རྒྱུད་ཅེས་བྱ།། ཐེག་དགུའི་འདོད་པ་ལ་ཟློས་པས།། བཅུ་རྩེ་སྤྱི་ཏིའི་རྒྱུད་ཅེས་བྱ།། ཕྱི་རབས་རྒྱུད་དག་སྐལ་བར་ལྡན།། ཐོད་རྒལ་བློ་ལྡན་རྣམས་ལ་གཏོད།། ཅེས་གསུངས་སོ། ། རྒྱུད་ཐམས་ཅད་ཀྱིས་རྒྱལ་པོ་རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ལས། མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བདག་སྟོན་པ་ལ་ཞུས་པ། ། སེམས་ཉིད་སྤྱི་ཏིའི་རྒྱུད་ཆེན་རྣམས།། སྟོན་པའི་ཐུགས་ལས་བཅུད་ཕྱུང་ནས།། འདུས་པའི་འཁོར་ཚོགས་རྣམས་ལ་གཏད།། མ་འོངས་ཐ་མའི་དུས་ཀྱི་ཚེ།། མི་མཇེད་སྐལ་ལྡན་སྐྱེས་བུ་ཡིས།། ཚིག་རྒྱུད་འཛིན་པའི་ཕན་ཡོན་གང། ། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། འདི་ཡི་ཕན་ཡོན་བསམ་ཡས་ཏེ།། རེ་ཞིག་མཚོན་པ་ཙམ་བསྟན་པ།། གནས་སུ་བཅང་བས་བར་ཆད་བསྲུངས།། ལུས་ལ་བཅང་བས་སྒྲིབ་གཉིས་སེལ། ། བཀླག་པ་ཙམ་གྱིས་ཚོགས་གཉིས་རྫོགས།། མཐོང་བ་ཙམ་གྱིས་དོན་དང་འཕྲད།། ཐོས་པ་ཙམ་གྱིས་སྤྲོས་ཐག་ཆོད།། བཟུང་བས་ཆོས་ཀུན་བཟུང་དང་མཚུངས།། བསྐལ་པར་བསགས་པའི་སྒྲིབ་པ་ཡང། ། འདི་ནི་རྣ་བར་ཐོས་པས་སེལ།། མོས་པ་བྱས་པ་ཙམ་ལ་ཡང།། ས་བཅུའི་སྲས་དང་ཡོན་ཏན་མཉམ།། དོན་རྟོགས་གདེང་དུ་འདི་འཆང་ན།། ཡོན་ཏན་བསམ་དང་བརྗོད་ལས་འདས། ། ཡིད་བཞིན་ནོར་བུ་རིན་ཆེན་འདྲ།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། ཕྱི་རབས་ཀྱིས་བཟུང་བའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་རྫོགས་སོ།།།། ཨུ་རྒྱན་གྱི་མཁས་པ་པདྨ་འབྱུང་གནས་དང། བོད་ཀྱི་ལོ་ཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གདམས་པ། ད་ལྟ་སྤེལ་བའི་གནས་མེད་པའི་གཏེར་དུ་སྦས། གཏེར་རྒྱ། སྦས་རྒྱ། གཏད་རྒྱ།།།།
CLOSE WINDOW