CLOSE WINDOW

Gpb003.008: འཇམ་དཔལ་འདུས་པའི་རྒྱུད
Wylie

རྒྱ་གར་སྐད་དུ། ཤྲཱི་མཉྫུ་ས་མུ་དཱ་ཡ་ཏནྟྲ། བོད་སྐད་དུ། འཇམ་དཔལ་འདུས་པའི་རྒྱུད། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་དུ་ནི་བཞུགས་གནས་ནི། ། སངས་རྒྱས་སེམས་ཅན་རྒྱབ་གྱེས་དུས།། འཁོར་གྱི་རྡོ་རྗེ་སེམས་དཔའ་ལ།། ཡང་ཏི་ནག་པོའི་བསྟན་པ་ཤར།། སྡུད་བྱེད་རོ་ལངས་བདེ་བས་བསྡུས།། འཇམ་དཔལ་འདུས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ལགས།། རྫོགས་པ་ཆེན་པོའི་དོན་ཆེན་ལ།། དབང་ལ་བསྐུར་བའི་དོན་རྣམས་དང།། ལམ་སྦྱངས་བགྲོད་ཚོགས་བསགས་པ་དང། ། སྒྲིབ་སྦྱང་དམ་ཚིག་དཀྱིལ་འཁོར་དང།། ལྷ་བསྒོམ་སྔགས་བཟླས་ཏིང་འཛིན་དང།། སྦྱིན་དང་ཚུལ་ཁྲིམས་སྨོན་ལམ་དང།། དེ་རྣམས་དོན་ཀྱང་བཤད་དུ་གསོལ།། ཞེས་ཞུས་སོ། ། འཇམ་དཔལ་འདུས་པའི་རྒྱུད་ལས། ཞུས་པའི་ལེའུ་སྟེ་གཉིས་པའོ།།།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། དབང་ལ་བསྐུར་མི་དགོས་པ་ནི།། བུམ་པ་ཐོབ་དང་གསང་དབང་དང། ། ཚིག་གི་དབང་དུ་ཐམས་ཅད་འདུས།། རང་ལུས་བུམ་པར་ཤེས་པ་ནི།། དེ་ནི་དབང་བསྐུར་དང་པོ་ཡིན།། རིག་སྣང་གཉིས་སུ་སྦྱོར་བ་ནི།། དེ་ནི་དབང་མཆོག་གཉིས་པ་ཡིན།། ཡེ་ཤེས་སྐུ་ཡིས་དོན་མཆོད་པས། ། དེ་ནི་དབང་བསྐུར་གསུམ་པ་ཡིན།། ཚིགས་རྣམས་ཐམས་ཅད་དོན་ལ་བསྡུས།། དེ་ནི་དབང་བསྐུར་བཞི་པ་ཡིན།། དབང་རྫས་རང་ལ་རབ་རྫོགས་པས།། སྣང་བ་རྫས་ཀྱི་ཁར་མ་ལུས།། ཞེས་གསུངས་སོ། ། འཇམ་དཔལ་འདུས་པའི་རྒྱུད་ལས། དབང་གིས་ལེའུ་སྟེ་གསུམ་པའོ།།།། ལམ་སྦྱངས་མི་དགོས་པའི་དོན་འདིའོ།། འབྱུང་བ་ལྔ་ལ་ལོངས་སྤྱོད་པས།། དེ་ནི་ཚོགས་ཀྱི་ལམ་པའོ།། དེ་ཉིད་འོད་གསལ་ཉིད་དུ་ཤར། ། དེ་ནི་སྦྱོར་བའི་ལམ་པ་ཡིན།། གཉིས་སྣང་མེད་པའི་ཡེ་ཤེས་གསལ།། དེ་ནི་མཐོང་བའི་ལམ་པའོ།། དེ་རྣམས་གཉིས་སུ་མེད་པར་གནས།། དེ་ནི་མཐར་ཕྱིན་ལམ་པའོ། ཞེས་གསུངས་སོ། ། འཇམ་དཔལ་འདུས་པའི་རྒྱུད་ལས། ལམ་གྱི་ལེའུ་སྟེ་བཞི་པའོ།།།། ས་ལམ་མི་བགྲོད་དོན་འདིའོ།། ས་རྣམས་མི་བགྲོད་རང་ལ་རྫོགས།། མཉམ་པར་ཤེས་ནས་ས་རྣམས་ཀུན་དང་མཉམ།། བགྲོད་མེད་དོན་ལ་གང་གནས་པ། ། དེ་ནི་ས་རྣམས་ནོན་པ་སྟེ།། གང་ཞིག་ས་རྣམས་བགྲོད་འདོད་པ།། ཕྱིན་པའི་དུས་མེད་ནོན་པའི་ཐབས་མེད་དེ།། དཔེར་ན་རི་དྭགས་སྨིག་རྒྱུ་བསྙེགས་དང་མཚུངས།། ཞེས་གསུངས་སོ། ། འཇམ་དཔལ་འདུས་པའི་རྒྱུད་ལས། སའི་ལེའུ་སྟེ་ལྔ་པའོ།།།། ཚོགས་རྣམས་མི་བསོག་དོན་འདིའོ།། ཚོགས་བསགས་དོན་ལ་རྣམ་གཉིས་ཏེ།། རྒྱུ་ཡིས་ཚོགས་དང་འབྲས་བུའོ།། རྒྱུ་ནི་ཐིག་ལེ་ལྷུན་གྲུབ་ལ། ། འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། གཉིས་སུ་མེད་པའི་ཆོས་སྐུ་ལ།། ཚོགས་གཉིས་རྣམ་པ་གཉིས་རྫོགས་པས།། ཚོགས་རྣམས་མི་གསོག་ཡེ་ནས་རྫོགས།། གཉིས་སྣང་མེད་པས་བསག་ཏུ་མེད། ། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། ཚོགས་ཀྱི་ལེའུ་སྟེ་དྲུག་པའོ།།།། སྒྲིབ་པ་སྦྱངས་པའི་དོན་འདིའོ།། སྒྲིབ་པ་ལ་ཡང་རྣམ་བཞི་སྟེ།། རིག་པ་སྤྲུལ་པའི་སྐུར་གྲུབ་པས། ། ཤེས་བྱའི་སྒྲིབ་པ་དེ་ལ་མེད།། སྣང་བ་རང་སྣང་ལོངས་སྐུ་ལ།། ཉོན་མོངས་སྒྲིབ་པ་སྦྱང་དུ་མེད།། གཉིས་སྣང་མེད་པའི་ཐིག་ལེ་ལ།། ལས་ཀྱི་སྒྲིབ་པ་སྦྱང་དུ་མེད།། ཆགས་པ་རང་བྱུང་ཡེ་ཤེས་ལ།། བག་ཆགས་སྒྲིབ་པ་སྦྱང་དུ་མེད། ། ཐམས་ཅད་ཐིག་ལེ་ཆོས་སྐུ་ལ།། སྒྲིབ་པ་བཞི་པོ་གང་དུ་སྦྱང།། སྦྱང་བའི་ས་དང་སྦྱོང་བའི་རྒྱུ།། གཉིས་སྤྱོད་ཕྱིར་ན་ཡང་ཏི་མིན།། ཇི་སྙེད་ཐེག་པ་འོག་མར་གོལ།། གོལ་ས་བཅད་ཕྱིར་དོན་འདི་བསྟན། ། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། སྒྲིབ་པ་སྦྱང་བའི་ལེའུ་སྟེ་བདུན་པའོ།།།། དམ་ཚིག་བསྲུང་དུ་མེད་པའི་དོན་འདིའོ།། ཆོས་སྐུ་ཁྱབ་པའི་གཅིག་པའི་ཕྱིར།། སྲུང་བའི་དམ་ཚིག་ས་མ་ཡ། ། འབུམ་དེ་བཀོད་པ་ཚིག་ཡིན་ཏེ།། ཚིག་ལ་མི་བརྟེན་རང་བྱུང་བས།། དེ་རྣམས་ཐིག་ལེར་འདུས་པས་ན།། ཐམས་ཅད་བསྲུང་བྱ་གང་ཡང་མེད།། བསྲུང་བྱ་སྲུང་བྱེད་གཉིས་བྱུང་ན།། དེ་ནི་ཡང་ཏི་ནག་པོ་མིན། ། ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར།། ཐེག་པ་འོག་མའི་ཁྱུ་རུ་གོལ།། དེ་ཕྱིར་ཡེ་བསྲུངས་དོན་འདི་བསྟན།། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། དམ་ཚིག་བསྲུང་བའི་ལེའུ་སྟེ་བརྒྱད་པའོ། །།། དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་འདིའོ།། ལྟེ་བ་མུ་འཁྱུད་འཁོར་ལོ་འཕགས།། ཟླ་གམ་རིན་ཆེན་ཟུར་གསུམ་རྣམས།། རང་ལས་སྣང་བ་ཕྱི་རུ་ཤར།། དེ་ལ་དམ་པར་འཛིན་པ་ནི། ། ཐེག་པ་འོག་མའི་འདོད་གཞུང་ངོ།། ཡང་ཏི་ནག་པོ་འདི་ལྟར་འདོད།། ཕྱི་ཡི་དཀྱིལ་འཁོར་རང་སྣང་ཡིན།། ནང་གི་དཀྱིལ་འཁོར་རང་བྱུང་ཡིན།། གསང་བའི་དཀྱིལ་འཁོར་གཉིས་མེད་ཡིན།། ཡང་ཏིའི་དཀྱིལ་འཁོར་བསྟན་པ་ནི། ། ཐམས་ཅད་ཡེ་ནས་སངས་རྒྱས་ཡིན།། ཡིན་པར་ཤེས་པས་བསྐྱེད་དུ་མེད།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། ཡང་ཏི་ནག་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་དགུ་པའོ། །།། ལྷ་ལ་བསྒོམ་དུ་མེད་པའི་དོན་བསྟན་པ།། དབྱིངས་ཕྱུག་ལ་སོགས་ཡུལ་རྣམས་ནི།། རང་སྣང་ཡུལ་དུ་གཟུང་བས་འཁྲུལ།། ཧེ་རུ་ཀ་སོགས་ཡབ་རྣམས་ནི།། རང་ཤར་བརྟག་ཏེ་ཡབ་ཏུ་གཟུང། ། ཐུགས་ལས་སྐྱེས་པའི་སྲས་མཆོག་ནི།། ཡབ་ཀྱི་རང་བྱུང་ཆ་ལས་གཟུང།། དེ་ཡི་ཡུམ་རྣམས་ཐམས་ཅད་ཀྱིས།། ཡུམ་གྱིས་སྣང་བའི་ཆ་ལས་གཟུང།། གཉིས་མེད་ཟེར་གྱིས་གཉིས་སུ་བསྒྲུབ།། དེས་ན་བསྒྲུབ་པའི་གོལ་ས་ཡིན། ཡང་ཏི་ནག་པོའི་ལྷ་བསྒོམ་ནི།། རིག་པའི་ཡེ་ཤེས་ཐམས་ཅད་ལྷ།། རིག་པའི་ལྷ་ལ་མདུན་རྒྱབ་མེད།། ཡབ་ཡུམ་གཉིས་སུ་ཕྱི་ནང་མེད།། ཕྱི་ནང་མེད་པའི་ཐིག་ལེའོ།། དེ་ནི་དོན་གྱི་དཀྱིལ་འཁོར་ཡིན། ། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ལྷ་བསྒོམ་པའི་ལེའུ་སྟེ་བཅུ་པའོ།།།། གསང་སྔགས་བཟླའ་