CLOSE WINDOW

Gpb002.006: རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་རང་བྱུང་བདེ་བའི་འཁོར་ལོ་ཞེས་བྱ་བ
Wylie

། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། རྒྱུན་ཏུ་འབྲལ་མེད་ཀྱི་བསྒོམ་པ་ངོས་གཟུང་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། ཀུན་རིག་སྟོན་པས་ཡང་གསུངས་པ།། རྒྱུན་དུ་འབྲལ་མེད་རིག་སྤྱོད་ནི།། དུས་ནི་བཞི་གསུམ་གསུངས་པ་ཡང།། སྤྱི་ཡི་མཚན་ཉིད་ཡིན་པའི་ཕྱིར།། ཚིག་ཏུ་བདེན་ཏེ་དོན་ལས་གོལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཡེ་ཤེས་རང་ཤར་གདམས་ངག་གིས།། ཡུལ་ནི་མ་ཡེངས་དྲན་པ་དེ།། མ་འཁྲུལ་རིག་པ་ཆོས་སྐུར་ཤེས།། དེ་ཕྱིར་གདམས་ངག་དུས་འདིར་རྟོགས།། མངོན་གྱུར་སངས་རྒྱས་ད་ལྟ་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དང་པོ་རིག་སྤྱོད་དབྱེ་བའི་དོན།། རྒྱུ་དང་གོལ་ས་གདམས་ངག་དང།། ཉམས་དང་ལ་བཟླ་འབྲས་བུ་སྟེ།། རེ་རེ་ལ་ནི་དྲུག་དྲུག་ཏུ།། ཕྱེ་ལ་བསྟན་གྱིས་ཡིད་ལ་ཟུང།། བདེ་བའི་ཡེ་ཤེས་རྣམ་གསུམ་གྱི། ། ནང་གི་བདེ་བ་རྐྱེན་ཐུབ་གྲངས།། བལྟ་མེད་བཞི་གནས་འགོག་པ་ལ།། བདག་མེད་མི་གཡོ་རྣམ་གསུམ་གྱི།། རང་ཡན་ལྷག་མཐོང་མི་བརྗེད་གཟུང།། མཐའ་བྲལ་ཡེ་གསལ་གདེང་གིས་ཟིན།། བདག་ཉིད་གཞི་ལ་མེད་པར་ཤེས།། དེ་ཉིད་བདེ་གསལ་ཡེ་ཤེས་སྐུ།། འདུ་འཛི་ལོངས་སྤྱོད་བདེ་བ་ནི།། ཡོ་བྱད་རྣམ་གསུམ་ལྡན་པ་སྟེ།། འདོད་ཡོན་ལྔ་ལ་རང་རྒྱུད་ཞེན།། གང་མཐོང་མ་འཁྲུལ་དོན་ཤེས་པས།། གང་ཡང་མྱོང་བ་རིག་པར་ཤེས།། བདག་གཞན་གཞི་ལ་མ་གྲུབ་པས།། བདེ་བ་ལོངས་སྤྱོད་ཆོས་ཉིད་རྒྱན།། ཕོ་མོ་བདེ་བའི་གྲངས་བསྟན་པ།། འགྲོ་བ་བཟང་མོར་ཡིད་ཆགས་པ།། ཐབས་དང་རང་རྒྱུད་ཆགས་སྤྱོད་གོལ། ། སྔ་ཕྱིར་མ་ངེས་དོན་ཟིན་པའི།། དེ་ཚེ་བདེ་བའི་མཐར་མ་ལྟུང།། ཕོ་མོ་གཞི་ལ་གྲུབ་པ་མེད།། ལུས་བདེ་ལོངས་སྤྱོད་རིག་པའི་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་བདེ་བ་རྣམ་གསུམ་ཡང། ། སྤྱོད་བདེ་དོན་དངོས་སྤྱད་གྱུར་ཀྱང།། གནས་སྐབས་འབྲེལ་ཡོད་མཐར་ཐུག་མེད།། དེ་ཕྱིར་གདེང་ཟིན་ཀུན་གྱིས་སྤྱོད།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། བདེ་བ་ཡེ་ཤེས་སུ་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ། །།། ཀུན་རིག་སྟོན་པས་ཡང་གསུངས་པ།། སྡུག་བསྔལ་སྣ་ཚོགས་འབྱུང་བ་གསུམ།། དེ་ལ་ཕྱི་ལུས་སྡུག་བསྔལ་གྲངས།། ནད་ནི་བཞི་བརྒྱ་རྩ་བཞི་ལ།། ཡེ་འགྲོག་འཁང་པ་རྣམ་གསུམ་ཡིན། ། གང་ན་ལྷག་མཐོང་དོན་གྱིས་ཟིན།། དེ་ཚེ་མཐའ་འབྲལ་ཆོས་སྐུར་མཐོང།། ལུས་དང་ན་ཚ་གཞི་ལ་མེད།། སྡུག་བསྔལ་དེ་ཉིད་སྤྲུལ་སྐུར་ཤར།། སེམས་ཀྱི་སྡུག་བསྔལ་གྲངས་གསུངས་པ།། ཆགས་སྡང་རྣམ་གཉིས་ཡིན་པའི་ཕྱིར། ། གོལ་སར་སྐྱོན་བཞི་དམ་པར་འཛིན།། མི་གཞིག་མི་བཅོམ་དྲན་པས་ཟིན།། གང་ལ་ཞེན་ཙམ་རིག་པས་ཟིན།། དེ་ཙམ་ཉིད་ན་གཞི་ལ་མེད།། དེ་ཚེ་སྡུག་བསྔལ་སྤྲུལ་པར་ཤེས།། སྤྱི་ཡི་སྡུག་བསྔལ་རྣམ་བཞིའོ། ། མ་རིག་རྐྱེན་བཞི་བསྐྱེད་པ་ཡི།། ཉོན་མོངས་བག་ཆགས་བསགས་པས་གོལ།། སྔ་ཕྱི་མེད་ཤེས་གདམས་ངག་གིས།། མཚན་ཉིད་བཞི་ལྡན་ཉམས་སུ་མྱོང།། གཞི་ལ་སྔ་ཕྱི་དོན་ལ་མེད། ཕྱིར་འབྲས་བུ་ཆོས་ཀྱི་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྡུག་བསྔལ་ཉིད་ཀྱང་བདེ་བའི་ཀློང།། དོན་ལ་ཡེ་ཤེས་འདུ་འབྲལ་མེད།། ད་ལྟའི་རིག་པ་འདི་ཉིད་ཡིན།། དེ་ཕྱིར་སྡུག་བསྔལ་བདེ་བའི་ཀློང།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྡུག་བསྔལ་ཞི་བྱེད་ཆོས་སྐུར་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བཏང་སྙོམས་རང་བཞིན་རྐྱེན་ཐུབ་གྲངས།། ལེ་ལོ་སྙོམས་ལས་ལུང་མ་བསྟན། ། བཏང་སྙོམས་ཤེས་པ་མ་རིག་བསྒྲིབས།། ཤན་ཕྱེད་ངོས་ཟིན་ཡིད་ཆེས་པས།། རང་རིག་འབྲལ་མེད་ཉམས་དང་ལྡན།། མ་རིག་མེད་ཕྱིར་བཏང་སྙོམས་མེད།། ལྷག་མཐོང་འབྲས་བུ་བདེན་པ་མཐོང། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཉིད་ནི་ཆོས་སྐུ་ཀློང་ཐིམ་གྱིས།། བག་ཉལ་གཞི་གནས་མ་རིག་པས།། རྨི་ལམ་རྣམ་གསུམ་ཡུལ་ལ་ཞེན།། ལྡོག་ཀ་སད་དུས་དེ་ཉིད་ཤེས།། དེ་ཙམ་ཉིད་ན་ཉམས་མྱོང་གསལ། ། དོན་ལ་རྨི་ལམ་གྲུབ་མེད་རྟོགས།། འབྲས་བུ་མི་རྟོག་ཆོས་སྐུར་ཤར། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། བཏང་སྙོམས་གཉིད་ཡེ་ཤེས་ཀློང་ཐིམ་དུ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ། །།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། གཏི་མུག་རང་གྲོལ་བསྟན་པའི་གྲངས།། མ་རིག་ཤེས་གཞི་ལུང་མ་བསྟན།། གང་ཡང་མི་ཤེས་གཏི་མུག་སེམས།། ལུང་ལྡན་སྒྲོན་མས་དོན་བསྟན་པས།། རང་རིག་ཆོས་སྐུ་ཡིད་ལ་བསྟར།། གཞི་དང་ཕྲད་པས་མུན་པ་བརླག། འབྲས་བུ་ཆོས་ཉིད་ཐམས་ཅད་མཁྱེན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞེ་སྡང་རང་གྲོལ་གྲངས་བསྟན་པ།། ཡུལ་ངན་ཁ་དོག་སྨྲ་བ་ལ། ། ཞེ་སྡང་སེམས་དཀྲུགས་བཟོད་པ་ཉམས།། མི་བསམ་ཡུལ་གྱི་རྗེས་མི་གཅོད།། དེ་དུས་རྟག་ཆད་མཐའ་བྲལ་ཉམས།། བདག་གཞན་གཞི་ལ་གྲུབ་པ་མེད།། འབྲས་བུ་རང་རིག་སྤྲུལ་སྐུར་ཤར།། ང་རྒྱལ་རེངས་བྱེད་གྲངས་བསྟན་པ། ། གཞན་དག་བརྡེག་བསད་སྨྲ་བ་ལས།། ང་བདེན་རྨོངས་པ་ཆེད་དུ་བྱེད།། གང་ཡང་བདེན་མེད་དོན་དྲན་པས།། དེ་ཉིད་རིག་པར་ཤེས་པའི་ཉམས།། ཚིག་གིས་ཆེས་ཆུང་གཞི་ལ་མེད།། དོན་ལྡན་ང་རྒྱལ་ཆོས་སྐུར་ཤར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྲག་དོག་རང་གྲོལ་གྲངས་བསྟན་པ།། གཞན་གྱི་ཕུན་སུམ་ཚོགས་པ་ལ།། གཡོ་སྒྱུས་གཞན་ལ་ཐབས་ཀྱིས་སྨོད།། བདག་དང་གཞན་མེད་ཆོས་ཀྱི་སྐུ། ། ཕྲག་དོག་རང་གྲོལ་ཆོས་སྐུར་མྱོང།། དེ་ཙམ་ཉིད་ན་བདག་གཞན་མེད།། གཡོ་སྒྱུ་མ་བྲལ་ལོངས་སྤྱོད་རྒྱན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མ་འཁྲུལ་གནས་ལུགས་ལ།། ཚོར་བ་བདེ་སྡུག་ཅི་བྱུང་ཡང། ། དེ་དུས་ཆོས་སྐུར་ཉམས་སུ་མྱོང།། དེ་ཚེ་ཡུལ་དང་འབྲེལ་མེད་ཤེས།། དེ་ཕྱིར་རྐྱེན་ཐུབ་བསྒོམ་མི་དགོས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ།། སྲིད་པའི་བར་དོ་རྣམ་ལྔ་ལ།། མ་རིག་འཁྲུལ་པའི་བར་དོ་དང།། ཀུན་བརྟགས་དགེ་བའི་བར་དོ་དང།། གནས་འགྱུར་ལྷ་ཡི་བར་དོ་དང།། རྣམ་ཤེས་རླུང་ཞོན་བར་དོ་དང།། མངོན་གྱུར་ཡེ་ཤེས་བར་དོའོ།། མ་རིག་འཁྲུལ་པའི་བར་དོ་ནི།། རྒྱུ་ནི་མ་རིག་རྣམ་གསུམ་སྟེ།། རྐྱེན་ནི་ཆགས་སྡང་གཉིས་ཀྱིས་གོལ།། གོལ་ས་བར་དོར་ལུས་གསུམ་འདུས། ། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང།། སྐྱེ་རྒས་སྡུག་བསྔལ་ཟད་དུ་མེད།། དེ་ལས་ཐར་ཅིང་ལྡོག་འདོད་པས།། ཀུན་བརྟགས་དགེ་རྩ་འདིར་བྱས་པས།། དགེ་བཅུ་སྦྱིན་སོགས་དད་པས་སྤྱད། ། ཕྱི་མར་འབྲས་བུ་འདོད་པའི་བློས།། རྒྱུ་མཐུན་བག་ཆགས་མཐུ་བརྟས་པས།། ལྷ་དང་མི་ཡི་གོ་འཕང་ཙམ།། སྨོན་ལམ་དབང་གིས་མཐའ་བཙན་ཀྱང།། དགེ་བའི་སྟེགས་ཟད་འཁོར་བར་འཁྱམས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། གནས་འགྱུར་ལྷ་ཡི་བར་དོ་ལ།། རྟོགས་དང་ལྷ་གསལ་དུས་མཉམ་ནས།། སྐུ་གསུམ་གཅིག་ལ་གཅིག་ཚང་ནས།། འབྲས་བུའི་སངས་རྒྱས་དུས་དེ་ཉིད།། མ་རྟོགས་ལྷ་བསྒོམ་རཱུ་ཏྲར་སྐྱེ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྣམ་ཤེས་རླུང་ཞོན་བར་དོ་ལ།། ཕྱི་ནང་རླུང་གི་བདེ་གོམས་པས།། ཕག་མོ་ལ་སོགས་འཕོ་བ་བདུན།། འོད་གསལ་ཡེ་ཤེས་སྐུར་འདོད་པ།། ཐབས་ལམ་ཡིན་ཕྱིར་ངེས་དོན་མིན། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། མངོན་གྱུར་ཡེ་ཤེས་བར་དོ་ལ།། རྒྱུ་ནི་ལུང་ལྡན་གདམས་ངག་སྟེ།། བྱིན་རླབས་རྗེས་དྲན་རྣམ་དྲུག་གིས།། མ་རིག་སངས་ལ་རིག་པ་རྒྱས།། ཐམས་ཅད་མཁྱེན་པའི་འབྲས་བུར་ལྡན། ། འགྲོ་དོན་གཟུགས་སྐུ་ཤུགས་ལ་འཆར།། བཙལ་བ་མེད་པར་དོན་རྣམས་གྲུབ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། སྲིད་པ་བར་དོ་ལ་སྐྱེ་བ་ཕྱིས་མི་ལེན་པར་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་མ་རྟོགས་བྱིན་བརླབས་པས།། དབུ་མ་མན་ཆད་ལྟ་སྒོམ་སྟེ།། འཁོར་འདས་ཆོས་ཀུན་སེམས་སུ་བསྡུས། ། རིག་པས་རྟག་ཆད་མཐའ་བསལ་ཏེ།། མི་དམིགས་ཙམ་ལ་བསྒོམ་པའི་ཐབས།། བྱིང་རྒོད་གཉིས་ཀྱི་སྐྱོན་བསལ་ལ།། ཏིང་ངེ་མེར་རེ་རང་གསལ་ཙམ།། ཡང་ནས་ཡང་དུ་གོམས་པར་བྱེད།། མཐུན་འཇུག་ཐབས་ཀྱི་སྤྱོད་པ་ཡང།། འོག་མའི་ཆོས་དང་སྒོ་བསྟུན་ཕྱིར།། དགེ་སྡིག་ཤན་མདངས་ཕྱེད་པར་སྤྱོད།། དེ་ཚེ་དོན་གྱིས་ཟིན་པར་བྱ།། ལྟ་སྒོམ་སྤྱོད་པ་འཛོམ་པའི་ཚེ།། འབྲས་བུ་ཚོགས་གཉིས་ནམ་རྫོགས་ན། ། སྒྲིབ་གཉིས་སྦྱངས་ནས་སངས་རྒྱས་འདོད།། དེ་ལས་ལྷག་པའི་ཆོས་མེད་ཟེར།། རི་དྭགས་སྨིག་རྒྱུ་བསྙེགས་ལྟར་འཁྲུལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐབས་ཀྱིས་རིག་པ་བྱིན་བརླབས་པ།། སྨན་དང་ཡིག་འབྲུ་དབང་གི་དུས། ། རྩ་དང་ཐིག་ལེ་བདེ་བསྒོམ་པས།། ཤེས་པ་འགྱུར་ནས་བདེ་ལ་ཞེན།། དེ་ཕྱིར་མི་གྲོལ་ཤིན་ཏུ་འཆིང།། མི་རྟོག་ཐབས་ཀྱི་བདེ་འདོད་གོལ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། འོག་མའི་བསྒོམ་པ་གོལ་བར་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ།། ལྟ་མེད་གཞི་གནས་ཞེན་པ་ལ།། བདུད་བྱུང་བར་ཆད་ཞེན་ལས་བྱུང།། ཟིལ་གནོན་གདམས་ངག་ངས་བཤད་ཉོན། ། རྣལ་འབྱོར་ལྟ་མེད་ཉམས་ཞེན་པ།། བདུད་ཀྱི་ཆོ་འཕྲུལ་མངོན་ཤེས་འབྱུང།། དེ་ཚེ་ལྟ་སྒོམ་སྤྱོད་ཉམས་བདུད།། བར་དུ་བཅད་ནས་འཁོར་བར་འཁྱམས།། དེ་བཟློག་དོན་དུ་གདམས་ངག་གིས། ། བཅོ་བརྒྱད་ཡོན་ཏན་ཆེན་པོ་ནི།། ཟིལ་གནོན་རྟོགས་དང་འབྲས་བུ་ཡིས།། དོན་ལྡན་ངེས་པའི་སངས་རྒྱས་འབྱུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་བའི་བདུད་ནི་རྣམ་བཞི་སྟེ།། སྣང་བ་འོད་དང་གྲག་པ་སྒྲ། ། འཇིགས་པ་གཟུགས་དང་བསླུ་བ་རྫུན།། རེ་རེ་ལ་ནི་དྲུག་དྲུག་ཏུ།། རྒྱུ་དང་ཞུགས་པ་ཉེས་དམིགས་དང།། ཟིལ་གནོན་རྟགས་དང་འབྲས་བུར་གསུངས།། སྣང་བ་འོད་གྱི་བདུད་བྱུང་ན།། ལྟ་བ་མུན་ལས་སྣང་འབྱུང་བས། ། དགེ་སྡིག་མཐོང་བས་སྙིང་རྗེ་ཞུགས།། འགྲོ་དོན་བྱ་མནོ་ཏིང་འཛིན་བཏང།། དངོས་མེད་ལྷག་མཐོང་མི་གཡོ་དྲན།། གཞི་ལ་མེད་པས་གཞའ་ཚོན་འདྲ།། དམྱལ་བའི་གནས་ཀྱང་སངས་རྒྱས་ཞིང།། དེ་ཡང་འདུས་པའི་སྙིང་པོ་ཉོན། གྲག་པ་སྒྲ་ཡི་བདུད་བྱུང་ན།། མཁའ་ལ་སྒྲ་དང་ཆོས་སྟོན་འབྱུང།། དགའ་བས་ངོམས་ཞིང་ཏིང་འཛིན་བཏང།། གདེང་བྲལ་བསྡུ་ཞིང་བདུད་དབང་སོང།། བཀའ་འགལ་ཆོས་བརྒྱད་འཁོར་བར་ལྟུང། ། ལྟ་བའི་གདང་ཟིན་སྒྲ་དང་བྲལ།། སྒྲ་སྙན་རྟགས་མེད་རྗེས་མི་འབྲང།། ཚེར་ལྷང་གསུང་གི་འཁོར་ལོ་བདེ།། འཇིགས་པ་གཟུགས་ཀྱི་བདུད་བྱུང་ན།། རྨི་ལམ་དངོས་སུ་འཇིགས་པའི་གཟུགས། ། མི་དགའ་དོན་བྲལ་མོ་ཆོག་བྱེད།། སེམས་ངན་ཚེ་ཐུང་ཡི་ཆད་ལྟུང།། སྣང་གཟུགས་གཞི་ལ་མེད་པར་ཤེས།། སྙིང་པོ་མེད་ཤེས་ཉམ་མི་ང།། དེ་ཉིད་ཐུབ་དྲུག་སྤྲུལ་སྐུར་ཤེས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། བསླུ་བ་རྫུན་གྱི་བདུད་བྱུང་ན།། དུས་གསུམ་ཉེས་ལེགས་སྟོན་པ་འབྱུང།། བདེན་དང་མི་བདེན་ཐ་མ་རྫུན།། མངོན་ཤེས་རྡུགས་པས་ཞེ་སྡང་སྐྱེ།། ཚིག་ལས་འདས་ཕྱིར་རྫུན་མ་གྲུབ།། རྨི་ལམ་བཞིན་དུ་འཁྲུལ་པར་ཤེས། ། དོན་རྟོགས་ཅི་སྨྲས་རྒྱལ་བའི་བཀའ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། ལྟ་བའི་བདུད་ཟིལ་གྱིས་གནོན་པའི་རྟགས་དང་འབྲལ་བུ་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ། ། བསྒོམ་པའི་བདུད་ནི་རྣམ་བཞི་ཡི།། བྱིང་བ་གསལ་བའི་བདུད་བྱུང་ན།། དོན་མེད་ནན་ཏན་འབད་ནས་བསྒོམ།། མྱོས་པའི་དབང་གིས་གསལ་བ་བྱིང།། གཉེན་པོ་གསལ་བའི་དོན་དང་བྲལ། གཉིད་གསུམ་བསྲེས་པས་གཏི་མུག་བརླག། ཆོས་ཉིད་ཀློང་དུ་གཉིད་ཐིམ་ཤེས།། སངས་རྒྱས་ཡེ་ཤེས་ཀློང་དུ་བྱིང།། རྨུགས་པ་བདེ་བའི་བདུད་བྱུང་ན།། ལུང་ལྡན་ཆོས་སྐུ་ངོས་མ་ཟིན།། ཤེས་པ་རྨུན་པོ་ལྷག་མཐོང་མེད། ། བསྒོམ་པ་བྱས་ཀྱང་གཏི་མུག་འཕེལ།། རང་རིག་དྲན་པས་ཡེ་ཤེས་གསལ།། ལྟ་བས་ཟིན་ཕྱིར་བདེ་བར་ཤར།། འབྲས་བུ་ཡེ་ཤེས་འགྱུར་མེད་ཀློང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒོད་པ་མི་རྟོག་བདུད་བྱུང་ན། ། གདམས་ངག་མེད་ཕྱིར་འདུས་པར་དགའ།། དོན་བཏང་ནས་ནི་མི་ཆོས་བྱེད།། སྤོང་སྡུད་ཞེན་པ་སྣ་ཚོགས་བྱེད།། སྔ་ཕྱི་རིག་པའི་དོན་ཟིན་ཕྱིན།། བ་མོར་ཉི་ཤར་བཞིན་དུ་སྟོངས།། གདེང་ཟིན་ཆོས་དབྱིངས་གནས་ཀྱི་མཆོག། འཕྲོ་བ་མི་གཡོའི་བདུད་བྱུང་ན།། དོན་ལ་གོམས་པར་མ་བྱས་པས།། རིག་ཚོར་དྲན་པ་ཕྲ་མོ་རྒྱུ།། དོན་མེད་རྐུན་བུ་ཡང་ཡང་ལྡང།། མི་བརྗེད་དྲན་པའི་གཟུངས་ཀྱིས་ཟིན།། རྣམ་རྟོག་རང་ཞི་རིག་པ་གསལ། ། ཐམས་ཅད་ཆོས་སྐུ་འབྲས་བུ་མཆོག། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྒོམ་པའི་བདུད་ཟིལ་གྱིས་ནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་སྟོན་པས་བཀའ་སྩལ་པ།། བྱ་བ་འདུ་འཛི་ལོངས་སྤྱོད་བདུད།། ཉམས་དགར་ཞེན་པ་གནས་ཀྱི་བདུད།། བསླབ་པའི་ཡོན་ཏན་གཡེང་བའི་བདུད།། འཁོར་ངན་སེམས་དཀྲུགས་བདུད་དང་ནི། ། དེ་དག་སྤྱོད་པའི་བདུད་བཞིར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འཛི་ལོངས་སྤྱོད་བདུད་དབྱེ་ན།། མན་ངག་མེད་པར་ཚུལ་འཆོས་བྱེད།། མི་རྣམས་སྨོན་འདོད་གཞན་སེམས་འཛིན། ། དོན་བོར་བདག་འཛིན་ཕྲག་དོག་ལྟུང།། དེ་དག་དགྲར་ཤེས་ཞེན་པ་ཆུང།། བུ་བཞིན་ཆགས་མེད་དོན་གྱིས་ཟིན།། ལོངས་སྤྱོད་རང་གྲོལ་རོལ་པར་རྟོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཞེན་ཆགས་གནས་བདུད་དབྱེ་བ་ནི།། ཐོས་ཆུང་མཁས་ཆེས་ཉམས་དགའ་བརྩིག། བཀྲ་ཤིས་འདྲེ་མེད་ལྷ་ཡོད་ཟེར།། འདྲེ་བརྟེན་མཐུ་ཡོད་གཞན་ལ་བསྡིགས།། གནས་ལ་མ་ཆགས་ངེས་མེད་ཤེས།། བདག་གཞན་གཞི་ལ་མེད་པར་རྟོགས། ། གང་དུ་འདུག་པ་འོག་མིན་གནས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོན་ཏན་གཡེང་བདུད་དབྱེ་བ་ནི།། རིག་པ་ལྔ་ལྡན་བཀུར་སྟི་ཞེན།། དོན་བོར་རང་དོན་རང་རྒྱུད་གོལ།། ཞེན་ལོག་དྲན་ཟིན་ཟིལ་གྱིས་མནན།། བདུད་མེད་ཡེ་ཤེས་སྐུལ་མར་ཤེས།། གཡེང་བས་བདག་གཞན་ཆོས་སྐུར་གྲུབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་ངན་སེམས་དཀྲུགས་བདུད་དབྱེ་ན།། ལྟ་དམན་འཁོར་ལ་གདུང་དྲགས་པས། ། འགྲན་སེམས་མཆོག་ཤེས་མེད་པར་འདོད།། དད་ལོག་སྒྲོ་སྐུར་ཞེ་སྡང་སྐྱེ།། གདུང་སེམས་བསྐྱུངས་ལ་འབྲེལ་བ་གཅད།། བདུད་ཉིད་ཆོས་སྐུར་ཤེས་པ་ལས།། སྤོང་ཞིང་དོར་དུ་རྡུལ་ཙམ་མེད། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྤྱོད་པའི་བདུད་ཟིལ་གྱིས་ནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཉམས་ཀྱི་བདུད་དྲུག་དོན་བསྟན་པ།། མཁའ་འགྲོའི་ལུང་སྟོན་བདུད་བྱུང་ན།། ཁྱོད་ནི་མ་འདུག་ཕན་གདགས་ཟེར།། འདོད་པ་སྙིང་ཞུགས་ཞེན་པ་ཚོལ།། མི་འགྲུབ་དཀའ་བ་སྣ་ཚོགས་བྱེད། ། ཞེན་པ་ཉིད་ནས་འདོད་པ་སྟོངས།། ལུང་སྟོན་བསླུ་བ་རྫུན་དུ་ཤེས།། གཞི་ལ་མེད་ཤེས་རེ་དོགས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉམས་མྱོང་ཞེན་པའི་བདུད་བྱུང་ཚེ།། མི་རྟོག་ཞེན་པའི་བདེ་བ་འབྱུང། ། འཕེལ་འགྲིབ་ཡོད་པས་མ་ངེས་པ།། ངོས་མ་ཟིན་པས་ལུང་མ་བསྟན།། ལྷག་མཐོང་དྲན་པའི་གདེང་དང་ལྡན།། དོན་ལ་འགྱུར་མེད་ནམ་མཁའ་བཞིན།། དམ་པར་ལྟ་མེད་སྒྲིབ་གཉིས་དག། ཞེ་འདོད་ཚུལ་འཆོས་བདུད་བྱུང་ཚེ། ། གདམས་ངག་མེད་པར་བསྒོམ་ཚུལ་སྟོན།། དད་ཅན་གླེན་པ་ཐབས་ཀྱིས་བསླུ།། ཆགས་ཆུང་ཚུལ་འཆོས་ཆོས་པར་འཆེས།། གཞི་ཉིད་མ་བཅོས་དྲན་པ་གཅེས།། ཞེ་འདོད་མེད་ན་ཚུལ་འཆོས་བྲལ། ། འདོད་མེད་གདེང་ལྡན་འབྲས་བུའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བརྐམ་ཆགས་བདོ་བའི་བདུད་བྱུང་ན།། འདོད་ཆགས་དབང་ལ་བྱང་ཆུབ་ནི།། རང་གི་ཞེན་པས་འདོད་ཆགས་སྲིད།། དོན་དུ་མ་ཤེས་བྱང་མི་ཆུབ།། རང་རིག་དོན་ལྡན་དབང་མི་དགོས།། འདོད་སྤྱད་རྐྱེན་ཐུབ་ཆོས་སྐུར་ཤེས།། བོགས་མེད་ཡེ་ཤེས་སངས་རྒྱས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡོན་ཏན་ཕྲག་དོག་ཞེ་སྡང་བྱེད། ། དེ་ལ་ལན་འདེབས་རྨོངས་པ་ནི།། མཁས་ལ་སྐུར་འདེབས་དམྱལ་བར་ལྷུང།། གཞི་རྟོགས་དོན་ལ་སྐུར་དང་བྲལ།། ཞེ་སྡང་རང་གྲོལ་ཆོས་ཉིད་རྟོགས།། དེ་ཉིད་དུས་ན་བདུད་མེད་ཤེས།། ང་རྒྱལ་སྒྲོ་འདོགས་བདུད་བྱུང་ཚེ། ། གང་ཟག་སྨད་ཕྱིར་ཆོས་ལ་སྨོད།། ཆེས་ཆུང་བྱད་ཅིང་བཀའ་རྐུན་བྱེད།། བསོད་ནམས་ཆེས་ཆུང་དམྱལ་བར་ལྟུང།། མན་ངག་གསང་ཐུབ་ཟིལ་གྱིས་མནན།། ཡིད་ཆེས་རང་རིག་དོན་གྱིས་ཟིན། ། ད་ལྟ་ཉིད་དུ་བདེན་པ་མཐོང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་བདུད་ཀྱི་དབྱེ་བ་ཡང།། ལྟ་མེད་རྣམས་ལ་འབྱུང་བ་ལས།། ལུང་ལྡན་ཀུན་གྱི་ཡོན་ཏན་ཏེ།། སངས་རྒྱས་ཆོས་ནི་བཅོ་བརྒྱད་ཡིན། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང། ཀུན་ཏུ་བཟང་པོ་ཡེ་ཤེས་ཀླུང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། ཉམས་གྱི་བདུད་ཀྱི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཀུན་རིག་སྟོན་པས་བདག་ལ་གསོན།། རྣལ་འབྱོར་ཉམས་སུ་མྱོང་བའི་བཀའ།། དོན་དང་མཐུན་པར་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་དགོངས་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཉམས་མྱོང་རིམ་པ་རྣམ་བཞི་སྟེ།། སྣང་བ་ཆོས་དབྱིངས་ཉམས་མྱོང་དང།། རང་རྒྱུད་ཟིལ་གནོན་ཉམས་མྱོང་དང།། ངེས་ལུང་སྤྱོད་པའི་ཉམས་མྱོང་དང།། ལྟ་བ་གདེང་ཟིན་ཉམས་མྱོང་ངོ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་བ་ཆོས་དབྱིངས་ཉམས་མྱོང་ནི།། བྱ་བ་བཏང་བའི་མི་འདྲ་སྟེ།། མཐོང་སྣང་གཟུགས་སྒྲ་ལ་སོགས་པ།། གང་མཐོང་ཅི་དྲན་ཅིར་སྣང་ཡང།། བརྟག་དཔྱད་མ་བྱས་གྱི་ན་ཙམ། ། ཡུལ་ནི་བུན་ནེ་ལོང་འདུག་ཀྱང།། སྤོང་སྡུད་ཞེན་པར་མ་སོང་ན།། ཆོས་དབྱིངས་གདེང་ལྡན་ཉམས་ཀྱི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རྒྱུད་ཉོན་མོངས་ཟིལ་ནོན་རྟགས།། བསྒོམ་ཐབས་སྐྱོད་དང་བཅོས་པའི་ཐབས། ། ཐུན་ཚད་ཉམས་དང་རྣམ་ང་སྟེ།། བསྒོམ་ཐབས་ལྟ་བའི་རྒྱུན་ལ་བསྒོམ།། སྐྱོན་ནི་བྱིང་དང་རྒོད་པ་སྟེ།། བཅོས་ཐབས་རབ་འབྲིང་ཐ་མ་ཡིས།། ཐུན་ཚད་ཉམས་ཀྱི་ཚོད་དང་སྦྱར།། དེ་དོན་ངེས་པར་ལ་བཟླ་ན།། གསེར་འགྱུར་རྩི་ཡིས་ཐེབས་པ་བཞིན།། རྟོགས་དང་མི་རྟོགས་ཐམས་ཅད་དུ།། རང་སེམས་ལྟ་བའི་ཆོས་ཉིད་གསལ།། རང་རྒྱུད་ཟིལ་གྱིས་ནོན་པའི་ཉམས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དོན་མཐར་ཐུག་རིམ་པའི་དོན།། གོས་ཀྱི་འཇམ་རྩུབ་སྣ་ཚོགས་དང།། ཟས་ཀྱི་རོ་མཆོག་གང་མྱོང་བ།། གང་དྲན་མཐོང་བྲལ་ཆོས་སྐུར་ཤེས།། དེ་ཙམ་ཉིད་ན་ཡེ་ཤེས་ཤར།། ཡུལ་ཉིད་མ་ཡིན་གང་དྲན་པ། ། ཆོས་སྐུར་ཤེས་པས་ཡུལ་དང་བྲལ།། དེ་ཙམ་ཡུལ་དང་རིག་པ་གཉིས།། གནས་སྐབས་མཐར་ཐུག་འབྲེལ་པ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟོགས་པ་མངོན་གྱུར་གདེང་གི་ཉམས།། གཡོ་དང་གོམས་པ་བརྟན་པ་ནི།། ཅིག་ཅར་རིམ་གྱིས་འབྱུང་བ་ནི།། ཤེས་རབ་བློ་ཡི་ཁྱད་པར་ལས།། ལུས་ངག་ཡིད་ཀྱི་ཉམས་རྟགས་ཀུན།། རྣལ་འབྱོར་པ་ལ་ངེས་པར་འབྱུང།། དེ་ཉིད་རྣལ་འབྱོར་ཉམས་ཀྱི་མཆོག། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རྣལ་འབྱོར་ཉམས་སུ་མྱོང་བའི་བཀའ་རྟགས་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་ཡང་གསུངས་པ། ། ལ་ཟློ་སྤྱོད་པའི་བཀའ་རྟགས་ནི།། འཁོར་ལ་བཤད་ཀྱི་ཡིད་ཀྱིས་ཉོན།། ཁོ་ན་ཉིད་དང་སྒྲོ་འདོགས་གཅོད།། རྟོགས་པས་གཞིག་དང་ཡེ་ཤེས་སྤྱོད།། གདེང་ལྡན་རྣམས་ཀྱིས་སྤྱད་པར་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ལུས་ཀྱི་དེ་ཁོ་ན་སྤྱོད་པ།། རྒྱལ་པོ་གཏན་མ་ཟིན་པ་བཞིན།། ལུས་ནང་ཆོས་སྐུ་རྒྱུན་དུ་གནས།། དེ་ཕྱིར་མི་འབྲལ་གཟུངས་དང་ལྡན།། ངག་གི་དེ་ཁོ་སྤྱོད་ཆེན་ནི།། དཔེ་ནི་དག་པའི་བརྟུལ་ཞུགས་བཞིན། ། ངེས་པའི་དོན་གྱིས་སྐྱོན་བྲལ་བས།། ངག་ཏུ་མ་བརྗོད་ཆོས་སྐུར་གསལ།། སེམས་ཀྱི་དེ་ཁོ་སྤྱོད་པ་ནི།། ནགས་ཀྱི་རི་དྭགས་བག་ཕེབས་བཞིན།། ཤེས་རབ་རྣམ་གསུམ་ཐག་ཆོད་པས།། ལྷག་མཐོང་རིག་པའི་གདེང་གིས་ཟིན། ། ཆོས་ཀྱི་དེ་ཁོ་དམིགས་པ་ནི།། ནོར་རྙེད་གསང་ནི་ཐུབ་པ་བཞིན།། གདེང་ལྡན་ཉམས་ཀྱི་གསང་ཐུབ་པས།། ངེས་དོན་མཆོག་གི་དངོས་གྲུབ་ཐོབ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། དེ་ཁོ་ན་ཉིད་ལ་དམིགས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་སྒྲོ་འདོགས་གཅོད་པ་ནི།། དྲེད་མོ་གདོས་ཀྱིས་བཏགས་པ་བཞིན།། ཡུལ་དང་འབྲལ་མེད་ཆོས་སྐུར་ཤེས། ། སྣང་བས་མི་གནོད་ཕན་མི་ནུས།། ནང་གི་སྒྲོ་འདོགས་གཅོད་པ་ནི།། མི་ཤེས་སླར་ལ་མི་ལྡོག་བཞིན།། མཐའ་བྲལ་ངེས་པའི་གདེང་གིས་ཟིན།། རང་རིག་བདེ་མཐོང་ཕྱིར་མི་ལྡོག། གཉིས་ཀའི་སྒྲོ་འདོགས་ཆོད་སྤྱོད་པ། ། གཉིད་སད་འཇིགས་པ་བྲལ་བ་བཞིན།། མ་རིག་སངས་ཕྱིར་ཡུལ་དང་བྲལ།། དེ་ཕྱིར་ཡིད་ཆེས་གདེང་གིས་ཟིན།། ལུང་གི་སྒྲོ་འདོགས་ཆོས་སྤྱོད་ནི།། ནོར་སྟོར་སླར་ལ་རྙེད་པ་བཞིན།། དྲང་དོན་མདོ་རྒྱུད་སུན་བཏོན་ནས།། ངེས་དོན་རྙེད་པས་ཆོས་སྐུར་རྟོགས། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྒྲོ་འདོགས་ཆོད་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ། ། ཟས་ནོར་དགྲ་གཉེན་རྟོག་གཞོམ་ཕྱེད།། ཡེ་ཤེས་སྤྱོད་པ་བསྟན་དུ་གསོལ།། ཀུན་རིག་སྟོན་པས་ཐུགས་གསོལ་ཏེ།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཟས་ཀྱི་རྟོག་པ་གཞོམ་པའི་ཕྱིར།། ཁྱི་ཕག་བཞིན་དུ་གཙང་དམེ་མེད། ། དོན་ཟིན་རྟོག་པ་བཅོས་གྱུར་ན།། ཡོན་ཏན་དྲུག་ལྡན་སྤྱོད་པའི་མཆོག། གོས་གྱི་རྟོག་པ་བཅོམ་པའི་ཕྱིར།། སྨྱོན་པ་བཞིན་དུ་ངན་དགུ་གོན།། གཉེན་སྡང་ཡོན་ཏན་ལྔ་ལྡན་ཕྱིར། ། ཆགས་མེད་ཡོན་ཏན་མཆོག་ཏུ་ལྡན།། གཉེན་གྱི་རྟོག་པ་གཞོམ་པའི་ཕྱིར།། ངོ་ཚ་མེད་པར་ཆགས་སྤྱོད་དང།། གཉེན་ལ་སྡང་བ་བྱས་གྱུར་ན།། འཁོར་ངན་བདུད་བཅོམ་བདེ་བ་འཕེལ།། དགྲ་ཡི་རྟོག་པ་གཞོམ་པའི་ཕྱིར། ། གྲི་བོ་གཤེད་ལ་འཁོར་བ་བཞིན།། ཆགས་སྡང་གཞི་ལ་མེད་པར་ཤེས།། དགྲ་ཉིད་ཆོས་སྐུར་ཤེས་པར་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་སྤྱོད་པ་གང་སྤྱོད་དང།། རིགས་སྤྱོད་རྒྱུན་དུ་བྱ་བ་ནི། ། བྲམ་ཟེའི་དམ་ཚིག་འགལ་བའི་ཕྱིར།། ལུང་ལྡན་ཀུན་གྱིས་བྱར་མི་རུང།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རྟོག་པ་གཞོམ་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ། ། གཞི་ཤེས་བློ་དངོས་གཅིག་པ་དང།། བརྟུལ་ཞུགས་མཆོག་དང་བགེགས་མེད་པའི།། ཡེ་ཤེས་རང་ཤར་ངས་ཤད་ཀྱིས།། འདུས་པའི་འཁོར་རྣམས་ཡིད་ཀྱི་ཉོན།། ལུང་ལྡན་གདམས་ངག་གཞི་ཤེས་པས། ། ངོ་བོ་ཉིད་ལ་བློ་ལྡན་ཕྱིར།། གང་ཡང་ཆོས་སྐུར་རང་གསལ་བས།། འདུས་མ་བྱས་པའི་ནམ་མཁའ་འདྲ།། བློ་དངོས་གཅིག་པར་ཤེས་པ་ཡིས།། གང་མཐོང་ཉིད་འཁྲུལ་མེད་ཤེས་ཕྱིར།། སྣང་མཐོང་གང་དྲན་ཆོས་སྐུར་ཤེས། ། སྨིག་རྒྱུ་ནམ་མཁར་ཤེས་པ་འདྲ།། བརྟུལ་ཞུགས་མཆོག་གི་སྤྱོད་པ་ནི།། མཚམས་མེད་ལྔ་དང་མི་དགེ་བཅུ།། ཆགས་སྡང་ལྔ་ལ་ལོངས་སྤྱད་ཀྱང།། ལྟ་བ་རྟོགས་པའི་གྲངས་སུ་འགྱུར།། ལུང་རིགས་མི་འགལ་རྒྱུད་གནས་དང།། འབོལ་ཞིང་ཞི་ལ་འཇམ་འདོད་པས།། ངེས་པའི་གདམས་ངག་མ་གོ་ན།། མཁས་ཀྱང་རྨོངས་པ་སྙིང་རེ་རྗེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བགེགས་མེད་ཡེ་ཤེས་རང་ཤར་བ། ། རང་གི་རྣམ་རྟོག་ཡོད་ཀྱི་བར།། བགེགས་ཀྱི་མཐའ་ལ་ཟད་པ་མེད།། དངོས་སུ་མེད་ཕྱིར་འཁྲུལ་པའི་བློ།། མུ་སྟེགས་ཅན་ལ་འདྲེ་ཡོད་ཕྱིར།། འདྲེར་འཛིན་སྐྱེ་བོ་མ་རིག་པ།། མོ་མའི་རྫུན་གྱིས་གླེན་པ་བསླུས། ། དམ་པ་ཀུན་གྱིས་འདྲེ་སུན་བཏོན།། ཡུལ་དང་གོལ་ས་ཆོད་གྱུར་ན།། འདྲེ་མེད་རིག་པ་ཆོས་སྐུར་ཤེས།། གཞི་ལ་ལྷ་འདྲེ་མེད་རྟོགས་པས།། ཕན་གནོད་བྱ་བ་མིང་ཡང་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དག་ཡེ་ཤེས་རང་ཤར་བ།། ཀུན་བརྟགས་ཟད་ན་འདྲེ་རྣམས་སྟོངས།། འདྲེ་ནི་ཉིད་འཁྲུལ་ཡིན་པའི་ཕྱིར།། རི་བོང་རྭ་ལ་ཡོད་རྟོག་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་ཡང་གསུངས་པ། ། དམ་ཚིག་ལྟུང་མེད་ངས་བཤད་ཉོན།། རྟོགས་ཐབས་ལྔ་ཡིས་མ་ཉམས་ན།། རང་སེམས་མི་རྟོག་ལུང་མི་ལྡན།། འཁོར་བར་འཁྱམས་ཀྱང་འཇིགས་པ་མེད།། ད་བུ་ལ་ནི་ལས་ནོར་འདྲ།། ཆེད་དུ་མ་བྱས་དྲུག་ཉམས་ན། ། བྱས་པ་ཐམས་ཅད་མི་འགྲུབ་ཅིང།། འདིར་སྡུག་ཕྱི་མར་དམྱལ་བར་ལྟུང།། རྒྱལ་པོས་ཆབ་བསལ་མི་ངན་འདྲ།། བསྲུང་བའི་དམ་ཚིག་ལྔ་ཉམས་ན།། མ་རུངས་ལས་རྣམས་སྤྱད་པའི་ཕྱིར།། མ་རིག་མུན་པ་མ་སོལ་པས། ། རང་གི་མིག་ནི་རང་བཏོན་འདྲ།། སྲང་བའི་དམ་ཚིག་བཞི་ཉམས་ན།། འོག་མའི་སེམས་བསྐྱེད་སྡོམ་ཞིག་པས།། ཁ་ན་མ་ཐོ་རྣམ་གསུམ་ལྟུང།། བཙོན་རར་ཆུད་པའི་མི་ངན་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དག་དམིགས་ཀྱིས་དབྱེ་བ་ནི།། ལྟུང་བའི་སྒོ་དགུར་ལྟུང་ངེས་ཀྱིས།། དེ་ཡི་སྡུག་བསྔལ་སྨོས་ཐག་ཆད།། ལས་ཀྱིས་ཚེ་ཚད་བརྗོད་མི་ལངས།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། མ་རྟོགས་པའི་དམ་ཚིག་ཉམས་པའི་ལྟུང་བའི་སྒོ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། མཐར་ཐུག་ཡེ་ཤེས་འབྲས་བུ་སོགས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། མངོན་གྱུར་སངས་རྒྱས་བཀའ་སྩལ་པ། ། ལུས་མེད་ཡེ་ཤེས་སྒོ་ལྔ་ཡིས།། སྔར་མ་མཐོང་བའི་ཞིང་ཁམས་སུ།། ཡེ་ཤེས་མིག་གི་དུས་གཅིག་མཐོང།། འཆར་ནུབ་མེད་པའི་ཉི་ཟླ་ཤར།། ཟོས་པ་མེད་པའི་རོ་མཆོག་མྱོང།། མ་བསམས་པ་ཡི་དྲན་པ་ལ། ། མི་བརྗེད་པ་ཡི་གཟུངས་དང་ལྡན།། བསྒྲུབས་པ་མེད་པའི་འབྲས་བུ་འབྱུང།། རྐྱེན་དབང་མི་འགྱུར་ཡུལ་གཅིག་རྙེད།། སངས་རྒྱས་ཀུན་དང་དགོངས་པ་གཅིག། བཙལ་མེད་འགྲོ་དོན་ད་ལྟ་བྱེད། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣམ་སྨིན་ལས་མེད་ཡེ་ཤེས་སྐུ།། རིག་པ་གསལ་ལ་ཁ་མིག་ཅན།། སྔར་མ་མཐོང་བའི་ཆོས་དབྱིངས་ལ།། ཞིང་ཁམས་སངས་རྒྱས་ཡེ་ཤེས་ཀློང།། ཆོས་སྐུ་རིག་པ་འཆར་ནུབ་མེད། ། རང་སེམས་རྟོགས་པས་ཆོས་སྐུར་ཤར།། ཏིང་འཛིན་ཟས་ནི་ཉམས་སུ་བསྟེན།། རོ་མཆོག་ཉམས་མྱོང་ཆོས་སྐུར་ཤེས།། དེ་ལ་བསྒོམ་བསྒྲུབ་བྱ་མི་དགོས།། འཁོར་འདས་གཉིས་སུ་མ་བསམས་པའི།། ལྷག་མཐོང་དྲན་པའི་ཡེ་ཤེས་ལ།། མི་བརྗེད་གཟུངས་ལྡན་རིག་པའི་སྐུ།། གང་དྲན་རང་རིག་ཀུན་ཁྱབ་ཕྱིར།། དུས་གསུམ་སྐྱེ་འགག་མེད་པ་ཡི།། འབྲས་བུ་བར་དོར་ཡེ་ཤེས་ལྡན།། མ་རིག་བག་ཆགས་ཤེས་པའི་ཕྱིར། ། རྐྱེན་བཞིས་བསྐྱེད་པའི་དབང་མི་འགྱུར།། སྤྱིར་ཆིབ་ས་ལ་ངེས་པར་འགྲོ།། ལྷུན་གྲུབ་མངོན་འགྱུར་དུས་དེར་འགྲུབ།། སངས་རྒྱས་ཀུན་དང་མཉམ་པའི་ཕྱིར།། དགོངས་པ་ཀུན་བཟང་ང་དང་མཉམ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཆོས་སྐུའི་གཟུགས་བརྙན་གཟུགས་སྐུ་འབྱུང།། གཟའ་སྐར་གཟུགས་རྙན་མེ་ལོང་བཞིན།། མ་བཙལ་ལྷུན་གྱིས་ཆོས་སྐུར་གྲུབ།། དེ་ཉིད་དོན་ལྡན་ད་ལྟ་བྱས།། ཡེ་ཤེས་ལུས་ལ་རིག་པའི་ཐུགས། ། ཡེ་ཤེས་རང་ཤར་དོན་རྟོགས་པས།། རང་བྱུང་ཆོས་སྐུ་ཁ་མིག་ཅན། ཡེ་ཤེས་སྒོ་ལྔ་གསལ་བར་འདུས།། ཐེག་གཞན་སངས་རྒྱས་འདོད་པ་དེ།། བློས་བྱས་རྣམ་གསུམ་ངེས་དོན་མེད།། དེ་ཕྱིར་ཡང་ཏི་སངས་རྒྱས་ཀྱི། ། འབྲས་བུ་བར་དོར་སངས་རྒྱས་སྐུ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། ངེས་དོན་གྱི་སངས་རྒྱས་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།།།། དེ་ནས་སྟོན་པ་ཀུན་བཟང་གིས།། འདུས་པའི་འཁོར་ལ་དོན་གཏད་པ།། ངེས་དོན་འདུས་པའི་ཡང་སྙིང་འདི།། སངས་རྒྱས་ཀུན་གྱིས་གསུངས་པའི་ཆོས།། རིག་འཛིན་རྣམས་ཀྱིས་ཐུགས་ལ་སྦས།། ཆོས་སྐྱོང་ཀུན་གྱིས་གཏེར་ལྟར་བསྲུང།། མཁའ་འགྲོ་རྣམས་ཀྱིས་མིག་ལྟར་འཚོ། ། དེ་ཕྱིར་རྒྱུད་འདི་ཤིན་ཏུ་གཉན།། དེ་དོན་མན་ངག་ངེས་དོན་འདི།། ལོག་སྲེད་ཆགས་ཞེན་མ་ངེས་ལ།། ནམ་ཡང་བསྟན་པར་མ་གསུངས་སོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་དག་ངེས་དོན་ཁྱད་པར་ཅན།། འབྲས་བུ་མངོན་འབྱུང་ངེས་པ་འདི།། སྣོད་ངན་རྣམས་ལ་མ་གསང་ན།། ཚེ་ཐུང་སྡུག་བསྔལ་ནད་འབྱུང་ཞིང།། ཕྱི་མ་ཐར་མེད་དམྱལ་བར་ལྟུང།། དེ་ཕྱིར་མི་བསྟན་སྣོད་ངན་ནི།། བླ་མར་མི་གུས་ང་རྒྱལ་ཅན།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། དབུལ་བ་མེད་པར་གདམས་ངག་འདོད།། བཀའ་རྐུན་བྱས་ནས་ཡོད་ཚུལ་སྟོན།། དོན་མ་གོ་བས་ཆོས་ལ་སྡང།། དཔེ་རྐུན་བྱས་པས་ཕྱི་ཐག་ཐུང། ། འགྲན་སེམས་བཅུག་པས་མཆེད་དང་མཁོན།། གནས་ལུགས་མ་ཤེས་རང་མཐོང་ཆེ།། ང་རང་མཁས་ཞེས་བླ་མ་སྨོད།། སྔོན་ནས་ཡོད་ཟེར་རྫུན་དུ་སྨྲ།། གཞན་ནས་རྙེད་ཟེར་ཐབས་ཀྱིས་ཚོལ།། ཕྱི་ནས་དབུལ་ཞེས་སློབ་དཔོན་བྲིད། ། ཆོས་རྗེས་བྱ་ཞེས་ཐབས་ཀྱིས་བསླུ།། གཡོ་སྒྱུ་སྐྱོན་ཀྱིས་ཆོས་འཚོལ་ལ།། ནམ་ཡང་བསྟན་པར་མི་བྱའོ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། གལ་ཏེ་འཁོར་གྱིས་ཆོས་བསྟན་ན།། ཕྱི་ནང་ཆོས་སྐྱོང་ཀུན་ཁྲོས་ནས། ། མ་ཉེས་ཁ་ཡོགས་སྣ་ཚོགས་འོང།། བྱས་པ་མེད་པར་མི་རྣམས་སྡང།། སེར་སྣས་བསགས་པའི་རྫས་རྣམས་བརླག། རང་ཉིད་སྨྱོ་འབོག་སྒུར་པོར་འགྲོ།། རྒྱལ་འགོང་ཆགས་ནས་གནས་མི་རྙེད། ། ཕྱི་མར་དམྱལ་བ་ཆེན་པོར་ལྟུང།། དེ་ཕྱིར་ཤིན་ཏུ་གསང་བར་བྱ།། དེ་ཚེ་ངེས་དོན་ཡང་སྙིང་འདི།། གུ་ལང་གསེར་བཞིན་མི་ནུབ་ཙམ།། སྣོད་ལྡན་འགའ་ལ་བསྟན་པ་ལས།། སྣང་དགུ་ཀུན་གྱི་སྤྱོད་ཡུལ་མིན། ། འཁོར་རྣམས་ངེས་པ་དེ་ལྟར་ཞོག། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་སོ་བདུན་པའོ།།།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང། བོད་ཀྱི་ལོཙྩ་བ་ཨཱ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགས་སོ། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ཞེས་བྱ་བ། ཤང་པ་ཆེ་ཆུང་བ་ཡེ་ཤེས་རྒྱལ་མཚན་གྱི་ཐུགས་དམ། བླ་མ་གཉན་ཆུང་བ་ལ་གནང་བ། གཉན་ཆུང་བས་འབྲོམ་ཞང་འབར་ལ་གནང་བ། རྗེ་བཙུན་ཞང་འབར་གྱིས། སྐྱེ་སྒོམ་ལ་གནང་བ། སྐྱེ་སྒོམ་གྱིས། སྒྱེར་བན་འོད་དེ་ལ་ག་ནང་བའོ་རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་བཞུགས། །།། རྒྱ་གར་སྐད་དུ། སན་དྷི་མ་ཧཱ་ཨརྠ་ས་མུ་དཱ་ཡ་བིངབཱཀསྭཡམྦྷཱུ་སུ་ཁ་ཙཀྲ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་རང་བྱུང་བདེ་བའི་འཁོར་ལོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རང་བྱུང་རིག་པའི་རྒྱལ་པོ་ཡེ་ཤེས་ཀྱི་སྐུ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན།། ངོ་བོ་ཉིད་རྟོགས་ཀུན་བཟང་དེ།། བདེ་གཤེགས་འོག་མའི་གནས་མཆོག་ཏུ།། རིགས་ལྔའི་རྒྱལ་པོ་ལ་སོགས་ལ།། རང་བྱུང་ཆོས་སྐུའི་བྱིན་རླབས་བཤད།། དེ་ཚེ་སེམས་དཔས་དོན་རིགས་ནས།། གཙང་རིས་ལྷ་ཡི་གནས་མཆོག་ཏུ།། བརྩེར་དགོངས་དུས་ལ་བབ་གྱུར་ནས། ། རིག་འཛིན་སེམས་དཔའི་འཁོར་རྣམས་ལ།། ངེས་དོན་རང་གི་ངོ་བོས་བཤད།། དེ་དུས་ཕྱོགས་བཅུའི་སངས་རྒྱས་ལ།། སྤྲུལ་པའི་རིག་འཛིན་སེམས་དག་གིས།། ཞུ་བ་ཞུས་ནས་ཐེ་ཚོམ་བཅད། ། ངེས་རྙེད་མངོན་དགའི་ཕུག་ཏུ་ཞུགས།། དེས་སྤྲུལ་ཤཱཀ་ཐུབ་སྤྲུལ་པ་ཡིས།། འཛམ་གླིང་བདེ་ལྡན་གནས་དག་ཏུ།། ད་ལྟ་དུས་ཀྱི་དེང་སང་ན།། གསང་བདག་སྤྲུལ་པ་དད་ཉན་ལ།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས། ། དེ་ཡང་སྟོན་པའི་འཁོར་རྣམས་ཉོན།། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ།། གདུལ་བྱ་འཁོར་བ་ཐ་དད་ཀྱང།། དུས་གསུམ་གཅིག་སྟེ་ཁྱད་མེད་ཕྱིར།། རིམ་པར་འབྱེད་མེད་ངོ་བོ་གཅིག། དེ་སྐད་གསུངས་པའི་དོན་གོ་ནས། ། སྐལ་ལྡན་འདུས་པ་རྣམས་ཀྱིས་ཀྱང།། གུས་ཉན་དད་པ་རྩེ་གཅིག་ཏུ།། དད་ཅིང་གུས་པའི་ཡིད་ཀྱི་འཁོར།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ངེས་དོན་བཤད་དུས་གང་ལ་བབ།། སྣོད་ཀྱི་རིམ་པ་གང་ལ་བསྟན།། ཚིག་དང་ཡི་གེར་ཇི་ལྟར་མཚོན།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ། ། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལེགས་སོ་དད་ལྡན་འཁོར་རྣམས་ཉོན།། དེ་དོན་ངས་བཤད་ཡིད་ཀྱིས་ཟུང།། དུས་ཀྱི་ཐ་མ་ལྔ་བརྒྱ་ན།། མནའ་ཟ་ཁྲིམས་འཆལ་དམ་ཉམས་འབྱུང། ། མཚོན་དང་མུ་གེའི་ཚེ་ཐུང་དུས།། རྫོགས་ཆེན་སྙིང་པོ་དེར་བཤད་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡང་དུས་ཀྱི་དེང་སང་ན།། སངས་རྒྱས་བསྟན་པ་འཇིག་ཀའི་ཚེ།། འཛམ་གླིང་བོད་ཀྱི་བྱང་ཕྱོགས་སུ།། རྒྱུད་དང་ཏན་ཏྲ་མང་པོ་འབྱུང།། ལུང་དང་སེམས་ཀྱི་ཆོས་དར་སྟེ།། སྡེ་སྣོད་ཆོས་ཀུན་ནུབ་གྱུར་ཅིང།། དེ་ཚེ་སྐལ་ལྡན་འགའ་ཞིག་ལ།། རང་སེམས་རྟོགས་པ་ཙམ་གྱིས་ནི།། འབྲས་བུ་སངས་རྒྱས་དུས་འདིར་འབྱུང།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། དད་ལྡན་སློབ་མ་བརྩེ་གདུང་ཅན།། མངགས་པའི་ལས་ལ་གུས་པར་བྱེད།། ཡིད་འཐད་རྫས་ལ་ཕོངས་མེད་དབུལ།། མི་སྦལ་གཉེར་ཐུབ་རྣམས་ལ་བཤད། ། དེ་དང་མི་ལྡན་སྣོད་ངན་ནི།། གྱོང་ལ་ཁེངས་པའི་ང་རྒྱལ་ཅན།། སེར་སྣ་ཆེ་ལ་གཏོང་ཕོད་ཆུང།། མན་ངག་སྲེད་ཆེ་ཀུན་ལ་སྤེལ།། ཕྱི་ཐག་ཐུང་ཞིང་བླ་མ་སྨོད།། ཟས་ལ་ངན་ཞིང་ནོར་དད་ཆེ། ། རྣམ་སྨིན་མི་བལྟ་གྲགས་པ་སྒྲུབ།། ཕྱི་ནང་མེད་པར་འཕྱར་ཁ་གཏོང།། དེ་འདྲའི་སྣོད་ངན་མི་རྣམས་ལ།། ཡང་དག་ངེས་དོན་འདི་བསྟན་ན།། མཁའ་འགྲོ་རྣམས་ཀྱིས་སྲོག་བཅད་དེ།། ཕྱི་མར་མནར་མེད་དམྱལ་བར་ལྟུང། ། དེ་ཕྱིར་མ་བརྟགས་ཆོས་མི་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཚིག་དང་ཡི་གེས་དོན་མཚོན་ཏེ།། མན་ངག་སྙིང་པོས་ཁོག་ཕུབ་ནས།། དོན་དང་མི་འགལ་ས་བཅད་ལ།། ཚིག་ཉུང་དོན་ཆེན་རྫོགས་པར་བཤད། ། དེ་ལྟར་མི་ཤེས་གང་ཟག་གིས།། དོན་མེད་ཚིག་གིས་གོང་འོག་དཀྲུགས།། རྩལ་བཤད་ཐོ་ཆོས་གཞུང་ཉམས་བྱེད།། མཚམས་མེད་སྡིག་པས་ཆར་མི་ཕོད།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དོན་གྱི་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཀུན་རིག་སྟོན་པ་དེས།། ངེས་དོན་རྩ་བ་འདི་གསུངས་པ།། ངོ་བོ་གཞི་ཡི་གནས་ལུགས་དང། ། བལྟ་བསྒོམ་སྤྱོད་པ་འབྲས་བུའི་དོན།། རྟོགས་པའི་ཡོན་ཏན་ད་ལྟའི་དུས།། མངོན་དུ་གྱུར་པས་ངས་བཤད་ཉོན།། ཡུལ་མེད་ངོ་བོ་རང་བྱུང་སྐུ།། འཁོར་འདས་མ་རིག་གདོད་ནས་བྱུང།། དེ་དོན་ཀུན་ལ་ཡེ་ནས་གནས། ། འདུས་མ་བྱས་པའི་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ཁྱུང་ཆེན་ལྡིང་བ་བཞིན།། ངེས་པའི་ལྟ་བ་གདེང་ལྡན་པས།། འཁོར་འདས་དངོས་པོ་ཅིར་སྣང་ཡང།། གཟུང་འཛིན་ཞེན་ལྡོག་གཞི་ལ་མེད། ། མ་ཀི་ཏ་ཡིས་གང་ཐེབས་བཞིན།། ལྟ་བ་ངོ་བོ་ཉིད་རྟོགས་པས།། ཅི་དྲན་མ་བསྒོམས་ཆོས་ཉིད་གསལ།། བཞག་ས་མེད་པར་རྒྱུན་དུ་གནས།། བི་ཤྭས་གང་བྱས་ལེགས་པ་བཞིན། ། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ།། ཡེ་ཤེས་རྩ་བ་དོན་གྱིས་ཟིན།། ཉེས་པའི་སྐྱོན་གྱིས་གོས་པ་མེད།། ཡིད་བཞིན་ནོར་བུའི་ཡོན་ཏན་བཞིན།། རང་སེམས་ཆོས་སྐུར་དོན་རྟོགས་པས།། མི་ཡི་ལུས་ལ་སངས་རྒྱས་ཐུགས། ། གདུལ་བྱ་གཟུགས་སྐུ་ཤུགས་ལས་འབྱུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་ངོ་བོ་གཅིག་པ་ལ།། ཚིག་གི་མཚོན་པ་ཐ་དད་ཀྱང།། ཡུལ་མེད་རང་གསལ་ཉིད་དུ་འདུས།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་རྩ་བ་གཅིག་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ། ། ཡིད་ཀྱིས་དྲན་པས་འདི་སྐད་གསོལ།། སྣང་མེད་ངོ་བོ་གནས་ལུགས་གང།། གཞི་ལ་འཕོ་འགྱུར་ཇི་ལྟར་མེད།། སེམས་ཅན་ཀུན་ལ་ཇི་ལྟར་ཡོད།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྣང་མེད་ངོ་བོ་གནས་ལུགས་ནི།། དུས་གསུམ་མེད་པས་སྔོན་རོལ་དུ།། འདས་པ་བས་ཀྱང་རང་བྱུང་སྔ།། རྒྱུ་རྐྱེན་མེད་པའི་སྔོན་རོལ་དུ།། འབྲས་བུ་རང་བྱུང་སྙིང་པོ་བྱུང། ། འབྱུང་བ་མེད་པའི་སྔོན་རོལ་དུ།། ང་དང་ནམ་མཁའ་དུས་མཉམ་ཕྱིར།། བསྟན་པ་མེད་པའི་སྔོན་རོལ་དུ།། སངས་རྒྱས་བས་ཀྱང་རང་བྱུང་སྔ།། ཐེག་པ་མེད་པའི་སྔོན་རོལ་དུ།། ལྟ་བའི་ཆོས་སུ་རང་སེམས་བྱུང། ། སྐྱེ་ཤི་མེད་པའི་སྔོན་རོལ་དུ།། མྱང་འདས་བས་ཀྱང་ཡེ་ཤེས་སྔ།། ཆོས་ཉིད་མེད་པའི་སྔོན་རོལ་དུ།། སྟོང་པ་ཉིད་པས་རང་རིག་སྔ།། བདེ་གཤེགས་མེད་པའི་སྔོན་རོལ་དུ།། སེམས་ཅན་བས་ཀྱང་ཆོས་སྐུ་སྔ། ། མཚོན་ཚིག་མེད་པའི་སྔོན་རོལ་དུ།། ཐ་སྙད་བས་ཀྱང་དོན་འདི་སྔ།། ང་ནི་རྒྱུ་མེད་འབྲས་བུ་སྟེ།། རང་བྱུང་རྒྱུ་མེད་སྙིང་པོ་ཡིན།། དེ་ཕྱིར་མི་སྐྱེ་དོན་མི་འགག། སྐྱེ་ཤི་མེད་པའི་རྡོ་རྗེ་འཆང།། དེ་ནི་ནམ་མཁའི་རང་བཞིན་ཏེ། ། བག་ཆགས་མ་བརྟས་ས་ཆུ་མེད།། གཟུགས་མེད་ཡེ་ཤེས་ངོ་བོ་ལ།། རླུང་མེད་མེ་ནི་ཅི་ལས་བྱུང།། དེ་ཕྱིར་ངོ་བོ་ཉིད་ཀྱི་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ་ཉིད་ལ་ནི།། རྒྱུ་རྐྱེན་མ་སྐྱེས་ཡང་དག་ཡོད། ། སྒྲོ་སྐུར་བྲལ་བའི་རིག་པ་ལ།། འཕེལ་འགྲིབ་མེད་པར་རྒྱུན་དུ་གནས།། ཡང་དག་བྱང་ཆུབ་སྙིང་པོ་ལ།། ཐོབ་པ་མེད་ཅིང་སྤང་བ་མེད།། འཁོར་འདས་གཉིས་ཀྱི་འཛིན་པ་དེ།། ཐ་སྙད་ཡིན་གྱིས་དོན་དུ་མེད། ། ཆོས་སྐུའི་མཚན་ཉིད་རྣམ་པར་དག། བདག་མེད་ཆོས་ལ་སྐྱེ་ཤི་མེད།། ངོ་བོ་ཉིད་ལ་བསྒོམ་མི་དགོས།། ཡོད་མེད་ཡུལ་གྱི་མཐའ་ལས་འདས།། དེ་དོན་རང་བཞིན་འོད་གསལ་བས།། གདོད་ནས་དག་པས་ནམ་མཁའ་འདྲ། ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོ་ལས། སྣང་མེད་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། རང་རིག་རྩ་བ་ཆོས་སྐུ་ལ།། ཡོན་ཏན་ལྷག་མ་མེད་པར་རྫོགས།། རང་བྱུང་སངས་རྒྱས་ཡེ་ཤེས་སྐུ།། མ་སྐྱེས་ཡོངས་སུ་གྲུབ་པའི་ལྷ།། ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ།། ངོ་བོ་དམིགས་མེད་བརྗོད་ལས་འདས། ། ཡང་དག་ལྟ་བ་མཐར་ཕྱིན་པས།། ཕ་རོལ་ཕྱིན་པ་ཡེ་ནས་གནས།། སངས་རྒྱས་ཀུན་གྱི་སངས་རྒྱས་ལ།། འགྲོ་བ་ཡོངས་ཀྱི་ཁ་ལོ་བསྒྱུར།། བསྐྱེད་པ་མེད་པའི་འབྲས་བུ་ལ།། བྱས་པ་མེད་པའི་ཆོ་འཕྲུལ་འབྱུང། ། ཐམས་ཅད་འབྱུང་བ་ང་ཡི་རྩལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དོན་ལ་འགྱུར་མེད་ལྟ་བའི་གཞི།། ཡུལ་ལ་མི་ལྟོས་རང་བྱུང་སྐུ།། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ།། གཞི་ལ་འགྱུར་མེད་བྱང་ཆུབ་སེམས། ། སྐྱོན་གྱིས་མི་གོས་དྲན་པ་ལ།། འཕོ་འགྱུར་མེད་པ་གདལ་བའི་སྐུ།། མི་སྐྱེ་མི་འགག་རང་རིག་ཀློང།། བསྒོམས་པས་མི་རྙེད་འགྱུར་མེད་ཕྱིར།། འབྲལ་མེད་ད་ལྟ་ང་ཡིས་ཐུགས། བསྐལ་པར་འཁྱམས་ཀྱང་སྐྱེ་ཤི་མེད།། དེ་རྟོགས་རིག་པ་ཀུན་གྱི་གཞི།། མ་བསྒོམས་ཡེ་ཤེས་མཐར་ཕྱིན་པ།། རེ་བ་མེད་ཕྱིར་ལྟུང་མི་སྲིད།། གདོད་ནས་འགྱུར་མེད་ཡེ་ཤེས་སྐུ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གཞི་ལ་འཕོ་འགྱུར་མེད་པར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། སེམས་ཅན་ཀུན་གྱི་ལུས་ནང་ན། ། རང་རིག་རྒྱལ་པོ་ཡེ་ཤེས་དེ།། རང་གི་སེམས་ལ་ཡེ་ནས་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ངེས་པའི་ཆོས་སྐུ་ནི།། དངོས་པོར་མ་གྲུབ་ཡུལ་ལས་འདས།། རིག་པ་རྒྱུན་ཆགས་དེ་ཉིད་ནི། ། འགྲོ་དྲུག་ཀུན་གྱི་སེམས་ལ་གནས།། སྐྱེ་མེད་རང་བྱུང་ཡེ་ཤེས་སྐུ།། ཆེད་དུ་མ་བྱས་རང་གསལ་བ།། དེ་ཉིད་རང་རིག་ཙམ་ལས་ནི།། བཅོས་སུ་མེད་པས་ནམ་མཁའ་འདྲ།། སེམས་ཅན་ཀུན་གཞི་གཞི་ཆ་ལ། ། རང་བྱུང་ཆོས་སྐུ་ཡོད་མོད་ཀྱང།། ལུང་མེད་རྐྱེན་གྱིས་རང་བཞིན་བསྒྲིབས།། དེ་ཕྱིར་ཡེ་ཡོད་རྟོགས་པར་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་ལུས་ཀྱི་ཚོར་བ་ལས།། རང་བྱུང་ཡེ་ཤེས་རྒྱུན་མི་ཆད། ། དེ་ཉིད་མི་གཡོ་རང་གསལ་བས།། འདུ་འབྲལ་མེད་པར་ཡེ་ནས་གནས།། དེ་ཕྱིར་ཉོན་མོངས་སྦུབས་ནང་ན།། ཀུན་བཟང་ཡེ་ཤེས་སེམས་དཔའ་གནས།། ངེས་དོན་ལུང་ལྡན་དོན་རྟོགས་ན།། དེ་དོན་གཞན་ནས་བསྒྲུབ་མི་དགོས། ། སེམས་ཅན་བྱང་ཆུབ་སུ་འདོད་པ།། ཀུན་གཞིའི་གསེབ་ནས་དོན་འཚོལ་བ།། དེ་ཡིས་ངང་ལ་གནས་པར་གྱིས།། དེ་དོན་རྒྱལ་བའི་དགོངས་པ་ཡིན།། བདེ་གཤེགས་རྣམས་ཀྱི་སྙིང་པོ་ཡང།། སེམས་ཅན་ཀུན་ལ་ཡོད་མོད་ཀྱང།། ཤེས་པས་མ་མཐོང་ཙམ་དུ་བས།། དེ་མཐོང་ངེས་པའི་གདམས་ངག་ལ།། ཤེས་པས་རྟག་ཏུ་འབྲལ་བ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་རིག་འཁྲུལ་པ་ཡོད་བཞིན་དུ། ། འབྲས་བུ་སངས་རྒྱས་ཐུགས་ལ་གནས།། དེ་ཕྱིར་གཞན་ནས་འབྱུང་བ་མེད།། ཐོག་མ་མ་ཡིན་དུས་འདི་རང།། དེ་ཡང་རང་རིག་ཡེ་ཤེས་ནི།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། འགྲོ་དྲུག་ཀུན་ལ་རང་རིག་ཁྱབ། ། སྐྱེ་འགག་མེད་པར་རྒྱུན་དུ་གནས།། དཔེར་ན་ས་གཏིང་ནམ་མཁའ་བཞིན།། འགྲོ་འོང་མེད་པར་ཆོས་སྐུར་གནས།། དེ་དོན་མ་རྟོགས་བློས་བསླད་ནས།། འཁོར་བར་འཁྱམས་ཀྱང་ཉམ་ང་མེད།། རང་བྱུང་རིག་པའི་ཡེ་ཤེས་དེ།། སྤྲིན་མེད་ནམ་མཁའི་ཉི་མ་བཞིན།། འདུས་མ་བྱས་པའི་ཀློང་དཀྱིལ་ན།། རང་རིག་ཡེ་ཤེས་ཆོས་སྐུ་བཞུགས།། རིན་ཆེན་གང་བུ་ག་འུར་འོད་ཐིམ་ལྟར།། ལུས་ཀྱི་ནང་ན་ཆོས་སྐུ་ཡོད། ། ལུས་ཞིག་དྲན་པ་ལུགས་སུ་འཇུག། དེ་ཕྱིར་འཁོར་བའི་རྒྱུད་ཁ་འཁོར།། དོན་རྟོགས་རང་རིག་གནས་སུ་ཆེ།། རིག་པ་རང་བྱུང་ངོ་བོ་དེ།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། དེ་ཕྱིར་འཁོར་འདས་ཀུན་གྱི་གཞི། ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང།། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སེམས་ཅན་ཀུན་ལ་གནས་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་རིག་རྗེ་ལ་ཡང་ཞུས་པ། ། དོན་གྱི་གནས་ལུགས་རྟོགས་ཐབས་གང།། མ་བགྲོད་ལམ་ལྔ་ཇི་ལྟར་རྫོགས།། ས་དང་ཕ་རོལ་ཡོན་ཏན་གང།། ཀུན་བཟང་སྟོན་པས་བཤད་དུ་གསོལ།། ཞུས་པས་དོན་གསན་བཀའ་སྩལ་པ། ། དེ་དོན་ངས་བཤད་ཡིད་ཀྱིས་ཉོན།། ངེས་པའི་ལུང་ལྡན་བླ་མ་ལ།། དད་པ་བརྩོན་འགྲུས་དམ་ཚིག་གིས།། བཀུར་སྟི་རིམ་འགྲོ་གུས་བྱས་ན།། མན་ངག་སྙིང་པོ་གནང་བར་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དཔེར་ན་བྲམ་ཟེ་གླང་ཆེན་བཞིན།། རྒྱལ་པོའི་བཀའ་ཡི་བཙན་ཕུལ་གྱིས།། བྲིད་བསྡིགས་གཡོ་སྒྱུས་ནོར་འདོད་པས།། སྲོག་སྙིང་མེད་པར་ཕན་མི་ཐོགས།། དེ་བཞིན་ངེས་པའི་ལུང་ལྡན་གྱིས།། མན་ངག་ཆོས་སྐུ་མ་བསྟན་ན། ། ཐབས་དང་གཡོ་སྒྱུ་སྣ་ཚོགས་ཀྱིས།། བཀའ་རྐུན་སྐྱོན་གྱིས་ཆོས་བཙལ་ཀྱང།། རང་སེམས་མི་རྟོགས་ངན་སོང་ལྟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྲག་དོག་མེད་པར་བཟང་སེམས་ཀྱིས། ། སྲོག་སྙིང་རྒྱལ་པོ་ལ་བྱིན་པས།། བྲམ་ཟེ་གསེར་གླང་འདྲ་གཉིས་བྱུང།། གཉིས་ཀ་མངའ་ཐང་ཅི་བསམ་འགྲུབ།། དེ་བཞིན་བླ་མ་ལུང་ལྡན་ལ།། ཡིད་འཐད་ཕུལ་ཅིང་ཅི་གསུང་ཉན།། ཤེས་རབ་རྣོ་ཞིང་གསང་ཐུབ་ལ། ། མན་ངག་སྙིང་པོ་གནང་བའི་ཕྱིར།། སློབ་མས་རང་སེམས་རྟོགས་པར་ངེས།། དེ་ཕྱིར་བླ་མ་བཀུར་བར་གཅེས།། ངེས་དོན་གསང་བའི་སྐབས་སུ་བཤད།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་རྟོགས་པར་བྱ་བའི་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མེད་ལ་ཡོད་འཛིན་ཀུན་བརྟགས་ཡུལ།། འཁྲུལ་པ་ལྡོག་དཀའ་འཇིག་ཚོགས་རི།། རང་གིས་རང་བསླུས་ཞེན་པའི་རྒྱུན།། དེ་ལྡོག་དོན་ཕྱིར་ལམ་ལྔ་གསུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དད་ལྡན་འགྱུར་མེད་ལས་ཅན་གྱིས། ། ལུང་ལྡན་རྡོ་རྗེ་སློབ་དཔོན་ལ།། ཡིད་འཐད་ཕངས་མེད་དབུལ་བ་ནི།། ཚོགས་ཀྱི་ལམ་དུ་བསྟན་པ་ཡིན།། བླ་མས་གནང་བ་བྱིན་འགྱུར་ཏེ།། ཡིད་གཉིས་ཐེ་ཚོམ་བློ་སྤངས་ཏེ།། མཁའ་འགྲོ་མཆོད་ཅིང་དོན་ཞུ་ཚེ། ། སྦྱོར་བའི་ལམ་ཞེས་དེ་ལ་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་རྡོ་རྗེ་སློབ་དཔོན་གྱིས།། ཡང་དག་མན་ངག་ལུང་བསྟན་པས།། སྣོད་ལྡན་ཡིད་ཆེས་དོན་རྟོགས་ཕྱིར།། མཐོང་བའི་ལམ་ནི་ཡིན་པར་གསུངས། ། དེ་དོན་གོ་བས་རྒྱུན་དུ་ནི།། ངེས་དོན་ཆོས་སྐུ་ཡེངས་པ་མེད།། རང་རིག་ཡེ་ཤེས་དབང་ཐོབ་ཕྱིར།། བསྒོམ་པའི་ལམ་དུ་བསྟན་པ་ཡིན།། ཡང་དག་ངེས་དོན་གདམས་ངག་འདི།། རང་གི་ཐུགས་ལ་དོན་རྫོགས་པས། ། འགྱུར་མེད་གདེང་ཆུད་ཡེ་ཤེས་ཀློང།། མཐར་ཕྱིན་ལམ་དུ་བཤད་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་དོན་གྱི་ཆོས་ཉིད་ལ།། ལམ་གྱི་དབྱེ་བ་མང་མེད་ཀྱང།། རྣལ་འབྱོར་བློ་ཡི་རིམ་པ་ལ། ། ཐེག་པའི་བྱེ་བྲག་ཐ་དད་པས།། ལམ་ལྔའི་དབྱེ་བ་གཅིག་ཏུ་རྫོགས།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང།། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་བགྲོད་ལམ་ལྔ་རྫོགས་པར་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ས་ཡི་དབྱེ་བ་རྟེན་དང་དཔེ། རྩལ་གྱིས་སྒོ་ནས་བཞི་རུ་བསྟན།། ཕ་རོལ་ཕྱིན་བཅུ་ས་དང་སྦྱར། ། ངེས་པའི་ཡོན་ཏན་རྫོགས་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ས་ནི་དང་པོ་རབ་དགའ་བ།། རྟེན་ནི་སྦྱིན་པའི་ཕ་རོལ་ཕྱིན།། དཔེ་ནི་མི་ཟད་གཏེར་དང་འདྲ།། རྩལ་ནི་མ་སྦྱངས་ཟིལ་གྱིས་གནོན། ། ས་ནི་གཉིས་པ་དྲི་མེད་ལ།། རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན།། དཔེ་ནི་རིན་ཆེན་མྱུ་གུ་འདྲ།། རྩལ་ནི་རང་རིག་ཡེ་ཤེས་གསལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ས་ནི་གསུམ་པ་འོད་འཕྲོ་བ།། རྟེན་ནི་བཟོད་པའི་ཕ་རོལ་ཕྱིན། ། དཔེ་ནི་རྒྱ་མཚོ་ཆེན་པོ་འདྲ།། རྩལ་ནི་ཉོན་མོངས་རྩད་ནས་བརླག། ས་ནི་བཞི་པ་འོད་བྱེད་པ།། རྟེན་ནི་བརྩོན་འགྲུས་ཕ་རོལ་ཕྱིན།། དཔེ་ནི་རྡོ་རྗེ་ཕ་ལམ་འདྲ།། རྩལ་ནི་བག་ཆགས་ཞེན་པ་འཇོམས། ། ས་ནི་ལྔ་པ་སྦྱངས་དཀའ་བ།། རྟེན་ནི་བསམ་གཏན་ཕ་རོལ་ཕྱིན།། དཔེ་ནི་རི་བོ་ལྷུན་པོ་འདྲ།། རྩལ་ནི་བྱིང་རྒོད་སྐྱོན་དང་བྲལ།། ས་ནི་དྲུག་པ་མངོན་གྱུར་ལ།། རྟེན་ནི་ཤེས་རབ་ཕ་རོལ་ཕྱིན།། དཔེ་ནི་མ་ཀི་སྨན་དང་འདྲ། ། རྩལ་ནི་རང་རིག་ལྷག་མཐོང་རྟོགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་ནི་བདུན་པ་རིང་སོང་བ།། རྟེན་ནི་ཐབས་ཀྱི་ཕ་རོལ་ཕྱིན།། དཔེ་ནི་དགེ་བའི་བཤེས་གཉེན་འདྲ།། རྩལ་ནི་དུག་ལྔ་སྨན་དུ་འགྱུར།། ས་ནི་བརྒྱད་པ་མི་གཡོ་བ།། རྟེན་ནི་སྨོན་ལམ་ཕ་རོལ་ཕྱིན།། དཔེ་ནི་ཡིད་བཞིན་ནོར་བུ་འདྲ།། རྩལ་ནི་འཇིག་རྟེན་ཆོས་བརྒྱད་བྲལ།། ས་ནི་ལེགས་པའི་བློ་གྲོས་ལ།། རྟེན་ནི་སྟོབས་ཀྱི་ཕ་རོལ་ཕྱིན། ། དཔེ་ནི་ཉི་མའི་སྙིང་པོ་འདྲ།། རྩལ་ནི་ལོག་ལྟ་དབྱིངས་སུ་གྲོལ།། ས་ནི་བཅུ་པ་ཆོས་ཀྱི་སྤྲིན།། རྟེན་ནི་ཡེ་ཤེས་ཕ་རོལ་ཕྱིན།། དཔེ་ནི་ཚངས་པའི་དབྱངས་དང་འདྲ།། རྩལ་ནི་སྒྲིབ་དག་ཐམས་ཅད་མཁྱེན། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཕ་རོལ་ཕྱིན་བཅུ་ཡང།། ངོ་བོ་ཐིག་ལེ་གཅིག་ཏུ་འདུས།། གདུལ་བྱར་རིམ་པ་བཅུར་ནི་བསྟན།། ཡང་དག་ངོ་བོ་ཡེ་ཤེས་ཉིད།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ས་དང་ཕ་རོལ་ཕྱིན་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། འདུས་པའི་འཁོར་གྱིས་ཡང་གསོལ་པ།། ངེས་པའི་དོན་གྱི་གདམས་ངག་གིས། ། མ་རིག་མུན་སེལ་ལྟ་བ་དང།། འཁོར་འདས་མཐའ་ཡིས་མ་རིག་དང།། ཡེ་ཤེས་ལྷུན་གྲུབ་ལྟ་བ་གང།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། ཡང་དག་འཁོར་ལ་བཀའ་སྩལ་པ། ། རང་བྱུང་སྙིང་པོ་གནས་ལུགས་ནི།། ཉི་མ་ཤར་བས་མུན་པ་སངས།། ངེས་ལུང་བསྟན་པས་མ་རིག་བརླག། ཐིག་ལེ་བརྡལ་ཁྱབ་ཆོས་སྐུ་དེ།། རིག་པ་རང་གསལ་བཅོས་པ་མེད།། དེ་དོན་ལྷུན་གྲུབ་ཡེ་ནས་གསལ། ། རང་བྱུང་སྙིང་པོ་རང་གསལ་ཐུགས།། ཡེ་ནས་ཐ་སྙད་ཀུན་དང་བྲལ།། ཇི་བཞིན་གསལ་ལ་ངན་རྟོག་མེད།། དོན་དམ་སྤྲོས་བྲལ་ལྟ་བའི་མཆོག། རྩལ་མེད་སྤྱོད་པ་ཡུལ་ལས་འདས།། ཡང་དག་ཀློང་གྱུར་དོན་ལ་མཁས། ། དེ་ཉིད་དོན་ལ་སུ་སྦྱོར་བ།། ཚོགས་བརྒྱད་ཤེས་པའི་ཡུལ་ལས་འདས།། མངོན་དུ་གྱུར་པས་ཐུགས་ལ་བཀྲ།། ཀུན་གྱིས་རྟོགས་དཀའ་བྱང་ཆུབ་དེ།། གཡོ་མེད་མི་རྟོག་ཆོས་སྐུ་ལམ།། རང་རིག་བདེ་བ་ཡེ་ཤེས་ཀློང། ། གཅིག་ཏུ་རྟོགས་རྫོགས་པས། ཡང་[>]པ་ཐིག་ལེ་གསལ།། ལྟ་བ་དབུས་དང་མཐའ་མེད་པས།། སྤང་ལེན་མ་བཙལ་ལྷུན་གྱིས་གྲུབ།། སྐྱེ་མེད་ངང་དུ་རིག་པ་འཕྱོ།། རྟེན་མེད་ཆགས་པའི་ཡུལ་དང་བྲལ། ། བསྒོམ་མེད་ལྟ་བ་ངང་གིས་གསལ།། མཚོན་པ་ཚིག་གིས་བཀྲི་དྲང་བྲལ།། སྐྱེ་མེད་གདེང་ཆུད་འདུ་འབྲལ་མེད།། སྣང་མེད་རིག་པའི་དངོས་པོ་བྲལ།། ཡང་དག་ཐུགས་ལ་སྤྲོ་བསྡུ་མེད།། མ་སྤྲོས་ལྷུན་གྲུབ་རིག་པར་ཤར། ། ཀུན་ཁྱབ་དོན་འདུས་འཐའ་མི་རེག། ཡེ་ཤེས་སྐུ་མཆོག་ཆོས་སྐུར་བརྡལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འགྲོ་དྲུག་སེམས་ཅན་རང་བྱུང་སྐུ།། འདི་ལྟར་སྣང་བ་མ་ལུས་ཀུན།། གདོད་ནས་མེད་པས་དོན་རྟོགས་པས། ། ཡེ་ཤེས་གཅིག་གིས་ངང་དུ་འདུས།། ལུས་ངག་ཡིད་ཀྱི་བྱ་བ་རྣམས།། བྱས་ན་འཆིང་བའི་ལས་ཡིན་པས།། གཞི་ལ་མེད་ཤེས་བཙལ་མི་དགོས།། མ་བསྒོམས་འདུ་འབྲལ་མེད་པར་བལྟ། ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རིག་མུན་སེལ་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ཡང་འདུས་པའི་འཁོར་རྣམས་ཉོན། ། སངས་རྒྱས་སེམས་ཅན་འབྱུང་བ་ཀུན།། གློ་བུར་ཡིན་ཕྱིར་གནས་ལུགས་མིན།། དེ་ཕྱིར་འཇིག་རྟེན་དཔེ་མི་བླངས།། འཁོར་འདས་གཞི་ལ་དོན་མ་རེག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕ་མེད་མ་མེད་ནགས་ཀྱི་བྱེའུ། ། ནམ་མཁའི་མཐོངས་སུ་ཐོན་པ་ལྟར།། གློ་བུར་འཁོར་འདས་གཉིས་བོར་ནས།། ཆོས་སྐུ་རྟོགས་པས་མ་རིག་སངས།། གདོད་མའི་རང་བྱུང་འདི་ཉིད་ནི།། ལྟ་བར་ཤེས་པའི་ཆོག་པའི་ཕྱིར།། འཁོར་འདས་གཉིས་པོ་གདོད་ནས་མེད།། ཡུལ་དང་མ་འབྲེལ་ངོ་བོ་ཉིད།། དེ་དོན་རྟོགས་པས་དོན་ལ་གནས།། ཡེ་རྫོགས་ཆོས་སྐུ་ཆེན་པོ་ཡིན།། རེ་དོགས་མཐའ་ཀུན་རྣམ་པར་ཞི།། ཚིག་ཏུ་མཚོན་མེད་ཡེ་ནས་བདེན། ། གཅིག་དང་དུ་མ་མཐའ་ཡི་ཆོས།། དེ་ཕྱིར་འཁོར་འདས་གཉིས་ལས་འདས།། འདི་ཐོས་མི་སྐྲག་ལྟ་བའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མེད་ཕྱིར་རྟོག་པ་བྲལ།། ཀུན་ལ་ཁྱབ་པས་ཆད་པ་བྲལ། ། དབུས་མཐའ་བྲལ་བས་རང་བྱུང་སྐུ།། ཆོས་སྐུ་ནམ་མཁའ་ལྟ་བུ་ལ།། བརྗོད་མེད་ལྟ་བས་དྲན་པའི་གཟུངས།། དེ་དོན་ཕྱིན་ཅི་མ་ལོག་པར།། ཡེ་ཤེས་ལམ་ལ་གནས་པར་བྱ།། རང་རིག་ངེས་པའི་ལྟ་བ་ལ། ། ཡེངས་པ་མེད་པར་ཡིད་ཀྱིས་བལྟ།། དེ་ཡང་ཡུལ་ཅན་མ་ཡིན་ཏེ།། རང་ལ་རང་བལྟས་ནང་དུ་གསལ།། དེ་གོམས་མཐར་ཕྱིར་ཡེ་ཤེས་ཐུགས།། ཆོས་ཉིད་སྤྲོས་བྲལ་འགྱུར་བ་མེད།། རང་བྱུང་ཡེ་ཤེས་གཉུག་མར་གནས། ། དེ་ཉིད་མི་འབྲལ་ལྟ་བའི་མཆོག། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། འཁོར་འདས་གཉིས་ཀྱི་ཆོས་འདི་ལ།། ཇི་སྲིད་བག་ཆགས་ཡོད་ཀྱི་བར།། འདི་ལྟར་སྣང་བའི་ཆོས་རྣམས་ཡོད།། ཇི་སྲིད་བག་ཆགས་དག་ན་ནི། ། སྣང་བའི་ཡུལ་རྣམས་གདོད་ནས་མེད།། ཐག་སྦྲུལ་ཐོ་ཡོར་མི་བཞིན་ནོ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མཐའ་མ་རེག་པའི་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རང་སེམས་ཆོས་སྐུར་བལྟ་བ་ནི།། ཀུན་ལ་ཁྱབ་པའི་རིག་པ་ཡིས།། འདུས་མ་བྱས་པས་དོན་རྟོགས་པས།། མཐའ་བྲལ་རིག་པ་གཅིག་ཡིན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་གྱི་མཉམ་ཉིད་རྒྱལ་བའི་ཐུགས།། མ་ལུས་སེམས་ཅན་ཐམས་ཅད་ལ།། ཆོས་སྐུརཁྱབ་པར་བརྡལ་བའི་སྐུ།། མཐའ་དབུས་མེད་པས་ནམ་མཁའ་འདྲ། ། རིག་པ་མ་བསླད་གཉུག་མར་གནས།། དམིགས་འཛིན་མེད་ལ་ངང་གིས་གསལ།། དངོས་པོར་མེད་ལ་ཤེས་པར་ཡོད།། ནམ་མཁར་ཉི་མའི་འོད་ཤར་འདྲ།། འདུས་མ་བྱས་པའི་ཡེ་ཤེས་ཀྱིས། ། རྟེན་འཆའ་མེད་པར་ཉོན་མོངས་སེལ།། འབྱུང་བ་ལྔ་ལ་རགས་མ་ལུས།། མི་འགྱུར་འཇོམས་པས་རྡོ་རྗེ་འདྲ།། བླ་མས་དོན་བསྟན་རྣལ་འབྱོར་པས།། ཐེ་ཚོམ་མེད་པར་རང་སེམས་རྟོགས།། ཐམས་ཅད་གཅིག་ལས་རྫོགས་པར་ཤེས། ། མ་རིག་ལོང་བའི་མིག་ཕྱེད་འདྲ།། ཡེ་ཤེས་རིག་པ་དེ་ཉིད་ནི།། ཡོད་མེད་དབུས་ཀྱི་མཐའ་བྲལ་བར།། སང་ངེ་ས་ལེ་འཕོ་འགྱུར་མེད།། ཀ་ཤིའི་རས་ཀྱི་རིན་ཆེན་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། མ་བཅོས་ལྟ་བའི་རང་བཞིན་ལ།། ཡུལ་མེད་ཆོས་སྐུ་རང་བྱུང་དེ།། རེ་དོགས་རྡུལ་ཙམ་མེད་པའི་ཕྱིར།། ལྷུན་གྲུབ་ཡེ་ཤེས་ཆེན་པོ་ཡིན།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ལྷུན་གྲུབ་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། མ་བསྒོམས་ཏིང་འཛིན་ཇི་ལྟར་ལགས།། འབྲལ་མེད་རྒྱུད་ཀྱི་སྤྱོད་པ་གང། ། རེ་དོགས་མེད་པའི་འབྲས་བུ་རྣམས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མ་བསྒོམས་འབྲལ་མེད་ཏིང་འཛིན་ནི།། རྣམ་སྨིན་ལུས་ཀྱི་རྟེན་བཅས་པའི།། ཐ་མལ་ཀུན་གཞི་གཞི་ཆ་ལ།། ལུང་ལྡན་རྐྱེན་གྱི་གདམས་ངག་གིས།། རང་སེམས་ཆོས་སྐུར་ངོ་སྤྲད་པས།། དམིགས་འཛིན་མེད་པར་ངང་གིས་གསལ།། གཉུག་མར་གནས་ལ་འཕེལ་འགྲིབ་མེད། ། ཡུལ་སེམས་གཉིས་ལ་སྤྱོད་དང་བྲལ།། མཐའ་དབུས་མི་དམིགས་དྲན་ལས་འདས།། ཡེ་ནས་དག་ཕྱིར་བྱ་བ་མེད།། བཙལ་དུ་མེད་པས་སེམས་ལས་འདས།། ཀུན་ལ་ཁྱབ་པས་བཙལ་མི་དགོས། ། འགག་པ་མེད་ལ་རིག་པ་སྟོང།། མ་བྱས་ཕྱིར་ན་འཇིགས་པ་མེད།། རིག་པ་བསལ་བས་རང་ངོ་ཤེས།། ཇི་བཞིན་པ་ལ་མ་སྐྱེས་པ།། མ་བཅོས་རྐྱེན་གྱིས་མི་འགྱུར་བ།། རྟག་ཆད་མ་ཡིན་བསྡུས་པ་མེད།། སོ་སོ་མ་ཡིན་འདྲེས་པ་མེད། ། དངོས་མེད་སེམས་ཀྱི་ཏིང་འཛིན་གསལ།། བཏང་བཞག་མེད་པའི་ཆོས་སྐུ་ལ།། བྱིང་རྒོད་མི་འབྱུང་རྒྱུན་དུ་གནས།། ཡེ་ཤེས་དོན་ལ་འཆར་ནུབ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཡེ་ཤེས་འདི་ཉིད་ལས།། བསྒོམ་དུ་མེད་ཕྱིར་ཡེངས་པ་མེད།། གཟུངས་དུ་མེད་པས་ཞེ་ལ་གསལ།། རང་ཡིད་ཆེས་ལ་ཁར་མི་ཐོན།། སྣང་སྲིད་གསལ་ལ་ཞེན་པ་མེད།། རང་རིག་བྱ་ར་དངོས་མེད་གྲོལ།། དྲན་པ་མེད་བརླག་འགྲོ་འོང་མེད།། དྲན་པའི་རིག་པ་ཅི་བྱུང་ཡང།། དེ་ཉིད་དུས་ནས་ངོས་གཟུང་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡིད་ཀྱིས་ཡུལ་དུ་མ་བསྒོམས་ཀྱང།། ལྟ་བའི་དོན་དང་འབྲལ་མེད་ཕྱིར།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ཀྱི་བསྒོམ་པ་ངོས་བཟུང་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། ། ངོས་ཟིན་དོན་ལ་གནས་ཐབས་ནི།། མར་མེས་མུན་བསལ་སྣང་བ་བཞིན།། སྐད་ཅིག་མ་ཡི་ཏིང་འཛིན་དེས།། བག་ཆགས་བརླག་པས་མ་རིག་སངས།། དོན་ཉིད་ཡེ་ཤེས་དྲན་པ་ཡིས།། ཉོན་མོངས་ལས་ཀྱི་གོས་པ་མེད། ། དེ་བས་གདམས་ངག་དྲན་པས་ནི།། སྒྱུ་མ་སངས་ནས་འཁྲུལ་བྲལ་བཞིན།། མཚན་མའི་རྟོག་བྲལ་དོན་ཤེས་པས།། སྤྲོས་བྲལ་ཡེ་ཤེས་སྙིང་པོར་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཞིར་ཤེས་རང་བྱུང་སྟེ། ། བསྒོམ་དང་མི་བསྒོམ་སྒྲོ་སྐུར་བྲལ།། དེ་ཉིད་ཉམས་སུ་བླངས་ཐབས་ནི།། ཐིག་པས་སྣོད་ཆེན་ཁེངས་པ་བཞིན།། ངོ་བོ་ཉིད་ཀྱི་ཆོས་སྐུ་ལ།། ཡང་ཡང་རིག་པས་གསལ་ཐེབས་ན།། གོལ་ས་མི་འབྱུང་སངས་རྒྱས་གྲུབ།། དཔེར་ན་བུད་མེད་སྦྲུམ་མ་ནི།། སྐྱེ་བའི་དུས་སུ་ཟས་བསྟན་བཞིན།། ལུང་བསྟན་གདམས་ངག་ཡོད་པའི་མིས།། རྐྱེན་གྱིས་རྟོག་པ་ཅི་བྱུང་ཡང།། དེ་དུས་ངེས་དོན་བལྟ་དྲན་པས། ། མ་བསྒོམས་དོན་དང་འབྲལ་བ་མེད།། རྒས་པས་ཉམས་ཆུང་བསྟེན་པ་བཞིན།། བླ་མ་མཁས་པ་དོན་ལྡན་པ།། རྟག་ཏུ་བསྙེན་ཅིང་གུས་བྱས་ན།། འབྲས་བུ་ཆོས་སྐུ་མྱུར་དུ་འགྲུབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ངེས་པ་དོན་གྱི་གདེང་རྙེད་པས།། བསྒོམ་དུ་མེད་ཕྱིར་ཡེངས་པ་མེད།། དུས་བཞི་རྐྱེན་ཐུབ་བར་དུ་ནི།། འཁོར་འདས་ཡུལ་གྱིས་མི་བསླད་ཕྱིར།། ཡེ་ཡོད་དོན་ལ་བརྗོད་མི་བྱ།། རྒྱལ་པོ་མི་འགྲོ་འཁོར་སྡུད་བཞིན། ། ཆོས་ཉིད་མ་བསྒོམས་སྐུ་གསུམ་འབྱུང།། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ།། དཔེར་ན་སྒྱུ་མ་མཁས་པ་ཡིས།། སྤྲུལ་པའི་སྲོག་ནི་བཅད་ཙམ་ན།། སྲོག་མེད་སྒྱུ་མ་ཡིན་ཤེས་ལྟར།། རང་རིག་ལྟ་བའི་དོན་ཡོད་པས། དུག་ལྔ་སྤྱོད་ཚེ་ཡེ་ཤེས་འཆར།། ངོ་བོ་ཉིད་ལས་འགྲིབ་མེད་ཤེས།། དེ་ཚེ་ཉོན་མོངས་ཅི་སྤྱད་ཀྱང།། སྐྱོན་གྱིས་མ་གོས་རང་བྱུང་གསལ།། དེ་ཉིད་མི་བརྗེད་རྟོགས་པའི་ཕྱིར།། ཆེད་དུ་བྱས་ལ་བསྒོམ་མི་དགོས། ། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། རང་སེམས་རྟོགས་པའི་བསྒོམ་པ་ལ།། ཅིག་ཆར་བརྟུན་ཏེ་འཇུག་ནུས་ན།། བསྒོམ་པའི་ཐུན་ལ་རིང་ཐུང་མེད།། ནམ་འགྲུབ་སྙམ་པས་ཁར་མ་ལུས།། རྫོགས་པ་ཆེན་པོའི་དོན་འདུས་རིག་པའི་གསུང། ། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་དེས།། འབྲལ་མེད་རིག་སྤྱོད་བཀའ་སྩལ་པ། ། རང་བྱུང་ཡེ་ཤེས་ནམ་མཁའ་ཆེ།། མ་འདྲེས་ཡོངས་རྫོགས་ཆོས་ཀྱི་སྐུ།། མི་སྐྱེ་མི་འགག་རྒྱུན་དུ་སྤྱོད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བསམ་འདས་འོད་གསལ་ཡིད་ལ་གནས།། གསང་སྔགས་ངོ་བོ་ཉིད་ཀྱི་སྐུ།། སངས་རྒྱས་སེམས་ཅན་གཉིས་ཀྱི་གསང།། རང་གསང་དམ་པའི་སྤྱོད་པ་འདིས།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། ཡང་དག་བྱང་ཆུབ་སེམས་ལ་ནི།། མི་དམིགས་པ་ཡང་བསྐྱེད་དུ་མེད། ། མི་གནས་པར་ཡང་བསམ་དུ་མེད།། དེ་ཕྱིར་བྱ་བྲལ་ནམ་མཁའའདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་བཅོས་རང་བྱུང་དེ་བཞིན་ཉིད།། སྤྱད་དུ་མེད་པའི་ཆོས་ཉིད་ལ།། མ་བསྒོམས་དམིགས་སུ་མེད་པ་དེ། ། ཏིང་ངེ་འཛིན་ཅེས་བཏགས་པ་ཙམ།། མི་རྟོག་པ་ཡང་མི་སེམས་པར།། ཀུན་ལ་ཁྱབ་པའི་ཡེ་ཤེས་ལ།། ཀུན་ཤོང་བྱར་མེད་སྤྱོད་པའི་མཆོག། འདུས་པའི་འཁོར་རྣམས་ད་ཡང་ཉོན།། རང་སེམས་ངོ་བོ་ཉིད་རྟོགས་ཕྱིར། ། ཡུལ་འདི་སེམས་སུ་མི་སྡུད་པས།། སྤྱད་པའི་ཡུལ་ཡང་མེད་པར་འགྱུར།། གང་གིས་གང་ལ་བསམས་ཤིང་སྤྱད།། དཔེར་ན་ནམ་མཁའ་སྟོང་པ་ལ།། དམིགས་པར་མི་བྱེད་སྡུད་མི་བྱེད།། དེ་བཞིན་སེམས་ཀྱིས་སེམས་བསྒོམ་དུ།། ངོ་བོ་འདི་འདྲར་དམིགས་སུ་མེད།། སྐྱོན་ཡོན་གང་ཡང་མ་སྤྱད་ན།། གོལ་དང་སྒྲིབ་པར་ཅི་ལ་འགྱུར།། སྤྱོད་པའི་མཆོག་ཏུ་དེ་ཉིད་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། རྒྱུན་དུ་མི་འབྲལ་རང་རིག་འདི།། ཉམས་མྱོང་མེད་པར་རང་གསལ་བས།། དེ་ཉིད་ཉམས་ཀྱི་དམ་པའི་མཆོག། མི་འཛིན་མི་སྤྱོད་རང་གསལ་ཙམ།། འབྲལ་མེད་རྒྱུན་གྱི་སྤྱོད་པར་བཤད།། གལ་ཏེ་མཚན་མ་རྒྱུ་ན་གང། ། དོན་དྲན་དགག་བསྒྲུབ་མེད་པར་ཤེས།། སངས་རྒྱས་ལྟ་སྒོམ་ངོ་བོ་གཅིག། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ།། དོན་དྲན་སྤྱོད་པ་ཡིན་པའི་ཕྱིར།། མ་དྲན་གཉིད་དངཉོན་མོངས་པ།། རང་དགར་སོང་ཚེ་དེ་ཉིད་ལ། ། ངོ་བོ་ཉིད་དྲན་གནོད་མི་ནུས།། དེ་ལྟ་ཉིད་ནི་ཡིན་ཤེས་ཕྱིན།། ཆེད་དུ་བྱས་ལ་སྤྱད་དུ་མེད།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང།། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། འདུས་པའི་འཁོར་ལ་དུག་ལྔ་ནི།། རང་གྲོལ་སྟོན་པས་བཀའ་སྩལ་པ།། རང་སེམས་དོན་རྟོགས་སྤྱོད་པ་ཡང།། འདོད་ཆགས་ཞེ་སྡང་གཏི་མུག་དང། ། ང་རྒྱལ་ཕྲག་དོག་འཁོར་བ་དེ།། ངེས་པའི་དོན་ལྡན་རྣལ་འབྱོར་པས།། རྒྱུ་མཐུན་བག་ཆགས་མི་སོག་གོ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕོ་མོ་དུས་གསུམ་སྦྱར་གྱུར་ཀྱང།། བསླབ་པའི་ཚུལ་ཁྲིམས་ཉམས་པ་མེད། ། བག་ཆགས་ཡི་དྭགས་གནས་མི་སྐྱེ།། མཐོ་རིས་ཐར་པར་རྟེན་མི་འཆའ།། རང་སེམས་སྙིང་པོ་རྟོགས་པ་ཡིས།། འཆི་མེད་སོགས་ལ་གཅད་དུ་མེད།། ཞེ་སྡང་མནར་སེམས་རིག་པའི་དོན།། དམྱལ་བའི་སྡུག་བསྔལ་ཡ་མི་ང། ། རང་རིག་ཡེ་ཤེས་དོན་ལྡན་པས།། མ་རིག་སྣ་ཚོགས་དོན་དུ་ཤེས།། ཡེ་ནས་ཆོས་ཉིད་གདལ་བ་ལ།། མ་རིག་སྒྲིབ་པ་སྦྱང་དུ་མེད།། དོན་རྟོགས་ང་རྒྱལ་ཡེ་ཤེས་ལ།། ཡིད་ཆེས་ཆོས་སྐུ་རང་བྱུང་ཐུགས། ། འགྲན་ཟླ་འཇིག་རྟེན་གསུམ་ན་མེད།། དེ་ཉིད་ང་རྒྱལ་ངོ་བོ་ཉིད།། ཕྲག་དོགས་གོལ་སྒྲིབ་སྐྱོན་མེད་པས།། དེ་ཕྱིར་མ་སྤངས་རང་སར་དག། ལྟ་བ་ངན་ལ་ཕྲག་དོག་གསལ།། དེ་ཕྱིར་ཕྲག་དོག་གསང་བའི་སྐུ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཅན་ལོག་རྟོག་ཚན་པོ་ཆེ།། གཞན་གྱི་རྐྱེན་གྱིས་མི་བཟློག་ཕྱིར།། དུག་ལྔ་རང་ལ་བརྟེན་ཏེ་བཟློག། མཐུན་པར་བསྟན་པས་ངེས་པར་བཟློག། ད་ཡང་འདུས་པའི་སྙིང་པོ་ཉོན། ། བཟློག་ཏུ་མི་འདོད་གང་ཟག་ལ།། སྡིག་ཅན་མུ་སྟེགས་མཐོང་བའི་ཚེ།། གཤེ་སྤྱོ་མཚང་རྣམས་འབྲུ་བའི་ཚེ།། བདག་ཉིད་གཞན་དུ་བྱོལ་བར་བྱ།། གལ་ཏེ་སྤང་བའི་ཐབས་མེད་ན།། ངག་གི་སྨྲས་ཚིག་མི་གོ་བས།། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ།། ལོག་གནོན་གདམས་ངག་དྲན་བྱས་ལ།། བཟོད་པའི་ཡུལ་དུ་ཤེས་པར་བྱ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། འབྲས་བུ་རིམ་འབྱུང་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ཀྱིས་ཟུང།། དེ་ཡང་འདུས་པའི་འཁོར་རྣམས་ཉོན། ། གནས་པའི་ཏིང་འཛིན་དོན་ལྡན་པས།། ཡེ་ཤེས་བག་ཆགས་ཆ་སྙོམས་ཕྱིར།། གསལ་ལ་མི་རྟོག་དུས་མཉམ་པས།། འདོད་ཁམས་ལྷར་ནི་སྐྱེ་དབང་ཡོད།། དེ་ཚེ་འཕོས་ནས་ཆོས་ཉིད་མཐོང། ། མི་གཡོ་བ་ཡི་ཏིང་འཛིན་གྱིས།། རྣམ་རྟོག་དེ་ཉིད་ཟིལ་གནོན་པས།། གཙང་མ་རིས་ཀྱི་ལྷར་སྐྱེས་ནས།། དེ་ཉིད་དུས་ན་མངོན་སངས་རྒྱས།། མཉམ་ཉིད་ལྡན་པའི་ཏིང་འཛིན་གྱིས།། ལུས་བྲལ་སྐད་ཅིག་དེ་ཉིད་ལ། ། འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ།། དཔེ་མེད་ཡེ་ཤེས་ཀུན་བཟང་ཐུགས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། མཉམ་པའི་དོན་ལ་ཡེ་ཤེས་པས།། འབྲས་བུ་རིག་པ་ད་ལྟ་ཉིད།། དེ་དོན་མི་བརྗེད་ཡེ་དྲན་ཕྱིར། ། གཟུགས་ཁམས་གནས་སུ་ཅི་ལ་ལྟུང།། ཉམ་མྱོང་ཉིད་ལ་མ་ཞེན་ཅིང།། སྟོང་པ་འཛིན་མེད་དོན་གསལ་བར།། རང་རིག་ཡེ་ཤེས་མཐུ་བརྟས་ཕྱིར།། གཟུགས་མེད་ཁམས་སུ་ཅི་ལ་ལྟུང།། རང་སེམས་རྟོགས་པ་མངོན་གྱུར་པས། ། རེ་དང་དོགས་པའི་བློ་བྲལ་ཕྱིར།། གང་ཡང་འཛིན་མེད་ཐུགས་ལ་གསལ།། ཉན་ཐོས་ས་རུ་ལྟུང་མི་འགྱུར།། དང་པོ་ལྟ་བ་བདག་མེད་པས།། མཚན་མའི་ཡུལ་ལ་མ་ཞེན་ཕྱིར།། ཡུལ་ཉིད་སེམས་སུ་བསྡུས་པ་མེད། ། འདོད་ཁམས་གནས་སུ་ལྟུང་མི་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁར་ཉི་ཤར་མུན་པ་མེད།། དེ་བཞིན་རང་རིག་ཆོས་སྐུ་ལ།། མ་རིག་མེད་པས་ཡེ་ཤེས་ཤར།། སངས་རྒྱས་