CLOSE WINDOW

Gpb003.003: རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ།། མ་ཧཱ་སནྟི་ས་མནྟ་བྷ་དྲ་ཛྙཱ་ན་པྲ་ཀ་ཊ་ཤཱསྟུ་སྟནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཉམ་ཉིད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གསང་བ་མཆོག་གི་བདག་པོ། དུས་གསུམ་པ་ཉིད་ཀྱི་ངོ་བོ། སྐུ་གསུམ་གྱི་རང་བཞིན། ཡེ་ཤེས་ལྔའི་བདག་ཉིད་ཅན། རོལ་པའི་རྫུ་འཕྲུལ་ལ་མངའ་བརྙེས་པ་དེ་ཉིད། དོན་ཆོས་ཉིད་སྐྱེ་བ་མེད་པ་ལས་རྟགས་ཡེ་ཤེས་འགག་པ་མེད་པའི་ཆོས་འཕྲུལ་དུ་བཞུགས་སོ།། དེ་ཡང་འོག་མིན་གྱི་གནས་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ། དུས་གསུམ་གྱི་སངས་རྒྱས་རྒྱལ་བ་རྣམས་གཤེགས་ཤིང་བཞུགས་ཏེ། བཞུགས་པར་གྱུར་བའི་གནས། དབྱིབས་དང་ཁ་དོག་ཐ་དད་པ་ལས་ངོ་བོ་ཉིད་གཅིག་པ་སྟེ། དེ་དག་དབྱིངས་ལས་ཡེ་ཤེས་གསལ་བའི་གཞལ་ཡས་ཁང། ཁྱབ་པ་གདལ་བ་ཆེན་པོ་དེ་ན། འཁོར་རྡོ་རྗེ་འཛིན་པ་དང། འཁོར་ལོ་འཛིན་པ་དང། རིན་ཆེན་འཛིན་པ་དང། པད་མ་འཛིན་པ་དང། རྒྱ་གྲམ་འཛིན་པ་ལ་སོགས་པ་ཏིལ་མར་ཁྱབ་པ་ལྟར་གནས་སོ།། དེའི་ཚེ་དེའི་དུས་ན་རྡོ་རྗེ་འཛིན་པ་ལ་སངས་རྒྱས་ཀུན་གྱི་ཞུ་བ་པོར། བཀའ་བསྒོས་ཏེ་ཐབས་གཅིག་ཏུ་བཞུགས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་གསང་བ་མཆོག་གི་བདག་པོ་དུས་གསུམ་དང་འཁོར་བ་དང་མྱ་ངན་ལས་འདས་པའི་བདག་པོ་དེས་ཆོས་ཐམས་ཅད་ལ་རྫུ་འཕྲུལ་གྱིས་ཀུན་ལ་ཁྱབ་པར་གཟིགས་པས་རྣམ་པར་གཟིགས་སོ། ། དེ་བཞིན་དུ་གཟིགས་པས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་མཚན་ཉིད། སྟོང་གསལ་ཆེན་པོའི་རང་བཞིན། སྨྲ་བསམ་ལས་འདས་པའི་དེ་བཞིན་ཉིད། དེ་ཁོ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་རྡོ་རྗེ་འཛིན་པ་རང་གི་བསྟན་ལས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་ཉིད་ཀྱིས། ཡེ་ཤེས་གསལ་བར་སྟོན་པའི་དོན།། གསལ་སྟོང་ཆེན་པོའི་བདག་ཉིད་དེ།། རིམ་པས་བདག་འདུད་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། གསང་བ་མཆོག་གི་བདག་པོ་ལ་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད།། གུས་པས་ཉོན་ལ་ཡིད་ལ་ཟུང།། ཆོས་ཉིད་ཡེ་ཤེས་གསལ་བ་ནི།། འཁོར་འདས་ཀུན་གྱི་རྩ་བ་བྱང་ཆུབ་སེམས་ཉིད་དེ། ། རྩ་བ་དེ་ཡི་དོན་རྟོགས་ན།། ལྟ་བ་སེམས་ཉིད་ནམ་མཁའ་ཡིན།། སྒོམ་པ་སེམས་ཉིད་ཡུལ་མེད་གསལ།། སྤྱོད་པ་སེམས་ཉིད་རྒྱ་མཚོའི་འཇིང།། འབྲས་བུ་སེམས་ཉིད་སྐུ་དང་ཡེ་ཤེས་ངང།། དེ་ཉིད་མ་རྟོགས་འཁོར་བར་སྣང། ། ཞེས་གསུངས་སོ།། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། གླེང་བསླང་ནས་ལན་གསུངས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་འཛིན་ལ་སོགས་པ་རིགས་ལྔའི་སངས་རྒྱས་ལ་བཀའ་སྩལ་པ།། སེམས་ཉིད་རྟོགས་དང་མ་རྟོགས་ལས།། འཁོར་བ་དང་ནི་མྱ་ངན་འདས།། གཞི་ནི་སྟོང་གསལ་མིང་མ་ཐོགས། ། གང་དུ་མ་གྲུབ་ག་བུར་ཚུལ།། མཉམ་པ་ཉིད་ཀྱི་རང་བཞིན་ལས།། མཚན་མ་རང་སར་གྲོལ་བ་ཡིས།། སྟོང་གསལ་ཀུན་ཏུ་སངས་རྒྱས་ཏེ།། སྐུ་གསུམ་ཞིང་ཁམས་དག་ཏུ་གནས།། མ་རྟོགས་པ་ལ་འཁྲུལ་པའི་ཡེ་ཤེས་ཏེ། ། ཀུན་གཞི་འོད་ཀྱི་ཁང་བུ་ནས།། མ་རིག་པ་ཡིས་འཁྲུལ་པ་ནི།། དྲན་པ་ཕྲ་མོའི་རྒྱུན་བྱུང་ནས།། འགྱུ་བ་དྲན་པས་ངར་འཛིན་བྱུང།། ངར་འཛིན་དག་ལས་འཁོར་བར་འཁྱམས།། མིང་མ་ཐོགས་ཀྱི་ཆོས་ཉིད་ནས། ། འཆར་སྒོ་རྣམ་པ་གཉིས་སུ་བྱུང།། དེ་ཡང་མ་རིག་ཡེ་ཤེས་ཏེ།། མ་རིག་ཡེ་ཤེས་ཐ་དད་མེད།། སོ་སོར་དབྱེ་བ་རྣམ་པ་ཙམ།། མ་རྟོགས་པ་ལ་ལམ་དུ་གཅིག། རྟོགས་ན་བྱང་ཆུབ་ཆེན་པོའི་ལམ། ། ཞེས་གསུངས་སོ།། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། འཁོར་འདས་གྱེས་པའི་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་ལྟར་གསུངས་པའི་དོན་དེ་ལ།། མིང་མ་ཐོགས་ཀྱི་གཞི་ཉིད་ནས།། འཆར་སྒོ་གཉིས་སུ་བྱུང་བ་ཡང།། གཞི་དང་འཁྲུལ་པའི་མཚན་ཉིད་སྟེ།། གཞི་ལས་འཁྲུལ་པ་གྲུབ་མ་གྲུབ།། མཐུན་པའི་དཔེ་ནི་ཅི་ཡིས་མཚོན། ། འཁྲུལ་པ་རྩད་ནས་ཇི་ལྟར་བཅད།། ཅེས་གསོལ་པས། ཀུན་བཟང་ཉིད་ཀྱིས་བཀའ་སྩལ་པ།། གཞི་ནི་ངེས་པར་ཆོས་སྐུ་སྟེ།། འཁྲུལ་པ་ཡིད་རྟོག་གློ་བུར་ཡིན།། དེས་ན་འཁྲུལ་པ་གཞི་ལ་ཡང།། གདོད་ནས་མ་གྲུབ་གློ་བུར་ཡིན། ། གཞི་ནི་རིག་པའི་རྒྱུན་ཡིན་ཏེ།། འཁྲུལ་པ་རྣམ་རྟོག་དུམ་བུར་སྣང།། དཔེར་ན་སྨིག་ཐག་ཐོ་ཡོར་བཞིན།། ཆུ་སྦྲུལ་མི་རུ་འཛིན་བཞིན་ནོ།། འཁྲུལ་པ་རྩད་ནས་བཅད་པ་ནི།། བལྟ་བསྒོམ་སྤྱོད་པའི་རིམ་པ་ཡིས། ། འཁྲུལ་པ་ལོག་སྟེ་འབྲས་བུ་ཡང།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་འགྱུར།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། འཁྲུལ་པ་ལྡོག་ཐབས་ཀྱི་ལེའུ་སྟེ་བཞི་པའོ། །།། དེ་ནས་གཞན་ཡང་བཀའ་སྩལ་པ།། བལྟ་བསྒོམ་སྤྱོད་པའི་རིམ་པ་ཡང།། བལྟ་བ་དབྱེར་མེད་རང་གྲོལ་ཏེ།། ཁྱུང་ཆེན་ནམ་མཁར་ལྡིང་དང་འདྲ།། དེ་ཡང་ཇི་ལྟར་འདུག་ཅེ་ན། ། སྣང་སྲིད་ངེས་མེད་ཕྱི་ནང་སེམས།། སེམས་ལ་ངོས་བཟུང་མེད་པའོ།། དེ་ཉིད་འཛིན་མེད་རང་ཤར་དུ།། ངང་གིས་གྲོལ་ཏེ་བློ་ལས་འདས།། ལྟ་བ་དེ་ཉིད་མི་ལྡན་ན།། བྱ་སྒྲོ་རླུང་གིས་ཁྱེར་དང་མཚུངས།། ཚིག་ཏུ་མ་སོང་དོན་ལ་སྦྱར་བས་ན། ། བསྒོམ་པ་འཛིན་མེད་རང་གྲོལ་ཏེ།། གར་སྦྱིན་སྦྲང་མ་ཆགས་དང་འདྲ།། བྲམ་ཟེ་སྐུད་པ་འཁལ་བ་བཞིན།། ཤེས་པ་ཀློད་ལ་གར་བདེར་བཞག། བསྒོམས་པ་དེ་ལྟར་མ་ལྡན་ན། ། ལག་རྡུམ་བྲག་ལ་འཛེགས་པ་འདྲ་བའོ།། མཉམ་བཞག་དང་ནི་རྗེས་ཐོབ་མེད།། དེ་ལྟར་བྱུང་ན་བསྒོམ་པའི་མཆོག། བྱིང་རྨུགས་རྒོད་པའི་དགྲ་བྱུང་ཡང།། རང་གི་དེ་ཉིད་ཤེས་པས་སེལ། ཞེས་གསུངས་སོ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས་བལྟ་བསྒོམ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་སྤྱོད་པ་བཤད་པར་བྱ་སྟེ།། སྤྱོད་པ་རང་བྱུང་ལྷུག་པ་སྟེ།། བི་ཤྭ་ཀརྨའི་བཟོ་དང་འདྲ། ། ཚུལ་འཆོས་མེད་པའི་ངང་ཉིད་དེ།། ཐབས་དང་ཤེས་རབ་མཐུན་པར་བྱ།། སྤྱོད་པ་དེ་དང་མ་ལྡན་ན།། དམུས་ལོང་བྲག་ལ་འཛེགས་དང་མཐུན།། ཇི་བཞིན་པ་ཡིས་ལྟ་བ་ལ།། དེ་བཞིན་པ་ཡིས་བློ་བཞག་སྟེ། ། དེ་ཡིས་ངང་ལས་མ་ཡེངས་པ།། སངས་རྒྱས་ས་ལ་གནས་པ་ཡིན།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ། ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། སྤྱོད་པའི་མན་ངག་དང་བཅས་པའི་ལེའུ་སྟེ་དྲུག་པའོ། །།། དེ་ལྟར་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། རིགས་ལྔའི་སངས་རྒྱས་ཀྱིས། བཅོམ་ལྡན་འདས་ལ་རང་རང་གི་སེམས་ཀྱི་རྟོགས་ཚད་འདི་སྨྲས་སོ།། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས། ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། ཚིག་དང་ཡི་གེའི་སྤྱོད་ཡུལ་མིན།། དེ་ལ་གདོད་ནས་རྟོགས་པའི་གནས་མེད་དོ།། ཞེས་རྡོ་རྗེ་སེམས་དཔས་སྨྲས་སོ། ཨེ་མ་ཆོས་ཀུན་སྟོང་པའི་བདག། རང་གི་ངོ་བོ་བརྗོད་དུ་མེད། ། བརྗོད་མེད་དེ་ནི་སྣ་ཚོགས་པའི།། ཆོས་རྣམས་ཀུན་ལ་ཁྱབ་པར་གནས།། ཞེས་འཁོར་ལོ་འཛིན་པས་སྨྲས་སོ།། ཨེ་མ་མཉམ་ཉིད་བྱང་ཆུབ་སེམས།། མིང་དུ་བཏགས་པའི་ཆོས་རྣམས་ཀུན། ། མཉམ་པ་ཉིད་ལ་གནས་བྱས་ཕྱིར།། མཉམ་པ་ཉིད་ལས་གཞན་མེད་དོ།། ཞེས་རིན་ཆེན་འཛིན་པས་སྨྲས་སོ།། ཨེ་མ་ཆོས་སུ་སྣང་བ་ཀུན།། རང་གི་ངོ་བོ་ཡུལ་ལས་འདས།། དེ་ཉིད་བྱང་ཆུབ་སེམས་ཉིད་ནི། ། མཁས་པས་བསྒོམ་ན་རྟོགས་པར་འགྱུར།། ཞེས་པདྨ་འཛིན་པས་སྨྲས་སོ།། ཨེ་མ་ཆོས་ཀུན་སེམས་ཉིད་དེ།། ངེས་པ་མེད་དེ་དངོས་རྟོགས་བྲལ།། དེ་ཉིད་དག་པའི་ཡེ་ཤེས་རང་བཞིན་ཏེ།། མཁས་པས་ཅི་དགའ་བསྒོམས་ན་འགྲུབ། ། ཅེས་རྒྱ་གྲམ་འཛིན་པས་སྨྲས་སོ།། དེས་ནས་དཔལ་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། རང་གི་སེམས་གསལ་བའི་ངང་ཉིད་ཤིན་ཏུ་རྫོགས་པ་ཤིན་ཏུ་ལེགས།། ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང། ། སངས་རྒྱས་རྙེད་པར་མི་འགྱུར་རོ།། སེམས་ཉིད་རྟོགས་པ་སངས་རྒྱས་མཆོག། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ། ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། བྱིན་རླབས་ཀྱིས་འཁོར་རྣམས་ཀྱིས་རང་རང་གི་རྟོགས་ཚད་ཕུལ་བའི་ལེའུ་སྟེ་བདུན་པའོ། །།། དེ་ནས་རྡོ་རྗེ་འཛིན་པས་ཡང་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། བལྟ་བསྒོམ་སྤྱོད་པ་དེ་དག་ལ། ། འབྲས་བུའི་རིམ་པ་ཇི་ལྟར་ལགས།། དེ་དག་བསྒོམ་པའི་རྣལ་འབྱོར་པས།། འཆི་ཀའི་རྟགས་དང་བར་དོའི་དུས།། རིམ་པ་བདག་ལ་བཤད་དུ་གསོལ།། ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཛིན།། མ་འོངས་པ་ཡི་དོན་ཆེད་དུ། ། ཁྱོད་ཀྱིས་དོན་ཞུས་ཡ་མཚན་ཆེ།། གུས་པས་རབ་ཏུ་ཉོན་ལ་ཡིད་ལ་ཟུང།། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ།། ཆོས་སྐུ་སྟོང་གསལ་ཟུང་དུ་འཇུག། ཆོས་སྐུ་བདེ་ཆེན་རྡོ་རྗེ་འཆང།། སྤྲུལ་སྐུས་འགྲོ་བ་རིགས་དྲུག་འདུལ། ། ཡེ་ཤེས་ལྔ་ལྡན་ཡོན་ཏན་ཆ་ནས་ལྡན།། དེ་ཉིད་རང་གི་སེམས་ཉིད་དེ།། ལོགས་ནས་འབྱུང་བ་མ་ཡིན་ནོ།། འཆི་རྟགས་རིམ་པ་བསྟན་པ་ནི།། ཉམས་ལེན་རྣལ་འབྱོར་ཉིད་ཀྱི་རྟགས།། ས་ནི་ཆུ་ལ་ཐིམ་པ་ཡིས། ། ལུས་ནི་མི་ཐེག་ལྡང་མི་ནུས།། ཆུ་ཉིད་མེ་ལ་ཐིམ་པའི་དུས་སུ་ནི།། ཁ་སྣ་སྐམས་ཏེ་ནང་བཀྲག་ཤོར།། མེ་ཉིད་རླུང་ལ་ཐིམ་དུས་སུ།། ལུས་ཀྱི་དྲོད་སྟོར་ཡལ་བར་འགྱུར།། རླུང་ནི་རྣམ་ཤེས་ལ་ཐིམ་ཚེ། ། དབུགས་སྡུད་མི་ཤེས་རྔམ་པ་བརྩེགས།། དེ་ཡི་དུས་སུ་དྲན་པ་བསྐྱེད་པར་བྱ།། དེ་ནས་དབུགས་ནི་ཆད་པ་དང།། རྣམ་ཤེས་སྣང་བ་དག་ལ་ཐིམ།། སྣང་བ་མཆེད་པ་དག་ལ་ཐིམ།། མཆེད་པ་ཐོབ་པ་དག་ལ་ཐིམ། ། ཐོབ་པ་ཆོས་སྐུ་དག་ལ་ཐིམ།། དེ་དུས་ཆོས་སྐུ་དེ་ཉིད་ནི།། ཤིན་ཏུ་གསལ་ལ་ངོས་བཟུང་བྲལ།། སྟོང་གསལ་འཛིན་མེད་རང་གསལ་དེ།། ངོ་ཡིས་ཟིན་པས་མངོན་ཤེས་དྲུག། ཤར་ནས་རིག་པའི་དབང་མཆོག་ཐོབ། ། མན་ངག་དམ་པ་ལྡན་གྱུར་ན།། དེ་ནི་སངས་རྒྱས་ས་ལ་གནས།། བཅུ་བཞི་སྤྱིར་ཆིབ་ས་ཡང་ནོན།། བགྲོད་དུ་མེད་པའི་ལམ་མཆོག་ཡིན།། གལ་ཏེ་སྟོང་གསལ་མ་ཟིན་ཅིང།། འགྱུ་བ་བྱུང་ན་འགྲོ་དྲུག་ཏུ། ། རང་གི་ལས་ཀྱིས་ལུས་ལེན་ཏེ།། འཁོར་བའི་མཐའ་ལ་ཟད་པ་མེད།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། ཕྱི་རབས་རྣལ་འབྱོར་པའི་འཆི་རྟགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་རྡོ་རྗེ་འཛིན་པས་གསོལ་པ།། ཀྱེ་ཀྱེ་རྡོ་རྗེ་གསང་བ་མཆོག་གི་བདག། སྟོང་གསལ་རིག་པའི་ཡེ་ཤེས་དེ།། ངོ་ཡིས་གཟུང་ན་ཇི་ལྟར་གཟུང།། དེ་ཉིད་ལ་ནི་གང་དུ་བཟླ། ། ཞེས་གསོལ་པས། བཅོམ་ལྡན་འདས་གསང་བ་མཆོག་གིས་བཀའ་སྩལ་པ། སྟོང་གསལ་རིག་པ་ཆེན་པོ་དེ།། ཀུན་གཞི་གཉིས་ཀྱི་ངོས་ནས་བཟུང།། ཡེ་ཉིད་དོན་གྱི་ཀུན་གཞི་དང།། སྦྱོར་བ་རྐྱེན་གྱི་ཀུན་གཞི་ནི། ། སེམས་ཅན་ཐམས་ཅད་ལ་ཡིན་ཏེ།། སྔར་གྱི་བག་ཆགས་དག་དང་ནི།། ཕྱིས་ཀྱི་ཉོན་མོངས་རྣམ་རྟོག་དང།། དཔེར་ན་ས་དང་ཆུ་འདྲེས་ལ།། རྙོག་མར་གྱུར་པ་དག་དང་མཐུན།། དེ་གསུམ་དག་དང་ཆོས་སྐུ་འདྲེས། ། ད་ནི་ཆོས་སྐུ་མ་ཡིན་ཏེ།། དེ་ཉིད་དོན་གྱི་ཀུན་གཞི་ནི།། དཔེར་ན་ཆུ་ནི་རྙོག་མ་དྭངས་པ་བཞིན།། བག་ཆགས་རྟོག་པ་ཉོན་མོངས་ཀྱིས།། མ་བསླད་པ་ཡི་ཤེས་པ་དེ།། མ་རྟོགས་པ་ཡི་ཟུག་རྔུ་མེད། ། འཛིན་མེད་རང་ཤར་ཆོས་ཀྱི་སྐུ།། ཤེས་པ་རང་ལུགས་གློད་བྱས་པས།། ཤེས་པ་དངས་སངས་བདེ་བ་ལ།། མ་ཞེན་རྟོགས་པའི་ཟུག་རྔུ་མེད།། དབེན་པའི་གནས་སུ་ཐུན་བཅད་ལ།། དང་པོ་ཁོ་ན་བསྒོམ་པར་བྱ། ། དེ་ལ་ངང་གིས་གནས་པ་ལ།། སྒོ་ལྔ་གསལ་ལ་འཛིན་པ་མེད།། དེ་ཡི་ངང་ལ་གནས་པར་བྱ།། དེ་ནས་བརྟན་པར་གྱུར་པ་དང།། ཡུལ་གྱི་སྙིང་པོ་ཐམས་ཅད་ཀུན།། ལྟར་སྣང་བུན་ནེ་ལོང་ངེ་ཙམ། ། དེ་ཡི་ངང་དུ་གནས་ཙམ་ན།། འབྱམས་ཐུབ་པ་ཡི་རྣལ་འབྱོར་ཏེ།། དེ་ལ་བསྒོམ་དུ་ག་ལ་ཡོད།། ཡེ་ཤེས་འགྱུ་བ་མ་ཟིན་ན།། བསྒོམས་ཀྱང་སྒོམ་པར་ག་ལ་འགྱུར།། མ་བསྒོམས་རང་སྒོམ་བྱུང་ཙམ་ན། ། བསྒོམ་དུ་མེད་པའི་སྒོམ་པ་ཡིན།། དེ་ཉིད་གདེང་དུ་གྱུར་པ་ནི།། བལྟ་རུ་མེད་པའི་ལྟ་བ་ཡིན།། དེ་ཉིད་ངང་དུ་གནས་པ་ནི།། སྤྱད་དུ་མེད་པའི་སྤྱོད་པ་ཡིན།། དེ་ལྟར་གྱུར་ན་སངས་རྒྱས་ཡིན།། ཞེས་གསུངས་སོ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། ཡེ་ཤེས་ངོས་བཟུང་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་གཞན་ཡང་བཤད་ཀྱིས་ཉོན།། དེ་ཉིད་ལ་བཟླའི་རིམ་པ་ནི།། སངས་རྒྱས་ས་ལ་གནས་འདོད་ན། ། ཟུང་འཇུག་ཉིད་དུ་ལ་ཆེན་བཟླ།། སྟོང་གསལ་ངང་ལ་གནས་ཙ་ན།། སྙིང་རྗེ་ངང་གིས་འབྱུང་བ་ནི།། སྟོང་དང་སྙིང་རྗེ་ཟུང་འཇུག་ཡིན།། དེ་ཉིད་འཛིན་མེད་རང་ཤར་གནས་པ་ནི།། བདེ་སྟོང་ཟུང་དུ་འཇུག་པ་ཡིན། ། གསལ་བ་དང་ནི་སྟོང་པ་དག། གཉིས་སུ་མེད་ན་ཟུང་འཇུག་ཡིན།། ལྟ་བ་དང་ནི་སྤྱོད་པ་དག། གཉིས་མེད་ཟུང་འཇུག་ཉིད་དུ་ལ་བཟླའོ།། ཐབས་དང་ཤེས་རབ་ཟུང་དུ་འཇུག། མ་ཞེན་བློ་ལས་འདས་པ་ནི། ། སྟོང་གསལ་ཆོས་སྐུ་བདེ་ཆེན་ཡིན།། རིག་པ་སྟོང་གསལ་བདེ་བ་ལ།། སྣང་བ་འཛིན་མེད་རང་ཤར་ན།། གཉིས་མེད་བདེ་བ་ཆེན་པོ་ལ།། ཐུན་དུ་བཅད་ལ་བསྒོམ་དུ་མེད།། བར་བར་སེམས་ཀྱིས་སེམས་ལ་བྱ་ར་བྱ། ། བྱ་ར་བ་ལ་ངོས་གཟུང་མེད།། དེ་ཡི་ངང་ལ་གནས་པ་དེས།། མཐའ་དབུས་མེད་པའི་དགོངས་པ་སྟེ།། གང་ལྟར་སྣང་བ་ཆོས་ཀྱི་སྐུ།། གང་མྱོང་རིག་པ་ལོངས་སྐུ་ཡིན།། སྣ་ཚོགས་ཤར་བ་སྤྲུལ་སྐུ་ཡིན། ། དེ་གསུམ་དབྱེར་མེད་རྡོ་རྗེའི་སྐུ།། སྣང་ཚད་སྐུ་ལ་གྲག་ཚད་གསུང།། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ཡིན།། བགྲོད་དུ་མེད་པའི་ས་ཆེན་ནོན།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། ལ་བཟླ་བའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་གཞན་ཡང་གུས་པས་ཉོན་ལ་ཡིད་ལ་ཟུང།། རྫོགས་པ་ཆེན་པོའི་གདམ་ངག་འདི།། ཐེག་པ་ཀུན་ལས་ཁྱད་པར་འཕགས། ། ཀུན་གྱི་དངོས་གཞིར་ཤར་བས་ན།། ལྟ་བ་ཁྱད་པར་འཕགས་པ་ནི།། འཛིན་མེད་རང་ཤར་ཟུང་འཇུག་ཡིན།། བསྒོམ་པ་ཁྱད་པར་འཕགས་པ་ནི།། རིག་པ་ཡུལ་མེད་བློ་ལས་འདས།། སྤྱོད་པ་ཁྱད་པར་འཕགས་པ་ནི། ། སྤྱོད་པ་རང་བྱུང་ལྷུག་པའི་ངང།། ཀུན་ལས་ཁྱད་འཕགས་བསམ་མི་ཁྱབ།། འབྲས་བུ་ཁྱད་པར་འཕགས་པ་ནི།། དབྱེར་མེད་སྐུ་ལས་ཁྱད་འཕགས་བགྲོད་དུ་མེད།། ས་ལས་ཁྱད་པར་ཐོབ་མེད་པ། ། རང་བྱུང་ཡེ་ཤེས་བློ་ལས་གྲོལ།། འདི་ལྟར་སྣང་བའི་སེམས་ཉིད་དེ།། སེམས་ལས་ལོགས་ན་རྡུལ་ཙམ་མེད།། ཕྱི་ཡིས་སྒྲོ་འདོགས་ཆོད་པ་ཡིན།། དེ་དག་འཛིན་མེད་རང་ཤར་ལས།། སེམས་ནི་ཁ་དོག་དབྱིབས་དང་བྲལ། ། རྟག་པ་མ་ཡིན་དངོས་པོ་མེད།། ཆད་པ་མ་ཡིན་རིག་ཅིང་གསལ།། ནང་གི་སྒྲོ་འདོགས་ཆོད་པ་ཡིན།། སྟོང་དང་གསལ་བ་དབྱེར་མེད་པས།། ཟུང་འཇུག་བདེ་ཆེན་ཆོས་སྐུ་སྟེ།། གསང་བའི་སྒྲོ་འདོགས་ཆོད་པ་ཡིན། ། དེ་དག་འཛིན་མེད་རང་ཤར་བས།། བློ་ཡི་སྤྱོད་ཡུལ་དག་ལས་འདས།། རང་བྱུང་ཡེ་ཤེས་བཙལ་མེད་པ།། མཐར་ཐུག་སྒྲོ་འདོགས་ཆོད་པ་ཡིན།། དེ་ནི་ཁྱད་འཕགས་ལྟ་བའི་དོན།། དེ་ཡི་ངང་ལ་གནས་པ་ནི། ། བསྒོམ་པའི་ཁྱད་འཕགས་དོན་ཉིད་ཡིན།། དེ་ཡི་ངང་ལ་མ་ཡེངས་ནས།། གར་བདེར་རིག་པ་གནས་པ་ནི།། སྤྱོད་པ་ཁྱད་པར་འཕགས་པའི་དོན།། དེ་ཡི་དོན་ལ་སླེབས་པ་ནི།། འབྲས་བུ་ཁྱད་པར་འཕགས་པའི་དོན། ། དེ་ལ་བགྲོད་དང་ཐོབ་རྒྱུ་མེད།། ལམ་དང་ས་ཡི་ཁྱད་པར་འཕགས་པ་ཡིན།། འདི་ནི་ལམ་མཆོག་དམ་པ་སྟེ།། རི་བྲན་ཐམས་ཅད་ལྟ་འདོད་ན།། རི་བོའི་རྩེ་ལ་འཛེགས་པ་བཞིན།། ཐེག་པ་འོག་མ་ཤེས་འདོད་ན། ། ཨ་ཏི་ཡོ་གའི་དོན་ལ་བལྟ།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། ཁྱད་པར་འཕགས་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་དཔལ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ་དེས། འཁོར་རྣམས་ལ་བཀའ་སྩལ་པ། ངའི་རྒྱུད་འདི་ནི་རྒྱུད་ཐམས་ཅད་ལས་ཁྱད་པར་འཕགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལོག་པའི་ལམ་ནི་རྟག་ཆད་དུ་ཞེན་པ། ཉན་ཐོས་ལ་སོགས་པ་ཨ་ནུ་མན་ཆད་ནི་ཕྱོགས་སུ་འཛིན་ཏེ། ཡང་དག་པའི་དོན་དང་འགལ་ཏེ། རྒྱུད་འདི་ནི་སྟོང་གསལ་བདེ་བ་ཆེན་པོ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དྲིལ་ཏེ་གཅིག་ཏུ་བསྟན་པ་ཡིན་པས། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཅེས་བྱ་བར་ཟུང་ཞིག། ངའི་རྒྱུད་འདི་ནི་རྟགས་ཙམ་འཛིན་པའི་དུས་སུ། གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་སྤྱོད་པར་འགྱུར་རོ། ། དེ་ཡང་རྒྱུད་འདི་སྟོན་པའི་དུས་སུ། གང་ཟག་སྐལ་བ་དང་ལྡན་པ་རྣམས་ལ། རིག་པ་རྩལ་གྱི་དབང་གསུམ་བསྐུར་ལ། དམ་ཚིག་ལ་གནས་པར་བྱའོ་ཞེས་བཀའ་སྩལ་པ་དང། རྡོ་རྗེ་འཛིན་པ་ལ་སོགས་པ་རྣམས་ཡི་རངས་ཏེ། རང་རང་གིས་སྟོང་གསལ་ཆེན་པོའི་དོན་རྟོགས་ནས། སྐུ་གསུམ་ཡེ་ཤེས་ལྔའི་ངང་དུ་སངས་རྒྱས་པར་གྱུར་ཏོ།། དེ་ལྟར་དུ་གྱུར་ནས། དཔལ་རྡོ་རྗེ་འཆང་ལ་འཁོར་རྣམས་ཀྱིས་རྡོ་རྗེའི་ཚིག་ཏུ་བསྟོད་པ་ནི། ། ཨེ་མ་ཧོ་བདུད་བཞི་བཅོམ་ནས་ཡོན་ཏན་ལྡན།། མཚན་མའི་དངོས་པོ་ཀུན་ལས་འདས།། སྟོང་གསལ་བདེ་བའི་བདག་ཉིད་ཅན།། ཐམས་ཅད་མཁྱེན་ལ་དད་པས་བསྟོད། ། ཅེས་རྡོ་རྗེའི་ཚིག་གིས་བསྟོད་པར་གྱུར་ཏོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དུས་གསུམ་སངས་རྒྱས་ཀྱི་དགོངས་པ་གཅིག་ཏུ་དྲིལ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ། ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས།། གུ་རུ་ཤྲཱི་སིདྷ་ལ།། དད་པས་མཉེས་བྱས་རྒྱུད་འདི་གནང།།།།

CLOSE WINDOW