རུ་མེད་པ་ནི།། མི་གསུང་མཉམ་པར་ཤེས་པ་ནི།། དེ་ནི་སྔགས་ཀྱི་ཏིང་འཛིན་ཡིན། ། ཐིག་ལེ་རུ་ཆུག་[ངོ་སྤྲོད་དང་པོ་ཡོད་དམ། ། འཁྲུལ་པའི་རྩ་བ་གཏིང་ནས་ཐོན།། ལྷག་མཐོང་རིག་པའི་འཁོར་ལོ་བསྐོར།། དེ་ནི་ངོ་སྤྲོད་གཉིས་པའོ།། ངོ་སྤྲོད་གསུམ་པ་ཡོད་དམ། ། ཡིད་ཕུང་ཐག་པ་ནག་པོ་རྩད་ནས་ཆོད།། རིག་པ་གོས་དང་དབྲལ་བའོ།། དེ་ནི་ངོ་སྤྲོད་བཞི་པའོ། ཡང་ནི་བར་དོའི་རྐྱེན་གསུམ་བསྟན།། སྣང་བ་ངོ་སྤྲོད་བླ་མའི་ངག། རིག་པ་གཅིག་པུར་བཟུང་བ་དང། ། རིག་པ་གོས་དང་དབྲལ་བ་དང།། གཟུང་འཛིན་ཞགས་པ་བཅད་པའོ།། འབྲིང་དང་ཐ་མའི་མན་ངག་གོ།། རབ་ཀྱི་དཔེ་ཡང་རྣམ་གསུམ་སྟེ།། རྒྱ་མཚོའི་ལྦུ་བ་ནམ་མཁའི་སྤྲིན།། ཨུཏྤ་ལ་ཡི་མདོག་བཞིན་ནོ། ། ཡང་ན་དཔེ་གཅིག་འདི་ལྟ་སྟེ།། པ་ན་ས་ཡི་འབྲས་བུ་བཞིན།། གཞི་ལས་འདས་པ་མེད་པའོ།། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། གནས་ལུགས་ལ་ངོ་སྤྲད་པ་དང་མ་གྲོལ་བ་གྲོལ་བར་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་ཀུན་ཏུ་བཟང་པོ་ལ།། ལེགས་སོ་ཞེས་ནི་རབ་བསྟོད་ནས།། བདག་ཅག་ཤིན་ཏུ་ཡི་རང་སྟེ།། རྒྱུད་ཆེན་འདི་ལ་མིང་འདོགས་ཞུ། ། ཞེས་གསུངས་སོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ང་ཡི་བྱིན་བཤད་རྒྱུད་ཆེན་འདི།། འཇམ་དཔལ་ཡེ་ཤེས་འདུས་པར་ཟུང།། ཐམས་ཅད་གང་ཡང་མ་ལུས་རྫོགས།། ཐམས་ཅད་འདུས་པའི་རྒྱུད་དུ་ཟུང། ། སངས་རྒྱས་རང་འཁྲུངས་བསྟན་པས་ན།། སངས་རྒྱས་འདུས་པའི་རྒྱུད་དུ་ཟུང།། ཡེ་ཤེས་རང་ལ་སྟོན་པས་ན།། ཡེ་ཤེས་ཁོང་ཤར་རྒྱུད་དུ་ཟུང།། ལྟ་སྒོམ་སྤྱོད་པ་སུན་འདོན་པས།། ལྷུན་གྲུབ་རང་ཆས་རྒྱུད་དུ་ཟུང། ། ཞེས་གསུངས་སོ།། ཞུ་བ་པོ་རྡོ་རྗེ་སེམས་དཔས་ཞུས། སྡུད་པ་པོ་རོ་ལང་བདེ་བས་སྡུས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། མཚན་གྱི་ལེའུ་སྟེ་བཅུ་དྲུག་པའོ།།།། ཡང་ཏི་ནག་པོ་འབྲུ་གཅིག་པ་རྫོགས་སོ། །།།

CLOSE WINDOW