ཐུགས་ལ་འཆར་ནུབ་མེད།། དེ་ཕྱིར་འབྲས་བུ་སངས་རྒྱས་མཆོག། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང།། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲས་བུ་ལྟུང་མེད་འབྱུང་བར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཐུགས་ཀྱི་གདེང་ཆུད་སྐལ་ལྡན་ལ།། མི་ནུབ་ཡོངས་ཀྱི་གཏེར་དུ་ནི།། དུས་གསུམ་རྒྱལ་བ་ཆོས་ཀྱི་སྐུའི། ། རང་བྱུང་ཐུགས་ལ་གསལ་བའི་དོན།། མཉམ་ཉིད་འགྲོ་དོན་བྱེད་པའི་ལམ།། ཚད་མར་རང་རིག་དབང་ཕྱུག་གིས།། རྗེས་འཚོབ་ཐུགས་ཀྱི་སྲས་མཆོག་ལ།། སྐྱེ་འགག་འཁོར་བའི་སྤང་ལེན་མེད། ། བདག་དང་བྲལ་བས་རྒྱལ་བའི་ཐུགས།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། འདུ་འབྲལ་འཆི་མེད་ཡེ་ཤེས་ལུས།། རིགས་པ་ཕྱོགས་མེད་བྱང་ཆུབ་འཆར།། སོ་སོ་མ་ཡིན་ཡེ་ནས་གཅིག། དེ་ཕྱིར་ཡོན་ཏན་རྙེད་པར་དཀའ། ། བྱང་ཆུབ་ངང་དུ་ཐམས་ཅད་འདུས།། མཁའ་མཉམ་དབང་ཕྱུག་ཆེན་པོའི་ཐུགས།། ཡེ་ཤེས་སངས་རྒྱས་ཀུན་དང་མཉམ།། སྡེ་སྣོད་ཆོས་རྣམས་ཐུགས་ལ་རྫོགས།། འཇིག་རྟེན་ཁམས་ན་འགྲན་ཟླ་མེད། ། ཞེ་འདོད་རིག་པས་མ་བསྒྲུབས་ཀྱང།། རང་རིག་སེམས་ལ་སངས་རྒྱས་ཚང།། དེ་ཉིད་འབྲས་བུ་དམ་པར་གསུངས།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། སྔོན་ཚེ་རྣམ་གཟིགས་བསྟན་པ་ལ།། བྲམ་ཟེ་དཔལ་ལྡན་བྱ་བའི་བུས། ། རང་སེམས་རྟོགས་པའི་དོན་མེད་པར།། གཞན་ནས་འབྲས་བུ་ཞེ་འདོད་ཀྱིས།། རིགས་ལྔའི་སངས་རྒྱས་ནམ་འགྲུབ་ཅེས།། ཡིད་ལ་བསམ་ཞིང་ལྷར་བསྒོམས་པས།། འབྲས་བུ་མེད་ཅིང་འཁོར་བར་སྐྱེས། ། དེ་ཕྱིར་རེ་དོགས་མེད་པར་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རེ་མེད་དོན་འདི་དྲན་བྱས་ལ།། ཆོས་ཉིད་སངས་རྒྱས་ས་ལ་གནས།། དོགས་མེད་དོན་ལ་མ་ཡེངས་ན།། སྒྲིབ་པ་སྦྱང་བའི་ཐབས་མི་དགོས། ། དེ་ཡང་བློ་གྲོས་དམ་པ་ཉོན།། ངོ་བོ་ཉིད་ཀྱི་ཆོས་སྐུ་ལ།། གང་ཡང་མ་འགགས་ནམ་མཁའ་བཞིན།། འཁོར་འདས་ཞེན་མེད་འབྲས་བུ་ཡིན།། དེ་ཉིད་རང་སེམས་སྙིང་པོར་བཤད།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། ། ཆོས་སྐུ་རང་ཆས་དོན་རྟོགས་ནས།། བསྒོམ་ཞིང་བསྒྲུབ་པས་ནད་དང་བྲལ།། ཡེ་ཤེས་ངོ་བོ་ད་ལྟའི་སེམས།། རེ་དོགས་མེད་ཤེས་འབྲས་བུའི་མཆོག།། དུས་གསུམ་འགྱུར་མེད་རང་སེམས་དོན།། མེད་ལ་མི་ཟད་རང་བྱུང་ཐུགས།། སངས་རྒྱས་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རེ་དོགས་མེད་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སྣང་མེད་ལྟ་བའི་རིག་པ་ལ།། མ་བཙལ་འགྱུར་མེད་ཆོས་ཀྱི་སྐུ།། བག་ཆགས་མེད་པས་ཡུལ་དང་བྲལ།། ད་ལྟ་ཉིད་དུ་རང་བྱུང་སྐུ།། དངོས་མེད་ནམ་མཁའི་མཐའ་དང་བྲལ། ། ཤེས་རིག་གསལ་བས་ཁྱད་པར་འཕགས།། དེ་ལ་འགྲན་ཟླ་གང་ཡང་མེད།། རྟོགས་པའི་ཡོན་ཏན་བརྗོད་མི་ལངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་སེམས་རིག་པ་རང་བྱུང་དེ།། ཡེངས་མེད་དོན་ཤར་བྱང་ཆུབ་ཐུགས།། སྤྱི་མཐུན་ཉི་མ་སྟོང་བས་གསལ།། དེ་ཉིད་རྟོགས་པས་བསྒོམ་མི་དགོས།། ཡེ་ཤེས་རིག་པ་གསལ་བ་ལ།། མ་རིག་མུན་པ་གདོད་ནས་མེད།། བག་ཆགས་ཉོན་མོངས་རྩད་ནས་བརླག། དགོངས་པ་སངས་རྒྱས་ཀུན་དང་མཉམ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་རྒྱ་མཚོ་རླབས་སུ་བྱུང།། དེ་བཞིན་དོན་རྟོགས་སྤྱོད་པ་ཡང།། འབྲལ་མེད་རིག་པའི་ཡེ་ཤེས་ཀློང།། དུས་བཞིར་ཡེ་ཤེས་རྒྱུན་མི་འཆད།། དོན་འདི་རྟོགས་པའི་སྤྱོད་པ་དེ།། ཚོགས་བསགས་སྒྲིབ་སྦྱངས་ས་བཅུ་པས།། སྐད་ཅིག་འདི་དྲན་ཁྱད་པར་འཕགས།། ལུས་ངག་རྩོལ་མེད་རིག་སྤྱོད་བདེ།། ད་ཡང་འཁོར་གྱི་སྙིང་པོ་ཉོན། ། རང་རིག་འབྲས་བུ་རང་ལ་ཆེ།། གཟུགས་དང་བྲལ་བས་སྐྱེ་ཤི་མེད།། རང་ལས་བྱུང་བས་ཡེ་ཤེས་སྐུ།། ཡུལ་མེད་རིག་པ་མངོན་སངས་རྒྱས།། འདི་རྟོགས་འབྲས་བུ་ལྷུན་གྲུབ་དེ།། བསམ་པ་ཙམ་གྱིས་ཀུན་འགྲུབ་སྟེ། ། འཆིང་བུ་རིན་ཆེན་ཁྱད་པར་ལྟར།། སྐྱེ་བ་མི་ལེན་མངོན་སངས་རྒྱས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་རྟོགས་མི་ཟད་རིན་ཆེན་གཏེར།། དེ་ཡི་འབྲས་བུ་ཡོན་ཏན་ནི།། གཟུགས་མེད་རིག་པ་ང་ཡི་སྐུ། ། ཐ་མལ་རང་སེམས་ང་ཡིས་ཐུགས།། སྟོང་ཉིད་དྲན་པ་ང་ཡིས་གསུང།། རིག་པའི་ཡོན་ཏན་གང་ཡང་འགྲུབ།། ཡེ་ནས་ཕྲིན་ལས་རང་བྱུང་བས།། རིག་པ་སྤྲོས་བྲལ་ཆོས་སྐུར་རྫོགས།། ད་ཡང་འདུས་པའི་འཁོར་རྣམས་ཉོན། ། འགྱུར་མེད་ལྷུན་གྱིས་གྲུབ་པའི་གཞི།། ཆོས་ཉིད་བདེ་ཆེན་ཀློང་ཡངས་ལམ།། སྐྱེ་ཤི་མེད་པའི་འབྲས་བུ་སྨིན།། དེ་དག་གཅིག་ཕྱིར་རྒྱལ་བའི་ཐུགས།། གསེར་གླིང་ས་རྡོ་མེད་པ་བཞིན།། སེམས་ཅན་དུས་ནས་སངས་རྒྱས་ལ། ། ཡོན་ཏན་མཚན་དང་དཔེ་བྱད་ཀྱང།། ཡེ་ཤེས་སྐུ་ལ་ཀུན་ཀྱང་རྫོགས།། ད་ལྟ་ཐ་མལ་ལུས་སེམས་ཀྱིས།། སེམས་ལས་མ་བྱུང་སངས་རྒྱས་རྙེད།། རྒྱུ་ལས་མ་བྱུང་འབྲས་བུ་རྟོགས།། ལུང་ལ་མ་བསྟེན་ཆོས་རྣམས་ཤེས། ། ཐེག་དགུའི་ཆོས་རྣམས་གཅིག་ལས་མེད།། དུག་ལྔ་མྱ་ངན་འདས་པར་དག། ཐུགས་ཀྱི་ཀློང་བརྟོལ་ཆོས་ཀྱི་སྐུ།། འཁོར་བའི་ནང་ན་ལུས་ཡོད་ཀྱང།། པདྨ་དང་ནི་འདམ་བཞིན་དུ།། ཉོན་མོངས་ལས་ཀྱིས་གོས་པ་མེད།། དེ་ཕྱིར་སངས་རྒྱས་ཀུན་དང་མཉམ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འཁོར་གྱི་ཐེ་ཚོམ་གསལ་བའི་ཕྱིར།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རང་བྱུང་ཡེ་ཤེས་ངོ་བོ་ལ།། གཞལ་བྱ་མི་དམིགས་དོན་ཅི་ལགས།། སྣང་བའི་མཚན་མ་འདི་ཉིད་ཀྱི། ། གཏན་ཚིགས་མ་གྲུབ་གསུངས་པ་ཅི།། དེ་ནི་གང་གིས་རྟོགས་པའི་ཐབས།། ལྟ་མེད་གསུངས་པ་ཅི་ཡིས་ཕྱིར།། གོལ་ས་ལྟུང་མེད་བསྟན་པ་ཡི།། མཐུན་དཔེ་གང་གིས་གང་ལ་མཚོན།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དངོས་ཉིད་ལ་སོགས་ཆོས་རྣམས་ཀུན།། བྱ་བ་མེད་པར་རང་ཤར་གཅིག། ཡུལ་མེད་ངོ་བོར་རང་གནས་ཕྱིར། ། དེས་ན་མ་བསྒྲིབས་རང་གསལ་བས།། གང་ཡང་གཞན་དུ་མི་དམིགས་ན།། གཞི་ལས་མ་འགྱུར་ངོ་བོར་སོན།། ཆོས་ཅན་མེད་པས་གཞལ་བྱར་བྲལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་མེད་ཆོས་སྐུར་གསལ་བ་ལ།། ཇི་སྙེད་པ་ཡི་རྣམ་གྲངས་ཀུན།། དགག་བསྒྲུབ་བྱ་བ་མེད་པའི་ཕྱིར།། རང་གི་ས་ན་ལེགས་གནས་པས།། གཞན་པ་དག་ཏུ་མ་འགྲུབ་པས།། ཕྱོགས་གཉིས་བྲལ་བའི་བྱང་ཆུབ་སེམས། ། མཐའ་བཞིའི་ཐ་སྙད་བྲལ་བ་ལ།། འཇལ་བྱེད་གཏན་ཚིགས་ཅི་ཞིག་དགོས།། འདུས་པའི་རྡོ་རྗེ་སྙིང་པོ་ཉོན།། མཚོན་པའི་ཐ་སྙད་མི་བརྗོད་ང།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ལོག་པའི་རྗེས་སུ་འབྲང་བའི་ཕྱིར། ། ཡུལ་མེད་ཐིག་ལེ་རང་ཤར་བས།། ཇི་བཞིན་མ་ནོར་སྙིང་པོ་ཡིས།། ངེས་པར་གཞན་དུ་བལྟ་བར་གྲོལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་གདལ་ཁྱབ་རང་བཞིན་ལ།། ཐོག་མཐའ་ཆོད་ཕྱིར་གོལ་མེད་པས། ། དེ་ཉིད་ཡེ་ཤེས་རང་ཤར་བས།། གོལ་ས་ཉིད་ཀྱང་ཆོས་ཉིད་དག། ཡེ་ཤེས་ངང་དུ་འགྱུར་བའི་ཕྱིར།། དམིགས་ཞེན་མེད་པས་གོལ་མེད་གསུངས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། དཔེར་ན་གང་གིས་མི་ནུས་ཀྱང། ། ནམ་མཁའི་ཉི་མ་རང་གསལ་བཞིན།། རང་བྱུང་ངོ་བོ་ཡེ་ཤེས་ཀྱང།། རང་རིག་ཡེ་ཤེས་བདེ་གསལ་བས།། སྣང་བས་ཕན་མེད་གནོད་མེད་ཕྱིར།། ཕྱོགས་ཀྱི་ཐ་སྙད་བཤད་ཅི་དགོས།། རྡོ་རྗེ་སེམས་དཔས་ཡང་གསོལ་པ། ། མ་བསྒོམས་དོན་དང་འབྲལ་མེད་པའི།། དེ་དོན་རྟོགས་ཐབས་གང་གི་བགྱི།། མ་བསྒོམ་ཀློང་དུ་འགྱུར་བ་ཡིས།། རང་གིས་ཐ་སྙད་གང་ལ་གདགས།། དེ་དོན་བསྒོམ་དུ་མེད་པའི་ཕྱིར། ། མཚན་མ་བྱུང་ན་བཅོས་མི་དགོས།། ལྟ་བ་རང་ཤར་ཆེན་པོ་ལ།། མ་བསྒོམ་གོལ་སར་ཅིས་མི་འགྱུར།། དེ་སྐད་ཞུས་པས་བཀའ་སྩལ་པ།། སྙིང་པོ་རང་གི་སྟོབས་དང་ནི།། མན་ངག་དགོངས་པའི་ཐུགས་བརྟོལ་ནས། ། ཤེས་རྒྱུད་རྟོགས་པའི་བླ་མ་ཡིས།། ཇི་བཞིན་ཉིད་དུ་ཤར་བ་ལ།། སྣང་མེད་ཆོས་སྐུ་ཉིད་མཚོན་པས།། མཚན་མའི་དངོས་པོ་མི་འབྱུང་ཕྱིར།། སྨན་དང་སྨན་པའི་ཐབས་བཞིན་དུ།། སེམས་མེད་མི་འདོད་ཅི་ཞིག་བྲལ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐིག་ལེ་ཆོས་སྐུས་ཁྱབ་པའི་ཕྱིར།། དེ་བཞིན་ཉིད་དུ་རང་ཤར་བས།། གང་ཡང་དམ་པར་མི་བལྟ་ན།། ཐམས་ཅད་ཇི་བཞིན་རང་སར་གྲོལ།། དེ་ཕྱིར་མཐའ་ལ་མི་གནས་པས། ། བཏང་བཞག་མེད་པའི་ཏིང་འཛིན་གྱིས།། མ་བསྒོམས་ཀློང་དུ་གྱུར་པར་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། བསྒོམ་དུ་མེད་པའི་ཆོས་ཉིད་ལས།། རྣམ་རྟོག་མཚན་མ་ཅི་བྱུང་ཡང།། དམིགས་ནས་གསལ་བར་བསྒྲུབ་མི་བྱ།། དཔེར་ན་ནམ་མཁའ་འདི་ཉིད་ལ།། སྤྲིན་དང་ཁུ་རླངས་ལ་སོགས་ནི།། ཇི་སྙེད་ཞིག་ནས་མེད་པ་ལྟར།། ཇི་བཞིན་ཉིད་དུ་རང་དྲན་པས།། དུས་མཉམ་བསལ་བས་ཡང་དག་སྟེ། ། དེ་ལ་གཉེན་པོས་བཅོས་སུ་མེད།། ཐ་སྙད་ངང་གསལ་བཅོས་པར་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡུལ་མེད་ཐིག་ལེ་རང་ཤར་བས།། ཡང་དག་དོན་ལ་མི་འཇིགས་ཕྱིར།། ངོ་བོ་ཉིད་དུ་གྱུར་པས་ན། ། དོན་དུ་གཉེར་བ་གང་ཡང་མེད།། སྔ་ཕྱི་གཞན་དུ་གཡོས་མེད་ཕྱིར།། ཆེད་དུ་བསྒོམ་དུ་མེད་པ་སྟེ།། དམིགས་པ་གཏད་པའི་དོན་དང་བྲལ།། དོན་མི་གཉེར་བར་དགྲ་མེད་འདྲ།། དེ་ཡང་འདུས་པའི་ཡང་གསོལ་པ། ། བཏང་བཞག་མེད་པའི་བསྒོམ་པ་ལ།། མི་མཐུན་མི་འབྱུང་གསུངས་པ་ཅི།། རྣལ་འབྱོར་རྩོལ་བྲལ་མ་ཡེངས་ན།། བྱར་མེད་འགག་མེད་གསུངས་པ་ཅི།། དེ་ཉིད་བཅིངས་པར་མི་འགྱུར་བའི།། ཕྱོགས་བྲལ་བསྟན་པ་ཇི་ལྟར་ལགས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། ཀུན་རིག་ཆོས་རྗེས་བཀའ་སྩལ་པ།། དུས་གསུམ་རྣམ་པ་ཐམས་ཅད་དུ།། སྐྱེ་ཤི་མེད་པར་ཡེ་ཤར་བས།། སྣང་མེད་ཞེན་རྟོག་ཐམས་ཅད་ཀྱང། ། གང་ཡང་ཆོས་སྐུར་གསལ་བ་ལ།། བཏང་བཞག་རྩོལ་སེམས་ཅི་ལ་འབྱུང།། གཞན་དུ་མི་འགྱུར་ཀློང་གནས་པས།། མི་མཐུན་མཚན་མ་གང་ཡང་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབྱིབས་དང་མཚན་མ་ཐམས་ཅད་ཀུན། ། གཞི་ལ་མ་གྲུབ་དོན་ཤེས་ཕྱིར།། རང་གསལ་ཡུལ་ལ་རྟོག་པ་མེད།། དག་དང་མ་དག་ཐམས་ཅད་ཀུན།། གང་ཡང་དགག་བསྒྲུབ་མེད་པའི་ཕྱིར། བཞག་དང་བླང་བར་ཡོང་མེད་དོན།། འབྱུང་འཇུག་མེད་པར་བསྒོམ་མི་དགོས།། རྩོལ་བ་མེད་ཕྱིར་སྤྱོད་པའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། བདག་གཞན་ཀ་ནས་མ་གྲུབ་ཕྱིར།། བྱ་བྱེད་མ་ལུས་ཐམས་ཅད་ཀུན།། འགྲོ་དྲུག་ལས་དང་བདེ་གཤེགས་མཛད། ། ཅི་སྤྱོད་ཆོས་སྐུར་ཡེ་ཤར་བས།། གང་ཡང་མཚན་ཉིད་དབྱེར་མེད་དེ།། བྱེད་པ་ཉིད་ནས་གྲོལ་བར་བྱེད།། བླང་དང་དོར་བར་ངང་གིས་མེད།། དེ་ཡིས་འཆིང་བར་ཅི་ལ་འགྱུར།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཐུགས་བརྟོལ་བའི་ལེའུ་སྟེ་བཅུ་དགུ་པའོ།།།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཏིང་འཛིན་ཉམས་དང་ལྡན་པ་ལ། ། ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ཏིང་འཛིན་ཉམས་དང་ལྡན་པ་ལ།། སྣང་བ་འོད་དང་གྲག་པ་སྒྲ། ། འཇིགས་པ་གཟུགས་དང་བསླུ་བ་བརྫུན།། ལྟ་བར་ཤེས་ན་དམ་པའི་ལམ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་དམ་པ་མཉམ་བཞག་ཚེ།། མཚན་མོ་མུན་ནག་སྤྲིན་རུམ་ན།། ནམ་ལངས་ཉི་ཤར་བཞིན་དུ་གསལ། ། ཁམས་གསུམ་སེམས་ཅན་དགེ་སྡིག་ལས།། གང་ཡང་མ་ལུས་སྔ་ཕྱི་ཤེས།། དེ་ཚེ་སྙིང་རྗེའི་བདུད་ཞུགས་ཏེ།། སེམས་ཅན་སྙིང་རེ་རྗེ་སྙམ་བྱེད།། ཏིང་འཛིན་བཏང་ནས་གཞན་དོན་བརྩམ། ། དེ་ཕྱིར་བདུད་ཀྱི་དབང་དུ་འགྱུར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའ་སྟོང་ལས་སྒྲ་བྱུང་ནས།། བདེ་གཤེགས་ཆོས་རྣམས་སྣ་ཚོགས་སྟོན།། ཞིང་ཁམས་རྒྱན་གྱིས་བརྒྱན་པ་དང།། ཡིད་དུ་འོང་བའི་སྒྲ་ཐོས་ནས།། ཏིང་འཛིན་བཏང་ནས་གླུ་གར་བྱེད།། ངོམ་ཞིང་ངོ་མཚར་དགའ་སེམས་སྐྱེད།། དེ་ལ་ཞེན་གྱུར་ཉམས་དང་བྲལ།། དགའ་བའི་བདུད་ཀྱིས་རང་བསླུས་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། བསྒོམ་ཉམས་རྨི་ལམ་གང་ཡང་རུང།། འཇིགས་པའི་གཟུགས་སོགས་མི་དགེ་བས།། ངང་ལ་གནས་ལ་བསྡིག་འགྱུར་བས།། ཏིང་འཛིན་བཏང་ནས་མྱ་ངན་བདུད།། མི་དགའ་སྡུག་བསྔལ་ཉམ་ཐག་འབྱུང། ། དེ་ཚེ་ལས་ལ་ཡི་མུག་སྟེ།། ལྕེབ་དང་གཅིག་པུར་ཕུག་ཏུ་ངུ།། གཟུགས་ཀྱི་བདུད་དབང་གྱུར་ནས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་དང་རྨི་ལམ་གང་དུ་ཡང།། ཡིད་དུ་འོང་བའི་གཟུགས་བསྟན་ཏེ། ། དུས་གསུམ་ཉེས་ལེགས་ཐམས་ཅད་སྟོན།། གཞན་ལ་བསྟན་པས་བདེན་པ་འབྱུང།། དེ་ཚེ་ང་རྒྱལ་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གྲོད་ཁ་ཡན།། བར་དུ་ཕྱེད་བདེན་ཕྱེད་མི་བདེན།། ཐ་མ་སྨྲ་བ་ཐམས་ཅད་རྫུན། ། བསླུ་བའི་བདུད་ཀྱིས་རང་བསླུས་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་བའི་བདུད་ནི་དེ་དག་ཀྱང།། ཡུལ་གྱི་གོལ་སར་མ་ཤེས་ཕྱིར།། སྣང་བ་གཟུགས་སོགས་ཞེན་པ་སྟེ།། ཡུལ་ལ་སེམས་ཞུགས་ཅི་སྤྱོད་བདུད། ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྣལ་འབྱོར་ལྟ་བའི་བདུད་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། སྒོ་ལྔ་བྱིང་བ་གསལ་བའི་བདུད།། དྲན་མེད་རྨུགས་པ་བདེ་བའི་བདུད།། རྐྱེན་གྱིས་རྒོད་པ་མི་རྟོག་བདུད།། འཕྲོ་བ་མི་གཡོའི་བདུད་རྣམས་འབྱུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཏིང་འཛིན་མྱུར་དུ་འགྲུབ་འདོད་ནས། ། ཡུན་རིང་བསྒོམས་པས་ཚད་མ་ཟིན།། མྱོས་པའི་བདུད་ཞུགས་གསལ་བའི་ཕྱིར།། མ་རིག་དབང་གིས་གཉིད་དུ་སོང།། གསལ་བ་བོར་ནས་བྱིང་བོར་སོང།། དེ་ཉིད་བཙལ་བས་ཏིང་འཛིན་ཉམས། ། མ་བཙལ་རྨི་ལམ་བཟང་ངན་བྱུང།། དེ་ཕྱིར་བྱིང་བའི་བདུད་ཀྱིས་བསླུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཆོས་སྐུར་མ་ཟིན་པས།། མ་རིག་དབང་གིས་ཡེ་ཤེས་བསྒྲིབས།། དྲན་པ་མེད་པའི་བདུད་ཞུགས་ཏེ། ། ངང་བསྒོམ་རྨུགས་པས་བདེ་བ་ཉམས།། རང་རིག་མེད་པས་ཞི་གནས་བྱིང།། ལྷག་མཐོང་མེད་པས་དོན་དང་བྲལ།། བསྒོམས་ཀྱང་དོན་མེད་བདུད་ཀྱིས་བསླུས།། དེ་ཕྱིར་ལུང་ལྡན་མན་ངག་གཅེས། ། ད་ཡང་འཁོར་གྱི་སྙིང་པོ་ཉོན།། གཅིག་པུར་མི་དགའ་འདུས་ལ་དགའ།། གཞན་གྱིས་རྐྱེན་བྱས་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་ཡིན་མིན་གྱི།། ཡུལ་ལ་ཞེན་པ་སྣ་ཚོགས་ཞེན།། མི་རྟོག་མེད་པར་ཉོན་མོངས་འབྱུང། ། སྤང་སྡུད་ཞེན་པ་རང་རྒྱུད་བྱེད།། དེ་ཕྱིར་གཡེང་བའི་བདུད་ཀྱིས་བསླུས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཡང་ཡང་གོམས་པར་མ་བྱས་པས།། འཕྲོ་བ་རྐུན་བུའི་བདུད་ཞུགས་ཏེ། ། གང་ཡང་རུང་བའི་ཚིག་རེ་ཙམ།། ཡིད་ལ་བྱས་པས་མི་གཡོ་བྲལ།། ནན་ཏན་ཆུང་བས་ཉམས་མེད་ཕྱིར།། ལང་ཅན་རྐུན་བུ་ཡང་ཡང་ལྡང།། ངེས་པའི་གདེང་དང་མི་ལྡན་པས།། འཕོ་བའི་བདུད་ཀྱིས་བསླུས་ཕྱིར་ལྟུང། ། ད་ཡང་འཁོར་རྣམས་ལེགས་པར་སོམ།། བསྒོམ་པའི་བདུད་ནི་དེ་དག་ཀྱང།། གདམས་ངག་མེད་པ་རྣམས་ལ་འབྱུང།། ལུང་ལྡན་རྣམས་ལ་གནོད་མི་ཚུགས།། མ་རྟོགས་ཅི་བསྒོམ་བདུད་དུ་འགྱུར།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། བསྒོམ་པ་ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱ་བ་འདུ་འཛི་ལོངས་སྤྱོད་བདུད། ། ཉམས་དགའ་ཞེན་པ་གནས་ཀྱི་བདུད།། བསླབ་པ་ཡོན་ཏན་གཡེང་བའི་བདུད།། སེམས་དཀྲུགས་འཁོར་ངན་བདུད་རྣམས་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། དགོན་པར་གནས་ན་དད་ལྡན་འདུ། ། ལོངས་སྤྱོད་འདུ་འཛིའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གཞན་སེམས་འཛིན།། དེ་ཚེ་དོན་བྲལ་ནོར་རྫས་ཞེན།། འདོད་བློས་མཚན་མའི་ཆོས་ལ་སྤྱོད།། བསྒོམ་པའི་དོན་བོར་གཡེང་བའི་བདུད། ། འཇིག་རྟེན་པ་ལ་ཁ་ལེན་བྱེད།། འདུ་འཛིའི་བདུད་ཀྱིས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་འཐད་པ་ཡི་གནས་ལ་ནི།། བཀྲ་ཤིས་འདྲེ་མེད་ལྷ་གཉན་ཡོད།། རང་འདོད་ཞེན་པའི་བདུད་ཞུགས་ཏེ། ། ཏིང་འཛིན་བཏང་ནས་ཉམས་དགའ་བརྩིག། གཞན་དུ་བསྲུང་མས་འགྲོ་དབང་མེད།། ཟེར་ཞིང་བདག་བརྩོན་དོན་དང་བྲལ།། རང་སེམས་ཞེན་པ་བདུད་དུ་ལངས།། གནས་ཀྱི་བདུད་ཀྱིས་རང་བསླུས་ལྟུང། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་མཁས་པ་བསྒོམ་འདོད་པས།། གཡེང་བའི་བདུད་ནི་ཁོང་ཞུགས་ཏེ།། གཞན་གྱིས་བསྟོད་པས་ཏིང་འཛིན་བཏང།། ཆོས་འཆད་སྨན་དང་བཟོ་རྣམས་བྱེད། ། འདོད་པའི་རྫས་ལ་ཞེན་པ་སྐྱེས།། གཞན་དོན་བྱང་ཆུབ་ཡིན་ཟེར་ནས།། བྱ་བ་གཡེངས་བ་ཆེད་དུ་བྱེད།། དོན་དང་བྲལ་བས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་འཁོར་ངན་གདུང་དྲགས་པས། ། སེམས་འཁྲུགས་བདུད་ནི་ཁོང་ཞུགས་ཏེ།། འཁོར་ངན་ཆོག་ཤེས་མེད་པར་འདོད།། དྲིན་དུ་མི་བཟོ་འཕྱར་ཁ་གཏོང།། དེ་ཚེ་དད་ལོག་མི་རྣམས་འཕྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྤྱོད་པའི་བདུད་ནི་དེ་དག་ཀྱང།། འཇིག་རྟེན་ཆོས་བརྒྱད་ཞེན་ལས་འབྱུང།། དེ་ཕྱིར་གཡེངས་པ་དོན་དུ་གཉེར།། འཁོར་བ་དང་བླངས་རང་བསླུས་ལྟུང།། སྒྲོ་སྐུར་འདེབས་ལ་ཞེ་སྡང་འབྱུང།། འཁོར་ངན་བདུད་ཀྱིས་རང་བསླུས་ལྟུང། ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྤྱོད་པའི་བདུད་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། འཇིག་རྟེན་མཁའ་འགྲོས་ལུང་བསྟན་བདུད།། ཉམས་སུ་མྱོང་བ་ཞེན་པའི་བདུད།། ཞེན་འདོད་ཚུལ་འཆོས་བྱེད་པའི་བདུད།། བརྐམ་ཆགས་བདེ་བའི་བོགས་འདོན་བདུད།། གདེང་མེད་སྐུར་འདེབས་ཞེ་སྡང་བདུད། ། ང་རྒྱལ་སྒྲོ་འདོགས་བདུད་རྣམས་འབྱུང།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། རྣལ་འབྱོར་ལྟ་བར་མཉམ་བཞག་ཚེ།། ལྷ་མོའི་ལུས་སུ་མངོན་ཕྱུང་སྟེ།། ཕུག་ཏུ་མ་འདུག་འགྲོ་དོན་གྱིས། ། གཞན་དོན་བྱས་པའི་ཡོན་ཏན་བརྗོད།། དེ་ཚེ་མཁའ་འགྲོའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གཞན་དོན་རྩོལ།། ཆོས་སུ་མིང་བཏགས་ཅི་ཡང་བྱེད།། དོན་དང་བྲལ་ཕྱིར་བདུད་བསླུས་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། རྣལ་འབྱོར་དོན་ལྡན་བསྒོམས་པ་ལ།། ཟབ་ཅིང་བདེ་བ་ཉམས་མྱོང་ཟེར།། ལྟ་བའི་གདེང་ཆེན་མ་ཟིན་པར།། ཞི་གནས་ཞེན་པའི་བདུད་ཞུགས་ཏེ།། རྐྱེན་མ་ཐུབ་ཕྱིར་འཕེལ་འགྲིབ་ཡོད།། བག་ལ་ཉལ་བའི་མ་རིག་པས།། རང་རིག་ཡེ་ཤེས་མ་རིག་ཕྱིར།། ལྟ་མེད་ཞེན་པས་རང་བསླུས་ལྟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དོན་མེད་བསྒོམ་པས་གང་ཟག་ཀུན།། གདེང་མེད་ཚུལ་འཆོས་གསོག་ཅན་ཏེ། ། ཁ་འཇམ་དོན་འཁྲིའི་བདུད་ཞུགས་ཏེ།། གཞན་དག་བྲིད་ཕྱིར་དགེ་བར་བརྩོན།། མན་ངག་མེད་པས་གསང་བ་སྐད།། རང་ཉིད་སླུ་བའི་བདུད་བསླུས་ལྟུང།། ཕྱི་མར་ཡི་དྭགས་ལྟོ་ཕྱེར་སྐྱེས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ལྟ་མེད་ཐབས་ཀྱི་རྣལ་འབྱོར་པས།། དབང་གསུམ་པ་ཡི་བདེ་བ་ལ།། དགའ་བ་བཞི་ལ་ཞེན་པ་ཡིས།། འདོད་ཆགས་སྲིད་པའི་བདུད་ཞུགས་ཏེ།། དེ་མེད་འབྲས་བུ་མི་དབང་བས།། འདོད་ཆགས་སྤྱད་ཀྱང་ཏིང་འཛིན་འཕེལ། ། བྱི་ཤུག་ཕོ་མོ་ཀུན་བསོགས་ཏེ།། ཆགས་པའི་བདུད་ཀྱི་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་ལུང་ལྡན་རྣལ་འབྱོར་ལ།། མཉམ་དུ་རེ་ནས་འགྲན་པའི་ཕྱིར།། སྨད་སེམས་ཞེ་སྡང་བདུད་ཞུགས་ཏེ། ། རང་ཉམས་ངན་པས་གཞན་དག་ལ།། གདམས་ངག་ཅན་ལ་སྐུར་པ་འདེབས།། རྣལ་འབྱོར་ལུང་ལྡན་གནོད་མི་ཚུགས།། དེ་ཕྱིར་དམ་ཉམས་རང་ཉིད་ལྟུང།། ཕྱི་མར་ཚ་བའི་དམྱལ་བར་སྐྱེ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་པའི་དོན་ལྡན་རྣལ་འབྱོར་གྱིས།། ངེས་དོན་ཡང་དག་བཀའ་ལ་ནི།། གང་ཟག་སྨད་ཕྱིར་སྒྲོ་བཏགས་ཏེ།། མི་ཚིག་ཡིན་ཟེར་འཕྱར་ཁ་གཏོང།། ང་རྒྱལ་བདུད་ནི་ཁོང་ཞུགས་ཏེ། ། ཕག་ཏུ་བརྐུ་དང་འོག་བྲུས་བྱེད།། ཞེ་ལ་འདོད་ཅིང་ཆེ་ཆུང་བྱེད།། དེ་ཕྱིར་བདུད་བསླུས་དམྱལ་བར་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། བདུད་ཀྱི་སྤྱོད་པ་བཅོ་བརྒྱད་ཀྱང།། སོ་སོར་སྣང་བ་མ་ཡིན་ཏེ། ། ལྷ་ཡི་བུའི་བདུད་གཅིག་པུ་ཡིན།། དེ་ཕྱིར་ལྟ་བ་དམན་པའི་བདུད།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། དེ་དག་ཟིལ་གྱིས་ཇི་ལྟར་མནན།། ཀུན་རིག་སྟོན་པས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ། ། ཕྱི་ནང་ཆོས་རྣམས་རང་བྱུང་སྐུ།། བདུད་ཉིད་རྟོགས་ན་ཆོས་ཉིད་རང།། དེ་ཕྱིར་ལུང་ལྡན་བསྟན་ལ་ཞུགས།། རང་སེམས་དོན་རྟོགས་བདུད་མེད་དོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་ནོར་དོན་ལ་བསྒོམ་པའི་ཚེ། ། སྣང་བའི་འོད་བདུད་བྱུང་བ་ལ།། ཆོས་སྐུ་ཁ་དོག་དང་བྲལ་ཕྱིར།། གསལ་ལ་མི་རྟོག་ཟིལ་གྱིས་མནན།། གྲགས་པ་སྒྲ་ཡི་བདུད་བྱུང་ན།། ཆོས་ཉིད་སྒྲ་དང་བྲལ་བའི་ཕྱིར།། རྗེས་སུ་འབྲང་མེད་རང་བཞིན་ནི། ། ལྟ་བའི་རིག་པས་ཟིལ་གྱིས་གནན།། འཇིགས་པ་གཟུགས་ཀྱི་བདུད་བྱུང་ན།། གཞི་ལ་སྣང་བ་མེད་པའི་ཕྱིར།། དངོས་མེད་ཤེས་པས་ཏིང་འཛིན་གྱིས།། གཟུགས་ཅན་མཚན་མ་ཟིལ་གྱིས་གནོན།། བསླུ་བ་རྫུན་གྱི་བདུད་བྱུང་ན། ། ཆོས་སྐུ་ཚིག་ལས་འདས་པའི་ཕྱིར།། བདེན་པར་འཛིན་པའི་སྐྱོན་དང་བྲལ།། རྫུན་ལ་བདེན་མེད་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། བྱིང་བ་གསལ་བའི་བདུད་བྱུང་ན།། གཉིད་གསུམ་བསྲེས་པའི་གདམས་ངག་གིས།། གཏི་མུག་ཆོས་སྐུར་རབ་ཐིམ་པས།། ཡེ་ནས་ལྟ་བའི་ཟིལ་གྱིས་གནོན།། རྨུགས་པ་བདེ་བའི་བདུད་བྱུང་ན།། འཕེལ་འགྲིབ་མེད་པའི་དོན་ཤེས་ཕྱིར།། བདེ་ཆེན་ཡེ་གནས་ལྟ་བ་ལ། ། མཉམ་ཉིད་རིག་པས་ཟིལ་གྱིས་མནན།། རྒོད་པ་མི་རྟོག་བདུད་བྱུང་ན།། སྣང་བའི་བག་ཆགས་བརྟས་པ་ལས།། རང་རིག་བག་ཆགས་མེད་པའི་ཕྱིར།། སྤང་སྡུད་ཞེན་མེད་ཟིལ་གྱིས་མནན།། འཕྲོ་བ་མི་གཡོའི་བདུད་བྱུང་ན། ། ཡེ་ནས་མི་གཡོ་ཆོས་སྐུ་ལ།། གོམས་པའི་དབང་གིས་ཏིང་འཛིན་གསལ།། མི་བརྗེད་གཟུངས་ཀྱི་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་སྒོམ་བདུད་ནི་དེ་དག་ཀྱང།། རང་བྱུང་ཆོས་སྐུའི་དོན་རྟོགས་པས།། གང་བྱུང་ཟིལ་མནན་རང་བརླགས་པས།། འབྲས་བུ་ཡེ་ཤེས་ལྷུན་གྱིས་གྲུབ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ལྟ་སྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་བཞི་པའོ། །།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དོན་ངང་ལ་གནས་པའི་ཚེ།། འདུ་འཛི་ལོངས་སྤྱོད་བདུད་བྱུང་ན།། ཏིང་འཛིན་དགྲ་རུ་ཤེས་པ་ཡིས།། འདོད་ཆུང་ཆོག་ཤེས་ཟིལ་གྱིས་མནན།། ཞེན་པ་གནས་ཀྱི་བདུད་བྱུང་ན།། ཡུལ་ལ་ངེས་མེད་མ་ཆགས་པས།། ལྟ་བ་རང་རིག་ཡུལ་མེད་ཕྱིར།། ཞེན་པ་མེད་པའི་ཟིལ་གྱིས་མནན།། ཡོན་ཏན་གཡེང་བའི་བདུད་བྱུང་ན། ། བདག་དོན་མ་གྲུབ་བར་དུ་ཡང།། མི་དབང་མི་བཏང་དོན་དྲན་པས།། གཞན་དོན་མི་བྱ་ཟིལ་གྱིས་མནན།། འཁོར་ངན་སེམས་འཁྲུགས་བདུད་བྱུང་ན།། མཐར་ཐུག་འབྲེལ་བ་མེད་པའི་ཕྱིར།། གནས་སྐབས་འབྲེལ་བ་ཏིང་འཛིན་དགྲ།། གདུང་སེམས་བསྐྱུངས་པའི་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཟིལ་གྱིས་མནན་ཐབས་དེ་དག་ཀྱང།། སྤང་ལེན་དགག་བསྒྲུབ་མེད་པར་འདུས།། ལྟ་སྒོམ་སྤྱོད་པ་གཅིག་གི་ངང། ། དེ་ཕྱིར་འབྲས་བུ་ལྷུན་གྱིས་གྲུབ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྤྱོད་པའི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་ལྔ་པའོ། །།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཁའ་འགྲོའི་ལུང་བསྟན་བདུད་བྱུང་ན།། རང་རིག་འགྱུར་མེད་རྟོགས་པ་ལས།། གཞན་དུ་ལུང་སྟོན་བསླུ་བར་ཤེས།། རེ་དོགས་མེད་པར་ཟིལ་གྱིས་མནན།། ཉམས་མྱོང་ཞེན་པའི་བདུད་བྱུང་ན།། སྔ་ཕྱི་མེད་པའི་ཆོས་སྐུ་ནི།། ཏིང་འཛིན་རྐྱེན་གྱིས་མི་འགྱུར་ཕྱིར།། ཞེན་མེད་ལྟ་བའི་ཟིལ་གྱིས་མནན།། ཞེ་འདོད་ཚུལ་འཆོས་བདུད་བྱུང་ན།། གང་ཡང་མ་བཅོས་དོན་དྲན་ནས། རང་བྱུང་ཆོས་སྐུའི་གདེང་ལྡན་པས།། རྟོག་པ་དྲང་པོས་ཟིལ་གྱིས་མནན།། བདེ་བ་བོགས་འདོན་བདུད་བྱུང་ན།། རང་བྱུང་ཡེ་ཤེས་རྟེན་མེད་ཕྱིར།། དབང་ལ་མི་ལྟོས་འཕེལ་འགྲིབ་མེད།། རྐྱེན་ལས་མི་འབྱུང་ཟིལ་གྱིས་མནན། ། གདེང་མེད་སྐུར་འདེབས་བདུད་བྱུང་ན།། ཆོས་སྐུར་སྒྲོ་སྐུར་བྲལ་བའི་ཕྱིར།། ལུང་ལྡན་ཅན་ལ་གནོད་མི་ནུས།། ལྟ་སྤྱོད་མཁན་གྱི་ཟིལ་གྱིས་མནན།། ང་རྒྱལ་སྒྲོ་འདོགས་བདུད་བྱུང་ན།། རང་བྱུང་དོན་ལ་སྒྲོ་འདོགས་བྲལ། ། ངེས་པའི་གདམས་ངག་དམ་པ་འདི།། སྣོད་ངན་གསང་བས་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཉམས་ཀྱི་བདུད་དྲུག་ཀྱང།། རྟོགས་ན་རྣལ་འབྱོར་དམ་པའི་ལམ།། དེ་ཕྱིར་བལྟ་བ་བརྗེད་མེད་བྱ།། དེ་དོན་སངས་རྒྱས་དགོངས་པ་ཡིན།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཉམས་ཀྱི་བདུད་ཟིལ་གྱིས་མནན་པར་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། སངས་རྒྱས་རྣམ་བཞི་ཇི་ལྟར་དབྱེ།། བར་དོར་སངས་ནི་ཇི་ལྟར་རྒྱ།། སངས་རྒྱས་མཛད་སྤྱོད་ཇི་ལྟར་འབྱུང།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ། ། ཞུས་པའི་དོན་གསན་བཀའ་སྩལ་པ།། དང་པོ་རྒྱུ་ཡི་སངས་རྒྱས་ནི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། སེམས་ཅན་ཀུན་གཞིའི་མུན་གསེབ་ན།། རང་བྱུང་མ་རིག་སྒྲིབ་པ་སྟེ།། དེ་ཡི་གཏན་ཚིགས་ངེས་པ་ནི།། རྟག་ཆད་བྲལ་ཀྱང་ངོ་མ་ཤེས།། འཁོར་འདས་གཉིས་ཀ་སེམས་ལ་རྫོགས།། དེ་ཡིས་དེ་ཉིད་མཚོན་པའི་དཔེ།། ཏིལ་ལ་མར་གྱིས་ཁྱབ་པ་ལྟར།། ནམ་མཁའ་ཨ་དང་རྡོ་རྗེ་ཡིས།། ཕྱོགས་འགའ་འདྲ་བའི་དཔེ་ཡིས་མཚོན། ། འབྲས་བུ་རང་ལ་ཡོད་པའི་ཕྱིར།། རྒྱུ་རྐྱེན་གཞན་ལ་རག་མ་ལུས།། དེ་ཕྱིར་རང་བྱུང་ཀུན་ཁྱབ་དེས།། གཞན་དོན་བྱས་ཟིན་བཙལ་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟོགས་པ་སྐད་ཅིག་སངས་རྒྱས་དེ། ། ངོ་བོ་ཀུན་གཞི་གཞི་ཆ་ལ།། ལུང་ལྡན་བླ་མས་དོན་བསྟན་པས།། མ་རིག་སངས་ནས་རིག་པ་རྒྱས།། དེ་ཡི་ཆེད་དུ་གཏན་ཚིགས་ནི།། འཁོར་འདས་བྱུང་བའི་གློ་བུར་དེས།། གཞི་ལ་མེད་པས་རང་ཡིད་ཆེས། ། དེ་ཕྱིར་རྩོལ་བའི་ནད་དང་བྲལ།། དེ་ཡི་དེ་ཉིད་མཚོན་པའི་དཔེ།། མུན་ཁང་སྒྲོན་མ་བཏེགས་པ་དང།། ནམ་ལངས་ཉི་མ་ཤར་བ་དང།། ལོང་བས་རིན་ཆེན་རྙེད་པ་འདྲ།། དེ་ཡི་འབྲས་བུ་ངེས་པ་ནི། ། བག་ཆགས་ཉོན་མོངས་ཟིལ་གྱིས་མནན།། ཡུལ་མེད་རང་རིག་ཆོས་སྐུར་ལྡན།། དེ་ལ་ཡིད་ཆེས་འབྲས་བུ་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལམ་ལ་གནས་པའི་སངས་རྒྱས་དེ།། ངོ་བོ་ལྟ་བ་གཞི་ངེས་ཕྱིར། ། རྒྱུན་དུ་འབྲལ་མེད་ལྷག་མཐོང་གསལ།། ཡེ་ཤེས་ངོས་འཛིན་ཡེངས་པ་མེད།། དེ་ཕྱིར་ལམ་ཆེན་ཆོས་སྐུའི་ཀློང།། དེ་ཡི་ཡིད་ཆེས་གཏན་ཚིག་ནི།། ཉོན་མོངས་མི་འབྱུང་བག་ཆགས་བྲལ།། སྤང་སྡུད་ཞེན་པའི་རྟོག་པ་སངས། ། རང་རིག་སྒྲིབ་མེད་ཡེ་ཤེས་རྒྱས།། དེ་ཡིས་དེ་ཉིད་མཚོན་པའི་དཔེ།། མར་མེ་རླུང་གིས་མ་བསྐྱོད་དང།། སྤྲིན་མེད་ཉི་མ་རང་གསལ་དང།། མི་གཡོ་རྒྱ་མཚོ་དངས་པ་འདྲ།། འབྲས་བུ་ཡེ་ཤེས་དེ་ཉིད་ནི། ། ལྟ་བ་གདེང་ལྡན་ཡིད་ཆེས་པའི།། རང་རིག་ཡེ་ཤེས་ཉམས་ཤར་བས།། འཁོར་བར་ལྟུང་མེད་འབྲས་བུའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། འབྲས་བུ་མངོན་གྱུར་སངས་རྒྱས་ཏེ།། རང་རིག་ངོ་བོ་ཉིད་ཀྱི་སྐུ། ། ཡེ་ཤེས་ཐུགས་ཀྱིས་ཐམས་ཅད་མཁྱེན།། ངེས་པའི་དོན་ལ་འགྱུར་བ་མེད།། ཡིད་ཆེས་ངེས་པའི་གཏན་ཚིག་ནི།། ལུས་དང་བྲལ་བའི་བར་དོ་ལ།། མ་རིག་སྒྲིབ་པ་ཐམས་ཅད་སངས།། རང་བྱུང་རིག་པའི་ཡེ་ཤེས་རྒྱས། ། དེ་ཡིས་མཐུན་དཔེས་མཚོན་པ་ནི།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། དགོས་འདོད་ཐམས་ཅད་འབྱུང་བ་དང།། ཅི་བསམ་འགྲུབ་པའི་དཔེ་དང་འདྲ།། དེ་ཡི་འབྲས་བུ་ངེས་པ་ནི།། རང་རིག་ཆོས་སྐུ་ཡེ་ཤེས་ལ། ། གཟུགས་སྐུ་རྣམ་གཉིས་དུས་གཅིག་འབྱུང།། འགྲོ་དོན་མཛད་ཀྱང་སྐྱོན་མི་གོས།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་རྣམ་པ་བཞིའི་དབྱེ་བ་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ། །།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རྣལ་འབྱོར་རྟོགས་པའི་གདེང་ལྡན་པས།། ཚེ་ཡི་ཐ་མ་འཆི་བའི་དུས།། ས་ཆུ་མེ་རླུང་རིམ་ཐིམ་སྟེ།། དབུགས་ནི་ཐུམ་ཐུམ་བྱེད་པའི་ཚེ། ། འདི་ཡི་སྣང་བ་ནུབ་ཀ་དང།། ཕྱི་མའི་སྣང་བ་འཆར་ཀ་རུ།། རྣམ་ཤེས་སྣང་བ་སྐྱེས་པའི་ཚེ།། དུ་བ་སྨིག་རྒྱུ་ལྟ་བུར་མཐོང།། འབྱུང་བ་དངོས་མེད་ཞིག་པ་སྙམ།། དེ་ཚེ་སྣང་བ་འདི་ནུབ་ནས། ། རང་སྣང་མཆེད་པ་སྲིན་བུ་མེ།། བག་ཙམ་གསལ་བའི་དོན་མཐོང་སྟེ།། སྣང་བ་ཐོབ་པའི་དུས་སུ་ནི།། མར་མེ་རྩེ་ལྟར་རྟག་པ་དཀའ།། དེ་ནས་ཡེ་ཤེས་བརྟན་པའི་དུས།། ནམ་ལངས་ཉི་མ་ཤར་བ་ལྟར། ། རང་རིག་ཆོས་སྐུར་ཝལ་གྱིས་གསལ།། ཡུལ་མེད་རིག་པ་རང་བྱུང་ཐུགས།། ས་ཟིན་ངེས་པའི་ཡེ་ཤེས་དེ།། སྔར་གོམས་དབང་གིས་འགྱུར་བ་མེད།། དཔེར་ན་ཁབས་ལེན་ལྕགས་འདུ་བཞིན།། རང་རིག་ཆོས་སྐུ་ངོས་ཟིན་པས། ། སངས་རྒྱས་ཡོན་ཏན་ཐམས་ཅད་འདུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་རང་རིག་ཡེ་ཤེས་ནི།། སང་ངེ་སལ་ལེ་ཡེ་རེར་གསལ།། དེ་ཕྱིར་རང་བྱུང་ཡེ་ཤེས་སྐུ།། ཕྱིས་ནི་བར་དོར་ལུས་མི་ལེན། ། ཡུལ་ལ་མི་འཇུག་ཆགས་སྡང་མེད།། མངལ་དུ་འཇུག་པ་མེད་པའི་ཕྱིར།། སངས་རྒྱས་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་པའི་དུས་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། སྟོན་པས་འཁོར་ལ་ཡང་གསུངས་པ།། སངས་རྒྱས་ཆོས་སྐུའི་མཛད་སྤྱོད་ཀྱང།། ཡེ་ཤེས་ལུས་ཅན་ཆོས་སྐུ་ནི།། རྟོག་མེད་རང་བྱུང་ཡེ་ཤེས་ཐུགས། ། ཐམས་ཅད་མཁྱེན་པའི་རིག་པ་གསལ།། སངས་རྒྱས་ཀུན་གྱི་ཐུགས་སུ་བཤད།། རང་བྱུང་མིག་གིས་ཐམས་ཅད་གསལ།། ཡེ་ཤེས་སྤྱན་གཅིག་དྲི་མ་མེད།། མཐོང་ལ་མི་རྟོག་དུས་མཉམ་ཕྱིར།། ཆོས་ཀྱི་སྐུ་ཡི་སྤྱན་ཞེས་བྱ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཉམ་ཉིད་མི་གཡོ་རང་བྱུང་སྙན།། དངོས་མེད་སྒྲ་ཐོས་རྗེས་འབྲང་བྲལ།། དེ་ཐོས་ཆོས་ཉིད་རང་བྱུང་སྒྲ།། དེ་ཡང་འགྱུར་མེད་ཡེ་ཤེས་སྙན།། གདངས་གསལ་འགྱུར་མེད་ཉམས་ཀྱི་དྲི། ། རྟོག་མེད་ཚོར་བ་བྱང་ཆུབ་སྐུ།། ཡེ་ཤེས་སྣ་ཡིས་དྲི་མཆོག་ཚོར།། དེ་ལ་ཞེན་མེད་སངས་རྒྱས་ཤངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུ་རོ་མཆོག་ཉམས་སུ་བསྟར།། སྨྲ་མེད་བདེ་གསལ་སངས་རྒྱས་ལྗགས། ། ཡེ་ཤེས་ལྗགས་ཀྱིས་རང་རིག་མྱོང།། དེ་དོན་དགོངས་པར་རང་བྱུང་སྐུ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དངོས་མེད་རིགས་གསལ་ཡེ་ཤེས་ལུས།། ཡེ་ཤེས་སྐུ་ལ་སྐྱེ་ཤི་མེད།། དེ་དོན་མི་འགྱུར་ཡོན་ཏན་རྫོགས། ། དེ་ཕྱིར་སངས་རྒྱས་ཆོས་ཀྱི་སྐུ།། དེ་ལྡན་སྐད་གཅིག་དུས་དེ་རུ།། གཟའ་སྐར་གཟུགས་བརྙན་རྒྱ་མཚོ་བཞིན།། དུས་གཅིག་འཛམ་གླིང་ཕྲག་བརྒྱ་རུ།། འགྲོ་དོན་གཟུགས་སྐུ་དུས་གཅིག་ཁྱབ། ། ཅི་རིགས་པ་ཡིས་ཆོས་རྣམས་སྟོན།། དཔེ་ནི་སྤྲིན་མེད་ནམ་མཁའ་འདྲ།། རྟགས་ནི་སངས་རྒྱས་ཆོས་སྐུ་མཁྱེན།། དེ་ཡི་ཡོན་ཏན་བརྗོད་མི་ལང།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་ཀྱི་མཛད་སྤྱོད་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། མ་རྟོགས་འཁོར་བར་འཁྱམས་པ་དང།། གདམས་ངག་མེད་པའི་སྐྱོན་ནི་གང། ། དེ་ཡི་ལྟུང་སྒོ་གང་དུ་ལྟུང།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འཁོར་གྱི་ཚོགས་ལ་བཀའ་སྩལ་པ།། རྒྱུད་ལུང་མན་ངག་ཆོས་རྣམས་ཀུན།། སྣང་བ་བཞི་རུ་བློ་བྱས་ནས། ། སྒྲོ་སྐུར་གཉིས་ལ་ཞེན་པའི་ཕྱིར།། བྱས་པའི་དོན་མེད་སྡུག་བསྔལ་སྣོན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་བྱ་སྒྲོ་རླུང་ཁྱེར་ལྟར།། ངེས་མེད་གཞི་ལ་བློ་གཏད་ནས།། མ་རྟོགས་རྩོལ་བསྒྲུབ་ཅི་སྤྱད་ཀྱང། ། མི་གྲལ་དུག་ལྔ་རྒྱས་པར་འགྱུར།། དམུས་ལོང་བྱང་ཐང་འཁོར་བ་བཞིན།། ངེས་དོན་མ་རྟོགས་ཅི་བསྒོམས་ཀྱང།། ཤེས་རབ་མིག་མེད་བག་ཆགས་བརྟས།། གོལ་ས་མི་ཆོད་ནོར་བའི་ལམ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་འདབ་ཆགས་གཤོག་ཆག་ལྟར།། ལྟ་སྤྱོད་གཅིག་ཏུ་མ་ཤེས་པས།། རེས་འཇོག་བླང་དོར་བློས་བྱས་ཕྱིར།། མ་རྟོགས་ཆོས་སྤྱོད་ལས་རྣམས་འཁྲུགས།། ས་བོན་མ་བཏབ་སོ་ནམ་བཞིན། ། ངེས་དོན་མ་རྟོགས་ཆོས་སྤྱོད་ཀྱང།། འབྲས་བུ་མེད་ཅིང་རང་བརླག་ནས།། མནར་མེད་འཁོར་བའི་རྒྱ་མཚོར་ལྟུང།། དེ་ཕྱིར་མན་ངག་མེད་པའི་ཆོས།། ལུས་ངག་ལས་སུ་སྤྱད་གྱུར་ཀྱང།། སྡུག་བསྔལ་རྒྱུ་ལས་ཕན་མི་ནུས།། མ་རྟོགས་ཆོས་སྐུ་དེ་བཞིན་ནོ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རྟོགས་པ་འཁྱམས་པའི་ལེའུ་སྟེ་སུམ་ཅུ་པའོ།།།། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་འདས་གཉིས་ཀྱི་བར་དོ་ཡི།། ཐོག་མཐའ་གཅོད་པའི་དོན་མེད་ན།། ས་མཁན་མེད་པའི་ཚོང་པ་བཞིན།། སྐྱེ་ཤིའི་སྡུག་བསྔལ་ལས་མི་ཐར།། སྐྱེ་ཤི་གཉིས་ཀྱི་བར་དོ་རུ།། ཆོས་སྐུ་ངོ་སྤྲོད་དོན་མེད་ན།། སྒྲོན་མེ་མེད་པའི་མུན་པ་བཞིན།། མ་རིག་པ་ལ་སངས་དུས་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དུས་བཞི་མཉམ་པར་སྦྱོར་བ་ཡི།། རྒྱུན་དུ་འབྲལ་མེད་དོན་མེད་ན།། ཆུ་བྲན་ཐན་པས་བསྐམས་པ་བཞིན། ། ལྟ་བ་སྒོམ་པའི་རྐྱེན་མི་ཐུབ།། སྲིད་པ་དག་གི་བར་དོ་ནི།། སངས་རྒྱས་དུས་ཀྱྀ+ི་དོན་མེད་ན།། རིན་ཆེན་འདམ་དུ་སྟོར་བ་འདྲ།། འབྲས་བུ་མི་འབྱུང་མངལ་དུ་འཇུག། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཐེག་པ་གཞན་དང་རྩོད་དུས་སུ།། གལ་མདོ་ངེས་པའི་དོན་མེད་ན།། གོ་མཚོན་མེད་པའི་དཔའ་བོ་བཞིན།། མན་ངག་ཟབ་མོའི་ཁྱད་མི་ཐོན།། དེ་ཕྱིར་གོལ་ས་དེ་དག་གིས།། རང་སེམས་སྙིང་པོ་མ་རྟོགས་ཕྱིར། ། གདམས་ངག་མེད་ཕྱིར་འཁོར་བའི་སྐྱོན།། བསྐལ་པར་བགྲངས་ཀྱང་དེ་མི་ཐོབ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གདམས་ངག་མེད་པའི་སྐྱོན་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ། །།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། དད་ལྡན་འཁོར་ལ་བཀའ་སྩལ་པ།། མི་རྟོག་དབྱིག་གུའི་ཐུན་ཚོད་ཀྱིས།། མདོ་སྡེ་ཁ་ཐོན་བཏོན་གྱུར་ཀྱང།། བདག་བསྟོད་གཞན་ལ་སྨད་པ་ཡིས།། ངན་སོང་སྒོ་རུ་ངེས་པར་ལྟུང།། གཞན་གྱི་བསམ་སྦྱོར་བཟང་པོ་ལ།། བར་ཆོད་བྱེད་པའི་བདུད་ཡིན་ཏེ།། མ་རྟོགས་སེར་སྣ་བྱེད་པ་ཡིས།། བདུད་ཀྱི་སྒོ་ལྟུང་འཁོར་བར་འཁྱམས། ། གཞན་གྱིས་ཆོས་ལ་ཕྲག་དོག་པས།། ཡོན་ཏན་མང་དུ་ལྡན་གྱུར་ཀྱང།། རང་སེམས་སྙིང་པོ་མ་རྟོགས་ན།། གནོད་སྦྱིན་སྒོར་ལྟུང་རྟག་ཏུ་འཁོར།། མཉམ་ཉིད་མ་རྟོགས་རང་རྒྱུད་དུ།། ཆགས་སྡང་ཕོ་ཚོད་སྤྱོད་པའི་ལས། ། དུག་ལྔ་རང་ཁར་སྤྱད་ཉེས་པས།། སྲིན་པོའི་སྒོར་ལྟུང་རྟག་ཏུ་འཁོར།། རང་དབང་ཏིང་འཛིན་མ་ཐོབ་པར།། འཁོར་དང་རིགས་སུ་བཅད་བསམས་པས།། བདག་ཉིད་ཆེ་འདོད་འཁོར་སྡུད་པ།། ཤོ་གམ་གཅན་ཆེན་རྟག་ཏུ་འཁོར། ། ཇི་བཞིན་མ་ནོར་མ་རྟོགས་པར།། ལྟ་ལོག་གཞན་གྱི་སློབ་དཔོན་བྱེད།། རང་ཉིད་མི་ཤེས་གཞན་གྲོལ་བ།། རུ་ཏྲའི་སྒོར་ལྟུང་རྟག་ཏུ་འཁོར།། ཚིག་ཚོགས་ཕྲིན་ལས་ཅི་མཁས་ཀྱང།། མ་རྟོགས་དངོས་པོར་འཛིན་པ་ཡིས།། རང་རྒྱུད་དམ་རྫས་མངོན་ཞེན་ཕྱིར།། བགེགས་དང་བྱ་རོག་སྒོ་ལྟུང་འཁོར།། ཐབས་ལམ་དབང་ལ་ཁུངས་ཕྱུང་སྟེ།། འདོད་ཆགས་རང་ཁར་བསྟེན་བྱས་པས།། ལྟ་བས་མ་ཟིན་བདེ་ལ་ཞེན། ། ལྷ་ཆེན་སྒོར་ལྟུང་འཁོར་བར་འཁྱམས།། མ་རྟོགས་ང་དང་བདག་འཛིན་པས།། གསང་སྔགས་ལྟ་སྤྱོད་ཡིན་ཟེར་ནས།། སེམས་ཅན་སྲོག་ལ་བརྩེ་མེད་གཅོད།། མུ་སྟེགས་རྟག་ཆད་སྒོར་ལྟུང་འཁྱམས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་རྟོགས་དབང་གིས་རྩིང་སྤྱོད་པ།། ལུས་ངན་འདི་ཡིས་ལེན་པའི་ཕྱིར།། ལས་ངན་དགུ་པོ་གང་སྤྱད་ཀྱང།། དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རྟོགས་པའི་ལྟུང་སྒོ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་དོན་གཏད་པ།། ཐེག་པའི་རྒྱལ་པོ་ལྷུན་རྫོགས་འདི། ། དད་ལྡན་འཁོར་རྣམས་ཁྱེད་ཀྱིས་ཀྱང།། རྒྱུད་འདི་ཡིད་ལ་བརྣགས་ཤིང་བཅང་བར་གྱིས།། ཡང་དག་ངེས་པའི་རྒྱུད་ཆེན་འདི།། དང་མེད་སྣང་འཚོང་ཉམས་པ་ལ།། འདི་སྤེལ་སློབ་དཔོན་བསྒྲལ་བའི་གནས། ། འདི་ལ་ཡིད་ཏུ་མི་འོང་རྐྱེན་རྣམས་འབྱུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣོད་དང་མི་ལྡན་མི་ངན་ནི།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། ནོར་ཕོངས་ཆོས་འདོད་ཐབས་ཀྱིས་འབྲུ། ། དེ་ལྟའི་སྣོད་ངན་གང་ཟག་ལ།། ཡེ་ཤེས་ལྟ་བའི་རྒྱུད་ཆེན་འདི།། ནམ་ཡང་བསྟན་པར་མ་གསུངས་སོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། བསྟན་པ་འཇིག་པའི་དུས་འདིར་ནི།། རྫོགས་པ་ཆེན་པོའི་བསྟན་པ་འབྱུང། ། དེ་ཚེ་སྣོད་ལྡན་འབྱུང་སྲིད་ན།། ཡང་དག་ངེས་དོན་རྒྱུད་འདི་གཏད།། དེ་ལྟར་མ་བྱས་ངེས་དོན་འདི།། ནོར་འདོད་ཕྱིར་ནི་འདི་བསྟན་ན།། སངས་རྒྱས་བཀའ་ཆད་འབྱུང་ངེས་ཏེ།། མཁའ་འགྲོ་ཆོས་སྐྱོང་དགྲར་ལངས་ནས།། སྲིན་པོས་སྲོག་བཅད་མནར་མེད་ལྟུང།། ད་ཡང་འཁོར་རྣམས་ཡང་ཉོན་ཅིག། གལ་ཏེ་ཟས་ནོར་ཕངས་མེད་པ།། ཡིད་འཐད་འབུལ་ན་ངེས་དོན་འདི།། གཞན་ལ་མི་སྤེལ་མནའ་བོར་ལ། ། སྦ་བསྐྱིལ་མེད་པར་ལྷུག་པར་བསྟན།། སྣོད་ལྡན་མ་ཕྲད་དུས་ཚེ་ན།། ཆོས་སྐྱོང་ཡོད་པའི་ལྷ་ཁང་ངམ།། ལྷ་འདྲེ་ཡོད་པའི་བྲག་དཀྱིལ་དུ།། སྨོན་ལམ་བཏབ་ནས་སྦས་ལ་བཞག། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ།།།། བི་མ་ལ་དང་གཉགས་ཛྙཱ་ནས་བསྒྱུར་བའོ།།།།

CLOSE WINDOW