CLOSE WINDOW

Gpb002.003: རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་། ཡེ་ཤེས་ཆོས་ཀྱི་སྐུ་དོན་འདུས་རིག་པའི་གསུང། གསང་བ་ཐུགས་ཀྱི་ཏིང་ངེ་འཛིན་། རང་བྱུང་བདེ་བ་འཁོར་ལོ་མཐར་ཕྱིན་འབྲས་བུའི་རྒྱུད་ཅེས་བྱ་བ
Wylie

།།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང། ཞུས་ཆེན་གྱི་ལོཙྪ་བ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། སནྟི་མ་ཧཱ་ཨ་ཏི་ཡོ་ག་བུདྡྷ་སརྦོ་ད་ཡ་ཏན་ཏྲ། ཛྙཱ་ན་དྷརྨྨ་ཀཱ་ཡཱརྠ་ས་མུདཱ་ཡ་བིདྱཱ་ཝཱཀྲ། གུཧྱ་ཙིཏྟ་ས་མཱ་དྷི་སྭ་ཡཾ་བྷུ་སུ་ཁ་ཙཀྲཱནྟ་ག་ཏ་ཕ་ལནྟནྟྲནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད། ཡེ་ཤེས་ཆོས་ཀྱི་སྐུ་དོན་འདུས་རིག་པའི་གསུང། གསང་བ་ཐུགས་ཀྱི་ཏིང་ངེ་འཛིན། རང་བྱུང་བདེ་བ་འཁོར་ལོ་མཐར་ཕྱིན་འབྲས་བུའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན། ། ངོ་བོ་ཉིད་རྟོགས་ཀུན་བཟང་དེ།། བདེ་གཤེགས་འོག་མིན་གནས་མཆོག་ན།། རིགས་ལྔ་ལ་སོགས་འཁོར་རྣམས་དང།། འབྲལ་མེད་དགོངས་པ་ལ་བཞུགས་སོ།། དེ་ཚེ་སེམས་དག་དོན་ཆེད་དུ། ། ཡེ་ཤེས་ལྷ་ཡི་རྨི་ལམ་གསུམ།། དེ་ཡི་བརྡའ་ཡི་དོན་བཀྲོལ་ནས།། ལྷ་དབང་གིས་ནི་དོན་བསྐུལ་བ།། དུས་གསུམ་སངས་རྒྱས་མ་ལུས་ཀུན།། གསུང་གི་མངའ་བདག་ཁྱོད་ཡིན་པས།། རྩོལ་བཅས་ཐེག་པ་མཐར་བསྟན་ན། ། རྩོལ་མེད་ཐེག་པ་མི་གསུང་བ།། ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི།། སྐལ་ལྡན་གདུལ་བྱ་མ་མཆིས་སམ།། ལྷུན་གྲུབ་ཐེག་པ་བཤད་དུ་གསོལ།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། རྡོ་རྗེ་སེམས་དཔའ་ཁྱེད་ཡིན་པས། ། ཚིག་གཅིག་དོན་ཀུན་རྟོགས་པའི་ཆོས།། བཙལ་མེད་དོན་དང་ཕྲད་པར་ནི།། ཆོས་ཉིད་གནས་ལུགས་ཇི་ལྟ་བ།། སེམས་ཅན་བློ་ཡིས་རྟོགས་པའི་ཐབས།། ངེས་དོན་ཀུན་བཟང་ཆོས་སྐུ་ཡིས། ། དུས་འདིར་བདག་ལ་བཤད་དུ་གསོལ།། ཡང་དག་ངེས་དོན་རྒྱུད་ཆེན་འདི།། སྣོད་ངན་རྣམས་ལ་ངས་བཤད་དུ།། རྫོགས་ཆེན་སྐྱེ་མེད་དོན་བཟང་ཡང།། མ་རྟོགས་པ་ལ་སྡིག་མོར་ཆེ།། དེ་སྐད་གསུངས་པའི་དོན་གོ་ནས། ། འཁོར་རྣམས་རབ་ཏུ་གུས་པ་ཡིས།། སེམས་ཀྱི་གདུང་བ་བཏོན་ནས་ནི།། སྣོད་དང་ལྡན་པར་དམ་བཅས་ནས།། དང་བའི་དད་པའི་ཡིད་ཀྱིས་འཁོད།། དེ་ཚེ་སྟོན་པ་ཀུན་བཟང་གིས།། འཁོར་རྣམས་ལ་ནི་ཐུགས་དགོངས་ཏེ། ། ཡང་དག་གསང་བའི་ངེས་དོན་འདི།། རང་བྱུང་ཆོས་སྐུས་བྱིན་བརླབས་བཤད།། རྡོ་རྗེ་སེམས་དཔས་དོན་རིག་ནས།། གཙང་རིས་ལྷ་ཡི་གནས་ཆེན་དུ།། བརྩེར་དགོངས་དུས་ལ་བབ་གྱུར་ནས། ། རིག་འཛིན་འཁོར་ལ་དབང་བསྐུར་ཏེ།། ངེས་དོན་རང་གི་ངོ་བོས་བཤད།། དུས་དེར་ཕྱོགས་བཅུའི་སངས་རྒྱས་ལ།། སྤྲུལ་པའི་རིག་འཛིན་སེམས་དག་གིས།། ངེས་དོན་ཐེ་ཚོམ་བཅད་པའི་ཕྱིར། ། བདེན་པའི་ཡིད་ཀྱིས་འདི་སྐད་ཞུས།། སེམས་ཉིད་མི་འགྱུར་རྡོ་རྗེ་ལ།། སྐྱེ་ཞིང་འབྱུང་བ་ཇི་ལྟར་ལགས།། གཞི་ཉིད་མི་འགྱུར་རྡོ་རྗེ་ལ།། སྐྱེ་ཤི་ཡོད་པ་མ་ཡིན་ཏེ།། རང་གི་རྣམ་རྟོག་གཟུང་འཛིན་གྱིས།། ཐ་མལ་ལུས་ལ་སྐྱེ་ཤི་བྱུང། ། ཆོས་ཉིད་རྩོལ་བས་མ་བསྒྲུབས་པར།། ཡོན་ཏན་འབྲས་བུ་ཇི་ལྟར་འཆར།། ཏཀྵ་ཀ་ཡི་རྒྱན་བཞིན་དུ།། ཡེ་ནས་གནས་པའི་ཆོས་ཉིད་ལས།། རྒྱུ་འབྲས་མཐར་ཕྱིན་གཞི་ནས་རྫོགས།། ཉི་མའི་འོད་བཞིན་འབྲས་བུ་འབྱུང། ། སེམས་ཉིད་པདྨ་ལྟར་དག་ལ།། གཟུང་འཛིན་དྲི་མས་ཇི་ལྟར་གོས།། པདྨ་འདམ་གྱིས་མི་གོས་ལྟར།། བྱང་ཆུབ་སེམས་ཀྱི་ངོ་བོ་ལ།། གཟུང་འཛིན་དྲི་མ་གཞི་ལ་མེད།། འཁྲུལ་པའི་བློ་ལ་དྲི་མ་བྱུང། ། བཙལ་མེད་སེམས་ཀྱི་རང་བཞིན་ལ།། འགྲོ་དོན་མཛད་པ་ཇི་ལྟར་ལགས།། རང་བྱུང་ཆོས་སྐུར་རྟོགས་གྱུར་ན།། བྱ་བའི་ལས་རྣམས་མི་དགོས་ཏེ།། ནོར་བུ་རིན་ཆེན་རྙེད་པ་བཞིན།། མཛད་པའི་ཕྲིན་ལས་རང་ལས་བྱུང། ། ཚིག་གཉིས་ཆད།། ཆོས་ཉིད་ཡེ་ནས་རང་ཆས་ལ།། ཐོས་བསམ་དགོས་པ་མ་ཡིན་ཏེ།། མ་རིག་མུན་པ་བསལ་བའི་ཕྱིར།། ལུང་ལྡན་རྐྱེན་གྱིས་ཡིད་ཆེས་སྐྱེས།། ཆོས་ཉིད་ཡེ་ནས་འོད་གསལ་ལ། ། བྱིང་རྒོད་འབྱུང་བ་ཇི་ལྟར་ལགས།། ཆོས་ཉིད་ཡེ་ནས་འོད་གསལ་ཀྱང།། རྣམ་སྨིན་ལུས་དང་མ་བྲལ་ཕྱིར།། ལོག་གནོན་གདམས་ངག་མེད་པ་ལས།། ཚོགས་བརྒྱད་རྐྱེན་གྱིས་བྱིང་རྒོད་བྱུང།། ཡེ་ནས་རང་བྱུང་འགྱུར་མེད་ལ། ། འཕེལ་འགྲིབ་འབྱུང་བ་ཇི་ལྟར་ལགས།། རང་བྱུང་ཡེ་ཤེས་སྙིང་པོ་ལ།། འཕེལ་འགྲིབ་ཡོད་པ་མ་ཡིན་ཏེ།། མ་རིག་མུན་པ་མ་སེལ་ཕྱིར།། ཀུན་གཞིའི་རྐྱེན་གྱིས་འཕེལ་གྱུར་ཏེ།། གཞི་ལ་ཐོག་མཐའ་མེད་པ་ལ། ། འཁོར་འདས་ཐོག་མཐའ་འབྱུང་བ་ཅི།། གཞི་ཉིད་དུས་གསུམ་མི་འགྱུར་ལ།། གྲོ་ཡིས་བཅོས་སུ་མི་འདོད་ཕྱིར།། ཡེ་ཤེས་མ་རིག་ཁྱད་པར་ལས།། འཁོར་འདས་གཉིས་ཀྱི་ཐོག་མཐའ་བྱུང། ། གཞི་ལ་སྣང་བ་མེད་པ་ལས།། བློ་བུར་འཁྲུལ་སྣང་ཇི་ལྟར་བྱུང།། གཞི་ལ་སྣང་མེད་ནམ་མཁའ་འདྲ།། མ་རིག་རྐྱེན་བྱས་གཟུང་འཛིན་གྱིས།། རང་གི་ཞེན་སྣང་འཁྲུལ་པའི་ཕྱིར།། བག་ཆགས་སྣང་བ་སྤྲིན་ལྟར་བྱུང། ། རིག་པ་ཕྱི་ནང་མེད་པ་ལ།། མཉམ་བཞག་རྗེས་ཐོབ་འོང་བ་ཅི།། ཡེ་ཤེས་རིག་པ་འདི་ཉིད་ལ།། མཉམ་གཞག་རྗེས་ཐོབ་གདོད་ནས་མེད།། ངེས་དོན་འདི་མེད་བསྒོམ་ཆེན་ལ།། སྒོ་ལྔའི་ཡིད་ལ་རྗེས་ཐོབ་འབྱུང། ། དེས་ནི་རིག་འཛིན་སེམས་དག་གིས།། ཞུ་བ་ཞུས་ནས་ཐེ་ཚོམ་ཆོད།། དེས་རྙེད་མངོན་དགའི་ཕུག་ཏུ་ནི།། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས།། དེ་ཚེ་འགྲོ་བའི་དོན་བསྐུལ་བ།། ཁྱོད་ནི་ཤཱཀ་ཐུབ་སྤྲུལ་པ་སྟེ། ། འཇིག་རྟེན་གསུམ་ན་འགྲན་ཟླ་མེད།། སངས་རྒྱས་ཆོས་ཀུན་ཐུགས་ལ་རྫོགས།། འདོད་ཁམས་འཛམ་གླིང་སྣོད་ལྡན་ལ།། བསྟན་པ་ཙམ་གྱིས་རྟོགས་པའི་ཆོས།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས། ། ངེས་དོན་གསང་བའི་རྒྱུད་ཆེན་འདི།། རང་གི་སེམས་ལ་གསལ་བ་ལས།། ཚིག་གི་ཐོག་ཏུ་མི་ཕེབས་ཕྱིར།། བདག་གིས་འགྲོ་བ་ཤིན་ཏུ་དཀའ།། ཡང་དག་ངེས་དོན་དགོངས་པ་དེ།། མ་རྟོགས་པ་ལ་ཚིག་སྒོ་ནས། ། མཚོན་ནས་རྟོགས་པར་བྱ་བའི་ཕྱིར།། ཅི་རིགས་པར་ནི་ཁྱོད་ཀྱིས་གསུངས།། ལྷ་དབང་བཀའ་གཉན་དྲིན་ཆེ་བས།། མི་ཡུལ་འཛམ་གླིང་དད་ལྡན་གྱི།། མ་རིག་མུན་པ་བདག་གིས་བསལ།། བདེ་གཤེགས་རྣམས་ཀྱི་བྱིན་གྱིས་རློབས། ། ངེས་པའི་དོན་ལྡན་སློབ་མ་ལ།། ངེས་དོན་གསང་བའི་རྒྱུད་ཆེན་འདི།། མ་བསླད་མ་བཅོས་འཆད་ནུས་ན།། བདེ་གཤེགས་འཁོར་གྱི་བསྲུང་ཞིང་སྐྱོབ།། དེ་སྐད་ཞུས་པའི་དོན་གསན་ནས། ། རིག་འཛིན་སེམས་དག་དགྱེས་གྱུར་ཏེ།། སྐལ་ལྡན་འདུལ་བའི་དོན་ཆེད་དུ།། ངང་པ་གསེར་མདོག་སྐུར་སྤྲུལ་ཏེ།། བྱང་ཆུབ་མོ་ཡི་བུར་སྐྱེས་ནས།། ཡོན་ཏན་ཡ་མཚན་ཅན་གྱུར་ཏེ།། འབྲལ་མེད་རྒྱུན་གྱི་ཏིང་འཛིན་ལ། ། བདེ་ལྡན་གནས་སུ་མཉམ་པར་གཞག། དུས་དང་ལོག་སྲེད་དྲགས་པ་ཅན།། བར་ཆད་བྱ་ཕྱིར་བྲེད་བསྡིགས་པ།། དེས་དོན་བལྟ་བས་ཟིལ་མནན་པས།། བྲེད་ཅིང་སྔངས་བརྒྱལ་དྲན་ཉམས་ཏེ།། ལུས་ངག་གདུང་བས་དོན་གསོལ་པ། ། སྙིང་རྗེ་ཆེན་པོས་བདག་ལ་གཟིགས།། མ་རིག་ལས་ཀྱིས་སྲིན་པོར་སྐྱེས།། སེམས་ཅན་ལུས་སྲོག་ཟས་སུ་ཟོས།། ལས་ངན་འགྱོད་པའི་ཡིད་ཀྱིས་བཤགས།། ཉིད་ཀྱི་བསྟན་པ་བདག་གིས་བསྲུང། ། དམ་ཉམས་ལུས་སྲོག་ཟས་སུ་བསླང།། བདག་གི་རང་སྲོག་སྙིང་པོ་འདི།། འབུལ་གྱིས་ཐུགས་རྗེ་མ་ཆུང་ཞིག། དེ་སྐད་ཞུས་པའི་དོན་གོ་ནས།། རིག་འཛིན་སེམས་དཔའ་ཆེན་པོ་དེས།། རྒྱུད་འདིའི་སྲུང་མར་དམ་བཏགས་ཏེ། ། ཕྱི་རབས་རྣལ་འབྱོར་དོན་ཆེད་དུ།། དབབ་བཅད་བཟློག་དང་བྱས་པ་བཤིག། དམ་ཉམས་སྲོག་ལ་དབབ་པ་ཡི།། གསང་བའི་མན་ངག་རྣམ་བཞི་བྱས།། ཐུགས་ལ་བཅངས་ཏེ་ཡིད་ལ་སྦས། ། དེ་ནས་ཤཱཀ་ཐུབ་སྤྲུལ་པ་དེས།། འཛམ་གླིང་བདེ་ལྡན་གནས་དག་ཏུ།། ད་ལྟ་དུས་ཀྱི་དེང་སང་ན།། གསང་བདག་སྤྲུལ་པ་དད་ཉན་ལ།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས།། དེ་ཡང་འདུས་པའི་འཁོར་རྣམས་ཉོན། ། ཀུན་བཟང་ང་ཡི་བྱིན་རླབས་ཀྱིས།། བཤད་དུས་དེ་དག་རྣམ་པ་གསུམ།། གདུལ་བྱའི་འཁོར་ལ་ཐ་དད་ཀྱང།། དུས་གསུམ་གཅིག་སྟེ་ཁྱད་མེད་ཕྱིར།། རིམ་པར་དབྱེར་མེད་ངོ་བོ་གཅིག། དེ་སྐད་གསུངས་པའི་དོན་གོ་ནས། ། སྐལ་ལྡན་འདུས་པ་རྣམས་ཀྱིས་ཀྱང།། གུས་ལྡན་དང་བས་རྩེ་གཅིག་ཏུ།། དད་ཅིང་མོས་པའི་ཡིད་ཀྱི་འཁོད།། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བ་རང་བྱུང་བདེ་བའི་འཁོར་ལོ་མཐར་ཕྱིན་འབྲས་བུའི་རྒྱུད་ལས། ངེས་དོན་འབྱུང་བའི་རྒྱུད་ཀྱི་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར། ། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ངེས་དོན་བཤད་དུས་གང་ལ་བབ།། སྣོད་བཅུད་རིམ་པ་གང་ལ་བསྟན།། ཚིག་དང་ཡི་གེས་ཇི་ལྟར་མཚོན།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལེགས་སོ་དད་ལྡན་འཁོར་རྣམས་ཉོན།། དེ་དོན་ངས་བཤད་ཡིད་ཀྱིས་ཟུང།། ངེས་དོན་བཤད་པའི་དུས་དེ་ཡང། ། ཉན་ཐོས་རང་རྒྱལ་མདོ་སྡེའི་ཆོས།། སྡེ་སྣོད་གསུམ་གྱི་ཆོས་དར་ཚེ།། ངེས་དོན་གསང་བའི་རྒྱུད་བཤད་ན།། སྣོད་ངན་རྣམས་ནི་སྐྲག་ཕྱིར་ལྟུང།། དེ་བས་མན་ངན་ངེས་དོན་འདི།། འབྱུང་བའི་དུས་ལ་མ་བབ་པར། ། རིག་འཛིན་རྣམས་ཀྱིས་སེམས་ལ་ཆོངས།། དེ་སྦས་ཡོན་ཏན་སངས་རྒྱས་འབྱུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དུས་ཀྱི་ཐ་མ་ལྔ་བརྒྱ་ན།། མནའ་ཟ་ཁྲིམས་འཆལ་དམ་ཉམས་འབྱུང།། མཚོན་དང་མུ་གེས་ཚེ་ཐུང་དུས། ། རྫོགས་ཆེན་སྙིང་པོ་དུས་དེར་བཤད།། ལན་གཅིག་དུས་ཀྱི་དེང་སང་ན།། སངས་རྒྱས་བསྟན་པ་འཇིག་ཀའི་ཚེ།། འཛམ་གླིང་བོད་ཀྱི་བྱང་ཕྱོགས་སུ།། རྒྱུད་དང་ཏནྟྲ་མང་པོ་འབྱུང།། ལུང་དང་སེམས་ཀྱི་ཆོས་དར་ཏེ། ། སྡེ་སྣོད་ཆོས་ཀུན་ནུབ་གྱུར་ནས།། དེ་ཚེ་སྐལ་ལྡན་འགའ་འགའ་ལ།། བསྟན་པ་ཙམ་གྱིས་རྟོགས་པ་ཡི།། འབྲས་བུའི་སངས་རྒྱས་དུས་དེར་འབྱུང།། དེ་ཡང་འཁོར་གྱི་སེམས་དཔའ་ཉོན། ། ངེས་པའི་ལུང་ལྡན་བླ་མ་ལ།། བསླབ་པའི་ཆོས་བཅུ་རྫོགས་པ་དང།། མ་ནོར་ངེས་པའི་མན་ངག་རྒྱུན།། མ་ཆད་གཞུང་སྟོན་མཁས་ལ་ཞུས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སློབ་མ་དམ་མེད་ལ་བསྟན་ན། ། ཁྱད་མེད་ཟེར་ཞིང་སྒྲོ་སྐུར་འདོགས།། དེ་ཕྱིར་ངེས་དོན་འདི་མི་བསྟན།། མི་གུས་ཕྱིར་ན་སྐུའི་དམ་ཉམས།། གཡོ་སྒྱུ་ཅན་གྱི་མི་ངན་ལ།། མན་ངག་མ་བསྟན་པར་དུ་ཡང།། ངེས་དོན་ཟབ་མོའི་ཆོས་མི་བཤད།། མི་གོ་ཕྱིར་ན་གསུང་དམ་ཉམས།། དད་མེད་ཁ་གསག་ཅན་ལའང།། ཐུགས་འཐད་ཡོན་རྣམས་མ་རྫོགས་པར།། ཡང་དག་ཟབ་མོའི་རྒྱུད་མི་སྦྱིན།། གཞུང་ངན་བྱེད་ཕྱིར་ཐུགས་དམ་ཉམས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དད་ལྡན་སློབ་མ་བརྩེ་གདུང་ཅན།། མངགས་པའི་ལས་ལ་གུས་པར་བྱེད།། ཡིད་འཐད་རྫས་ལ་ཕངས་མེད་འབུལ།། མི་སྤེལ་གཉེར་ཐུབ་རྣམས་ལ་བཤད།། དེ་དང་མི་ལྡན་སྣོད་ངན་ནི།། གྱོང་ལ་ཁེངས་པའི་ང་རྒྱལ་ཅན། ། སེར་སྣ་ཆེ་ལ་གཏོང་ཕོད་ཆུང།། མན་ངག་བསྲེས་ཏེ་ཀུན་ལ་སྟེར།། ཕྱི་ཐག་ཐུང་ཞིང་བླ་མ་སྨོད།། ཟས་ལ་ངན་ལ་ནོར་དད་ཆེ།། རྣམ་སྨིན་མི་བལྟ་གྲགས་པ་བསྒྲུབ།། ཕྱི་ནང་མེད་པར་འཕྱར་ཁ་གཏོང། དེ་དག་སྣོད་ངན་མི་རྣམས་ལ།། ཡང་དག་ངེས་དོན་འདི་བསྟན་ན།། མཁའ་འགྲོ་རྣམས་ཀྱིས་སྲོག་བཅད་ནས།། ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང།། དེ་ཕྱིར་མ་བརྟགས་ཆོས་མི་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཚིག་དང་ཡི་གེས་དོན་མཚོན་ཏེ།། མན་ངག་སྙིང་པོས་ཁོག་ཕུབ་ནས།། དོན་དང་མི་འགལ་ས་བཅད་ལ།། ཚིག་ཉུང་དོན་དུ་རྫོགས་པར་མཚོན།། དེ་ལྟར་མི་ཤེས་གང་ཟག་གིས།། དོན་མེད་ཚིག་གིས་གོང་འོག་དཀྲུགས། ། རྩལ་བཤད་ཐོ་ཆོས་གཞུང་ཉམས་བྱེད།། མཚམས་མེད་སྡིག་པའི་ཆར་མི+ེ་ཕོད།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། རྐྱེན་སྣོད་བཅུད་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། ཆོས་སྐུ་རང་ཆས་ཡེ་གནས་ཀྱང།། མ་རྟོགས་འཁོར་བས་ཇི་ལྟར་འཆིངས།། མ་རིག་སེམས་ཀྱི་མུན་གསེབ་ན།། ཐིག་ལེ་ཉག་གཅིག་ཇི་ལྟར་ཡོད།། ཀུན་གཞིའི་རྣམས་གྲངས་དབྱེ་བ་གང།། ཐེག་བརྒྱད་མི་གྲོལ་ཇི་ལྟར་གོལ།། ཐུགས་རྗེས་གཟེངས་བསྟོད་བཤད་དུ་གསོལ། ། ཞུས་པའི་དོན་གསན་བཀའ་སྩལ་པ།། ཆོས་ཀུན་རྩ་བ་ཡེ་སངས་རྒྱས།། སྐྱོན་གྱི་སྤྲོས་པའི་མཐའ་བྲལ་ཀྱང།། མ་རིག་ཀུན་གཞི་བག་ཆགས་ལུས།། འཁོར་བ་འབྱུང་བའི་རྩ་བར་བཤད།། དཔེར་ན་མེ་ལོང་གཡའ་བཞིན་དུ།། ཤེས་པ་ཆོས་སྐུ་ཉག་གཅིག་ལ།། གང་གི་རང་བློ་མ་ཞུགས་པ།། གཏི་མུག་མུན་པར་འཐིབས་པ་སྟེ།། ས་ཞག་ཆུ་འདྲས་རྙོག་མ་བཞིན།། སྤྱད་པས་མ་ཤེས་མ་རིག་རྒྱུ།། ཀུན་ཏུ་བརྟགས་པའི་རྟོག་པ་རྣམས། ། རྐྱེན་གྱིས་ལོག་པར་བལྟ་བ་སྟེ།། ཕྲ་རགས་ཚུལ་ལས་ཀུན་གཞི་འབྱུང།། སྔ་མའི་རྟོག་པ་བག་ཙམ་ལ།། ཕྱི་མའི་ཉོན་མོངས་རྒྱུན་ཆགས་པས།། ཀུན་གཞི་ལ་བསགས་བག་ཆགས་བྱུང། ། དེ་ལྟས་དུག་ལྔ་ཉོན་མོངས་བསྐྱེད།། རང་གར་སྤྱོད་པས་འགྲོ་དྲུག་གི།། བཟང་ངན་བདེ་སྡུག་སྣ་ཚོགས་བྱུང།། ལུས་ངན་བླངས་པས་ཐར་པ་མེད།། ཁམས་གསུམ་སྡུག་བསྔལ་གདོས་ཐག་ཅན།། མཐའ་ཡས་སེམས་ཅན་བགྲང་མི་ལང། ། འཁོར་བ་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་དོན་འདུས་རང་འབྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རྟོགས་འཁོར་བའི་བྱུང་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་མ་རྟོགས་འཆིང་བ་ཡི། ། སྐྱོན་གྱི་རྩ་བ་བཀའ་སྩལ་པ།། འཁྲུལ་པ་མ་ལོག་སེམས་ཅན་རྣམས།། བདུད་རྩིའི་འཚོ་བའི་སྨན་ཡོད་ཀྱང།། མ་ཕན་དུག་གི་ནད་ཀྱིས་གཟིར།། སྒྲོན་མེའི་ཡེ་ཤེས་གསལ་ཡོད་ཀྱང།། མ་རིག་མུན་པའི་འཁོར་བར་འཁྱམས།། དགོས་དགུའི་ཡོན་ཏན་ཡོད་གྱུར་ཀྱང།། ཟས་ནོར་འཚོ་བས་རྟག་ཏུ་མནར།། གོང་དུ་འདྲེན་པའི་ལམ་ཡོད་ཀྱང།། ཐར་མེད་འཁོར་བའི་དོང་དུ་ཞུགས།། ཡེ་ཤེས་བདེ་བའི་ཟམ་ཡོད་ཆུ་བོ་བཞི་ཡི་མཐའ་ལ་གཏུགས། ། ལུས་ངག་ཡིད་ཀྱི་ལས་འབད་ཀྱང།། རྩོལ་བའི་སྡུག་བསྔལ་ཟད་མཐའ་མེད།། གང་ལྟར་བགྲོད་ཅིང་གར་ཕྱིན་ཡང།། འཁོར་བའི་མཐའ་ལ་ཟད་པ་མེད། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་མ་འཁྲུལ་མ་རིག་འཁྲུལ།། ཐིག་ལེ་མ་འཁྲུལ་དངོས་པོ་འཁྲུལ།། སངས་རྒྱས་མ་འཁྲུལ་སེམས་ཅན་འཁྲུལ།། རང་བྱུང་མ་འཁྲུལ་གཞན་བྱུང་འཁྲུལ།། རིག་པ་མ་འཁྲུལ་གཟུང་འཛིན་འཁྲུལ། ། སྣང་བ་མ་འཁྲུལ་ཀུན་བརྟགས་འཁྲུལ།། ཆོས་ཉིད་མ་འཁྲུལ་ཆོས་ཅན་འཁྲུལ།། མ་རྟོགས་པ་ཡི་སེམས་ཅན་ལ།། ཆོས་སྐུ་ཡོད་ཀྱང་མི་གྲོལ་འཆིང།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རྟོགས་པའི་སྐྱོན་གྱིས་འཆིང་བར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། མ་རིག་སེམས་ཀྱི་མུན་པ་ནི། ། སྤོང་སྡུད་ཞེན་པའི་རྟོག་པ་དང།། བག་ཆགས་ཉོན་མོངས་འཁོར་བ་སྟེ།། དེ་བྲལ་ཐིག་ལེ་ཆོས་སྐུ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྤོང་བའི་རྟོག་པ་སྐྱེས་པའི་ཚེ།། འདུ་བྱེད་ལྔ་བཅུ་སྐར་ཕྲན་འདྲ། ། ཚོགས་བརྒྱད་སྐྱེ་འགགས་ཟླ་བ་འདྲ།། ཀུན་གཞི་ནམ་མཁའི་སྤྲིན་དང་འདྲ།། དེ་ཀློང་ཐིག་ལེ་ཉག་གཅིག་ཡོད།། དཔེར་ན་ཉི་མའི་འོད་བསྒྲིབས་འདྲ།། རང་ལས་སྐྱེས་པའི་སྒྲིབ་པ་རྣམས།། སྤངས་པས་མི་སྤོང་གྲིབ་མ་འདྲ། ། དེ་ཕྱིར་སྤོང་བའི་རྟོག་པ་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྡུད་པའི་རྟོག་པ་སྐྱེས་པའི་ཚེ།། འདུ་བྱེད་མཚོ་ཁའི་ངང་ངུར་འདྲ།། ཚོགས་བརྒྱད་ཉ་ལ་སྲམ་སྡོད་འདྲ།། ཀུན་གཞི་རྒྱ་མཚོ་ཆེན་པོ་འདྲ། ། ནང་ན་ཐིག་ལེ་ཉག་གཅིག་བཞུགས།། དཔེ་ནི་ཨུ་དུམ་ཝ་ར་འདྲ།། ཁ་ནས་མི་མངོན་གཏིང་ན་གནས།། དེ་བཞིན་ཡུལ་དང་འབྲེལ་མེད་ཕྱིར།། དེ་བསད་ཤ་ལ་ཟོས་པ་མེད།། སེམས་ཡིན་ཆོས་ཀྱིས་སངས་མི་རྒྱ། ། དེ་ཕྱིར་སྡུད་པའི་རྟོག་པ་གོལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞེན་པའི་རྟོག་པ་སྐྱེས་པའི་ཚེ།། འདུ་བྱེད་ལྔ་བཅུ་ནགས་ཚལ་འདྲ།། རྣམ་ཤེས་ཚོགས་བརྒྱད་རི་དྭགས་འདྲ།། ཀུན་གཞིའི་བག་ཆགས་རྩཝ་གྲངས་འདྲ། ། དེ་ཡི་གསེབ་ན་ཆོས་སྐུ་བཞུགས།། དཔེ་ནི་སེང་གེ་དཀར་མོ་འདྲ།། གཞན་གྱིས་མཐོང་བ་མེད་པ་བཞིན།། དངོས་པོའི་ཡུལ་ལ་བྱང་ཆུབ་མེད།། དེ་ཕྱིར་ཞེན་པའི་རྟོག་པ་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སྔར་གྱི་བག་ཆགས་དྲན་པའི་ཚེ།། འདུ་བྱེད་ལྔ་བཅུ་ཆུ་ལྟར་འབྲུབ།། རྣམ་ཤེས་ཚོགས་བརྒྱད་མེ་ལྟར་འབར།། ཀུན་གཞིའི་བག་ཆགས་ས་ལྟར་རྫིངས།། དེ་གསེབ་ཐིག་ལེ་ཉག་གཅིག་བཞུགས།། དཔེ་ནི་རིན་ཆེན་གསེར་དང་འདྲ། ། དེ་ཉིད་རྙེད་པར་དཀའ་བའི་ཕྱིར།། བག་ཆགས་དགེ་སྡིག་བསགས་པའི་ལས།། སེམས་ལ་འཛིན་པ་ཡོད་ཕྱིར་གོལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཕྱིས་ཀྱི་ཉོན་མོངས་སྐྱེས་པའི་ཚེ།། འདུ་བྱེད་ལྔ་བཅུ་རླུང་ལྟར་འཚུབས།། རྣམ་ཤེས་ཚོགས་བརྒྱད་དགྲ་ལྟར་རྒོད།། ཀུན་གཞིའི་ཉོན་མོངས་མུན་ལྟར་གཏིབས།། དེའི་དབྱིངས་ཐིག་ལེ་ཆོས་སྐུ་ཡོད།། དཔེར་ན་རིན་ཆེན་འདམ་བྱིང་འདྲ།། མ་རིག་ཉོན་མོངས་སྐྱེས་པའི་ཚེ།། འཁོར་བའི་མཐའ་ལ་ཟད་པ་མེད།། དེ་ཕྱིར་ཕྱི་མའི་རྒྱར་ཆུད་གོལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། སྔ་ཕྱིའི་རྟོག་པ་སྐྱེས་པ་ཡིས།། སེམས་དང་སེམས་བྱུང་ལ་སོགས་པ།། མ་རིག་འཁྲུལ་པས་རྟག་ཏུ་མྱོས། ། དེ་ཕྱིར་ཀུན་གཞི་འཁོར་བའི་ཆོས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སེམས་ཀྱི་མུན་གསེབ་ན་ཐིག་ལེ་ཉག་གཅིག་ཡེ་ནས་ཡོད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སེམས་ཅན་ཀུན་ལ་གནས་པ་ཡི།། ཀུན་གཞི་རྣམ་གྲངས་དབྱེ་བའི་དོན།། ཐེག་པ་ཀུན་གྱི་འདོད་གཞུང་གི།། ངོ་བོ་དབྱེ་བ་ངེས་ཚིག་ལས། ། ཀུན་གཞིའི་རྣམ་ཤེས་ངོ་བོ་ནི།། རང་རིག་གསལ་བའི་ཤེས་པ་དེ།། ཤེལ་སྒོང་ལྟ་བུར་དག་པ་ལ།། སྐད་ཅིག་རྒྱུན་དུ་རྟག་པ་ཡིས།། ཀུན་གཞི་བྱང་ཆུབ་སེམས་ཀྱི་ངང།། སུས་ཀྱང་མ་བྱས་རང་བཞིན་གནས། ། དེ་དོན་ཡོངས་ལ་ཁྱབ་པའི་དབྱིངས།། གནས་འགྱུར་མེ་ལོང་ཡེ་ཤེས་རྫོགས།། ཡང་དག་ཨ་ཏི་ངེས་དོན་ལ།། མ་རིག་ལོག་ལྟའི་བག་ཆགས་རྣམས།། རང་བཞིན་གནས་ནས་ཀུན་ཁྱབ་ཀྱང།། རྣས་དག་དེ་བཞིན་གཤེགས་པ་ལ།། ཀུན་གཞིའི་བག་ཆགས་མེད་ཕྱིར་རོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡང་ཀུན་གཞིའི་རྣམ་ཤེས་ལ།། ལུས་ཀྱི་ཀུན་གཞིར་བཏགས་པས་ན།། སྐྱེས་བུའི་མཚན་དང་དཔེ་བྱད་དང། ། འཇག་མའི་སྲིན་བུ་ཡན་ཆད་ཀྱི།། ལུས་སུ་སྣང་བའི་དངོས་པོ་ནི།། ཀུན་གཞིར་མ་བྱུང་གཅིག་ཀྱང་མེད།། སེམས་ནི་ཡུལ་ལ་དམིགས་པ་སྟེ།། དེ་ལ་ངར་འཛིན་ཕྲ་བས་བྱས།། དེ་མེད་དེ་ཡང་མི་འབྱུང་ཕྱིར། ། ཉོན་མོངས་སེམས་ཀྱི་ཀུན་གཞིར་བཏགས།། སྔར་གྱི་བག་ཆགས་ཇི་སྙེད་པ།། དེ་ཉིད་རྣམ་པར་རྟོག་ལས་བྱུང།། རྟོག་པ་ཡིད་ཀྱི་རྣམ་ཤེས་ཡིན།། དེ་ཕྱིར་བག་ཆགས་ཀུན་གཞིས་བྱས།། རང་བཞིན་དག་པའི་ཀུན་གཞི་ནི། ། ཀུན་ལ་ཁྱབ་པའི་ངང་ཉིད་ཀྱིས།། རང་བཞིན་ཡེ་སངས་རྒྱས་པ་སྟེ།། སུས་ཀྱང་མ་བྱས་བཙལ་དུ་མེད།། རང་བྱུང་བདེ་ཆེན་མ་རྟོགས་ཤིང།། མ་རིག་རྟོག་པའི་བརྡའ་སྦྱོར་གྱིས།། འབྲས་བུ་གང་ཡང་འགྲུབ་པ་མེད། ། སྣ་ཚོགས་བསགས་པའི་ཀུན་གཞི་ཡིན།། ཀུན་གཞི་སྤང་སྡུད་བརྟགས་པའི་རྐྱེན།། སྒོ་ལྔ་སྣང་བའི་ཡུལ་ཡིན་ཀྱང།། དེ་ཉིད་ཡིད་ཀྱིས་མ་བཅད་པ།། ཀུན་གཞི་ཡིན་ཀྱང་རྣམ་ཤེས་མིན།། དེ་ཡང་ཡིད་ཀྱི་རྣམ་ཤེས་ཀྱིས། ། བག་ཆགས་སྣ་ཚོགས་བགོས་གྱུར་ཀྱང།། བག་ཆགས་བརྟས་པར་མི་ནུས་པས།། རྣམ་ཤེས་ཡིད་ཀྱང་ཀུན་གཞི་མིན།། རྣམ་ལྔ་ཅིར་ཡང་སྣང་བ་ལ།། གཉིས་མེད་ཡོངས་སུ་འདྲིས་པ་དང། ། ཚོགས་བརྒྱད་འདུས་ཤིང་འཛོམས་པ་ལ།། ཀུན་གཞིའི་རྣམ་ཤེས་ཡིན་ཞེས་བྱ།། དེ་ཡང་རྡོ་རྗེ་དཔའ་ཉོན།། ཕྱི་ནང་སྣང་གྲག་ཇི་སྙེད་པ།། ཀུན་གྱི་འབྱུང་གནས་ཀུན་གཞི་ལ།། བག་ཆགས་བརྟས་པས་འབྱུང་བའི་ཕྱིར། ། འཁོར་བ་མྱ་ངན་འདས་པ་ཡང།། མི་དགེའི་ལས་དང་བསོད་ནམས་ཚོགས།། དམིགས་པའི་སྟོབས་རྫོགས་མངོན་གྱུར་པས།། ཐམས་ཅད་དེ་ལས་བྱུང་བས་ན།། དེ་ཡི་ཕྱིར་ན་ཀུན་གཞི་བྱ། ། ཀུན་གཞི་འཁོར་བ་འབའ་ཞིག་ལས།། མྱ་ངན་འདས་པར་མིང་མི་གྲག། མ་རིག་བརྟས་པས་གཉིད་འདྲེས་དང།། མ་རིག་མ་བྱུང་འཁོར་མེད་ཕྱིར།། ཀུན་གཞི་ཞེས་ནི་དེ་ལ་བྱ།། བྱང་ཆུབ་སེམས་དཔའི་ས་ལམ་ཀྱང། ། བྱེ་བྲག་རིམ་པར་ཕྱེ་བ་ནི།། དྲང་བའི་དོན་དུ་གསུངས་པར་ཟད།། དོན་ལ་བྱང་ཆུབ་སེམས་དཔའ་མེད།། མཚན་དང་ཡོན་ཏན་ཅི་བརྗོད་པ།། འགྲོ་དོན་དེ་བཞིན་གཤེགས་པ་ཉིད།། དེ་ལྟར་སྤྲུལ་ཅིང་དངོས་མེད་དེ། ། བརྗོད་པ་དོན་ཡོད་གཤེགས་པར་སྣང།། སངས་རྒྱས་ཀུན་གཞིའི་མིང་དང་བྲལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ནི་ཀུན་གཞིའི་རྣམ་ཤེས་ཀྱང།། ལས་ཀྱི་མ་བསྒྲིབས་ལུང་མ་བསྟན།། ངོ་བོ་ཤེལ་སྒོང་ལྟ་བུ་ལ། ། དགེ་སྡིག་གང་དུའང་མ་ངེས་ཕྱིར།། ཤེས་པ་རང་རིག་གསལ་གྱུར་ཀྱང།། མ་བསྒྲིབས་བག་ཆགས་ཅི་སྟེ་འཇོག། མ་བསྒྲིབས་ཡེ་ཤེས་སྒྲིབ་ཉོན་ཡིན།། རྟེན་ནི་གང་གི་རྟེན་ཀྱང་བྱེད།། ཡིན་ནི་དགེ་སྡིག་གང་ཡང་མིན། ། དེ་ཕྱིར་བསྒྲིབས་ལ་ལུང་མ་བསྟན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས།། ཀུན་གཞིའི་ངོ་བོ་ངེས་ཚིག་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་བའི་རྩ་བ་ཀུན་གཞི་ནི།། ཐོག་མ་ཐ་མ་འགྲོ་འོང་མེད།། ད་ལྟ་དེ་ལས་མི་གཞན་སྟེ།། སུས་ཀྱང་མ་བྱས་རང་བཞིན་གནས།། དེ་ནི་ཐུན་མོངས་སྤྱིར་བསྟན་ཡིན། ། དུས་གསུམ་འགྲོ་འོང་མེད་འདོད་པ།། ཐོག་མ་གང་ནས་མ་འོངས་ན།། ཐ་མ་དེ་ལས་གནས་གྱུར་ཏེ།། ཐ་མ་བག་ཆགས་བྱང་གྱུར་ནས།། མེ་ལོང་ཡེ་ཤེས་གནས་འགྱུར་ཚེ།། ཀུན་གཞིའི་མིང་མེད་གཏན་དུ་སྟོངས། ། དེ་ཕྱིར་ཐོག་མ་ཐ་མ་དང།། ད་ལྟ་འགྲོ་འོང་ཡོད་པར་ངེས།། ཆོས་རྣམས་ཐམས་ཅད་མངོན་སངས་རྒྱས།། རང་བྱུང་བདག་ཉིད་ཆེན་པོ་ལ།། མ་རིག་མཚན་མ་སྣ་ཚོགས་ཀྱིས།། བག་ཆགས་མཐུ་བརྟས་ཀུན་གཞིར་གྱུར། ། དེ་ཕྱིར་ཀུན་གཞི་འབྱུང་བའི་གནས།། དང་པོ་མ་རིག་པ་ལས་བྱུང།། དེ་ལྟར་ཁམས་གསུམ་སེམས་ཅན་དང།། ཉན་ཐོས་བྱང་ཆུབ་སེམས་དཔའ་ལ།། ཐུན་མོང་དང་ནི་མ་ཡིན་པར། ། ཀུན་གཞི་བག་ཆགས་རང་བཞིན་གནས།། དེ་ཡང་འཁོར་གྱི་སེམས་དཔའ་ཉོན།། ཆོས་ཉིད་དུས་གསུམ་འདུས་མ་བྱས།། སྤྲོས་པ་ཀུན་བྲལ་འགྱུར་བ་མེད།། རྟག་པ་ཆེན་པོར་ལྷུན་གྱིས་གྲུབ།། རང་བྱུང་ཆེན་མཐར་ཡང་རང་བྱུང་ཡེ་ཤེས་ཀྱིས། ། བག་ཆགས་ཀུན་བཅོམ་ཤིན་ཏུ་སྟོང།། གཏན་མེད་སྟོང་པའི་ཆོས་ཉིད་ལ།། མུ་སྟེགས་ཆད་ལྟར་ཡང་དག་འགྱུར།། ཆོས་སྐུ་ཡོད་མེད་གཉིས་དང་བྲལ།། གཏན་མེད་སྟོང་པ་ཆད་ལྟ་ཡིན། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའྀ་འཁོར་ལོའི་རྒྱུད་ལས།། ཀུན་གཞི་དང་པོ་ད་ལྟ་ཐ་མ་གང་དུ་འགྲོ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་སྟོན་པས་བཀའ་སྩལ་པ།། མཚན་ཉིད་དང་ནི་རྒྱུ་རྐྱེན་དཔེ།། དང་པོ་ཀུན་གཞིའི་མཚན་ཉིད་ནི།། དངོས་པོར་མི་འགྱུར་གཏན་མེད་དང།། དུས་གསུམ་ཤེས་པ་སྐད་ཅིག་རྒྱུན།། ཆད་པ་མེད་པར་གནས་ཕྱིར་རོ། ། ཀུན་གཞི་བྱང་ཆུབ་སེམས་ཀྱིས་ངང།། སྤྲོས་པ་ཀུན་བྲལ་ཆོས་སྐུ་ལ།། རང་བཞིན་ལྷུན་གྲུབ་རྟོགས་པ་སྟེ།། རྒྱུན་དང་སྐད་ཅིག་ཡོད་དང་བྲལ།། དུས་གསུམ་འགྱུར་བ་མེད་པའི་དབྱིངས།། ཀུན་གཞིའི་མཚན་ཉིད་འདུས་བྱས་སྟེ། ། མ་རིག་པ་དང་ལོག་ལྟ་གཉིས།། བག་ཆགས་ཡོངས་སུ་བརྟས་པ་ཡིས།། འདུས་བྱས་མིན་ན་མི་འགྱུར་ཞིང།། དུས་གསུམ་བརྟན་པར་གནས་འགྱུར་ཏེ།། ཡེ་ཤེས་སྙིང་པོས་མཛད་ཕྱིར་རོ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཞི་རྩ་མེད་པའི་ཀུན་གཞི་ནི།། གྲངས་ཀྱི་རྒྱུ་ལས་བྱུང་བ་མེད།། ཀུན་གཞིའི་རྣམ་ཤེས་འབྱུང་བའི་རྒྱུ།། སྲིད་གསུམ་མྱ་ངན་འདས་པ་དང།། ཕྱི་ནང་དུས་གསུམ་བསྡུས་པའི་ཆོས། ། ཐམས་ཅད་མཉམ་ཉིད་གཅིག་པའི་ངང།། རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ།། བདེ་བ་ཆེན་པོས་ཡོངས་ལ་ཁྱབ།། དེ་ཉིད་མ་རྟོགས་ཀུན་གཞི་ལ།། ཡེ་ནས་གནས་པས་རྒྱུ་ཞེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཀུན་གཞི་སྐྱེ་བ་མེད་པའི་དབྱིངས།། གང་གིས་མ་བསྐྱེད་རང་བཞིན་ཏེ།། མ་སྤྲོས་ཀུན་བྲལ་ཁྱབ་པའི་དབྱིངས།། རྐྱེན་གྱིས་བྱས་པ་ག་ལ་སྲིད།། གསལ་བའི་རྒྱུ་རྐྱེན་མེད་པ་ལ།། ཀུན་གཞི་གཉེན་པོ་ཡེ་ཤེས་ཀྱིས། ། འཇིག་པར་འགྱུར་བས་རྐྱེན་གྱིས་བསྐྱེད།། རྐྱེན་ནི་ཆོས་དབྱིངས་ཆོས་སྐུ་ལས།། ཐ་དད་མེད་ཀྱང་དེ་ལྟར་སྣང།། ཆོས་དབྱིངས་གཅིག་ཀྱང་ཀུན་གཞི་རྐྱེན།། ཆོས་སྐུ་རྟོགས་དང་མ་རྟོགས་མེད།། ཡེ་ནས་ཀུན་ལ་ཁྱབ་པར་གནས། ། ཆོས་ཉིད་སྣང་དང་མི་སྣང་མེད།། ཆོས་དབྱིངས་ཆོས་སྐུར་འདུས་མོད་ཀྱང།། མ་འདུས་ཐ་དད་ལྟ་བུར་སྣང།། དེ་ཡི་རྐྱེན་གྱིས་རྟོག་པ་བྱུང།། དེ་ཕྱིར་གང་ཡང་རྟོག་པའི་རྐྱེན།། རྟོག་པའི་མཐུ་བརྟས་ཀུན་གཞིར་འགྱུར། ། ཆོས་ཉིད་ཆོས་སྐུའི་རྐྱེན་ཡིན་པས།། རྒྱུ་རྐྱེན་མི་མཚུངས་ཐ་དད་ཡོད།། གདགས་ཤིང་བརྗོད་པ་ཐམས་ཅད་ནི།། མ་སྐྱེས་པ་ཡི་ཆོ་འཕྲུལ་ལས།། རང་བཞིན་མཉམ་པས་གཅིག་ཟེར་ན། ། ཐམས་ཅད་རང་བཞིན་ངང་གིས་གཅིག། ཡེ་ནས་སྤྲོས་བྲལ་བརྗོད་ལས་འདས།། རྩོད་གཞི་ཀུན་གཞི་རང་ཡང་མེད།། འཁོར་བ་མྱང་འདས་བརྗོད་དང་བྲལ།། དེས་ན་མི་མཚུངས་སོ་སོར་སྣང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དངོས་པོར་གཟུང་དུ་རྡུལ་ཙམ་མེད།། མ་སྤྲོས་རང་བཞིན་ཡོངས་ལ་ཁྱབ།། རྣམ་ཤེས་རང་བཞིན་དེ་ལྟར་ཏེ།། ཀུན་གཞིའི་དཔེ་ནི་ནམ་མཁའ་འདྲ།། དེ་བཞིན་ཀུན་གཞིའི་རྣམ་ཤེས་ལ། ། ཚོགས་བདུན་ཇི་ལྟར་སྐྱེ་འགགས་ཀྱང། ཀུན་གཞི་ཤེས་པའི་ངང་ཉིད་ལས།། ཚོགས་བདུན་སྐྱེས་ཀྱང་འགྱུར་བ་མེད།། ཀུན་གཞིའི་ཤེས་པའི་རང་བཞིན་ནི།། སྐད་ཅིག་མི་སྡོད་འགྲོ་བ་སྟེ།། ཆུ་བོ་བཞི་ཡི་གཞུང་དང་འདྲ། ། དར་ཅིག་མི་སྡོད་རྒྱུན་མི་འཆད།། ཕྱི་ནང་འཁོར་བ་མྱ་ངན་འདས།། ཐམས་ཅད་ཀུན་གཞིའི་ངང་གྱུར་ཏེ།། གང་ཡང་སྐྱེད་པར་བྱེད་པའི་ཕྱིར།། དེས་ན་ཀུན་གཞི་ས་གཞི་འདྲ།། རང་གིས་རང་ལ་མ་བཀག་ཀྱང། ། གཞན་གྱི་རྐྱེན་གྱིས་མི་མངོན་པ།། ཉི་ཟླ་གཟའ་སྐར་དུས་གཅིག་ཏུ།། ཤར་བའི་འོད་ཀྱི་ཕྲ་རགས་འདྲ།། ཀུན་གཞི་རང་བཞིན་དག་པའི་དབྱིངས།། ཡེ་ནས་དར་དཀར་ལྟ་བུ་ལ།། རྟོག་པ་གློ་བུར་སྣུམ་གྱིས་ཞེན། ། གཉིས་མེད་འདྲེས་པར་གྱུར་པ་ནི།། དར་དཀར་སྣུམ་གྱིས་ཞེན་པ་འདྲ།། ཀུན་གཞི་རྣམ་དག་ཆོས་ཀྱི་དབྱིངས།། ཡེ་ནས་རང་བྱུང་ཆོས་ཀྱི་སྐུ།། དངས་མའི་ཆུ་དང་འདྲ་བ་ལ།། བག་ཆགས་རྣམ་རྟོག་ས་འདྲེས་བསླད། ། ཡེ་ནས་རང་བྱུང་ཆེན་པོ་ཡང།། བདག་གཞན་གང་ལ་དོན་མི་ནུས།། ཆུ་དང་ས་གཉིས་འདྲེས་དང་འདྲ།། མ་བཙལ་ལྷུན་གྱིས་གྲུབ་གྱུར་ཀྱང།། རྟོག་པས་བསྒྲིབས་ནས་མེད་པར་སྣང།། ཉི་མ་སྤྲིན་གྱིས་བསྒྲིབས་པ་འདྲ། ། དངོས་ཉིད་དུག་དང་ཆང་འདྲ་བར།། ཡེ་ནས་གསོད་བྱེད་གཉེན་པོ་ལ།། ཆང་གིས་རྐྱེན་བྱས་ཐར་མེད་བཞིན།། མ་རིག་འཁོར་བའི་རང་བཞིན་ལ།། བག་ཆགས་འཁོར་བས་རྐྱེན་བྱས་ནས།། ཁམས་གསུམ་འཁོར་བའི་འཁོར་ལོ་བསྐོར།། ཐར་མེད་འཁོར་བའི་ཀུན་གཞི་བྱས།། དཔེ་ནི་དུག་དང་ཆང་འདྲེས་འདྲ།། ཀུན་གཞིའི་རྣམ་པར་ཤེས་པའི་དོན།། གཞན་པ་ཀུན་དང་མི་མཐུན་ཡང།། བཀའ་རྣམས་སུན་ཕྱུང་སྐྱོན་མེད་ཅིང། ། ཐེག་གཞན་རྫུན་གསུང་མི་འགྱུར་ཏེ།། མུ་སྟེགས་འགལ་བ་སུན་འབྱིན་པས།། ཐེག་པའི་མཚན་ཉིད་མི་ཤེས་པས།། རྟག་ཆད་མུ་བཞི་ལ་ཞེན་པས།། མ་རིག་རྨོངས་པའི་ང་རྒྱལ་གྱིས།། རང་གི་འདོད་པ་ཡང་དག་ཟེར། ། གཞན་གྱི་ཡིན་པ་ཁྱད་དུ་གསོད།། དེ་དང་ཨ་ཏི་ཡོ་གའི་དོན།། མཚུངས་པར་གྱུར་པ་མ་ཡིན་ནོ།། ཐེག་པ་མཐའ་དག་ངེས་བརྟགས་ཤིང།། རྫོགས་ཆེན་འདི་ལ་མཐར་གཏུགས་ཤིང།། ཐེག་པ་ཀུན་གྱི་སྤྱི་ཕུད་ལ། ། ལམ་དང་ས་ཡི་མཐར་གཏུགས་ཤིང།། དཀྱིལ་འཁོར་ཡོངས་ཀྱི་སྙིང་པོ་སྟེ།། སངས་རྒྱས་ཡེ་ཤེས་ལྷུན་གྲུབ་ཡིན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མཚན་ཉིད་རྒྱུ་རྐྱེན་དཔེ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རྩལ་དང་རང་བཞིན་དམིགས་པའི་ཡུལ།། དངོས་པོ་ཀུན་གཞིའི་ངེས་པའི་རྩལ། ། ཚོགས་བདུན་ཡུལ་དྲུག་བཅས་པ་ནི།། ཀུན་གཞིའི་རྣམ་ཤེས་རྩལ་ཡིན་ཏེ།། ཀུན་གཞི་མེད་པར་དེ་དག་ནི།། འབྱུང་བར་འགྱུར་བ་མ་ཡིན་པས།། ཤེས་པ་བདུན་དང་ཡུལ་དྲུག་ལ། ། གཅིག་གི་ཡུལ་ནི་ངོ་བོ་ཉིད།། དེ་དག་བཅས་པ་ཐུན་མོང་རྩལ།། ཕྱི་ནང་ཆོས་ནི་ཇི་སྙེད་པ།། གཞན་མེད་ཀུན་གཞི་རྣམ་ཤེས་ལ།། དེ་ཉིད་རང་བཞིན་སྤྲོས་དང་བྲལ།། དེ་ལྟར་མ་རྟོགས་ལོག་རྟོགས་ཀྱིས།། བདག་དང་ཡུལ་བརྟགས་ཞེ་སྡང་གཞི།། བདེ་སྡུག་རྣམ་པ་སྣ་ཚོགས་བསགས།། དེ་ཡིས་ཁམས་གསུམ་འཁོར་བར་འཁྱམས།། དེ་དག་ཀུན་སྩོགས་ལོག་པའི་རྩལ།། དེ་ཡང་ཀུན་གཞིའི་རྣམ་ཤེས་ཀྱིས།། ཡང་དག་རྩལ་ནི་ཕྱི་ནང་ཆོས། ། སྐུ་དང་ཡེ་ཤེས་ཞིང་ཁམས་ཏེ།། དངོས་སུ་མེ་ལོང་ཡེ་ཤེས་ཡིན།། ཀུན་གཞིའི་རྣམ་པར་ཤེས་པ་ལ།། རྣམ་རྟོག་བག་ཆགས་མཐུ་བརྟས་པས།། དེ་ཉིད་ཐམས་ཅད་མཁྱེན་པའི་གེགས།། ས་བཅུ་རིམ་པར་ཡོངས་སྦྱངས་ནས། ། ཡོངས་སུ་སྐུ་དང་ཡེ་ཤེས་གྱུར།། དེ་ཕྱིར་ཀུན་གཞི་ཡང་དག་རྩལ།། དེ་ཡང་བྱང་ཆུབ་སེམས་དཔའ་ནས།། དམྱལ་བའི་འཇིག་ཚོགས་ཡན་ཆད་དུ།། ཀུན་ལ་ཁྱབ་ཅིང་ཀུན་འབྱུང་བས། ། དེ་ནི་ཀུན་གཞི་ཐུན་མོང་རྩལ།། ཁྱབ་པ་ཆེ་བས་ཡོན་ཏན་བསྒྲིབས།། དེ་དག་མ་རིག་བག་ཆགས་ལས།། བྱུང་ཕྱིར་ཀུན་གཞི་ཐུན་མོང་རྩལ།། དེ་ཡང་ཁམས་གསུམ་སེམས་ཅན་ནི།། མ་རིག་པ་དང་བག་ཆགས་གཉིས། ཀུན་བརྟགས་ལྷན་ཅིག་སྐྱེས་པ་དང།། བག་ལ་ཉལ་དང་མངོན་རྒྱུ་བས།། ཐམས་ཅད་དེ་ལས་བསྐྱེད་པའི་ཕྱིར།། ཀུན་གཞི་ཐུན་མོང་མིན་པའི་རྩལ།། གཞན་དུ་ཀུན་གཞི་རང་བཞིན་རྩལ།། དེ་ལས་གཞན་པ་རང་བཞིན་རྩལ། ། ཐེ་ཚོམ་རྣམ་པར་རྟོག་པ་སྟེ།། ཅི་ཕྱིར་གཅིག་གིས་ཡིན་ཞེ་ན།། ཀུན་གཞི་མ་རིག་བག་ཆགས་གཉིས།། ཡོངས་སུ་ཞེན་པར་གྱུར་པ་ལ།། མ་རིག་པ་ལ་ཐེ་ཚོམ་སྟེ།། བག་ཆགས་ཡིན་པའི་རྟོག་པ་བྱུང། ། དེ་མེད་དེ་ཡང་མི་འབྱུང་ཕྱིར།། ཐེ་ཚོམ་རྟོག་པ་རང་བཞིན་རྩལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་གཞིའི་རྣམ་ཤེས་སྐད་ཅིག་རྒྱུན།། མི་རྟག་མ་ཆད་དུས་གསུམ་རྒྱུ།། དེ་ཡང་སུས་ཀྱང་མ་བཅོས་ཤིང། ། རང་བཞིན་ངང་གིས་གནས་པ་སྟེ།། དེས་ན་ངང་གི་རང་བཞིན་ཡིན།། ཀུན་གཞིའི་རྣམ་པར་ཤེས་པ་དེ།། སྐད་ཅིག་རྒྱུད་གྱིས་མི་སྡོད་འགྲོ།། འགྲོ་བས་དང་པོ་སོང་བ་ལ།། ཐ་མར་ཐ་ཆད་འགགས་པར་འགྱུར། ། སྐད་ཅིག་དུས་གསུམ་ཆས་ཕྱེ་བས།། འགགས་ཤིང་ཤེས་པའི་ངོ་བོ་ཉིད།། སྐད་ཅིག་རྒྱུན་འགྱུར་མི་རྟག་ཀྱང།། ཉེས་པའི་སྐྱོན་མེད་རང་བཞིན་ཡིན། ངོ་བོ་སྐད་ཅིག་ཆས་འགགས་ཏེ།། རིགས་མཐུན་རྒྱུ་ལས་འགྱུར་བ་མེད། ། ཀུན་གཞི་སྐད་ཅིག་མ་ཡི་རྒྱུན།། དུས་གསུམ་མི་འཆད་ཡོད་གྱུར་ན།། འབྲས་བུ་ཡོངས་སུ་རྫོགས་པ་ལ།། ཀུན་གཞིའི་མིང་ཡང་མི་གྲགས་པའི།། མི་འགྱུར་འཁོར་བར་ལོག་མི་སྲིད།། གཅིག་ཆར་འགྱུར་ན་སངས་རྒྱས་དང།། བསྒྲུབ་པ་མཐར་ཐུག་མི་འགྱུར་ཞིང།། རྫོགས་སངས་རྒྱས་ནས་མི་འགྱུར་ན།། འདུས་བྱས་རྒྱུན་ལ་འདུས་མ་བྱས།། འབྲས་བུ་འབྱུང་བས་མངོན་བརྟགས་འགྱུར། ། འགྱུར་བའི་རྐྱེན་གྱིས་ངན་འགྱུར་ན།། ཡོངས་སུ་འགྱུར་བའི་མཐའ་རུ་ནི།། དམྱལ་བ་ལས་ཀྱང་སྡུག་བསྔལ་ཞིང།། གཏན་དུ་དེ་ལས་ཐར་མི་སྲིད།། རྐྱེན་གྱིས་མ་ཡིན་རང་འགྱུར་ན།། དགེ་སྡིག་ལས་ཀྱིས་འཁོར་བ་དང། ། མྱང་འདས་དངོས་པོ་མི་འབྱུང་སྟེ།། མུ་སྟེགས་བཞིན་དུ་ཁར་རྗེར་འགྱུར།། དོན་དམ་ཡིན་ན་སྐྱོན་ཡོན་ཅི།། གང་ལྟར་གནས་ཀྱང་འགལ་བའི་ཕྱིར།། ཀུན་གཞིའི་རྒྱུན་ལས་མི་འགྱུར་བས།། རང་གི་ལོག་རྟོག་འདོད་གཞུང་ཡིན། ། ཀུན་གཞི་སྤྲོས་བྲལ་ཆོས་ཀུན་གྱི།། འབྱུང་གནས་དམ་པ་ཀུན་ཤེས་པས།། ཕྱི་ནང་ཆོས་ལ་ཅིར་མི་རྟོག། མ་བརྟགས་བག་ཆགས་མི་གསོག་ཅིང།། ཕུང་པོ་སྡུག་བསྔལ་མ་བྱུང་བས།། དེས་ན་ཀུན་གཞི་རང་བཞིན་ཡིན།། ཉན་ཐོས་འགོག་པར་ཞུགས་པ་ནི།། རྟོག་མེད་བག་ཆགས་མི་གསོག་ཀྱང། ཀུན་གཞིའི་མཚན་ཉིད་མི་ཤེས་པས།། བག་ལ་ཉལ་གྱི་བག་ཆགས་ཀྱིས།། ཉི་ཚེ་ཕྱོགས་གཅིག་ལྷུང་བ་སྟེ། ། ཐེག་པ་འདི་ཡི་ཆོས་རྣམས་ཀུན།། ཡོངས་སུ་ཞི་བའི་ངང་ཤེས་ཤིང།། བག་ཆགས་རང་བཞིན་ཀུན་བྱང་བས།། མི་མཚུངས་ཤིན་ཏུ་ཁྱད་པར་ཆེ།། སྨན་གྱི་རྒྱལ་པོ་དར་ཡ་ཀན།། དངོས་པོ་དེ་ཉིད་འདུལ་བ་དང། ། བླུན་པོ་འཕྲད་ན་རྣམ་རྟོག་གིས།། ནད་དང་འཆི་བ་དེ་འགྲུབ་ཅིང།། སོས་འགྱུར་གཞན་གྱིས་མ་བྱས་ཏེ།། དེ་ལས་བྱུང་ཕྱིར་རང་བཞིན་དཔེ།། དེ་ཕྱིར་ཀུན་གཞི་རང་བཞིན་ཏེ།། ཕྱི་ནང་འཁོར་བ་མྱ་ངན་འདས། ། བསམ་གྱིས་མི་ཁྱབ་བརྗོད་ལས་འདས།། སུས་ཀྱང་མ་བྱས་བྱེད་མེད་དེ།། ཀུན་གཞིའི་ངང་ལས་ཤུགས་ཀྱིས་འབྱུང།། དེ་ཡང་ཀུན་གཞིའི་རང་བཞིན་ཡིན།། ཀུན་གཞིའི་རང་བཞིན་ངོ་བོ་ནི།། ཁམས་གསུམ་འཁོར་བ་འབའ་ཞིག་སྟེ། ། དེ་ཡང་གཞན་གྱིས་བྱས་པ་མེད།། མ་རིག་པ་དང་བག་ཆགས་ལས།། བྱས་པ་མེད་པར་བྱུང་བའི་ཕྱིར།། དེ་ཡང་ཀུན་གཞིས་བྱས་པ་སྟེ།། བདེར་གཤེགས་རྣམས་ལ་མི་མངའ་ཞིང། ། དགྲ་བཅོམ་བྱང་ཆུབ་སེམས་དཔའ་ནི།། རེ་ཞིག་བརྟགས་ཟད་བདེ་གཤེགས་སྤྲུལ།། ཀུན་གཞི་གནས་པའི་གཞི་མེད་པས།། དེ་ཕྱིར་འཁོར་བ་འབའ་ཞིག་ཡིན།། དུག་གི་རང་བཞིན་ན་ཞིང་འཆི།། དེ་ཕྱིར་ཀུན་གཞིའི་རང་བཞིན་གྱིས། ། ཁམས་གསུམ་འཁོར་བར་འཁྱམས་པར་བྱེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་གཞིའི་རྣམ་པར་ཤེས་པ་ནི།། ཤེས་པ་གཞན་དང་མི་མཚུངས་ཤིང། ཀུན་ཏུ་སྐྱེ་འགགས་མེད་པས་ན། ། དམིགས་པའི་ཡུལ་ཡང་ཆོས་ཉིད་ལ།། དེ་ལ་དུས་གསུམ་སྐྱེ་འགགས་མེད།། དེ་ཕྱིར་ཡོངས་སུ་རྒྱ་མ་ཆད།། ཇི་སྲིད་མ་རིག་བག་ཆགས་དང།། མ་བྲལ་བར་དུ་མི་ཟད་ཀྱང།། ཟད་ཅིང་ཆད་ནས་གཏིང་སྟོངས་པ། ། དམིགས་པའི་ཡུལ་ནི་མ་ཡིན་ལ།། ཡུལ་ཡང་ཆོས་ཉིད་མ་ཡིན་ཏེ།། རེ་ཞིག་དེ་ལྟར་འདོད་པ་ནི།། ཁ་ཅིག་ཙམ་གྱི་གཞུང་དུ་ཟད།། ཐེག་པ་སྤྱི་ཡི་ཀུན་གཞི་ཉིད།། ཆོས་ཉིད་ཡིན་པར་འདོད་པ་ནི། ། རང་གི་ཡུལ་དུ་རང་གྱུར་པས།། ཐེག་པ་འོག་མའི་གཞུང་དང་འགལ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཀུན་གཞིའི་རྩལ་དང་རང་བཞིན་དམིགས་པའི་ཡུལ་བསྟན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཀུན་གཞི་ཤེས་པའི་ཡོན་ཏན་མ་ཤེས་སྐྱོན།། དང་པོ་ཤེས་པའི་ཡོན་ཏན་ནི།། ཀུན་གཞིའི་རྣམ་པར་ཤེས་པ་ནི། ། ཇི་ལྟར་གནས་པའི་དོན་རྟོགས་པས།། ཡོད་མེད་གང་ཡང་མི་ལྟུང་ཞིང།། རྟག་ཆད་གཉིས་དང་བྲལ་བས་ན།། མྱ་ངན་འདས་པའི་འབྲས་བུ་ཡང།། དེ་ཡི་ངང་གིས་ཐོབ་པར་འགྱུར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཀུན་གཞིའི་དེ་ཉིད་མ་ཤེས་པས།། ཐམས་ཅད་དེ་ལས་འབྱུང་བ་ཡི།། དོན་ཡང་ཤེས་པར་མི་འགྱུར་ཏེ།། ལོག་པར་ལྟ་བ་སྣ་ཚོགས་བྱུང།། མུ་སྟེགས་ཆད་པའི་རིགས་རྣམས་ཀྱིས།། ཅི་བྱས་ལས་ཀྱི་འབྲས་བུ་ནི། ། སྨིན་ན་འདིར་སྨིན་ཕྱིས་མི་མྱོང་དེ་ལྟར་ཅི་བདེར་སྤྱོད་ཅེས་ཟེར།། རྟག་པར་ལྟ་བའི་རིགས་དག་ནི།། དངོས་པོ་བདག་ཉིད་བརྟན་པ་དང།། ཇི་ལྟར་བྱས་པ་དེར་སྨིན་ཅིང།། ཤེས་སུ་མི་འགྱུར་བརྟན་པར་རྟོག། གཞན་དུ་ཕྱཝ་དང་དབང་ཕྱུག་དང།། གནམ་གྱིས་སྐྱོབ་ལ་སོགས་པ་ལྟར།། ཉན་ཐོས་ཕྱི་རོལ་སྣང་བའི་ཆོས།། ཀུན་གཞིའི་རྣམ་ཤེས་སྣང་བ་ལ།། རྡུལ་ལས་གྲུབ་པའི་རང་རྒྱུད་པ།། རིས་སུ་ཆད་པའི་དངོས་པོར་བལྟ། ། དེ་དག་ཀུན་གཞི་མ་ཤེས་སྐྱོན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བ་ཆེན་པོ་འཁོར་ལོའི་རྒྱུད་ལས། ཀུན་གཞི་ཤེས་པའི་ཡོན་ཏན་དང། མ་ཤེས་པའི་སྐྱོན་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཀུན་རིག་སྟོན་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཀུན་གཞི་འཇོམས་པར་བྱེད་པ་ཡི།། གཉེན་པོ་ལོག་དང་མ་ལོག་སྐྱོན།། དང་པོ་གཉེན་པོ་བསྟན་པ་ནི།། ཀུན་གཞིའི་རྣམ་པར་ཤེས་པ་ཡང། ། དུས་གསུམ་འདུས་མ་བྱས་པའི་ངང།། གཉེན་པོས་གཞོམ་ཅིང་གཞི་མེད་ཞིང།། བསགས་པའི་ལས་དང་བག་ཆགས་ཀུན།། ཏིང་ངེ་འཛིན་དང་ཤེས་རབ་ཀྱིས།། ཡོངས་སུ་འཇོམས་པ་དེ་དག་ལ། ། ཀུན་གཞིའི་གཉེན་པོར་བཏགས་པར་ཟད།། ཀུན་གཞིའི་དོན་ནི་འདུས་བྱས་ལ།། དེ་ལ་གཉེན་པོ་མེད་མི་སྲིད།། ལྷག་མཐོང་རང་བྱུང་ཡེ་ཤེས་ཀྱིས།། ཀུན་གཞི་གཏན་ནས་འཇོམས་པར་བྱེད།། རྫོགས་ཆེན་སྤྱི་ཕུད་ཡེ་ཆེ་ལ། ། ང་གདོད་ཆེ་བ་ཅི་ཞིག་དབྱུང།། ལྷག་ཆད་སྨྲ་བ་རྨོངས་པ་ཡིན།། བཀའ་ལུང་གཞན་ནི་དྲང་བར་གསུངས།། བཀའ་ལུང་ངེས་པ་མ་ཐོབ་པར།། གསུངས་དང་མ་གསུངས་ཅི་ཆ་ཡོད།། རང་བཟོའི་སྨྲས་དང་མ་སྨྲས་པ། ། རྫོགས་ཆེན་ངེས་པའི་ལུང་ལ་ཉོན། དེ་ལ་མ་བསྒྲིབས་ཨ་ཏི་ཡི།། སྤྱི་དང་རང་གི་མཚན་ཉིད་ཡིན།། ལྷག་མཐོང་ཨ་ཏི་ཡོ་ག་ལ།། རང་བྱུང་ཨ་ཏིའི་ཡང་ཏི་སྟེ།། རིམ་གྱིས་མ་ཡིན་གཞན་མི་མཐུན། ། དེ་ཉིད་ཨ་ཏི་ཡོ་ག་ཡི།། ལྷག་མཐོང་མི་དམིགས་ཏིང་འཛིན་བསྒོམ།། དེ་ཡིས་སྒྲིབ་པ་འཇོམས་བྱེད་ལ།། ཨ་ཏིའི་ཨ་ཏི་ཡོ་ག་ལ།། རང་བྱུང་ཡེ་ཤེས་ཆེན་པོ་ཡིས།། ཡེ་ནས་བཅོས་པས་གཞོམ་དུ་མེད། ། བྱ་བ་མ་ལུས་ཡོངས་རྫོགས་པས།། དེ་ཕྱིར་ཁྱད་པར་ཤིན་ཏུ་འཕགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་གཞི་ཀུན་གྱི་འབྱུང་གནས་ལ།། ལོག་དང་མ་ལོག་མེད་པ་སྟེ།། ཡེ་ཤེས་རྒྱུན་ལ་བཏགས་པར་ཟད། ། དེ་ལྟར་གྱུར་པས་འཁོར་བ་སྟོངས།། ཡེ་ནས་ཡོན་ཏན་རྫོགས་པ་ནི།། རང་གི་ས་ལས་ལོག་པའོ།། ལོག་པའི་ཡོན་ཏན་དངོས་བསྟན་པ།། ཀུན་གཞི་ལོག་པའི་ཡོན་ཏན་ནི།། རྫོགས་པ་ལས་ཀྱང་ཡོངས་རྫོགས་པ། ། ལྷུན་གྲུབ་ཨ་ཏིའི་ཨ་ཏི་ལ།། ཡེ་ནས་གནས་པ་ཇི་བཞིན་ལས།། འཁོར་བ་སྟོངས་ཤིང་ཡོངས་རྫོགས་པའི།། འཁོར་འདས་རྫོགས་པའི་མིང་ཡང་མེད།། ཡང་དག་གྲུབ་པ་ག་ལ་སྲིད།། ཇི་བཞིན་གནས་ལས་མ་འགྱུར་ཞེས། ། དེ་ཉིད་ལོག་པའི་ཡོན་ཏན་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡང་ཀུན་གཞི་ངར་འཛིན་དང།། བག་ཆགས་ཡོངས་སུ་མ་ཟད་པས།། ཆེ་བའི་ཡོན་ཏན་མི་རྫོགས་ཤིང། འཁོར་བའི་གནས་ལས་དེ་མི་ཐར། ། དེ་དག་ཀུན་གཞི་མ་ལོག་སྐྱོན།། ཆོས་རྣམས་ཡེ་ནས་སངས་རྒྱས་ཤིང།། བཙལ་ཞིང་བསྒྲུབ་དང་བྲལ་བའི་དོན།། མངོན་སུམ་འགལ་བའི་གེགས་བྱེད་པས།། དེ་ནི་ཀུན་གཞི་མ་ལོག་སྐྱོན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གཉེན་པོ་ལོག་པ་དང་མ་ལོག་པའི་སྐྱོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཐེག་པའི་གོལ་ས་བཀའ་སྩལ་པ། ། མཚན་ཉིད་ཐེག་པ་རྣམ་པ་གསུམ།། ཞིང་པའི་སོ་ནམ་ལས་དང་འདྲ།། རྒྱུ་རྐྱེན་རྩོལ་བས་ཅི་འབད་ཀྱང།། འབྲས་བུ་འདུས་བྱས་མོད་ལ་ཟད།། དེ་བཞིན་རྒྱུ་རྐྱེན་ཚོགས་བསགས་ཀྱང།། འབྲས་བུ་མི་འབྱུང་རེ་དོགས་མཐར། ། ལུས་ངག་ཡིད་ཀྱི་རྩོལ་བ་དེས།། བྱང་ཆུབ་འགྲུབ་པར་ངས་མ་བཤད།། ཀྲི་ཡོག་ཐེག་པ་རྣམ་པ་གསུམ། འཇིག་རྟེན་རྫས་ཀྱི་ཡོ་ལང་འདྲ།། འདོད་པའི་ཡོ་ལང་མང་པོར་བཅས།། གླུ་གར་ལོངས་སྤྱོད་སྣ་ཚོགས་ཅན། ། དེ་བཞིན་ཀྲི་ཡོག་ཐེག་པ་ནི།། རྡུལ་ཚོན་དཀྱིལ་འཁོར་ལྷ་དང་བཅས།། གླུ་གར་མཆོད་པ་ཅི་ཕུལ་ཀྱང།། འབྲས་བུ་མི་རྟག་སྒྱུ་མ་འདྲ།། གྲུབ་པ་ཐོབ་པར་ངས་མ་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཐེག་ཆེན་བསྐྱེད་རྫོགས་རྣམ་པ་གཉིས།། འཇིག་རྟེན་བུ་ཚའི་སོ་ནམ་འདྲ།། ཕ་མས་འཁོར་བསྐྱེད་རྫས་བསགས་ཀྱང།། རྟག་པ་མ་ཡིན་རིམ་གྱིས་བརླག། དེ་བཞིན་ཡབ་ཡུམ་གཉིས་མེད་སྦྱོར། ། འབྲས་བུ་སྐུ་དང་ཡེ་ཤེས་འདོད།། རྒྱུ་རྐྱེན་བསྐྱེད་ཅིང་འཁོར་བའི་ཆོས།། དེ་ཕྱིར་ལྷུན་གྲུབ་ས་མི་ཐོབ།། དེ་དག་ཐེག་པའི་ཆོས་རྣམས་ནི།། ཇི་ལྟར་བསྒྲུབས་ཤིང་བཙལ་འགྱུར་ཀྱང།། རང་སེམས་སྙིང་པོ་མི་རྟོགས་ཕྱིར། ། ཐེག་བརྒྱད་བགྲོད་པ་གོལ་སར་གསུངས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཐེག་བརྒྱད་གོལ་སར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་བའི་སྡུག་བསྔལ་དེ་དག་ལས།། ཐར་ཅིང་གྲོལ་བར་བྱེད་འདོད་ན།། མ་རྟོགས་སྡུག་བསྔལ་སྔ་ཕྱི་ནི།། འཇིག་རྟེན་རྡུལ་གྱི་གྲངས་བཞིན་དུ། ། བརྗོད་ཀྱིས་མི་ལངས་བསམ་མི་ཁྱབ།། དེ་ཡི་རྩ་བ་མདོར་བསྡུ་ན།། སེམས་ཅན་ཉོན་མོངས་བག་ཆགས་ནི།། འཇིག་རྟེན་ས་གཞིའི་གཏོས་དང་འདྲ།། ས་གསེབ་ཐིག་ལེ་ཉག་གཅིག་ནི།། རིན་ཆེན་སྙིང་པོ་གསེར་དང་འདྲ། ། ས་ནས་གསེར་འཚོལ་བྱ་བའི་ཐབས།། ཆུ་ཆགས་ཐབས་ཀྱི་ངོས་འཛིན་ལྟར།། རྒྱལ་བ་ཀུན་བཟང་ང་ཡིས་ནི།། ཆོས་རྣམས་རྩ་བ་མདོར་བསྡུས་ནས།། ངེས་དོན་མ་ནོར་གསལ་བ་ཡི།། ཡེ་ཤེས་སྒྲོན་མེ་ངས་འདེགས་ཀྱིས། ། འགྲོ་དྲུག་སེམས་ཅན་ཡི་མ་ཆད། རྨོངས་པ་རྣམས་ཀྱང་བློ་མ་སྟོར།། དད་ལྡན་རྣལ་འབྱོར་ང་ལ་ཐུད།། བྱང་ཆུབ་འདོད་པའི་ལམ་སྣ་དྲང།། ཐེག་ཆེན་ལྟ་བ་གསལ་ཞིག་གདབ།། མ་སྦྱངས་སྒྲིབ་དག་ང་ཡིས་བསྟན། ། མ་བསྒྲུབས་སངས་རྒྱས་ད་ལྟ་བྱ།། མ་བསགས་ཚོགས་གཉིས་ངས་འདིར་རྫོགས།། མ་བསྒོམས་སངས་རྒྱས་ང་ཡི་ཆོས།། མ་བཙལ་ལྷུན་གྱིས་གྲུབ་པ་ཡིན།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། ། ཉེས་པ་བྱས་ཀྱང་དཔལ་དུ་ཆེ།། དེ་དོན་ངེས་པར་ངས་བཤད་ཀྱི།། བློ་དམན་ཀུན་ཀྱང་གཟེངས་བསྟོད་ཅིག། ཐོས་བསམ་མི་དགོས་བསྟན་པས་ཆོག། གོམས་པ་མི་དགོས་ཤེས་པས་ཆོག། རྣམ་སྨིན་ལུས་དང་མ་བྲལ་བར།། སངས་རྒྱས་ཀུན་དང་མཉམ་པར་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཤེས་ཡོན་ཏན་ཆེན་པོ་ནི།། ནམ་མཁའ་དབྱིངས་དང་འདྲ་བ་སྟེ།། དཔག་ཅིང་གཞལ་བའི་སེམས་ལས་འདས། ། ཐེག་པའི་སྒོ་མོ་བརྗོད་ལས་འདས།། སྡེ་སྣོད་ཆོས་རྣམས་བཤད་མི་ལངས།། སྡེ་སྣོད་ཉིད་ཀྱང་བཏགས་པ་ཙམ།། དེ་ལྟར་དབྱེ་བ་བསམ་ཡས་ཀྱང།། དོན་གྱི་ངོ་བོ་གཅིག་ལས་མེད།། དེ་དོན་གསལ་བར་ངས་བཤད་ཀྱིས། ། ལེགས་པར་ཉོན་ལ་ཡིད་ལ་ཟུངས།། དེ་སྐད་གསུངས་པའི་དོན་གོ་ནས།། འཁོར་རྣམས་དགའ་མགུ་ཡི་རང་སྟེ།། ཡང་དག་གུས་པའི་ཚུལ་གྱིས་ནི།། མ་ནོར་བདེན་པའི་ཆོས་མཉན་ཏོ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འཁོར་རྣམས་ལ་གཟེངས་བསྟོད་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཀུན་རིག་སྟོན་པ་དེས།། ངེས་དོན་རྩ་བ་འདི་གསུངས་པ།། ངོ་བོ་གཞི་ཡི་གནས་ལུགས་དང།། ལྟ་སྒོམ་སྤྱོད་པ་འབྲས་བུའི་དོན།། རྟོགས་པའི་ཡོན་ཏན་ད་ལྟའི་དུས།། མངོན་དུ་གྲུབ་པ་ངས་བཤད་ཉོན།། ཡུལ་མེད་ངོ་བོ་རང་བྱུང་སྐུ།། འཁོར་འདས་མ་རེག་གདོད་ནས་བྱུང། ། དེ་དོན་ཀུན་ལ་ཡེ་ནས་གནས།། འདུས་མ་བྱས་པས་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ཁྱུང་ཆེན་ལྡིང་པ་བཞིན།། ངེས་པའི་ལྟ་བ་གདེང་ལྡན་པས།། འཁོར་འདས་དངོས་པོ་ཅིར་སྣང་ཡང། ། གཟུང་འཛིན་ཞེན་རྟོག་གཞི་ལ་མེད།། མ་གི་ཏ་ཡིས་གང་ཐེབས་བཞིན།། ལྟ་བ་ངོ་བོ་ཉིད་རྟོགས་པས།། ཇི་དྲན་མ་བསྒོམས་ཆོས་ཉིད་གསལ།། བཞག་ལངས་མེད་པར་རྒྱུན་དུ་གནས།། བི་ཤས་གང་བྱས་ལེགས་པ་བཞིན། ། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ།། ཡེ་ཤེས་རྩ་བ་དོན་གྱིས་ཟིན།། ཉེས་པའི་སྐྱོན་གྱིས་གོས་པ་མེད།། ཡིད་བཞིན་ནོར་བུའི་ཡོན་ཏན་བཞིན།། རང་སེམས་ཆོས་སྐུར་དོན་རྟོགས་པས། ། མི་ཡི་ལུས་ལ་སངས་རྒྱས་ཐུགས།། གདུལ་བྱར་གཟུགས་སྐུ་ཤུགས་ལས་བྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་ངོ་བོ་གཅིག་གཅིག་ལ།། ཚིག་གི་མཚོན་པ་ཐ་དད་ཀྱང།། ཡུལ་མེད་རང་གསལ་ཉིད་དུ་འདུས། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་རྩ་བ་གཅིག་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ། ། ཡིད་ཀྱིས་དྲན་པས་འདི་སྐད་གསོལ།། སྣང་མེད་ངོ་བོའི་གནས་ལུགས་གང།། གཞི་ལ་འཕོ་འགྱུར་ཇི་ལྟར་མེད།། སེམས་ཅན་ཀུན་ལ་ཇི་ལྟར་ཡོད།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྣང་མེད་ངོ་བོའི་གནས་ལུགས་ནི།། དུས་གསུམ་མེད་པའི་སྔོན་རོལ་དུ།། འདས་པ་བས་ཀྱང་ང་སྔར་བྱུང།། རྒྱུ་རྐྱེན་མེད་པའི་སྔོན་རོལ་དུ།། འབྲས་བུ་རང་བྱུང་སྙིང་པོ་བྱུང།། འབྱུང་བ་མེད་པའི་སྔོན་རོལ་དུ།། ང་དང་ནམ་མཁའ་དུས་མཉམ་ཕྱིར།། བསྟན་པ་མེད་པའི་སྔོན་རོལ་དུ།། སངས་རྒྱས་པས་ཀྱང་ང་སྔར་བྱུང།། ཐེག་པ་མེད་པའི་སྔོན་རོལ་དུ།། ལྟ་བའི་ཆོས་སུ་རང་སེམས་བྱུང། ། སྐྱེ་འཆི་མེད་པའི་སྔོན་རོལ་དུ།། མྱང་འདས་པས་ཀྱང་ཡེ་ཤེས་སྔ།། ཆོས་ཉིད་མེད་པའི་སྔོན་རོལ་དུ།། སྟོང་པ་ཉིད་པས་རང་རིག་སྔ།། བདེ་གཤེགས་མེད་པའི་སྔོན་རོལ་དུ།། སེམས་ཅན་པས་ཀྱང་ཆོས་སྐུ་སྔ། ། མཚོན་ཚིག་མེད་པའི་སྔོན་རོལ་དུ།། ཐ་སྙད་པས་ཀྱང་དོན་འདི་སྔ།། ང་ནི་རྒྱུ་མེད་འབྲས་བུ་སྟེ།། རང་བྱུང་རིག་པའི་སྙིང་པོ་ཡིན།། དེ་ཕྱིར་མི་སྐྱེ་དོན་མི་འགག། སྐྱེ་འཆི་མེད་པའི་རྡོ་རྗེ་འཆང། ། ང་ནི་ནམ་མཁའ་རང་བཞིན་ཏེ།། བག་ཆགས་མ་བརྟས་ས་ཆུ་ཨུ0f84མེད།། གཟུགས་མེད་ཡེ་ཤེས་ངོ་བོ་ལས།། རླུང་མེད་མེ་ནི་ཅི་ལ་འབྱུང།། དེ་ཕྱིར་ངོ་བོ་ཉིད་ཀྱི་སྐུ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ་ཉིད་ལ་ནི། ། རྒྱུ་རྐྱེན་མ་བསྐྱེད་ཡང་དག་ཡོད།། སྒྲོ་སྐུར་བྲལ་བའི་རིག་པ་ལ།། འཕེལ་འགྲིབ་མེད་པར་རྒྱུན་དུ་གནས།། ཡང་དག་བྱང་ཆུབ་སྙིང་པོ་ལ།། ཐོབ་པ་མེད་ཅིང་སྤང་བ་མེད།། འཁོར་འདས་གཉིས་ཀྱི་འཛིན་པ་ཡང།། ཐ་སྙད་ཡིན་གྱིས་དོན་དུ་མེད།། ཆོས་ཀུན་མཚན་ཉིད་རྣམ་པར་དག། བདག་མེད་ཆོས་ལ་སྐྱེ་འཆི་མེད།། ངོ་བོ་ཉིད་ལ་བསྒོམ་མི་དགོས།། ཡོད་མེད་ཡུལ་གྱི་མཐའ་ལས་འདས། ། དེ་དོན་རང་བཞིན་འོད་གསལ་བ།། གདོད་ནས་དག་པས་ནམ་མཁའ་འདྲ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྣང་མེད་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། རང་རིག་རྩ་བ་ཆོས་སྐུ་ལ།། ཡོན་ཏན་ལྷག་མ་མེད་པར་རྫོགས།། རང་བྱུང་སངས་རྒྱས་ཡེ་ཤེས་སྐུ།། མ་བསྐྱེད་ཡོངས་རྫོགས་གྲུབ་པའི་ལྷ།། ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། ། ངོ་བོ་དམིགས་མེད་བརྗོད་ལས་འདས།། ཡང་དག་ལྟ་བ་མཐར་ཕྱིན་པས།། ཕ་རོལ་ཕྱིན་པར་ཡེ་ནས་གནས།། སངས་རྒྱས་ཀུན་གྱི་སངས་རྒྱས་ལ།། འགྲོ་བ་ཡོངས་ཀྱི་ཁ་ལོ་སྒྱུར།། མ་བསྐྱེད་པ་ཡི་འབྲས་བུ་ལ། ། བྱས་པ་མེད་པའི་ཆོ་འཕྲུལ་བྱུང།། ཐམས་ཅད་འབྱུང་བ་ང་ཡི་རྩལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དོན་ལ་འགྱུར་མེད་ལྟ་བའི་གཞི།། ཡུལ་ལ་མི་ལྟོས་རང་བྱུང་སྐུ།། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། ། གཞི་ལ་འགྱུར་མེད་བྱང་ཆུབ་སེམས།། སྐྱོན་གྱིས་མི་གོས་དྲན་པ་ལ།། འཕོ་འགྱུར་མེད་པ་གདལ་བའི་སྐུ།། མི་སྐྱེས་མི་འགག་རང་རིག་ཀློང།། གོམས་པས་མི་རྙེད་འགྱུར་མེད་ཕྱིར།། འབྲལ་མེད་ད་ལྟ་ང་ཡི་ཐུགས།། བསྐལ་པར་འཁྱམས་ཀྱང་སྐྱེ་འཆི་མེད།། དེ་རྟོགས་རིག་པ་ཀུན་གྱི་གཞི།། མ་བསྒོམས་ཡེ་ཤེས་མཐར་ཕྱིན་པ།། རེ་བ་མེད་ཕྱིར་ལྟུང་མི་སྲིད།། གདོད་ནས་འགྱུར་མེད་ཡེ་ཤེས་སྐུ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གཞི་ལ་འཕོ་འགྱུར་མེད་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ཉོན།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། སེམས་ཅན་ཀུན་གྱི་ལུས་ནང་ན།། རང་རིག་རྒྱལ་པོ་ཡེ་ཤེས་དེ།། རང་གི་སེམས་ལ་ཡེ་ནས་གནས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་དག་ངེས་པའི་ཆོས་སྐུ་ནི།། དངོས་པོར་མ་གྲུབ་ཡུལ་ལས་འདས།། རིག་པ་རྒྱུན་ཆགས་དེ་ཉིད་ནི། ། འགྲོ་དྲུག་ཀུན་གྱི་སེམས་ལ་གནས།། སྐྱེ་མེད་ཡེ་ཤེས་རང་བྱུང་སྐུ།། ཆེད་དུ་མ་བྱས་རང་གསལ་བ།། དེ་ཉིད་རང་རིག་ཙམ་ལས་ནི།། བཅོས་སུ་མེད་པས་ནམ་མཁའ་འདྲ། སེམས་ཅན་ཀུན་གཞི་གཞི་ཆ་ལ། ། རང་བྱུང་ཆོས་སྐུ་ཡིན་མོད་ཀྱང།། ལུང་མེད་རྐྱེན་གྱིས་རང་རིག་བསྒྲིབས།། དེ་ཕྱིར་ཡེ་ཡོད་རྟོགས་པར་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་ལུས་ཀྱི་ཚོར་བ་ལ།། རང་རིག་ཡེ་ཤེས་རྒྱུན་མི་ཆད། ། དེ་ཉིད་མི་གཡོ་རང་གསལ་བ།། འདུ་འབྲལ་མེད་པར་ཡེ་ནས་གནས།། དེ་ཕྱིར་ཉོན་མོངས་སྦུབས་ནང་ན།། ཀུན་བཟང་ཡེ་ཤེས་སེམས་དཔའ་གནས།། ངེས་དོན་ལུང་ལྡན་དོན་རྟོགས་ན། ། དེ་དོན་གཞན་ནས་བསྒྲུབ་མི་དགོས།། སེམས་ཅན་བྱང་ཆུབ་སུ་འདོད་པ།། ཀུན་གཞིའི་གསེབ་ནས་དོན་ཚོལ་ལས།། དེ་ཡི་ངང་ལ་གནས་པར་གྱིས།། དེ་དོན་རྒྱལ་བའི་དགོངས་པ་ཡིན།། བདེར་གཤེགས་རྣམས་ཀྱི་སྙིང་པོ་ཡང། ། སེམས་ཅན་ཀུན་ལ་ཡོད་མོད་ཀྱང།། ཤེས་པས་མ་མཐོང་ཙམ་དུ་ཟད།། དེ་མཐོང་ངེས་པའི་གདམས་པ་འདི།། ཤེས་པས་རྟག་ཏུ་འབྲལ་བ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། མ་རིག་འཁྲུལ་པ་ཡོད་བཞིན་དུ།། འབྲས་བུའི་སངས་རྒྱས་ཐུགས་ལ་གནས།། དེ་ཕྱིར་གཞན་ནས་འབྱུང་བ་མེད།། ཐོག་མ་མ་ཡིན་དུ་འདི་རང།། དེ་ཡང་རང་རིག་ཡེ་ཤེས་ནི།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན། ། འགྲོ་དྲུག་ཀུན་ལ་རང་རིག་ཁྱབ།། སྐྱེ་འགགས་མེད་པར་རྒྱུན་དུ་གནས།། དཔེར་ན་ས་གཏིང་ནམ་མཁའ་བཞིན།། འགྲོ་འོང་མེད་པར་ཆོས་སྐུར་གནས།། དོན་དེ་མ་རྟོགས་བློས་བསླད་ནས།། འཁོར་བར་འཁྱམས་ཀྱང་ཉམས་པ་མེད། ། རང་བྱུང་རིག་པའི་ཡེ་ཤེས་དེ།། སྤྲིན་མེད་ནམ་མཁའི་ཉི་མ་བཞིན།། འདུས་མ་བྱས་པའི་ཀློང་དཀྱིལ་ན།། རང་རིག་ཡེ་ཤེས་ཆོས་སྐུ་བཞུགས།། རིན་ཆེན་ག་བུར་འོད་ཐིམ་འདྲ།། ལུས་ཀྱི་ནང་ན་ཆོས་སྐུ་ཡོད། ། ལུས་ཞིག་དྲན་པས་ལུས་སུ་འཇུག། དེ་ཕྱིར་འཁོར་བའི་རྒྱུད་ལ་འཁོར།། དོན་རྟོགས་རང་རིག་གནས་སུ་ཆེ།། རིག་པ་རང་བྱུང་ངོ་བོ་དེ།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། དེ་ཕྱིར་འཁོར་འདས་ཀུན་གྱི་གཞི། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོ་ལས། སེམས་ཅན་ཀུན་ལ་གནས་ལུགས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་རིག་རྗེ་ལ་ཡང་ཞུས་པ། ། དོན་གྱི་གནས་ལུགས་རྟོགས་པ་གང།། རིག་པའི་དབང་རྣམས་ཇི་ལྟར་བསྐུར།། མ་བགྲོད་ལམ་ལྔ་ཇི་ལྟར་རྫོགས།། ས་དང་ཕ་རོལ་ཡོན་ཏན་གང།། ཀུན་རིག་སྟོན་པས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ།། ངེས་དོན་ངས་བཤད་ཡིད་ཀྱིས་ཉོན།། ངེས་པའི་ལུང་ལྡན་བླ་མ་ལ།། དད་པ་བརྩོན་འགྲུས་དམ་ཚིག་གིས།། བཀུར་སྟི་རིམ་གྲོ་གུས་བྱས་ནས།། མན་ངག་སྙིང་པོ་གནང་བར་འགྱུར། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་བྲམ་ཟེ་གླང་ཆེན་བཞིན།། རྒྱལ་པོའི་བཀའ་ཡི་བཙན་ཕུལ་གྱིས།། བྲིད་བསྡིགས་གཡོ་སྒྱུས་ནོར་འདོད་པ།། སྲོག་སྙིང་མེད་པར་ཕན་མི་ཐོགས།། དེ་བཞིན་ངེས་པའི་ལུང་ལྡན་གྱིས། ། གདམས་ངག་ཆོས་སྐུ་མ་བསྟན་ན།། ཐབས་དང་གཡོ་སྒྱུ་སྣ་ཚོགས་ཀྱི།། བཀའ་རྐུན་སྐྱོན་གྱིས་ཆོས་བཙལ་ཡང།། རང་སེམས་མི་རྟོགས་ངན་སོང་ལྟུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ཕྲག་དོག་མེད་པར་བཟང་སེམས་ཀྱིས།། སྲོག་སྙིང་རྒྱལ་པོ་ལ་བྱིན་པས།། བྲམ་ཟེ་གསེར་གླང་འདྲ་གཉིས་འབྱུང།། གཉིས་ཀ་མངའ་ཐང་ཅི་བསམ་འགྲུབ།། དེ་བཞིན་བླ་མ་ལུང་ལྡན་ལ།། ཡིད་འཐད་ཕུལ་ཞིང་ཅི་གསུངས་ཉན། ། ཤེས་རབ་རྣོ་ལ་གསང་ཐུབ་ལ།། མན་ངག་སྙིང་པོ་གནང་བའི་ཕྱིར།། སློབ་མས་རང་སེམས་རྟོགས་པར་ངེས།། དེ་ཕྱིར་བླ་མ་བཀུར་བ་གཅེས།། ངེས་དོན་གནང་བའི་ཐབས་སུ་བཤད།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྟོགས་པར་བྱ་བའི་ཐབས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། དབང་གི་རིམ་པ་བཀའ་སྩལ་པ། ། རྒྱལ་ཐབས་སྤྱི་བླུགས་དབང་ཆེན་ནི།། དང་པོ་ཐུན་མོང་དབང་བསྐུར་བ།། དད་པ་དང་ནི་ཤེས་རབ་ཀྱིས།། སྟ་གོན་ལ་ནི་གནས་པར་བྱ།། ཐུན་མོང་དབང་རྣམས་རྫོགས་པར་བསྐུར།། དེ་ནས་ངེས་པའི་ལུང་ལྡན་གྱིས། ། སྣོད་དང་ལྡན་ལ་ངས་བསྐུར་གྱི།། ཡིད་ལ་མ་ཡེངས་དོན་ཟུངས་ཤིག། དེ་ཡང་འདུས་པའི་འཁོར་རྣམས་ཀྱིས།། ཏིང་འཛིན་དཀྱིལ་འཁོར་དངོས་ཀྱང་རུང།། ཁྱད་པར་འཕགས་པའི་རྫས་བདུན་གྱིས།། ཡེ་ཤེས་ལྷ་ཡི་དོན་མཚོན་ཕྱིར།། རས་སམ་ཤིང་ཤུན་གྲོ་ག་ལ།། འཇུག་སྒོ་ལྔ་ཡི་བརྡའ་བྲིས་ཏེ།། དལ་དུ་བཞག་ལ་བྱིན་གྱིས་བརླབས།། དེ་ནས་དབང་བསྐུར་རིམ་པ་ནི།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་བ།། མཚོན་པའི་བརྡའ་ཡི་རྫས་ལྔ་ལས།། སྤྱི་བོ་སྙིང་ག་མགྲིན་པ་རུ།། སྐུ་གསུང་ཐུགས་ཀྱི་དབང་རིས་བསྐུར།། ལག་པ་གཡས་དང་གཡོན་པ་རུ།། ཡོན་ཏན་ཕྲིན་ལས་དེ་བཞིན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རིག་པ་རང་གསལ་དབང་བསྐུར་བ།། ལྟ་བསྒོམ་སྤྱོད་པ་འབྲས་བུའི་དབང།། དད་ལྡན་འཁོར་ལ་ངས་བསྐུར་གྱིས།། འཁོར་རྣམས་མ་ཡེངས་ཡིད་བསྡུས་ཤིག། ངེས་དོན་སངས་རྒྱས་ཆོས་ཀྱི་སྐུ།། ཐིག་ལེ་རང་བྱུང་འོད་གསལ་བ། ། རིག་པའི་ཡེ་ཤེས་མངོན་གྱུར་དུ།། ཡེ་ཤེས་སྐུ་མཆོག་བདག་དབང་བསྐུར།། མ་རིག་སེམས་ཀྱི་མུན་གསེབ་ཏུ།། ལུང་ལྡན་ཐུགས་ཀྱི་སྒྲོན་མ་ཡིས།། རང་རིག་རྟོག་མེད་ད་ལྟ་ཉིད།། འགྱུར་མེད་ཐུགས་ཀྱི་དབང་གཅིག་བསྐུར། ། ངེས་དོན་ཡེ་ཤེས་ཚངས་པའི་གསུངས།། ཚིག་གི་དོན་མཚོན་ཡིད་ཀྱིས་གོ།། དེ་དོན་གསལ་བ་རིག་པའི་གསུང།། བརྡའ་མཇལ་ངེས་པའི་དབང་ཐོབ་ཤོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དངོས་མེད་རིག་པའི་ཡེ་ཤེས་འདི།། ནང་གསལ་ཡེངས་མེད་ཆོས་ཀུན་རྫོགས།། རྒྱལ་བ་རྣམས་ཀྱི་ཡོན་ཏན་དབང།། ཡེ་ཤེས་འགྱུར་མེད་བདག་ལ་བསྐུར།། རང་བྱུང་མཛད་སྤྱོད་ཡེ་ཤེས་ལ།། རྒྱུན་དུ་མི་འབྲལ་ངེས་པའི་གསུང། ། དུས་འདིར་བརྗོད་མེད་ཡེ་གསལ་འདི།། མཛད་སྤྱོད་དབང་གཅིག་བདག་ལ་བསྐུར།། དེ་ཡང་དད་ལྡན་འཁོར་རྣམས་ཉོན།། རང་རིག་ཆོས་སྐུར་བལྟ་བ་ཡིས།། ཡིད་ཆེས་ཐག་ཆོད་གདེང་དུ་ལྡན། ། དེ་རྟོགས་ཀུན་བཟང་བྱིན་རླབས་ཀྱིས།། རང་སེམས་རྟོགས་པའི་དབང་ཐོབ་ཤོག། འབྲལ་མེད་རང་གསལ་ཡེངས་པ་མེད།། རྒྱུན་དུ་ཉམས་མྱོང་ཞེན་མེད་པའི།། ཏིང་འཛིན་རིག་པ་ལྷག་མཐོང་གསལ། ། རྐྱེན་དབང་མི་འགྱུར་དབང་ཐོབ་ཤོག། ཉམ་ང་མེད་པའི་སྤྱོད་པ་ཡིས། བླང་དོར་དགག་བསྒྲུབ་ལ་སོགས་མེད།། དེ་དོན་རྟག་ཏུ་སྐྱོན་མི་གོས།། སྤྱོད་པ་མ་བཅོས་དབང་ཐོབ་ཤོག། འབྲས་བུ་རང་རིག་ཆོས་ཉིད་ཀློང། ། མ་བགྲོད་སངས་རྒྱས་སར་ཕྱིན་པ།། ཆོས་སྐུའི་གཟུགས་བརྙན་གཟུགས་སྐུ་འབྱུང།། འགྲོ་དོན་མཐར་ཕྱིན་དབང་ཐོབ་ཤོག། དེ་ནས་འདུས་པའི་དད་ལྡན་ལ།། ངེས་དོན་མཚོན་པའི་བརྡའ་ཡིག་དེ། ། སྣོད་དུ་བླུགས་ཏེ་བྲིམ་བྱས་ནས།། གང་བབ་གདམས་ངག་བསྟན་པར་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་དབང་གི་རིམ་པ་ཡང།། དོན་ལ་དབྱེར་མེད་ངོ་བོ་གཅིག། ཡེ་ཤེས་སྤྱི་བླུགས་དབང་ལ་ནི། ། སྐུར་བྱེད་བསྐུར་བྱ་གདོད་ནས་མེད།། ངེས་དོན་རྐྱེན་ཐུབ་རྣམ་དྲུག་གིས།། གདམས་ངག་བསྟན་པ་ཙམ་གྱིས་ཆོག། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དབང་གི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་ཀུན་རིག་སྟོན་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མེད་ལ་ཡོད་འཛིན་ཀུན་བརྟགས་ཡུལ།། འཁྲུལ་པ་བཟློག་དཀའ་འཇིག་ཚོགས་རི།། རང་གིས་རང་བསླུས་ཞེན་པའི་རྒྱུན། ། དེ་བཟློག་དོན་ཕྱིར་ལམ་ལྔ་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དད་ལྡན་འགྱུར་མེད་ལས་ཅན་གྱིས།། ལུང་ལྡན་རྡོ་རྗེ་སློབ་དཔོན་ལ།། ཡིད་འཐད་ཕོངས་མེད་འབུལ་བ་ནི།། ཚོགས་ཀྱི་ལམ་དུ་བསྟན་པ་ཡིན།། བླ་མས་གནང་བ་བྱིན་གྱུར་ཏེ།། ཡིད་གཉིས་ཐེ་ཚོམ་བློ་སྤངས་ནས།། མཁའ་འགྲོ་མཆོད་ཅིང་དོན་ཞུས་ཚེ།། སྦྱོར་བའི་ལམ་ཞེས་དེ་ལ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་པའི་བཅུད་ལྡན་སློབ་དཔོན་གྱིས། ། ཡང་དག་གདམས་ངག་ལུང་བསྟན་པས།། སྣོད་ལྡན་ཡིད་ཆེས་དོན་རྟོགས་ཕྱིར།། མཐོང་བའི་ལམ་ནི་ཡིན་པར་གསུངས།། དེ་དོན་གོ་ནས་རྒྱུན་དུ་ནི།། ངེས་དོན་ཆོས་སྐུར་སྤཽངས་པ་མེད། ། རང་རིག་ཡེ་ཤེས་དབང་ཐོབ་ཕྱིར།། བསྒོམ་པའི་ལམ་དུ་བསྟན་པ་ཡིན།། ཡང་དག་ངེས་དོན་གདམས་ངག་འདི།། རང་གི་ཐུགས་ལ་དོན་རྫོགས་པས།། འགྱུར་མེད་གདེང་ཆུད་ཡེ་ཤེས་ཀློང།། མཐར་ཕྱིན་ལམ་དུ་བཤད་པ་ནི། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་དོན་གྱི་ཆོས་ཉིད་ལ།། ལམ་གྱི་དབྱེ་བ་མེད་མོད་ཀྱང།། རྣལ་འབྱོར་བློ་ཡི་རིམ་པ་ལས།། ཐེག་པའི་བྱེ་བྲག་ཐ་དད་པས།། ལམ་ལྔར་ཕྱེ་བ་གཅིག་ཏུ་རྫོགས། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་བགྲོད་ལམ་ལྔ་རྫོགས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ས་ཡི་དབྱེ་བ་རྟེན་དང་དཔེ།། རྩལ་གྱི་སྒོ་ནས་བཞི་བཞི་རུ།། ཕ་རོལ་ཕྱིན་བཅུ་ས་དང་སྦྱར།། ངེས་པའི་ཡོན་ཏན་རྫོགས་པར་གསུངས། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་ནི་དང་པོ་རབ་དགའ་ལ།། རྟེན་ནི་སྦྱིན་པའི་ཕ་རོལ་ཕྱིན།། དཔེ་ནི་མི་ཟད་གཏེར་དང་འདྲ།། རྩལ་ནི་མ་རིག་ཟིལ་གྱིས་གནོན།། ས་ནི་གཉིས་པ་དྲི་མེད་ལ།། རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན།། དཔེ་ནི་རིན་ཆེན་མྱུ་གུ་འདྲ།། རྩལ་ནི་རང་རིག་ཡེ་ཤེས་གསལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ས་ནི་གསུམ་པ་འོད་འཕྲོ་ལ།། རྟེན་ནི་བཟོད་པའི་ཕ་རོལ་ཕྱིན།། དཔེ་ནི་རྒྱ་མཚོ་ཆེན་པོ་འདྲ། ། རྩལ་ནི་ཉོན་མོངས་རྩད་ནས་བརླག། ས་ནི་བཞི་པ་འོད་བྱེད་ལ།། རྟེན་ནི་བརྩོན་འགྲུས་ཕ་རོལ་ཕྱིན།། དཔེ་ནི་རྡོ་རྗེ་ཕ་ལམ་འདྲ།། རྩལ་ནི་བག་ཆགས་ཞེན་པ་འཇོམས།། ས་ནི་ལྔ་པ་སྦྱང་དཀའ་ལ། ། རྟེན་ནི་བསམ་གཏན་ཕ་རོལ་ཕྱིན།། དཔེ་ནི་རི་བོ་ལྷུན་པོ་འདྲ།། རྩལ་ནི་བྱིང་རྒོད་སྐྱོན་དང་བྲལ།། ས་ནི་དྲུག་པ་མངོན་གྱུར་ལ།། རྟེན་ནི་ཤེས་རབ་ཕ་རོལ་ཕྱིན།། དཔེ་ནི་མ་ཀི་ཏ་ཡི་སྨན་བཟང་འདྲ།། རྩལ་ནི་རང་རིག་ལྷག་མཐོང་རྟོགས། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་ནི་བདུན་པ་རིང་སོང་ལ།། རྟེན་ནི་ཐབས་ཀྱི་ཕ་རོལ་ཕྱིན།། དཔེ་ནི་དགེ་བའི་བཤེས་གཉེན་འདྲ།། རྩལ་ནི་དུག་ལྔ་སྨན་དུ་བསྒྱུར།། ས་ནི་བརྒྱད་པ་མི་གཡོ་བ། ། རྟེན་ནི་སྨོན་ལམ་ཕ་རོལ་ཕྱིན།། དཔེ་ནི་ཡིད་བཞིན་ནོར་བུ་འདྲ།། རྩལ་ནི་འཇིག་རྟེན་ཆོས་བརྒྱད་བྲལ།། ས་ནི་དགུ་པ་ལེགས་པའི་བློ་གྲོས་ལ།། རྟེན་ནི་སྟོབས་ཀྱི་ཕ་རོལ་ཕྱིན།། དཔེ་ནི་ཉི་མའི་སྙིང་པོ་འདྲ། ། རྩལ་ནི་ལོག་ལྟ་དབྱིངས་སུ་བསྒྲལ།། ས་ནི་བཅུ་པ་ཆོས་ཀྱི་སྤྲིན།། རྟེན་ནི་ཡེ་ཤེས་ཕ་རོལ་ཕྱིན།། དཔེ་ནི་ཚངས་པའི་དབྱངས་དང་འདྲ།། རྩལ་ནི་སྒྲིབ་དག་ཐམས་ཅད་མཁྱེན།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དག་ཕ་རོལ་ཕྱིན་བཅུ་ཡང།། ངོ་བོ་ཐིག་ལེ་གཅིག་ཏུ་འདུས།། གདུལ་བྱའི་རིམ་པས་བཅུར་བསྟན་པ།། ཡང་དག་ངོ་བོར་ཡེ་ཤེས་ཉིད།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ས་དང་ཕ་རོལ་ཕྱིན་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། འདུས་པའི་འཁོར་གྱིས་ཡང་གསོལ་པ།། ངེས་པའི་དོན་གྱི་གདམས་ངག་གིས།། མ་རིག་མུན་སེལ་ལྟ་བ་ལ།། འཁོར་འདས་མཐའ་ཡིས་མ་རིག་དང།། ཡེ་ཤེས་ལྷུན་གྲུབ་ལྟ་བ་གང།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། ཡང་དག་འཁོར་ལ་བཀའ་སྩལ་པ།། རང་བྱུང་སྙིང་པོའི་ལྟ་བ་ནི།། ཉི་མ་ཤར་ནས་མུན་པ་སངས།། ངེས་ལུང་བསྟན་པས་མ་རིག་བརླག། ཐིག་ལེ་བརྡལ་ཁྱབ་ཆོས་སྐུ་དེ། ། རིག་པ་རང་ཤར་བཅོས་པ་མེད།། དེ་དོན་ལྷུན་གྲུབ་ཡེ་ནས་གསལ།། རང་བྱུང་སྙིང་པོ་རང་གསལ་ཐུགས།། ཡེ་ནས་ཐ་སྙད་ཀུན་དང་བྲལ།། ཇི་བཞིན་གསལ་ལ་ངན་རྟོག་མེད།། དོན་དམ་སྤྲོས་བྲལ་ལྟ་བའི་མཆོག། བཙལ་མེད་སྤྱོད་པའི་ཡུལ་ལས་འདས།། ཡང་དག་ཀློང་འགྱུར་དོན་ལ་མཁས།། དེ་ཉིད་བློ་ལ་སུས་འབྱོར་པ།། ཚོགས་བརྒྱད་ཤེས་པའི་ཡུལ་ལས་འདས།། མངོན་དུ་གྱུར་པས་ཐུགས་ལ་བཀྲ། ། ཀུན་གྱིས་རྟོགས་དཀའ་བྱང་ཆུབ་དེ།། གཡོ་མེད་མི་རྟོག་ཆོས་སྐུའི་ལམ།། རང་རིག་བདེ་བ་ཆོས་སྐུའི་ཀློང།། གཅིག་ཏུ་རྫོགས་པས་ཐིག་ལེ་གསལ།། ལྟ་བ་དབུས་དང་མཐའ་མེད་པས།། སྤོང་ལེན་མ་བཙལ་ལྷུན་གྱིས་གྲུབ། ། སྐྱེ་མེད་ངང་དུ་རིག་པ་འཕྱོ།། རྟེན་མེད་ཆགས་པའི་ཡུལ་དང་བྲལ།། སྒོམ་མེད་ལྟ་བ་ངང་གིས་གསལ།། མཚོན་པའི་ཚིག་གིས་བཀྲི་དྲང་བྲལ།། སྐྱེ་མེད་གདེང་ཆུད་འདུ་འབྲལ་མེད།། སྣང་མེད་རིག་པ་དངོས་པོ་བྲལ། ། ཡང་དག་ཐུགས་ལ་སྤྲོ་བསྡུ་མེད།། མ་སྤྲོས་ལྷུན་གྲུབ་རིག་པ་ཤར།། ཀུན་ཁྱབ་དོན་འདུས་མཐའ་མ་རེག། ཡེ་ཤེས་སྐུ་མཆོག་ཆོས་སྐུ་བརྡལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འགྲོ་དྲུག་སེམས་ཅན་རང་བྱུང་སྐུ། ། འདི་ལྟར་སྣང་བ་མ་ལུས་ཀུན།། གདོད་ནས་མེད་པའི་དོན་རྟོགས་པས།། ཡེ་ཤེས་གཅིག་གི་ངང་དུ་འདུས།། ལུས་ངག་ཡིད་ཀྱི་བྱ་བ་རྣམས།། བྱས་ན་འཆིང་བའི་ལས་ཡིན་པས།། གཞི་ལ་མེད་ཤེས་བཅལ་མི་དགོས། ། མ་བསྒོམས་འདུ་འབྲལ་མེད་པར་བལྟ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རིག་མུན་སེལ་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། སངས་རྒྱས་སེམས་ཅན་འབྱུང་བ་ཀུན།། གློ་བུར་བྱུང་ཕྱིར་གནས་ལུགས་མིན།། འཇིག་རྟེན་ཆོས་ལ་དཔེ་མི་བླང།། འཁོར་འདས་གཞི་ལ་དོན་མ་རེག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཕ་མེད་མ་མེད་ནགས་ཀྱི་བྱེའུ་འདྲ།། ནམ་མཁའི་མཐོངས་སུ་ཐོན་པ་ལྟར།། གློ་བུར་འཁོར་འདས་གཉིས་བར་ནས།། ཆོས་སྐུ་རྟོགས་པས་མ་རིག་སངས།། གདོད་མའི་རང་བྱུང་འདི་ཉིད་ལ།། ལྟ་བ་ཤེས་པས་ཆོག་པའི་ཕྱིར། ། འཁོར་འདས་སྙིང་པོ་གདོད་ནས་མེད།། ཡུལ་དང་མ་འབྲེལ་ངོ་བོ་ཉིད།། དེ་དོན་རྟོགས་པའི་དོན་ལ་གནས།། ཡེ་རྫོགས་ཆོས་སྐུ་ཆེན་པོ་ཡིན།། རེ་དོགས་མཐའ་ཀུན་རྣམ་པར་ཞི།། ཚིག་ཏུ་འཛིན་མེད་ཡེ་ནས་བདེན། ། གཅིག་དང་དུ་མ་མཐའ་ཡི་ཆོས།། དེ་ཕྱིར་འཁོར་འདས་གཉིས་ལས་འདས།། འདི་ཐོས་མི་སྐྲག་ལྟ་བའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མེད་ཕྱིར་རྟག་པ་བྲལ། ཀུན་ལ་ཁྱབ་པས་ཆད་པ་བྲལ།། མཐའ་དབུས་བྲལ་བས་རང་བྱུང་སྐུ།། བརྗོད་མེད་ལྟ་བ་དྲན་པའི་གཟུངས།། དེ་དོན་ཕྱིན་ཅི་མ་ལོག་པས།། ཡེ་ཤེས་ལམ་ལ་གནས་པར་བྱ།། རང་རིག་ངེས་པའི་ལྟ་བ་ལ། ། ཡེངས་པ་མེད་པར་ཡིད་ཀྱིས་བལྟ།། དེ་ཡང་ཡུལ་ཅན་མ་ཡིན་ཏེ།། རང་ལ་རང་བལྟས་ཤིན་ཏུ་གསལ། དེ་གོམས་མཐར་ཕྱིན་ཡེ་ཤེས་ཐུགས།། ཆོས་ཉིད་སྤྲོས་བྲལ་འགྱུར་བ་མེད།། རང་བྱུང་ཡེ་ཤེས་གཉུག་མར་གནས། ། དེ་ཉིད་མི་འབྲལ་ལྟ་བའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་འདས་གཉིས་ཀྱི་ཆོས་འདི་ལ།། ཇི་སྲིད་བག་ཆགས་ཡོད་ཀྱི་བར།། འདི་ལྟར་སྣང་བའི་ཆོས་རྣམས་ཡོད།། ཇི་སྲིད་བག་ཆགས་དག་ན་ནི། ། སྣང་བའི་ཡུལ་རྣམས་གདོད་ནས་མེད།། ཐག་སྦྲུལ་ཐོ་ཡོར་མི་བཞིན་ནོ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མཐའ་མ་རེག་པའི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །།། རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། རང་སེམས་ཆོས་སྐུར་བལྟ་བ་ནི།། ཀུན་ལ་ཁྱབ་པའི་རིག་པ་ཡིས།། འདུས་མ་བྱས་པའི་དོན་རྟོགས་པས།། མཐའ་བྲལ་རིག་པ་གཅིག་ཡིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཀུན་གྱི་མཉམ་ཉིད་རྒྱལ་བའི་ཐུགས།། མ་ལུས་སེམས་ཅན་ཐམས་ཅད་ལ།། ཆོས་སྐུས་ཁྱབ་པར་བརྡལ་བའི་སྐུ།། མཐའ་དབུས་མེད་པས་ནམ་མཁའ་འདྲ།། རིག་པ་མ་བསླད་གཉུག་མར་གནས།། དམིགས་འཛིན་མེད་པར་ངང་གིས་གསལ། ། དངོས་པོར་མེད་ལ་ཤེས་པར་ཡོད།། ནམ་མཁའ་ཉི་མའི་འོད་ཤར་འདྲ།། འདུས་མ་བྱས་པའི་ཡེ་ཤེས་ཀྱིས།། རྟེན་འཆའ་མེད་པར་ཉོན་མོངས་སེལ།། འབྱུང་བ་ལྔ་ལ་རག་མ་ལུས།། མི་འགྱུར་འཇོམས་པའི་རྡོ་རྗེ་འདྲ།། བླ་མས་དོན་བསྟན་རྣལ་འབྱོར་པས། ཐེ་ཚོམ་མེད་པར་རང་སེམས་རྟོགས།། ཐམས་ཅད་གཅིག་ལ་རྫོགས་པར་ཤེས།། མ་རིག་ལོང་བའི་མིག་འབྱེད་འདྲ།། ཡེ་ཤེས་རིག་པ་འདི་ཉིད་ནི།། ཡོད་མེད་དབུས་ཀྱི་མཐའ་བྲལ་བས།། སང་ངེ་སལ་ལེ་འཕོ་འགྱུར་མེད། ། ཀ་ཤིའི་རས་ཀྱི་རིན་ཆེན་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་བཅོས་པ་ཡི་རང་བཞིན་ལ།། ཡུལ་མེད་ཆོས་སྐུར་རང་བྱུང་སྟེ།། རེ་དོགས་རྡུལ་ཙམ་མེད་པའི་ཕྱིར།། ལྷུན་གྲུབ་ཡེ་ཤེས་ཆེན་པོར་རྫོགས། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། མ་བསྒོམས་ཏིང་འཛིན་ཇི་ལྟར་གསལ། ། འབྲལ་མེད་རྒྱུན་གྱི་སྤྱོད་པ་གང།། རེ་དོགས་མེད་པའི་འབྲས་བུ་རྣམས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། མ་བསྒོམས་འབྲལ་མེད་ཏིང་འཛིན་ནི།། རྣམ་སྨིན་ལུས་ཀྱི་རྟེན་བཅས་པའི།། ཐ་མལ་ཀུན་གཞི་གཞི་ཆ་ལ།། ལུང་ལྡན་རྐྱེན་གྱི་གདམས་ངག་གིས།། རང་སེམས་ཆོས་སྐུར་ངོ་སྤྲད་པས། ། དམིགས་འཛིན་མེད་པར་ངང་གིས་གསལ།། གཉུག་མར་གནས་ལ་འཕེལ་འགྲིབ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱང་ཆུབ་ཐུགས་ཀྱི་ངེས་པའི་དོན།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། རྣལ་འབྱོར་ཤེས་རབ་ཡེ་ཤེས་མིག། རང་བྱུང་ཏིང་འཛིན་རྒྱུན་མི་འཆད།། ཆོས་སྐུ་རང་བྱུང་ངོས་ཟིན་པས།། རང་གསལ་ཡེ་ནས་བྱང་ཆུབ་ལམ།། དེ་ལས་མི་འདའ་རྒྱལ་བའི་ཐུགས།། དེ་དོན་སངས་རྒྱས་དགོངས་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སྔར་གྱི་བག་ཆགས་ཞེས་བྱ་བ།། གཟུང་འཛིན་བརྟས་པའི་སྣང་བ་ལ།། དམ་པར་ཞེན་པས་ཀུན་ཏུ་བརྟགས།། དེ་ཕྱིར་འཁོར་བའི་ས་བོན་ཡིན།། ཕྱིས་ཀྱི་ཉོན་མོངས་ཞེས་བྱ་བ།། མ་རིག་རྒྱུ་ལ་ཏུར་བྱུང་སེམས། ། དེ་བལྟས་ཀུན་གཞི་སྨིན་པའི་ལས།། དེས་བསྐྱེད་ཚོགས་བརྒྱད་བདེ་སྡུག་བྱུང།། སྔ་ཕྱི་གཉིས་འདུས་སྒོ་ལྔའི་ཡུལ།། སྣ་ཚོགས་འཕྲོས་པས་རྟོག་པ་སྟེ།། དེ་ལ་ཞེན་ཕྱིར་ཚོགས་བརྒྱད་བྱུང། ། དེ་ཡི་ཉེས་པས་འཁོར་བར་སྨིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་རྐྱེན་གྱིས་ཆོས་ཀྱི་སྐུ།། རང་རིག་སེམས་ཀྱི་མུན་གསེབ་ནས།། ངོ་ཤེས་རང་གི་མཚན་ཉིད་ནི།། ཡུལ་སེམས་གཉིས་ལ་སྤྲོས་དང་བྲལ། ། མཐའ་དབུས་མི་དམིགས་དྲན་ལས་འདས།། ཡེ་ནས་དག་ཕྱིར་བྱ་བ་མེད།། བཙལ་དུ་མེད་པས་སེམས་ལས་འདས།། ཀུན་ལ་ཁྱབ་པས་བཙལ་མི་དགོས།། འགག་པ་མེད་ལ་རིག་པ་སྟོང།། མ་བྱས་ཕྱིར་ན་འཇིག་པ་མེད། ། རིག་པ་གསལ་བས་རང་ངོ་ཤེས།། ཇི་བཞིན་པ་ལ་མ་སྐྱེས་པ།། མ་བཅོས་རྐྱེན་གྱིས་མི་འགྱུར་བ།། རྟག་ཆད་མ་ཡིན་སྡུད་པ་མེད།། སོ་སོ་མ་ཡིན་འདྲེས་པ་མེད།། དངོས་མེད་སེམས་ཀྱི་ཏིང་འཛིན་གསལ། ། གཏང་གཞག་མེད་པའི་ཆོས་སྐུ་ལ།། བྱིང་རྒོད་མི་འབྱུང་རྒྱུན་དུ་གནས།། ཡེ་ཤེས་དོན་ལ་འཆར་ནུབ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཡེ་ཤེས་འདི་ཉིད་ལ།། བསྒོམ་དུ་མེད་ཕྱིར་ཡེངས་པ་མེད། ། གཟུང་དུ་མེད་ལ་ཞེ་ལ་གསལ།། རང་ཡིད་ཆེས་པས་ཁར་མི་ཐོན།། སྣང་སྲིད་གསལ་ལ་ཞེན་པ་མེད།། རང་རིག་བྱ་ར་དངོས་མེད་གྲོལ།། དྲན་པ་མི་བརླག་འགྲོ་འོང་མེད།། དྲན་པའི་རིག་པ་ཅི་འབྱུང་ཡང། ། དེ་ཉིད་དུས་ན་ངོས་བཟུང་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་སངས་རྒྱས་ངེས་པའི་དོན།། སེམས་ཅན་ཡིད་ལ་གསལ་པོར་གནས།། རང་བྱུང་ཆོས་སྐུ་འགྱུར་མེད་ཕྱིར།། དེ་ལྡན་བློ་ལ་གོལ་ས་མེད། ། སྟོང་པའི་སྙིང་པོ་རང་རིག་བློ།། ངེས་པར་རྟོགས་པའི་ཤེས་རབ་ཀྱིས།། ཡིད་ཆེས་འབྲས་བུ་ད་ལྟ་ཉིད།། རང་གི་བློ་ཡི་གཏིང་དུ་ཤར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་ཀུན་ཁྱབ་རང་གསལ་བ། ། ཡིད་ལ་དོན་དྲན་འདུ་འབྲལ་མེད།། དེ་གོམས་ཀློང་དུ་གྱུར་པའི་ཕྱིར།། ཚིག་གི་ཐ་སྙད་མཚོན་མི་དགོས།། ཡེ་ཡིན་དོན་དུ་རང་རིག་པས།། རྒྱལ་བའི་དགོངས་པ་མ་ནོར་བ།། མ་བྱས་མ་བཅོས་ཐུགས་ཀྱི་གདེང། ། ད་ལྟ་ཉིད་དུ་རང་ཤར་རྟོགས།། ཆོས་ཉིད་རང་བྱུང་ཡེ་ཤེས་རྒྱུན།། མ་བསྒོམས་ཤུགས་ལ་དོན་གསལ་བ།། སེམས་ཀྱིས་གྱིན་འདའི་ངང་དུ་གཞག། དེ་ལས་མ་བཙལ་བསྒོམ་པའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་སྤྱོད་པའི་རྣལ་འབྱོར་པས།། བྱ་བའི་དངོས་པོ་གང་ལ་ཡང།། ཆེད་དུ་མི་བརྟག་འདུ་ཤེས་བསྐྱུང།། རུང་དང་མི་རུང་དོན་མི་དཔྱད།། འཇིག་རྟེན་ཡུལ་ཆོས་དབང་མི་བཏང། ། དེ་དོན་ཆོས་ཉིད་གདེང་གིས་ཟིན།། རྟག་ཏུ་མི་བརྗེད་གཟུངས་ཀྱིས་བལྟ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་ལ་ཤེས་པ་ཞིབ་གྱུར་ན།། རྟོག་པ་ཞུགས་པས་ཆོས་ཉིད་གཡེངས།། དེ་ཕྱིར་གང་ལ་མ་བརྟགས་ན། ། སྣང་བ་ཆོས་ཀྱི་དབྱིངས་སུ་རྫོགས།། སངས་རྒྱས་ཆོས་སྐུ་ངེས་པའི་དོན།། སེམས་ཅན་ལུས་ཀྱི་བདེན་པ་མཐོང།། རང་གི་རིག་པ་ལྷག་མཐོང་གསལ།། དེ་ཕྱིར་བདེ་ལྡན་དམ་པའི་ལམ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན། ། འབྲས་བུ་ཡེ་ནས་སངས་རྒྱས་པ།། ད་ལྟ་ཉིད་དུ་ངེས་པར་འགྲུབ།། དེ་ཕྱིར་རྒྱུད་དག་སངས་རྒྱས་ཡིན།། ས་དང་ལམ་གྱིས་བཅོས་སུ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་རིག་པའི་ཆོས་སྐུ་འདི། ། ཡིད་ཀྱི་ཡུལ་དུ་མ་བསྒོམས་ཀྱང།། ལྟ་བའི་དོན་དང་འབྲལ་མེད་ཕྱིར།། རྣལ་འབྱོར་སྤྱོད་པ་ཅི་བྱེད་ཀྱང།། དེ་ཙམ་ཉིད་ན་འབྱུང་འཇུག་མེད།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཆོས་ཀྱི་སྐུའི་བསྒོམ་པ་ངོས་གཟུང་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། རང་སེམས་གནས་ཐབས་བཀའ་སྩལ་པ།། སྙིང་པོ་ཆོས་སྐུ་བསྒོམ་པ་ལ།། སྐྱོན་བསལ་ངང་ལ་གནས་ཐབས་ནི། ། ཉམས་ཀྱི་འབྱུང་ལུགས་རིམ་པའི་དོན།། འདུས་པའི་འཁོར་ལ་ངས་བཤད་ཉོན།། ཏིང་འཛིན་མི་མཐུན་སྐྱོན་འབྱུང་བ།། བྱིང་རྒོད་ཞེན་འཛིན་བསྒོམ་པའི་དགྲ།། མདོར་ན་ཅི་ཡང་རུང་བ་ལ། ། རང་རིག་སེམས་ཀྱིས་མྱོང་བ་འམ།། ཞེ་ལ་འཛིན་པའི་སྐྱོན་ཡིན་ནོ།། དེ་མེད་ངང་ལ་གནས་ཐབས་ནི།། ཡུལ་དང་སེམས་ཀྱི་ཆོས་རྣམས་ལ།། དང་པོར་ལྟ་བས་ངོས་ཟིན་ཕྱིར།། བརྟག་ཅིང་དཔྱད་དུ་མེད་རྟོགས་པས། ། སྔ་ཕྱིའི་དྲན་པ་རྒྱུན་བཅད་ལ།། རིག་པའི་རང་བཞིན་ཇི་ལྟ་བ།། གསལ་ལ་མི་རྟོག་མི་གཡོ་བ།། གྱི་ན་བཏང་སྙོམས་ངང་དུ་གཞག། དེ་ཚེ་ཏིང་འཛིན་རིག་པའི་ཡུལ།། སྒོ་ལྔའི་ཡུལ་ལ་ཕར་མི་དཔྱད། ། ཡིད་ཀྱིས་ཏིང་འཛིན་ཚུར་མི་འཛིན།། ཀུན་གཞི་མ་རིག་མུན་མེད་གསལ།། དེ་ཚེ་བྱུང་ཚོར་རང་ཞི་ནས།། ཆོས་སྐུ་སང་ངེ་རིག་པ་ལ།། མ་བཅོས་ཤེས་པའི་ངང་ལ་གཞག། དེར་བརྟན་ཏིང་འཛིན་གདེང་དུ་ཆུད། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཚེ་ཉམས་ཀྱི་རིམ་པ་ཡང།། ཡིད་ཀྱི་འགྱུ་བ་རྒྱུན་ཆད་དེ།། ཞེན་པའི་སྣང་བ་དང་བྲལ་ནས།། ནམ་ལངས་པ་ཡི་ནམ་མཁའ་བཞིན།། འཛིན་མེད་ཡེ་ཤེས་རང་ལ་གསལ། ། ཉིན་དང་མཚན་མོ་དབྱེ་རུ་མེད།། རེས་འགའ་སྔ་ཕྱིར་རྒྱུ་ན་ཡང།། དོན་དྲན་ཆོས་སྐུར་ལྷན་གྱིས་འགྲོ།། རེས་རྒྱུ་གཉེན་པོའི་དོན་དྲན་པས།། འཁོར་བ་རང་སར་གྲོལ་ཞེས་བྱ།། དེ་ཕྱིར་ཉམས་ཀྱི་གདེང་དང་ལྡན། ། དངོས་པོ་ཡུལ་དུ་རང་སྣང་ཡང།། འཛིན་ཅིང་དམིགས་པ་མེད་པའི་ཕྱིར།། གནོད་རྒྱུ་ཉམ་ང་གང་ཡང་མེད།། སྣང་བ་མི་སྐྱོན་ཐོབ་པའི་གདེང།། མདོར་ན་གང་རུང་ཅི་ལ་ཡང།། མི་བརྟག་མི་གཟུང་མི་དཔྱད་པར། ། གཟུགས་བརྙན་གཡོ་བ་ཡོད་གྱུར་ཀྱང།། ཆུ་ལ་གཡོ་བ་མེད་བཞིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ད་ལྟར་ལས་སུ་རུང་བ་ལ།། བྱ་བཙལ་བྲལ་བའི་རྣལ་འབྱོར་པར།། རང་བཞིན་མ་བཅོས་ངང་གིས་གསལ། ། དེ་ལ་རྟག་ཏུ་འབྲལ་མེད་པར།། འོད་གསལ་ཆོས་ཉིད་མཐོང་ཞེས་བྱ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཆོས་སྐུ་རྟོགས་པའི་ངང་ལ་གནས་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། །།། རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། ངོས་ཟིན་དོན་ལ་གནས་ཐབས་ནི།། མར་མེས་མུན་སེལ་སྣང་བ་བཞིན།། སྐད་ཅིག་གཅིག་གི་ཏིང་འཛིན་གྱིས།། བག་ཆགས་བརླག་པས་མ་རིག་སངས། ། དོན་ཉིད་ཡེ་ཤེས་དྲན་པ་ཡིན།། ཉོན་མོངས་ལས་ཀྱིས་གོས་པ་མེད།། དེ་བས་གདམས་ངག་དྲན་པས་ནི།། སྒྱུ་མ་སངས་ནས་འཁྲུལ་བྲལ་བཞིན།། མཚན་མའི་རྟོག་བྲལ་དོན་ཤེས་པས།། སྤྲོས་བྲལ་ཡེ་ཤེས་སྙིང་པོར་གནས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཞི་ཤེས་རང་བྱུང་དེ།། བསྒོམ་དང་མི་བསྒོམ་སྒྲོ་སྐུར་བྲལ།། དེ་ཉིད་ཉམས་སུ་བླངས་ཐབས་ནི།། ཐིགས་པས་སྣོད་ཆེན་ཁེངས་པ་བཞིན། ། ངོ་བོ་ཉིད་ཀྱི་ཆོས་སྐུ་ལ།། ཡང་ཡང་རིག་པས་གསལ་ཐེབས་ན།། གོལ་ས་མི་འབྱུང་སངས་རྒྱས་འགྲུབ།། དཔེར་ན་བུད་མེད་སྦྲུམ་མ་ནི།། སྐྱེ་བའི་དུས་སུ་ཟས་བསྟན་བཞིན།། ལུང་ལྡན་གདམས་ངག་ཡོད་པའི་མིས། ། རྐྱེན་གྱི་རྟོག་པ་ཅི་བྱུང་ཡང།། དེ་དུས་ངེས་དོན་ལྟ་དྲན་པས།། མ་བསྒོམས་དོན་དང་འབྲལ་བ་མེད།། རྒས་པས་ཉམ་ཆུང་བསྟེན་པ་བཞིན།། བླ་མ་མཁས་པ་དོན་ལྡན་ལ།། རྟག་ཏུ་བསྙེན་ཅིང་གུས་བྱས་ན། ། འབྲས་བུ་ཆོས་སྐུ་མྱུར་དུ་སྟོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་དོན་གྱི་གདེངས་ལྡན་ཡང།། དུས་དྲུག་རྐྱེན་ཐུབ་བར་དུ་ནི།། འཁོར་འདས་ཡུལ་གྱིས་མི་བསླད་ཕྱིར།། ཡེ་ཡིན་དོན་ལ་བརྗེད་མི་བྱ། ། རྒྱལ་པོ་མི་འགྲོ་འཁོར་སྡུད་བཞིན།། ཆོས་ཉིད་མ་བསྒོམས་སྐུ་གསུམ་འབྱུང།། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ།། དཔེར་ན་སྒྱུ་མ་མཁས་པ་ཡིས།། སྤྲུལ་པའི་སྲོག་ནི་གཅོད་ཙམ་ན།། སྲོག་མེད་སྒྱུ་མ་ཡིན་ཤེས་ལྟར། ། རང་རིག་ལྟ་བའི་དོན་ཡོད་པས།། དུག་ལྔ་སྤྱོད་ཚེ་ཡེ་ཤེས་འཆར།། ངོ་བོ་ཉིད་ལས་བསྒྲིབ་མེད་ཤེས།། དེ་ཚེ་ཉོན་མོངས་ཅི་སྤྱད་ཀྱང།། སྐྱོན་གྱིས་མི་གོས་རང་བྱུང་འཆར།། དེ་ཉིད་མི་བརྗེད་རྟོགས་པའི་ཕྱིར། ། ཆེད་དུ་བྱས་ལ་བསྒོམ་མི་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་སེམས་རྟོགས་པའི་བསྒོམས་པ་ལ།། ཅིག་ཆར་བསྟུན་ཏེ་འཇུག་ནུས་ན། བསྒོམ་པའི་ཐུན་ལ་རིང་ཐུང་མེད།། ནམ་འགྲུབ་སྙམ་པའི་ཁར་མ་ལུས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་དགོངས་པ་ཇི་ལྟ་བ།། ད་ལྟ་ཉིད་དུ་བླང་བའི་ཕྱིར།། རང་སེམས་ཀུན་གཞི་གཞི་ཡི་དོན།། ཡང་དག་ཉིད་དུ་ངོས་ཟིན་པས།། རང་བྱུང་ཆོས་སྐུ་རྒྱལ་བའི་ཐུགས། ། སེམས་ཅན་བློ་ཡིས་གོ་བའི་ཕྱིར།། མ་རིག་སངས་པས་གཏི་མུག་བྲལ།། དེ་ཕྱིར་ཚེགས་མེད་རྒྱལ་བའི་བཀའ།། དེ་རྒྱུད་ལུང་ལྡན་སྒྲོན་མ་འདི།། དད་ལྡན་བློ་ལ་ཤར་བའི་ཕྱིར།། ཡིད་ཆེས་གདེང་དང་བྲལ་མེད་པས། ། བྱང་ཆུབ་ཆོས་སྐུ་ཐག་མི་རིང།། མ་ནོར་སངས་རྒྱས་ཆོས་ཉིད་དུ།། ད་ལྟ་ཉིད་དུ་ངེས་པར་ཤེས།། དེ་ཕྱིར་འཁོར་བ་མིང་ཡང་མེད།། བླ་མེད་བྱང་ཆུབ་སྨོས་ཅི་དགོས།། དུས་གསུམ་སངས་རྒྱས་ངེས་པའི་དོན། ། བསྟན་པ་ཙམ་གྱིས་རྟོགས་པའི་ཆོས།། དུས་འདིར་ཡིད་ཆེས་གདེང་དུ་འགྱུར།། རིག་འཛིན་ཀུན་དང་ད་ལྟ་མཉམ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་མ་རིག་གློ་བུར་དེ།། ལུང་ལྡན་རྐྱེན་གྱིས་དུས་འདིར་བརླག། དེ་ཕྱིར་རང་བྱུང་རྟོགས་པའི་རྩལ།། ཐ་མལ་ལུས་ལ་རྒྱལ་བའི་ཐུགས།། ཀུན་འབྱུང་རིན་ཆེན་གཏེར་ཆེན་འདི།། དད་ལྡན་སེམས་ལ་གསལ་བའི་ཕྱིར།། བསྒྱུར་དུ་མི་འདོད་ཡིད་ཆེས་བློས། ། རྟག་ཏུ་འབྲལ་མེད་ཡེ་ཤེས་གསལ།། དེ་ཕྱིར་ལུང་ལྡན་དགོངས་པ་འདི།། ཕྱི་མ་མ་ཡིན་དུས་འདི་རང།། ད་ལྟ་ཉིད་དུ་ཡིན་ཤེས་ན།། རྟོགས་པ་མངོན་གྱུར་སངས་རྒྱས་ཡིན།། ཆོས་སྐུ་ཡང་དག་བྱ་བ་ནི། ། ཀུན་གཞིའི་ནང་ན་རང་རིག་གསལ།། དེ་ཉིད་ཡོད་པར་ངོ་ཤེས་ཕྱིར།། དམན་པའི་ལུས་ལ་ཡེ་ཤེས་ཐུགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ད་ལྟའི་ཤེས་པ་འདི་ཉིད་ལ།། ངོས་གཟུང་མེད་པར་རང་ལུགས་སུ། ། དེ་ཉིད་མ་བཅོས་རང་གསལ་བ།། ཀུན་བཟང་རྒྱལ་བའི་དགོངས་པ་ཡིན།། རང་རིག་ཡེ་གནས་བསྒོམ་པ་ནི།། མ་བྲལ་མ་བྱིང་ཤེས་པ་ལ།། དོན་གསལ་ཡིད་ལ་མི་རྟོགས་པས།། རྒྱུན་དུ་མི་འབྲལ་ཡེ་ཤེས་སྐུ། ། ཡུལ་འདི་གཞི་ལ་མེད་ཤེས་ཕྱིར།། ཡང་དག་ལྟ་བ་བལྟ་རུ་མེད།། དེ་ཕྱིར་བསྒོམ་པའི་ཡུལ་ལས་འདས།། དེ་ཉིད་རང་བྱུང་བྱང་ཆུབ་སེམས།། སྣང་མེད་རིག་པའི་བལྟ་བ་ལ།། བརྗེད་མེད་ཡེ་ཤེས་རྒྱུན་མི་འཆད། ། དེ་ཕྱིར་འབྲལ་མེད་སྤྱོད་པའི་གཟུངས།། འབྲས་བུའི་ཆོས་སྐུ་ད་ལྟ་རྟོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འགྱུར་མེད་ཏིང་འཛིན་ད་ལྟའི་སེམས།། རང་བྱུང་ཡིན་ཕྱིར་རྒྱུ་རྐྱེན་མེད།། འདུས་མ་བྱས་ཕྱིར་རིག་པའི་རྒྱུན། ། དུས་གསུམ་མི་འགྱུར་རྒྱལ་བའི་ཐུགས།། རང་གསལ་རིག་པ་ཆོས་སྐུ་ལ།། བཅོས་ཐབས་གཉེན་པོ་མི་དགོས་ཕྱིར།། ཆེད་དུ་གཏད་ལ་བསྒོམ་མི་དགོས།། དེ་ཕྱིར་འབྲལ་མེད་ཏིང་འཛིན་མཆོག། ཡང་དག་ཆོས་ཉིད་ཞེས་བྱ་བ།། སེམས་ཅན་རིག་པའི་དོན་ཤེས་ན།། དེ་ཉིད་རྒྱལ་བའི་དགོངས་པ་སྟེ།། དེ་ལས་གཞན་དུ་བཙལ་དུ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལན་གཅིག་དུས་ཀྱི་དེང་སང་ན། ། གདམས་ངག་མེད་པར་བསྒོམ་ཚུལ་སྟོན།། དོན་དང་མཐུན་པའི་ཉམས་མེད་ཕྱིར།། ལུང་ལྡན་རྣམས་ལ་སྒྲོ་སྐུར་འདེབས།། དེ་ཕྱིར་ངེས་དོན་གསང་བ་གཅེས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་དེས།། འབྲལ་མེད་རིག་སྤྱོད་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། ། མ་འདྲེས་ཡོངས་རྫོགས་ཆོས་ཀྱི་སྐུ།། མི་སྐྱེས་མི་འགག་རྒྱུན་དུ་སྤྱོད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བསམ་འདས་དོན་གསལ་ཡིད་ལ་གནས།། གསང་སྔགས་ངོ་བོ་ཉིད་ཀྱི་སྐུ།། སངས་རྒྱས་སེམས་ཅན་གཉིས་ཀྱི་གསང། ། རང་གསལ་དམ་པའི་སྙིང་པོ་འདི།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། ཡང་དག་བྱང་ཆུབ་སེམས་ལ་ནི། མི་དམིགས་པ་ཡང་སྤྱད་དུ་མེད།། མི་གནས་པར་ཡང་བསམ་དུ་མེད།། དེ་ཕྱིར་བྱ་བྲལ་ནམ་མཁའ་ཆེ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་བཅོས་རང་བྱུང་དེ་བཞིན་ཉིད།། སྤྱད་དུ་མེད་པའི་ཆོས་ཉིད་ལ།། མ་བསྒོམས་དམིགས་སུ་མེད་པ་སྟེ།། ཏིང་ངེ་འཛིན་ཞེས་བཏགས་པ་ཙམ།། མ་རྟོགས་པར་ཡང་མི་སེམས་པར། ཀུན་ལ་ཁྱབ་པ་ཡེ་ཤེས་ལ།། ཀུན་ཤོང་བྱར་མེད་སྤྱོད་པའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་གི་ངོ་བོ་ཉིད་རྟོགས་ཕྱིར།། ཡུལ་འདི་སེམས་སུ་མི་སྡུད་པས།། སྤྱད་པའི་ཡུལ་ཡང་མེད་པར་འགྱུར། ། གང་གིས་གང་ལ་བསམ་ཞིང་དཔྱད།། དཔེར་ན་ནམ་མཁའ་སྟོང་པ་ལ།། དམིགས་པར་མི་བྱེད་སྡུད་མི་བྱེད།། དེ་བཞིན་སེམས་ཀྱིས་སེམས་བསྒོམ་དུ།། ངོ་བོ་འདི་འདྲ་དམིགས་སུ་མེད།། སྐྱོན་ཡོད་གང་ཡང་མ་དཔྱད་ན། ། གོལ་དང་སྒྲིབ་པར་ཅི་ལ་འགྱུར།། སྤྱོད་པའི་མཆོག་ཏུ་འདི་ཉིད་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་དག་རྟོགས་པའི་རིག་སྤྱོད་ནི།། འགྲོ་འཆག་འདུག་དང་ཉལ་ལ་སོགས། ། རྐྱེན་ཐུབ་དྲུག་གི་གདམས་ངག་གིས།། དུས་དང་རྣམ་པ་ཐམས་ཅད་དུ།། རང་བྱུང་རིག་པའི་ཡེ་ཤེས་སྤྱོད།། ད་ལྟའི་ལུས་བཅས་རིག་པའི་རྒྱུན།། མ་བརྗེད་རྟག་ཏུ་དོན་དྲན་ན།། བྱ་བ་མེད་པའི་སྤྱོད་པ་སྟེ། ། ངང་ངམ་ཤུགས་ལ་རྒྱུད་དུ་སྤྱད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཤེས་རབ་སྤྱོད་པ་ལྟ་བའི་གཟུངས།། ལུས་ངག་ལས་ཀྱི་བྱ་བ་རྣམས།། གང་ཡང་མི་འགལ་དོན་དྲན་ཕྱིར།། དགག་སྒྲུབ་མེད་ཤེས་སྤྱོད་པའི་མཆོག། ཐབས་ཀྱི་སྤྱོད་པ་མཐུན་འཇུག་སྟེ།། དགེ་བཅུ་ཆོས་སྤྱོད་ལུས་ངག་ལས།། གཞན་དག་དགེ་ལ་གཟུད་པའི་ཕྱིར།། རྟོགས་ལྡན་རྣམས་ཀྱིས་ཆེད་དུ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཤེས་རབ་ཐབས་ཀྱི་སྤྱོད་པ་ཡང། ། རིག་སྤྱོད་ལྟ་བ་དྲན་པའི་གཟུངས།། ཡུལ་མེད་ཕྱིར་ན་སྐྱོན་དང་བྲལ།། མངོན་རྟག་འཛིན་མེད་རྒྱུན་དུ་སྤྱད།། ལྟ་བས་ཟིན་པའི་ཆོས་སྤྱོད་རྣམས།། ཡེ་ཤེས་རྫོགས་ཆེན་ཆོས་ཀྱི་སྐུ། ། རྣལ་འབྱོར་རིག་པའི་དོན་ལྡན་ལ།། ད་ལྟ་ཉིད་དུ་རྫོགས་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུན་དུ་མི་འབྲལ་རང་རིག་འདི།། ཉམས་མྱོང་མེད་པར་རང་གསལ་བ།། དེ་ཉིད་ཉམས་ཀྱི་དམ་པའི་མཆོག། མི་འཛིན་མི་སྤྱོད་རང་གསལ་ཙམ།། འབྲལ་མེད་རྒྱུན་གྱི་སྤྱོད་པར་བཤད།། གལ་ཏེ་མཚན་མ་རྒྱུ་ན་ཡང།། དོན་དྲན་དགག་སྒྲུབ་མེད་ཤེས་པས།། སངས་རྒྱས་ལྟ་སྒོམ་ངོ་བོར་གཅིག། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ། ། དོན་དྲན་སྤྱོད་པ་ཡིན་པའི་ཕྱིར།། མ་དྲན་གཉིད་དང་ཉོན་མོངས་པ།། རང་དགར་སོང་ཚེ་དེ་ཉིད་ལ།། ངོ་བོ་ཉིད་དྲན་གནོད་མི་ནུས།། དེ་ལྟ་ཉིད་ནི་ཡིན་ཤེས་ཕྱིར།། ཆེད་དུ་བྱས་ལ་སྤྱོད་དུ་མེད། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། དུག་ལྔ་རང་གྲོལ་བཀའ་སྩལ་པ། ། རང་སེམས་དོན་རྟོགས་སྤྱོད་པ་ཡང།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་འཁོར་བ་དེ།། ངེས་པའི་གདེངས་ལྡན་རྣལ་འབྱོར་པས།། རྒྱུ་མཐུན་བག་ཆགས་མི་གསོག་གོ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕོ་མོ་དུས་གསུམ་སྦྱར་གྱུར་ཀྱང།། རོ་མྱགས་འདམ་དུ་མི་སྐྱེ་སྟེ།། ཀུ་མཱ་ར་ཡི་དཔེ་བཞིན་དུ།། ལུང་ལྡན་འདོད་ཆགས་ཅི་སྤྱད་ཀྱང།། དེ་ཉིད་དུས་ན་རང་གྲོལ་ནས། ། འབྲས་བུ་མི་འབྱུང་མངོན་སངས་རྒྱས།། ཕྱི་རོལ་མི་ཡི་ཟས་ནོར་ལ།། རྐུ་འཕྲོག་སྣ་ཚོགས་བྱས་གྱུར་ཀྱང།། ཡི་དྭགས་གནས་སུ་མི་སྐྱེ་སྟེ།། འཇོམས་བྱེད་འཕྲེང་བའི་དཔེ་བཞིན་དུ།། ངེས་དོན་རྐྱེན་ཕྲད་དུས་དེ་རུ། ། མངོན་པར་བྱང་ཆུབ་འབྲས་བུ་ཐོབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འགྲོ་དྲུག་སེམས་ཅན་མ་ལུས་པ།། ཞེ་སྡང་མནར་སེམས་སྲོག་བཅད་ཀྱང།། དམྱལ་བའི་སྡུག་བསྔལ་ཡ་མི་ང།། རྒྱལ་པོ་གཏུམ་པོའི་དཔེ་བཞིན་དུ། ། གདམས་ངག་ངེས་པའི་དོན་གོ་ཕྱིར།། སྐྱེ་འཆི་མེད་པར་མངོན་སངས་རྒྱས།། མ་རིག་འཁྲུལ་པའི་བག་ཆགས་ཀྱིས།། གཏི་མུག་མུན་པ་འཐིབས་པ་ཡིས།། བྱོལ་སོང་གནས་སུ་མི་སྐྱེས་སྟེ།། ཆུ་ནས་བཏོན་པའི་མི་ངན་བཞིན། ། ལས་ངན་རྐྱེན་གྱིས་རང་སེམས་རྟོགས།། གཞན་གྱིས་མཐོང་བར་མངོན་སངས་རྒྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ང་རྒྱལ་ལས་ངན་བསྐྱེད་གྱུར་ཀྱང།། ལྷ་མིའི་སྡུག་བསྔལ་མི་འབྱུང་སྟེ། ། རྒྱན་པོ་རྒྱལ་བའི་དཔེ་བཞིན་དུ།། དགེ་སློང་རྐྱེན་གྱིས་རང་སེམས་རྟོགས།། དེ་ཉིད་དུས་སུ་མངོན་སངས་རྒྱས།། གཞན་ལ་ཕྲག་དོག་ལས་བྱས་ཀྱང།། ལྷ་མིན་འཐབ་བརྩོད་ལས་མི་འབྱུང། ། དབང་ཕྱུག་འཁོར་བཅས་དཔེ་བཞིན་དུ།། བྲིད་བསྡིགས་རྐྱེན་གྱིས་རང་བྱུང་ངོ།། དེ་ཉིད་དུས་ན་མངོན་སངས་རྒྱས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་ལོག་རྟོག་ཚན་པོ་ཆེ།། གཞན་གྱི་རྐྱེན་གྱིས་མི་བཟློག་ཕྱིར། ། དུག་ལྔ་རང་ལ་བརྟེན་ཏེ་བཟློག། མཐུན་པར་བསྟན་པས་ངེས་པར་བཟློག། ངེས་དོན་རྟོགས་པའི་རྣལ་འབྱོར་པས།། དུག་ལྔ་སྤྱད་ཀྱང་རང་གྲོལ་བ།། ཐ་མལ་པ་ཡང་དེ་འདྲ་ན།། སྦྱངས་པའི་འཕྲོ་ཅན་སྨོས་ཅི་དགོས། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། མཐུན་འཇུག་ཐབས་ཀྱི་སྤྱོད་པའི་དོན། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཐེག་དམན་རྣམས་དང་སྒོ་བསྟུན་ཕྱིར།། ཤེས་རབ་རིག་པའི་སྤྱོད་པ་དང།། སྙིང་རྗེ་ཐབས་ཀྱི་སྤྱོད་པ་དང།། ལུས་ངག་མཐུན་འཇུག་སྤྱོད་པ་བྱ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་རྟོགས་ཤེས་རབ་སྤྱོད་པ་ནི།། ཕྱི་ནང་དངོས་པོ་ཅིར་མཐོང་ཡང།། འཁྲུལ་པ་ཡིན་པར་ཡིད་ཆེས་པས།། དམ་པར་མི་བལྟ་དྲན་པའི་གཟུངས།། ཅི་གོམས་ལས་སུ་རུང་བའི་བར། ། རྩོལ་བ་མེད་པའི་བརྩོན་འགྲུས་ཀྱིས།། ངེས་པའི་དོན་དང་མཐུན་པར་སྤྱད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཐུན་འཇུག་ཐབས་ཀྱི་སྤྱོད་པ་ཡང།། ཡེ་ཤེས་སྙིང་རྗེ་ཆེན་པོ་ཡིས།། མ་རིག་ལོག་པའི་སེམས་ཅན་ལ། ། བསམ་པ་བཟང་པོའི་ངེས་དོན་གྱིས།། རང་གི་ཏིང་འཛིན་མ་ཉམས་པར།། སེམས་ཅན་ཀུན་ལ་ཕན་དོན་དུ།། མདོ་རྒྱུད་སྨོན་ལམ་རྒྱ་ཆེར་གདབ།། སྒྲིབ་སྦྱོང་ཚོགས་བསགས་སྣ་ཚོགས་བྱ།། གཞན་དག་དགེ་ལ་གཟུད་པ་དང། ། ཐེག་དམན་སྐུར་པ་སྤང་པའི་ཕྱིར།། དགེ་སྡིག་ཤན་ཐང་ཕྱེད་པར་བྱ།། དངོས་པོར་མི་བྱ་ལྟ་བས་གཟུང།། མི་དམིགས་གསང་བར་རྒྱུད་དུ་སྤྱད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྒོ་གསུམ་རྣལ་འབྱོར་སྤྱོད་པ་ཡང། ། བདེ་སྡུག་ན་ཚ་སྣ་ཚོགས་དང།། གཞན་གྱི་ནོར་འཕྲོག་བརྡེག་པ་དང།། གཤེ་སྤྱོ་མཚང་འབྲུ་ལ་སོགས་པར།། གཉེན་པོའི་གདམས་ངག་དྲན་བྱས་ལ།། ཉོན་མོངས་དབང་དུ་མི་གཏང་བར། ། ལས་ངན་བག་ཆགས་ཡིན་བསམ་ལ།། ཆོས་སྐུ་དྲན་པ་བརྗེད་མི་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དོན་དམ་རིག་པའི་རྣལ་འབྱོར་པས།། གཞན་གྱི་སྐྱོན་དང་ཡོན་ཏན་ལ།། སྨད་བསྟོད་མི་བྱ་བཏང་སྙོམས་གཞག། འཇིག་རྟེན་བྲེ་མོའི་གཏམ་རྣམས་ལ།། འདུ་འཛི་འཕྱར་གཡེང་ཅི་ཆུང་འབད།། ང་རྒྱལ་ཁེངས་བསྐྱུངས་ཤེས་འཕང་སྨད།། དུས་རྣམས་ཀུན་ཏུ་ཞི་བར་བྱ།། ཆེ་ཚིག་རང་བསྟོད་མི་བྱ་བར།། བག་མ་གསར་པའི་ཚུལ་བཞིན་དུ། ། འཇམ་ཞིང་ཞི་བར་རྟག་ཏུ་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མདོར་ན་སྤྱོད་པ་དེ་དག་གིས།། སྔ་ཕྱི་རྟོག་པ་བརྟས་པ་ཡང།། ཇེ་ཞི་ཇེ་ཕྲ་རང་བརླག་ནས།། ཆོས་སྐུ་ཡེ་ཤེས་ལྷུན་གྱིས་གྲུབ། ། ཉི་མ་ལ་ནི་ཟེར་འབྱུང་བཞིན།། ཞིང་ཁམས་ཡེངས་སུ་དག་པ་ལ།། སྐུ་གསུང་ཡོན་ཏན་ཕྲིན་ལས་སོགས།། ཆེ་བའི་ཡོན་ཏན་མ་ལུས་འབྱུང།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མཐུན་འཇུག་ཐབས་ཀྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འབྲས་བུ་རིམ་འབྱུང་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང། ། དེ་ཡང་འཁོར་རྣམས་ལེགས་པར་ཉོན།། གནས་པའི་ཏིང་འཛིན་དོན་ལྡན་པས།། ཡེ་ཤེས་བག་ཆགས་ཆ་བསྙམ་ཕྱིར།། གསལ་ལ་མི་རྟོག་དུས་མཉམ་པས།། འདོད་ཁམས་ལྷར་ནི་སྐྱེ་དབང་ཡོད།། དེ་ཚེ་འཕོས་ནས་ཆོས་ཉིད་མཐོང། ། མི་གཡོ་བ་ཡི་ཏིང་འཛིན་གྱིས།། རྣམ་རྟོག་དེ་ཉིད་ཟིལ་ནོན་པས།། གཙང་མ་རིས་ཀྱི་ལྷར་སྐྱེས་ནས།། དེ་ཉིད་དུས་ན་མངོན་སངས་རྒྱས།། མཉམ་ཉིད་ལྡན་པའི་ཏིང་འཛིན་གྱིས། ། ལུས་བྲལ་སྐད་ཅིག་དེ་ཉིད་ལ།། འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ།། དེ་ཡང་དཔེ་མེད་ཀུན་བཟང་ཐུགས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། མཉམ་པའི་དོན་ལ་ཡེ་གནས་པས།། འབྲས་བུའི་རིག་པ་ད་ལྟ་ཉིད། ། དེ་དོན་མི་བརྗེད་ཡེ་དྲན་ཕྱིར།། མཚན་མའི་ཡུལ་ལ་མ་ཞེན་པས།། ཡུལ་ཉིད་སེམས་སུ་སྡུད་བྱེད་པ།། གཟུགས་ཁམས་གནས་སུ་ལྷུང་མི་འགྱུར།། རང་སེམས་རྟོགས་པ་མངོན་གྱུར་པས།། རེ་དང་དོགས་པའི་བློ་བྲལ་ཕྱིར། ། གང་ཡང་འཛིན་མེད་ཐུགས་ལ་གསལ།། ཉན་ཐོས་ས་རུ་ལྟུང་མི་འགྱུར།། དང་པོ་བལྟ་བ་བདག་མེད་ཕྱིར།། མཚན་མའི་ཡུལ་ལ་མ་ཞེན་པས།། ཡུལ་ཉིད་སེམས་སུ་སྡུད་པ་མེད།། འདོད་ཁམས་གནས་སུ་ལྟུང་མི་འགྱུར། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའ་ཉི་ཤར་མུན་པ་མེད།། དེ་བཞིན་རང་རིག་ཆོས་སྐུ་ལ།། མ་རིག་མེད་པས་ཡེ་ཤེས་ཤར།། སངས་རྒྱས་ཐུགས་ལ་འཆར་ནུབ་མེད།། དེ་ཕྱིར་འབྲས་བུ་སངས་རྒྱས་ཆོས། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲས་བུ་ལྟུང་མེད་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ། ། ཐུགས་ཀྱི་གདེང་ཆུད་སྐལ་ལྡན་ལ།། མི་ནུབ་ཕྱོགས་ཀྱི་གཏེར་དུ་ནི།། དུས་གསུམ་རྒྱལ་བའི་ཆོས་ཀྱི་སྐུ།། རང་བྱུང་ཐུགས་ལ་གསལ་བའི་དོན།། མཉམ་ཉིད་འགྲོ་དོན་བྱེད་པའི་ལམ། ། ཚད་མ་རང་གི་དབང་ཕྱུག་གིས།། རྗེས་གསོབ་ཐུགས་ཀྱི་སྲས་མཆོག་ལ།། སྐྱེ་འགགས་འཁོར་བའི་སྤོང་ལེན་མིན།། བདག་དང་བྲལ་བ་རྒྱལ་བའི་ཐུགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འབྲལ་མེད་པའི་ཡེ་ཤེས་ལུས། ། རིག་པ་ཕྱོགས་མེད་བྱང་ཆུབ་འཆར།། སོ་སོར་མ་ཡིན་ཡེ་ནས་གཅིག། དེ་ཕྱིར་ཡོན་ཏན་བསྟན་པ་བཀའ།། བྱང་ཆུབ་ངང་དུ་ཐམས་ཅད་འདུས།། མཁའ་མཉམ་དབང་ཕྱུག་ཆེན་པོའི་ཐུགས། ། ཡེ་ཤེས་སངས་རྒྱས་ཀུན་དང་མཉམ།། སྡེ་སྣོད་ཆོས་རྣམས་ཐུགས་ལ་རྫོགས།། དེ་ཡི་ཡོན་ཏན་ཆེན་པོ་ནི།། ཞེ་འདོད་རིགས་ལྔར་མ་གྲུབ་ཀྱང།། རང་གི་སེམས་ལ་སངས་རྒྱས་ཚང།། དེ་ཉིད་འབྲས་བུ་དམ་པར་གསུངས། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྔོན་ཚེ་རྣམ་གཟིགས་བསྟན་པ་ལ།། བྲམ་ཟེ་དཔལ་ལྡན་བྱ་བའི་བུས།། རང་སེམས་རྟོགས་པའི་དོན་མེད་པར།། གཞན་ནས་འབྲས་བུ་ཞེ་འདོད་ཀྱིས། ། རིགས་ལྔའི་སངས་རྒྱས་ནམ་འགྲུབ་ཅེས།། ཡིད་ལ་བསམས་ཤིང་ལྷ་བསྒོམ་པས།། འབྲས་བུ་མེད་ཅིང་འཁོར་བར་སྐྱེས།། དེ་ཕྱིར་རེ་དོགས་མེད་པར་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རེ་མེད་དོན་ནི་དྲན་བྱས་ན། ། ཆོས་ཉིད་སངས་རྒྱས་ས་ལ་གནས།། དོགས་མེད་དོན་ལ་མ་ཡེངས་ན།། སྒྲིབ་པ་སྦྱངས་པའི་ཐབས་མི་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངོ་བོ་ཉིད་ཀྱི་ཆོས་སྐུ་ལ།། གང་ཡང་མ་འགགས་ནམ་མཁའ་བཞིན། ། འཁོར་འདས་ཞེན་མེད་འབྲས་བུ་མིན།། དེ་ཉིད་རང་སེམས་སྙིང་པོར་ཤར།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། ཆོས་ཉིད་རང་ཆས་དོན་རྟོགས་ན།། བསྒོམ་ཞིང་བསྒྲུབ་པའི་ནད་དང་བྲལ།། ཡེ་ཤེས་ངོ་བོ་ད་ལྟའི་སེམས། ། རེ་དོགས་མེད་ཤེས་འབྲས་བུའི་མཆོག། དུས་གསུམ་རང་སེམས་འགྱུར་མེད་དོན།། མེད་ལ་མི་ཟད་རང་བྱུང་ཐུགས།། སངས་རྒྱས་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རེ་དོགས་མེད་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། བདག་དོན་རྟོགས་པའི་འབྲས་བུ་ནི།། ངེས་པར་འཁོར་ལ་བཀའ་སྩལ་པ། ། ཡེ་ནས་རང་ལ་གནས་པའི་དོན།། རང་བྱུང་སྙིང་པོ་ཆོས་སྐུ་འདི།། ལུང་ལྡན་རྐྱེན་གྱིས་རྟོགས་ཙམ་ན།། འཁོར་བའི་མིང་མེད་ཡེ་ཤེས་རྒྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་སེམས་ལ་དབང་ཐོབ་པས། ། ཅི་སྤྱོད་ཆོས་སྐུར་གསལ་བ་ལས།། ཞེན་འཁྲུལ་རྟོག་པ་མིང་ཡང་མེད།། ཐམས་ཅད་ཡེ་ཤེས་ཟང་ཐལ་ཉིད།། དེ་ལྟར་རྟོགས་པའི་རྣལ་འབྱོར་ལ།། མ་རིག་མེད་ཕྱིར་འཁོར་བ་བྲལ།། ཉོན་མོངས་རྩ་བ་གཏན་ནས་བརླག། ཕྱི་མར་སྐྱེ་བའི་རྒྱུ་མི་གསོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐྱེ་བ་མི་ལེན་རང་བྱུང་སྐུ།། དེ་ལ་ཡོན་ཏན་བརྗོད་མི་ལངས།། དེ་ཕྱིར་འབྲས་བུ་དུས་འདིར་སྨིན།། རྐྱེན་གྱིས་མི་འཇིགས་བརླག་པ་མེད། ། སེམས་རྟོགས་ཤེས་པ་འདི་ལས་ནི།། བྱང་ཆུབ་ཐོབ་ཏུ་རེ་བ་མེད།། སངས་རྒྱས་ཡོན་ཏན་ཐམས་ཅད་ཀྱང།། རྟོགས་པ་འདི་ཡི་རྩལ་ཡིན་ཕྱིར།། རེ་བའི་རྩོལ་བས་བསྒྲུབ་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སེམས་རྟོགས་འཁོར་བ་མེད་པའི་ཕྱིར།། འགྲོ་དྲུག་སེམས་ཅན་ཡེ་ནས་མེད།། དེ་ཕྱིར་འཁོར་བ་དོང་སྤྲུག་ཆོས།། དེ་རྟོགས་རང་རིག་ཡེ་ཤེས་སྐུ།། དེ་ཡི་འབྲས་བུ་ད་ལྟ་འབྱུང། ། ཤིན་ཏུ་དད་ལྡན་རྣལ་འབྱོར་ལ།། ཚོགས་བསགས་སྒྲིབ་སྦྱངས་ཐབས་མི་དགོས།། ནོར་བུ་རིན་ཆེན་རྙེད་པ་ལ།། འཇིག་རྟེན་སོ་ནམ་མི་དགོས་བཞིན།། རང་སེམས་ཆོས་སྐུར་སངས་རྒྱས་ནས།། གཞན་ནས་བསྒྲུབ་ཅིང་བསྣན་མི་དགོས། ། དེ་ཕྱིར་ལས་མེད་སྤྱོད་ཡུལ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་ལུས་ལ་རྒྱལ་བའི་ཐུགས།། ཟབ་ལ་རྒྱ་ཆེ་གཏིང་ཟབ་པས།། བློ་ཡི་གཏིང་དུ་ངེས་པར་གོ།། དེ་ལ་འབྲས་བུ་དུས་འདིར་རྟོགས། ། དེ་ཕྱིར་རྟོགས་པ་མངོན་གྱུར་པའི།། སངས་རྒྱས་ཞེས་ནི་དེ་ལ་བྱ།། དེ་ཡིས་མཐོང་སྣང་སྣ་ཚོགས་ཏེ།། རང་རིག་ཆོས་སྐུ་གཅིག་གཅིག་ལ།། བྱང་ཆུབ་སེམས་དཔའ་ལས་དག་པས། ། ལོངས་སྤྱོད་རྫོགས་པའི་སྐུ་རུ་མཐོང།། ཉན་ཐོས་སྒྲིབ་པ་ཆུང་བ་ལ།། སྤྲུལ་སྐུ་ཐུབ་པ་ཆེན་པོར་མཐོང།། ངེས་དོན་རྟོགས་པའི་རྣལ་འབྱོར་པས།། རང་རིག་སྐྱོན་བྲལ་ཆོས་སྐུར་མཐོང།། དེ་ཕྱིར་རང་སེམས་རྟོགས་པ་གཅེས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་མཐོང་བ་སོ་སོ་ཡང།། རྟོགས་པ་ཆེ་ཆུང་བྱེ་བྲག་ལས།། ལོགས་ན་ཡོད་པ་མ་ཡིན་ཏེ།། ཉི་མ་དང་ནི་ཟེར་བཞིན་དུ།། དུས་འདིར་རྟོགས་པས་སངས་རྒྱས་ཏེ། ། ད་ལྟ་ཉིད་དུ་འབྲས་བུ་ཐོབ།། དེ་ཕྱིར་ལུང་ལྡན་རྟོགས་པ་ལ།། རང་དོན་ཆོས་སྐུ་སངས་རྒྱས་འབྱུང།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། བདག་དོན་རྟོགས་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ། །།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། སྣང་མེད་བལྟ་བའི་རིག་པ་ལས།། མ་བཙལ་འགྱུར་མེད་ཆོས་ཀྱི་སྐུ།། བག་ཆགས་མེད་པས་ཡུལ་དང་བྲལ།། ད་ལྟ་ཉིད་དུ་རང་བྱུང་སྐུ། ། དངོས་མེད་ནམ་མཁའི་མཐའ་དང་མཉམ།། ཤེས་རིག་གསལ་བས་ཁྱད་པར་འཕགས།། དེ་ལ་འགྲན་ཟླ་གང་ཡང་མེད།། རྟོགས་པའི་ཡོན་ཏན་བརྗོད་མི་ལངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། རང་སེམས་རིག་པ་རང་བྱུང་དེ།། ཡེ་མེད་དོན་ཤར་བྱང་ཆུབ་སྐུ།། སྤྱི་མཐུན་ཉི་མ་སྟོང་བས་གསལ།། དེ་ཉིད་རྟོགས་པས་གོམས་མི་དགོས།། ཡེ་ཤེས་རིག་པ་གསལ་བ་དེས།། མ་རིག་མུན་པ་གདོད་ནས་མེད། ། བག་ཆགས་ཉོན་མོངས་རྩད་ནས་བརླག། དགོངས་པ་སངས་རྒྱས་ཀུན་དང་མཉམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་རྒྱ་མཚོར་རླབས་སུ་འབྱུང།། དེ་བཞིན་དོན་རྟོགས་རྣལ་འབྱོར་པས།། སྤྱོད་པ་འབྲལ་མེད་ཡེ་ཤེས་ཀློང། ། དུས་བཞིར་ཡེ་ཤེས་རྒྱུན་མི་འཆད།། དོན་འདི་རྟོགས་པའི་སྤྱོད་པ་སྟེ།། ཚོགས་བསགས་སྒྲིབ་སྦྱང་ས་བཅུ་པས།། སྐད་ཅིག་འདི་དྲན་ཁྱད་པར་འཕགས།། ལུས་ངག་རྩོལ་མེད་རིག་སྤྱོད་བདེ། ། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། རང་དྲིན་འབྲས་བུ་རང་ལ་ཆེ།། གཟུགས་དང་བྲལ་བས་སྐྱེ་འཆི་མེད།། རང་ལས་བྱུང་བའི་ཡེ་ཤེས་སྐུ།། ཡུལ་མེད་རིག་པ་མངོན་སངས་རྒྱས།། འདི་རྟོགས་འབྲས་བུ་ལྷུན་གྲུབ་བདེ། ། བསམ་པ་ཙམ་གྱིས་ལྷུན་གྱིས་གྲུབ།། མཆིང་བུ་རིན་ཆེན་ཁྱད་པར་ལྟར།། སྐྱེ་བ་མི་ལེན་མངོན་སངས་རྒྱས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་རྟོགས་མི་ཟད་རིན་ཆེན་གཏེར།། དེ་ཡི་འབྲས་བུ་ཡོན་ཏན་ནི། ། གཟུགས་མེད་རིག་པ་ང་ཡི་སྐུ།། ཐ་མལ་རང་སེམས་ང་ཡི་ཐུགས།། སྟོང་རིག་དྲན་པ་ང་ཡི་གསུང།། རིག་པ་ཡོན་ཏན་གང་ཡང་འགྲུབ།། ཡེ་ནས་ཕྲིན་ལས་རང་བྱུང་བས།། རིག་པ་སྤྲོས་བྲལ་ཆོས་ཀུན་རྫོགས། ། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། འགྱུར་མེད་ལྷུན་གྱིས་གྲུབ་པའི་གཞི།། ཆོས་ཉིད་བདེ་ཆེན་ཀློང་ཡངས་ལམ།། སྐྱེ་འཆི་མེད་པས་འབྲས་བུར་སྨིན།། དེ་དག་གཅིག་ཕྱིར་རྒྱལ་བའི་ཐུགས། ། གསེར་གླིང་ས་རྡོ་མེད་པ་བཞིན།། སེམས་ཅན་དུས་ནས་སངས་རྒྱས་ལ།། ཡོན་ཏན་མཚན་དང་དཔེ་བྱད་ཀྱང།། ཡེ་ཤེས་སྐུ་ལ་ཀུན་ཀྱང་རྫོགས།། ད་ལྟ་ཐ་མལ་ལུས་སེམས་ཀྱིས།། སེམས་ལས་མ་བྱུང་སངས་རྒྱས་རྙེད། ། རྒྱུ་ལས་མ་བྱུང་འབྲས་བུ་རྟོགས།། ལུང་ལ་མ་བརྟེན་ཆོས་རྣམས་རྙེད།། ཐེག་དགུའི་ཆོས་རྣམས་གཅིག་ལས་མེད།། དུག་ལྔ་མྱ་ངན་འདས་པར་དག། ཐུགས་ཀྱི་ཀློང་རྡོལ་ཆོས་ཀྱི་སྐུ།། འཁོར་བའི་ནང་ན་ལུས་ཡོད་ཀྱང། ། པདྨ་དང་ནི་འདམ་བཞིན་དུ།། ཉོན་མོངས་ལས་ཀྱིས་གོས་པ་མེད།། དེ་ཕྱིར་སངས་རྒྱས་ཀུན་དང་མཉམ།། རྫོགས་པ་ཆེན་པོ་དོན་འདུས་རང་འབྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྟོགས་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ཡང་དག་ངེས་དོན་འདི་སྐད་གསོལ།། ཐེག་པ་གཞན་ལས་ཇི་ལྟར་ཆེ། ། ངེས་དོན་ལ་ནི་ཇི་ལྟར་བཟླ།། སངས་རྒྱས་ཆོས་ཀུན་ཇི་ལྟར་རྫོགས།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རང་བྱུང་རིག་པ་ཆོས་སྐུ་ནི།། སེམས་ཅན་ཀུན་ལ་ཁྱབ་པས་ཆེ། ། ངེས་པའི་དོན་གྱི་ལྟ་བ་ཡིས།། འགྲོ་དྲུག་དབང་དུ་བསྡུས་པས་ཆེ།། སངས་རྒྱས་ཀུན་གྱི་དགོངས་པ་ནི།། ཀུན་གྱི་དུར་ས་ཡིན་པས་ཆེ།། འཁོར་བ་མྱ་ངན་འདས་པ་ནི།། ཀུན་གྱི་རྟེན་གཞི་ཡིན་པས་ཆེ། ། འཁོར་བ་ཐོག་མ་ཐ་མ་ཡིས།། ཀུན་གྱི་ཐོག་མ་ཡིན་པས་ཆེ།། སྡེ་སྣོད་ཐེག་པའི་ཆོས་རྣམས་ནི།། ཀུན་གྱི་འབྱུང་ས་ཡིན་པས་ཆེ།། སངས་རྒྱས་བསྟན་པ་མ་ལུས་པ།། ཀུན་གྱི་རྩ་བ་ཡིན་པས་ཆེ།། དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི། ། ཀུན་གྱི་ལམ་མཆོག་ཡིན་པས་ཆེ།། ཡེ་ཤེས་རང་བྱུང་ཆེན་པོ་ནི།། ཀུན་གྱི་སྡོང་པོ་ཡིན་པས་ཆེ།། ཆོས་རྣམས་ཀུན་གྱི་རྩ་བ་ཡི།། མྱང་འདས་སྙིང་པོ་ཡིན་པས་ཆེ།། རང་བྱུང་རིག་པའི་ཡེ་ཤེས་ནི། ། ལྟ་བ་ཡེ་གསལ་གོལ་མེད་ཆེ།། དོན་རྟོགས་འགྱུར་མེད་རང་རིག་ལ།། ཡེ་ཀློང་བསྒོམ་དུ་མེད་པས་ཆེ།། ཆོས་ཀུན་རྩ་བ་བྱང་ཆུབ་སེམས།། ཡེ་གྲུབ་བཙལ་དུ་མེད་པས་ཆེ། ། འཁོར་འདས་གཞི་འཁོར་གཉིས་མེད་ཕྱིར།། ཀུན་གྱི་སྲོག་ཤིང་ཡིན་པས་ཆེ།། དེ་ལྟར་ངེས་པའི་དོན་རྟོགས་ནས།། གདེང་དུ་གྱུར་པས་ཆེ་བ་ཡིན།། དུས་གསུམ་སངས་རྒྱས་ཐམས་ཅད་པས།། ཀུན་བཟང་དགོངས་པ་ཆེ་བ་ཡིན། ། ཐེག་གཞན་ཆོས་ཀུན་སྤྱད་པ་བས།། རྫོགས་ཆེན་མོས་པ་ཁྱད་པར་འཕགས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཆེ་བ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཆོས་ཉིད་ལ་བཟླ་བཀའ་སྩལ་པ།། ངོ་བོ་རྣམ་རྟོག་སྐྱོན་དང་བྲལ།། རྟོགས་པའི་ཡོན་ཏན་དཔག་མི་ལངས།། ཡེ་ཤེས་དོན་ལ་འཕེལ་འགྲིབ་མེད།། རྒྱལ་བའི་སྐུ་ནི་བགྲང་མི་ལངས། ། རང་བྱུང་གཅིག་དང་གཉིས་སུ་མེད།། གསུང་གི་བརྗོད་པ་མཐའ་ལས་འདས།། ཡང་དག་དོན་ནི་ཚིག་དང་བྲལ།། མཁྱེན་པའི་ཡེ་ཤེས་དཔག་ཏུ་མེད།། རྩ་བ་ཐམས་ཅད་གཅིག་གི་ངང།། སྣང་བའི་མཐའ་ལ་ཐུག་པ་མེད། ། ངོ་བོ་རང་བཞིན་གཅིག་ཏུ་འདྲིལ།། རྒྱལ་བའི་ཞིང་ཁམས་བསམ་མི་ཁྱབ།། དོན་དུ་ཐིག་ལེ་གཅིག་གི་རྩལ།། ཆོས་ཀྱི་དབྱིངས་ལ་མུ་མཐའ་མེད།། ཀུན་ཀྱང་ཆོས་ཀྱི་སྐུ་ལ་འདུས།། དེ་རྟོགས་རྫོགས་ཆེན་ལྟ་བ་ཡིན། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གདལ་ནི་འཁོར་འདས་ཀུན་ཏུ་གདལ།། འདུས་ནི་ཐིག་ལེ་ཉིད་དུ་འདུས།། སྣང་ནི་ཁམས་གསུམ་ཡོངས་ལ་སྣང།། འདུས་ནི་རང་བཞིན་སྣང་བར་འདུས། ། སྤྲོས་ནི་བརྒྱད་ཁྲི་བཞི་སྟོང་སྤྲོས།། འདུས་ནི་ཨ་ཏི་ཡོ་གར་འདུས།། གཏན་ལ་སྣང་སྟོང་གཉིས་ཀ་ཕབ།། ཉམས་སུ་བདེ་བ་ཆེན་པོར་བླང།། བཤད་ནི་ཐེག་པ་དགུ་རུ་བཤད།། བཙལ་ནི་རང་བྱུང་ཡེ་ཤེས་བཙལ། ། སྤེལ་ནི་སྐུ་དང་ཡེ་ཤེས་སྤེལ།། མངོན་དུ་བྱང་ཆུབ་ཆོས་སྐུར་བྱ།། འདོད་ནི་རྒྱལ་བའི་ཞིང་ཁམས་འདོད།། མངོན་དུ་ཡེ་ཤེས་རོལ་པ་བྱ།། བསྒྲུབ་ནི་སངས་རྒྱས་ཡོན་ཏན་བསྒྲུབ།། དོན་དུ་མི་བསམ་མི་བསྒོམ་མོ། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཆོས་ཉིད་ལ་བཟླ་བའི་ལེའུ་སྟེ་སོ་དྲུག་པའོ།།།། དེ་ཡང་འདུས་པའི་ཚོགས་རྣམས་ལ།། ཆོས་ཀུན་རྫོགས་པར་བཀའ་སྩལ་པ། ། ཨ་ཏི་རྫོགས་ཆེན་མཚན་ཉིད་ནི།། དཔེར་ན་ནོར་བུ་རིན་ཆེན་བཞིན།། བདག་གཞན་དགོས་འདོད་ཚང་བ་ལ།། མ་རྟོགས་དུས་ན་མེད་འདྲ་ཡང།། རྟོགས་ནས་གཞུང་བཞིན་སྤྱོད་པ་ལས།། བདག་གཞན་དོན་འགྲུབ་རེ་བ་བསྐྱུང། ། དེ་བཞིན་ཆོས་སྐུའི་སྙིང་པོ་ལ།། མྱང་འདས་ས་དང་རྒྱལ་བའི་ཞིང།། སྐུ་དང་ཡེ་ཤེས་ཇི་སྙེད་པ།། བདག་གཞན་འབྲས་བུ་མཐར་ཕྱིན་པས།། རང་རིག་ཡེ་ཤེས་འདི་ལ་རྫོགས།། དོན་འདི་རྣལ་འབྱོར་བདག་གིས་སྤྱད། ། གཏན་ལ་ཀུན་གཞིའི་དངོས་པོ་དབབ།། དོན་དུ་འཁོར་བ་རྩད་ནས་ཆོད།། རྟོགས་པ་ཐིག་ལེ་ཉག་གཅིག་གསལ།། ལྟ་བ་རང་བྱུང་ཡེ་སངས་རྒྱས།། སྒོམ་པ་ཆོས་ཉིད་ཀློང་ན་འཕྱོ། ། སྤྱོད་པ་ཐམས་ཅད་བྱར་མེད་སྤྱོད།། རོལ་པ་ཅིར་ཡང་ཐོགས་པ་མེད།། འབྲས་བུ་མ་ལུས་ཡོངས་སུ་རྫོགས།། དེ་ལྟར་རྟོགས་ན་རྫོགས་ཆེན་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྟེང་འོག་མཐོ་དམན་མེད་པར་རྫོགས། ། ཕྱོགས་མཚམས་དབྱེ་བ་མེད་པར་རྫོགས།། མཐའ་དབུས་ཉེ་རིང་མེད་པར་རྫོགས།། སྣང་སྟོང་ཉེ་རིང་མེད་པར་རྫོགས།། ཡེ་ཤེས་བརྡལ་བ་ཆེན་པོར་རྫོགས།། སྐུ་མཆོག་ཅིར་ཡང་སྣང་བར་རྫོགས། ། གསུང་ནི་བསྟན་པ་སྒྲོག་པར་རྫོགས།། ཐུགས་ནི་ཐམས་ཅད་མཁྱེན་པར་རྫོགས།། མཚན་མ་ཆོས་ཀྱི་དབྱིངས་སུ་རྫོགས།། ཆོས་ཉིད་དག་པའི་ངང་དུ་རྫོགས།། དུག་ལྔ་ཡེ་ཤེས་ཆེན་པོར་རྫོགས།། ཡེ་ཤེས་རང་བྱུང་ཉིད་དུ་རྫོགས། ། འཁྲུལ་པ་རང་བཞིན་མེད་པར་རྫོགས།། རང་བཞིན་བདེ་བ་ཆེན་པོར་རྫོགས།། གཟུང་འཛིན་མཉམ་པ་ཉིད་དུ་རྫོགས།། སྣང་བ་འབྱུང་བ་ལྔ་རུ་རྫོགས།། འབྱུང་བ་ཀུན་བཟང་རྩལ་དུ་རྫོགས། ། སེམས་ཅན་བྱང་ཆུབ་སེམས་སུ་རྫོགས།། བྱང་སེམས་ཆོས་ཀྱི་སྐུ་རུ་རྫོགས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་ཆོས་ཀུན་རྫོགས་པར་བསྟན་པའི་ལེའུ་སྟེ་སོ་བདུན་པའོ། །།། དེ་ནས་འདུས་པའི་སེམས་དཔའ་ཡིས།། འཁོར་གྱི་ཐེ་ཚོམ་བསལ་བའི་ཕྱིར།། བདེན་པའི་ཡིད་ཀྱིས་འདི་སྐད་ཞུས།། རང་བྱུང་ཡེ་ཤེས་ངོ་བོ་ལ།། གཞལ་བྱ་མི་དམིགས་དོན་ཅི་ལགས། ། སྣང་བའི་མཚན་མ་འདི་ཉིད་ཀྱི།། གཏན་ཚིགས་མ་གྲུབ་གསུངས་པ་ཅི།། དེ་དོན་གང་གིས་རྟོགས་པའི་ཐབས།། བལྟ་མེད་གསུང་པ་ཅི་ཡི་ཕྱིར།། གོལ་དང་ལྟུང་མེད་བསྟན་པ་ཡི།། མཐུན་དཔེ་གང་གིས་གང་ལ་མཚོན། ། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། དངོས་ཉིད་ལ་སོགས་ཆོས་རྣམས་ཀུན།། བྱ་བ་མེད་པར་རང་ཤར་ཅིང།། ཡུལ་མེད་ངོ་བོ་རང་ཤར་ཕྱིར། ། ཡེ་ནས་མ་བསྒྲིབས་འོད་གསལ་བས།། གང་ཡང་གཞན་དུ་མི་དམིགས་ན།། གཞི་ལས་མ་གྲུབ་ངོ་བོར་སོན།། ཆོས་ཅན་མེད་པས་གཞལ་བྱ་བྲལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་བྱེད་ཆོས་སྐུར་གསལ་བ་ལ། ། ཇི་སྙེད་པ་ཡི་རྣམ་གྲངས་ཀུན།། དགག་བསྒྲུབ་བྱ་བ་མེད་པའི་ཕྱིར།། ཡེ་ནས་མ་གྲུབ་འོད་གསལ་བར།། རང་གི་ས་ན་ཡེ་ནས་གནས།། གཞན་ལ་བདག་ཏུ་མ་གྲུབ་ཕྱིར།། ཕྱོགས་གཉིས་བྲལ་བའི་བྱང་ཆུབ་སེམས། ། མཐའ་བཞིའི་ཐ་སྙད་བྲལ་བ་ལ།། འཇལ་བྱེད་གཏན་ཚིགས་ཅི་ཞིག་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཚོན་པའི་ཐ་སྙད་མི་བརྗོད་དོ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། ། ལོག་པའི་རྗེས་སུ་འབྲང་བའི་ཕྱིར།། ཡུལ་མེད་ཐིག་ལེར་རང་ཤར་བས།། ཇི་བཞིན་མ་ནོར་སྙིང་པོ་ཡི།། ངེས་པར་གཞན་དུ་བལྟ་ལས་གྲོལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་བརྡལ་ཁྱབ་རང་བཞིན་ལ། ། ཐོག་མཐའ་ཆོད་ཕྱིར་གོལ་ས་མེད།། དེ་ཡང་ཡེ་ཤེས་རང་ཤར་བས།། གོལ་ས་ཉིད་ཀྱང་ཆོས་ཉིད་ཡིན།། ཡེ་ཤེས་ངང་དུ་གྱུར་པའི་ཕྱིར།། དམིགས་ཞེན་མེད་པས་གོལ་མེད་གསུངས། ། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། དཔེར་ན་གང་གིས་མི་ནུས་ཀྱང།། ནམ་མཁའ་ཉི་ཤར་རང་གསལ་བཞིན།། རང་བྱུང་ཡེ་ཤེས་ངོ་བོ་ཡང། རང་རིག་ཡེ་ཤེས་བདེ་གསལ་པས།། སྣང་བས་ཕན་མེད་གནོད་མེད་ཕྱིར། ། ཕྱོགས་ཀྱི་ཐ་སྙད་བཤད་མི་དགོས།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། མ་བསྒོམས་དོན་དང་འབྲལ་མེད་པའི།། དེ་དོན་རྟོགས་ཐབས་གང་གིས་བགྱི།། མ་བསྒོམས་ཀློང་དུ་གྱུར་པ་ཡི།། རང་གི་ཐ་སྙད་གང་ལ་གདགས། ། དེ་དོན་བསྒོམ་དུ་མེད་པའི་དཔེར།། མཚན་མ་བྱུང་ན་ཅིས་མི་གོས།། ལྟ་བ་རང་ཤར་ཆེན་པོ་ལ།། མ་བསྒོམས་གོལ་སར་ཅིས་མི་འགྱུར།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། སྙིང་པོ་རང་གི་རྟོགས་དང་ནི།། མན་ངག་དགོངས་པའི་ཐུགས་བརྟོལ་ནས།། ཤེས་རྒྱུད་རྟོགས་པའི་བླ་མ་ཡིས།། ཇི་བཞིན་ཉིད་དུ་ཤར་བ་ལ།། སྣང་བྱེད་ཆོས་སྐུ་ཉིད་སོན་པས།། མཚན་མའི་དངོས་པོ་མི་འབྱུང་ཕྱིར། ། སྨན་དང་སྨན་པའི་ཐབས་བཞིན་དུ།། སེམས་མེད་མི་འདོད་ཅི་ཞིག་བྲལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐིག་ལེ་ཆོས་སྐུས་ཁྱབ་པའི་ཕྱིར།། ཇི་བཞིན་ཉིད་དུ་རང་ཤར་བས། ། གང་ཡང་དམ་པར་མི་བལྟ་བས།། ཐམས་ཅད་ཇི་བཞིན་རང་སར་གྲོལ།། དེ་ཕྱིར་མཐའ་ལ་མི་གནས་པས།། གཏང་གཞག་མེད་པའི་ཏིང་ངེ་འཛིན།། མ་བསྒོམས་ཀློང་དུ་གྱུར་པར་གདགས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། བསྒོམ་དུ་མེད་པའི་ཆོས་ཉིད་ལ།། རྣམ་རྟོག་མཚན་མ་མི་འབྱུང་བས།། དམིགས་ནས་བསལ་བ་བསྒྲུབ་མི་བྱ།། དཔེར་ན་ནམ་མཁའ་འདི་ཉིད་ལ།། སྤྲིན་དང་ཁུ་རླངས་ལ་སོགས་ནི།། ཇི་སྙེད་གཞི་ན་མེད་པ་ལྟར། ། ཇི་བཞིན་ཉིད་དུ་རང་དྲན་པས།། དུས་མཉམ་གསལ་བས་ཡང་དག་སྟེ།། དེ་ལ་གཉེན་པོས་བཅོས་སུ་མེད།། ཐ་སྙད་རང་གསལ་བཅོས་པར་ཟད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡུལ་མེད་ཐིག་ལེར་རང་ཤར་བས། ། ཡང་དག་དོན་ལ་མི་འཇུག་ཕྱིར།། ངོ་བོ་ཉིད་དུ་གྱུར་པས་ན།། དོན་དུ་གཉེར་བ་གང་ཡང་མེད།། སྔ་ཕྱི་གཞན་དུ་དངོས་མེད་ཕྱིར།། ཆེད་དུ་བསྒོམ་དུ་མེད་པ་སྟེ།། དམིགས་པ་གཏད་པའི་དོན་དང་བྲལ། ། དོན་མི་གཉེར་ལ་དགྲ་མེད་འདྲ།། དེ་ནས་འདུས་པའི་ཡང་ཞུས་པ།། གཏང་གཞག་མེད་པའི་བསྒོམ་པ་ལ།། མི་འདུན་མི་འབྱུང་གསུངས་པ་ཅི།། རྣལ་འབྱོར་རྩོལ་བྲལ་མ་ཡེངས་ན།། བྱ་བྱེད་འགོག་མེད་གསུངས་པ་ཅི། ། དེ་ཉིད་འཆིང་བར་མི་འགྱུར་བའི།། ཕྱོགས་བྲལ་བསྟན་པ་ཇི་ལྟར་ལགས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། དུས་གསུམ་རྣམ་པ་ཐམས་ཅད་དུ། ། སྐྱེ་འཆི་མེད་པར་ཡེ་ཤར་བས།། སྣང་མེད་ཞེན་རྟོག་ཐམས་ཅད་ཀྱང།། གང་ཡང་ཆོས་སྐུར་གསལ་བ་ལས།། གཏང་གཞག་རྩོལ་སེམས་ཅི་ལ་འབྱུང།། གཞན་དུ་མི་འགྱུར་ཀློང་གནས་པས། ། མི་མཐུན་མཚན་མ་གང་ཡང་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབྱིབས་དང་མཚན་མ་ཐམས་ཅད་ཀུན།། གཞི་ལ་མ་གྲུབ་དོན་ཤེས་ཕྱིར།། རང་གསལ་ཡུལ་ལ་རྟོག་པ་མེད།། དག་དང་མ་དག་ཐམས་ཅད་ཀུན། ། གང་ཡང་དགག་བསྒྲུབ་མེད་པའི་ཕྱིར།། གཞག་དང་བླང་བར་ཡེ་མེད་དོན།། འབྱུང་འཇུག་མེད་པས་བསྒོམ་མི་དགོས།། རྩོལ་བ་མེད་ཕྱིར་སྤྱོད་པའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། བདག་གཞན་ཀ་ནས་མ་གྲུབ་ཕྱིར། ། བྱ་བྱེད་མ་ལུས་ཐམས་ཅད་ཀུན།། འགྲོ་དྲུག་ལས་ཀྱང་བདེ་གཤེགས་མཛད།། ཅི་སྤྱོད་ཆོས་སྐུར་ཡེ་ཤར་བས།། གང་ཡང་མཚན་ཉིད་དབྱེར་མེད་དེ།། བྱེད་པ་ཉིད་ན་གྲོལ་བར་ངེས། ། བླང་དང་དོར་བ་ངང་གིས་མེད།། དེ་ཡིས་འཆིང་བར་ཅི་ལ་འགྱུར།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཐུགས་བརྟོལ་གསལ་བའི་ལེའུ་སྟེ་སོ་བརྒྱད་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཐེ་ཚོམ་གེགས་ཆེན་བསལ་བའི་ཕྱིར། ། གདམས་ངག་མདོར་ནི་ཇི་ལྟར་བསྡུ།། བསྒོམ་པའི་དོན་ནི་དབྱེ་བ་གང།། རྟོགས་པའི་སེམས་ཉམས་ཇི་ལྟར་འབྱུང།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་གསོལ་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། མདོར་བསྡུས་གདམས་ངག་ངེས་པའི་དོན།། ཁྱོད་ལ་བསྟན་གྱིས་ཡིད་ཀྱིས་ཟུང།། ཡུལ་མེད་མ་ཡེངས་སྤང་བླང་མེད།། རེ་དོགས་གཉིས་མེད་རྣལ་འབྱོར་ལ།། ད་ལྟ་ཉིད་དུ་ཡིད་ཆེས་གདེང། ། སངས་རྒྱས་ས་ལ་ངེས་པར་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཆོས་ཉིད་གནས་ལུགས་ནི།། བཟོ་བཅོས་མེད་པའི་ཤེས་པ་ལ།། སྒྲོ་སྐུར་གང་ཡང་མ་བཏགས་ན།། ལྟ་བའི་གཞི་ཉིད་དེ་ལ་བྱ། ། དེ་ཡི་ངང་ལ་གནས་ཐབས་ནི།། སྔ་ཕྱི་མེད་པའི་གཉུག་མའི་རྒྱུན།། ཆེད་དུ་མ་བྱས་རང་གསལ་ཙམ།། དེ་ལས་མ་འདས་བསྒོམ་པ་ཡིན།། སྤང་བླང་མེད་པའི་སྤྱོད་པ་ནི།། ཡིན་མིན་བཟང་ངན་ལ་སོགས་པའི། ། བཀོད་པ་གང་ཡང་མེད་པའི་ཕྱིར།། རིས་སུ་མི་བྱེད་སྤྱོད་པའི་མཆོག། རེ་དོགས་མེད་པའི་འབྲས་བུ་ནི།། ལུང་ལྡན་རྐྱེན་གྱིས་རྟོགས་པ་དེས།། ལན་གཅིག་ཐོབ་ཏུ་མི་རེ་སྟེ།། ད་ལྟའི་རང་སེམས་ཆོས་སྐུར་རྟོགས། ། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། བལྟ་བསྒོམ་སྤྱོད་པ་འབྲས་བུ་རྣམས།། ཚིག་ལ་ཐ་དད་ཕྱེ་བ་ལས།། དོན་ལ་དབྱེར་མེད་ངོ་བོ་གཅིག། དེ་ལྟར་ལྷུན་གྱིས་གྲུབ་པ་ཡིན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མདོར་བསྡུས་པའི་གདམས་ངག་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་འདུས་པའི་འཁོར་རྣམསལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། གསལ་ལ་མི་རྟོག་མི་གཡོ་བའི།། རིག་པའི་ཉམས་ཀྱི་དབྱེ་བའི་དོན།། ཡང་དག་ངེས་དོན་གདེང་གི་བཀའ།། མ་ནོར་མ་བཅོས་ཁྱོད་ལ་བཤད།། རྣལ་འབྱོར་དམ་པ་མཉམ་བཞག་ཚེ།། གསལ་ལ་མི་རྟོག་མི་གཡོ་བའི། ། ངོ་བོ་རྩལ་དང་དཔེ་དང་ནི།། ཚད་དང་ངེས་ཚིག་ཡུལ་དང་འབྲས།། སྐྱོན་དང་གོལ་ས་སྒོ་དགུ་སྟེ།། ཆོས་སྐུ་ངོ་སྤྲོད་སྡོམ་ཚིག་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཆོས་སྐུ་གསལ་བ་ཡི།། ངོ་བོ་རང་རིག་ཡེ་ཤེས་ཡིན། ། རྩལ་ནི་སྒོ་ལྔའི་རྣམ་ཤེས་གསལ།། དབྱེ་བ་འདོད་པའི་ཡོན་ཏན་ལ།། དཔེ་ནི་ཏིལ་གྱི་མར་མེ་འདྲ།། ཚད་ནི་ཤེས་པ་མ་བསྒྲིབས་པ།། ངེས་ཚིག་གདམས་ངག་མ་བརྗོད་གསལ།། ཡུལ་ནི་སྣང་བ་ཆོས་ཀྱི་དབྱིངས། ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།། སྐྱོན་ནི་དབང་པོ་ཡན་དྲགས་པས།། གོལ་ས་བྱིང་རྨུགས་འགོག་པ་ཡིན།། དེ་ཡང་འདུས་པའི་འཁོར་ཉོན་ཅིག། གང་ལ་རྣམ་པར་མི་རྟོག་པའི།། ངོ་བོ་སྔ་ཕྱི་མ་དྲན་པ། ། རྩལ་ནི་བདེ་ལ་མི་རྟོག་པ།། ཡུལ་ནི་འཛིན་མེད་མ་འགགས་པ།། དཔེ་ནི་བྱ་བ་བཏང་བ་འདྲ།། ངེས་ཚིག་ཡུལ་ལ་མ་ཡེངས་པ།། ཚད་ནི་དྲན་མེད་མ་བྱིང་བའི།། འབྲས་བུ་སྤྲུལ་སྐུ་ཐུབ་དྲུག་འབྱུང། ། སྐྱོན་ནི་གོམས་པར་མ་བྱས་པ།། གོལ་ས་རྒོད་འཕྲོ་ཡུལ་ལ་ཞེན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་དགོངས་པ་མི་གཡོ་བ།། ངོ་བོ་དུས་གསུམ་མི་འགྱུར་བ།། རྩལ་ནི་ཡེ་ཤེས་འཕེལ་འགྲིབ་མེད། ། ཡུལ་ནི་ཤེས་པ་མི་གཡོ་བརྟན།། དཔེ་ནི་རྒྱ་མཚོའི་གཏིང་དང་འདྲ།། ངེས་ཚིག་མཉམ་ཉིད་རྐྱེན་མི་ཚུགས།། གསལ་དང་མི་རྟོག་དུས་མཉམ་ཚད།། འབྲས་བུ་རང་བྱུང་ཆོས་སྐུར་རྟོགས།། སྐྱོན་ནི་ཐེ་ཚོམ་ཡིད་མ་ཆེས། ། གོལ་ས་ལོག་རྟོག་མི་གཡོ་གསུམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རྩ་བ་མདོར་བསྡུས་ན།། ཡིད་ལ་ཆོས་སྐུ་ཝལ་གྱིས་དྲན།། དེ་ཉིད་ངང་ལ་ཅོག་གིས་ཞོག། ཡུལ་ལ་འཛིན་མེད་རྟོགས་པ་སངས། ། རང་རིག་ཡིད་ཆེས་གདེང་དུ་ལྡན།། འབྲས་བུ་མངོན་གྱུར་སངས་རྒྱས་ཡིན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དོན་གྱི་བསྒོམ་པའི་དབྱེ་བ་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ། །།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། དད་ལྡན་འཁོར་ལ་བཀའ་སྩལ་པ།། དེ་ལྟར་རྟོགས་པའི་རྣལ་འབྱོར་རྣམས།། ངེས་པའི་དོན་ལ་དམིགས་པའི་ཚེ།། དབང་པོ་ཡུལ་གྱི་མཚན་མ་རྣམས།། གཞི་ལ་མ་གྲུབ་དོན་རྟོགས་ཕྱིར། ། དངོས་པོ་གྱི་ནར་རང་སྣང་ཡང།། མཚན་མར་ཤེས་པས་གཟུང་དུ་མེད།། དེ་ཕྱིར་འདི་དང་འདིའོ་ཞེས།། ཡིད་ལ་གང་ཡང་མི་འགྱུ་བས།། སྣང་བ་ཆོས་ཀྱི་དབྱིངས་སུ་རྟོགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། འོན་ཀྱང་སྔར་གྱི་བག་ཆགས་ཀྱིས།། ཆུ་ཡི་ནང་གི་གཟུགས་བརྙན་བཞིན།། ཁ་དོག་དབྱིབས་ཀྱིས་བསྡུས་པ་ནི།། བུན་ནེ་ལོང་ངེ་འོད་དེ་ཙམ།། སྣང་ཡང་འདུ་ཤེས་མི་འཇུག་པས།། རང་གི་ཡིད་ཀྱི་ངོ་གང་ལ། ། ཡུལ་མེད་ནམ་མཁའ་སྟོང་པ་ལྟར།། སང་ངེ་སལ་ལེ་རིག་པ་གསལ།། བདག་གཞན་གང་དུ་མཐོང་བ་མེད།། མི་དང་སེམས་ཅན་དངོས་པོ་ཀུན།། དཔེར་ན་སྒྱུ་མའི་གཟུགས་བརྙན་བཞིན།། སྣང་ཙམ་ཉིད་ན་དངོས་མེད་ཤེས། ། དེ་ཕྱིར་འཛིན་པའི་བློ་མི་འབྱུང།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ལངས་ནས་སྤྱོད་ལམ་གང་བྱས་ཀྱང།། དངོས་པོར་མི་འཛིན་རང་སར་གྲོལ།། གལ་ཏེ་ཡུལ་ལ་བརྟགས་པ་ན།། བླང་དོར་མེད་པའི་རྟོགས་པ་སྐྱེ། ། བདེ་སྡུག་བཟང་ངན་གཙང་སྨེ་དང།། ཡིན་མིན་སོར་མཐོང་ཇི་སྙེད་པ།། གང་ལའང་འདུ་ཤེས་བློ་མི་འཇུག། དེ་ཕྱིར་སྤང་ཐོབ་མེད་པར་རྟོགས།། དེ་རྟོགས་ངང་ལ་གནས་པ་ལ།། ཕ་རོལ་ཕྱིན་བཅུ་ཆོས་སྤྱོད་སོགས། ། ཐབས་ཀྱི་སྤྱོད་པ་མ་ལུས་ཀུན།། མ་སྤངས་ཀུན་ཀྱང་ཚང་ཞིང་རྫོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཤེས་མངོན་དུ་མ་གྱུར་ཀྱང།། ཟླ་བ་ཚེས་པ་ཉར་འཕེལ་ལྟར།། དེ་རྟོགས་ཁད་ཀྱིས་སངས་རྒྱས་ཀྱི། ། ཡོན་ཏན་མ་ལུས་མངོན་དུ་འབྱུང།། དེ་ལྟར་ཤེས་ཤིང་རྟོགས་གྱུར་ཀྱང།། ཉམས་སྣང་མི་ལ་མི་བསྟན་ཏེ།། སྒྲོ་སྐུར་བར་ཆད་དངོས་གྲུབ་ཉམས།། དེ་ཕྱིར་རང་ཉམས་གསང་བར་གསུངས། ། དེ་རྟོགས་ཉམས་དང་ལྡན་པ་ལ།། དགའ་བྲོད་བདེ་བ་སྣ་ཚོགས་འབྱུང།། དེ་ཚེ་རྣལ་འབྱོར་སེམས་འཕང་སྐྱེ།། ང་རྒྱལ་དབང་གིས་བདུད་རྣམས་འབྱུང།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྟོགས་པའི་སེམས་ཉམས་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།།།། དེ་ནས་འཁོར་གྱི་དོན་ཆེད་དུ།། རྡོ་རྗེ་སེམས་དཔས་དོན་ཞུས་པ།། ཏིང་འཛིན་ཉམས་དང་ལྡན་པ་ལ།། ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད། ། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མཉམ་གཞག་རྗེས་ཐོབ་བར་དོ་ལ།། སྣང་བ་འོད་དང་གྲག་པ་སྒྲ།། འཇིགས་པའི་གཟུགས་དང་བསླུ་བའི་རྫུན། ། ལྟ་བར་ཤེས་ན་དམ་པའི་ལམ།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། རྣལ་འབྱོར་དམ་པ་མཉམ་བཞག་ཚེ།། མཚན་མོ་མུན་ནག་སྤྲིན་རུམ་ན།། ནམ་ལངས་ཉི་ཤར་བཞིན་དུ་གསལ། ། ཁམས་གསུམ་སེམས་ཅན་དགེ་སྡིག་ལས།། གང་ཡང་མ་ལུས་སྔ་ཕྱི་ཤེས།། དེ་ཚེ་སྙིང་རྗེའི་བདུད་ཞུགས་ཏེ།། སེམས་ཅན་སྙིང་རྗེའི་གདུང་བ་སྐྱེ།། ཏིང་འཛིན་བཏང་ནས་གཞན་དོན་བྱེད།། དེ་ཕྱིར་བདུད་ཀྱི་དབང་འགྱུར་ལྟུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའ་སྟོང་ལས་སྒྲ་བྱུང་ནས།། བདེ་གཤེགས་ཆོས་རྣམས་སྣ་ཚོགས་སྟོན།། ཞིང་ཁམས་རྒྱན་གྱིས་བརྒྱན་པ་དང།། ཡིད་དུ་འོང་བའི་སྒྲ་ཐོས་འགྱུར། ། ཏིང་འཛིན་བཏང་ནས་གླུ་གར་བྱེད།། ངོམས་ཤིང་ངོ་མཚར་མགུ་སེམས་ཀྱིས།། དེ་ལ་ཞེན་གྱུར་ཉམས་དང་བྲལ།། དགའ་བའི་བདུད་ཀྱིས་རང་བསླུས་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བསྒོམ་ཉམས་རྨི་ལམ་གང་ཡང་རུང།། འཇིགས་པའི་གཟུགས་སོགས་མི་དགེ་བས།། ངང་ལ་གནས་པར་བསྡིག་འགྱུར་བས།། ཏིང་འཛིན་བཏང་ནས་མྱ་ངན་བདུད།། མི་དགའ་སྡུག་བསྔལ་ཉམ་ཐག་འབྱུང།། དེ་ཚེ་ལས་ལ་ཡི་ཆད་དེ། ། ལྕེབ་དང་གཅིག་པུར་ཕག་ཏུ་ངུ།། གཟུགས་ཀྱི་བདུད་ཀྱི་དབང་འགྱུར་ལྟུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་དང་རྨི་ལམ་གང་དུ་ཡང།། ཡིད་དུ་འོང་བའི་གཟུགས་བསྟན་ཏེ།། དུས་གསུམ་ཉེས་ལེགས་ཐམས་ཅད་སྟོན། ། གཞན་ལ་སྨྲས་པ་བདེན་པར་འབྱུང།། ང་འོ་སྙམ་པའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གྲོང་ཁ་ཡིན།། བར་དུ་ཕྱེད་བདེན་ཕྱེད་མི་བདེན།། ཐ་མ་སྨྲས་པ་ཐམས་ཅད་རྫུན། ། བསླུ་བའི་བདུད་ཀྱིས་རང་བསླུས་ལྟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་བའི་བདུད་ནི་དེ་དག་ཀྱང།། ཡུལ་འདི་གོལ་སར་མ་ཤེས་ཕྱིར།། སྣང་བ་གཟུགས་སོགས་ཞེན་པ་སྟེ།། ཡུལ་ལ་སེམས་ཞུགས་ཅི་སྤྱད་བདུད། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ལྟ་བའི་བདུད་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།།།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྒོ་ལྔ་བྱིང་བ་གསལ་བའི་བདུད། ། རྐྱེན་གྱིས་རྒོད་པ་མི་རྟོག་བདུད།། འཕྲོ་བ་མི་གཡོའི་བདུད་རྣམས་འབྱུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཏིང་འཛིན་མྱུར་དུ་ཐོབ་འདོད་ནས།། ཡུན་རིང་བསྒོམས་པས་མཚན་མ་ཟིན།། མྱོས་པའི་བདུད་ཞུགས་གསལ་བ་བྱིང། ། མ་རིག་དབང་གིས་གཉིད་དུ་སོང།། གསལ་བ་བོར་ནས་བྱིང་བར་སོང།། དེ་ཉིད་རྩོལ་བས་ཏིང་འཛིན་ཉམས།། མ་བཙལ་རྨི་ལམ་བཟང་ངན་འབྱུང།། དེ་ཕྱིར་བྱིང་བའི་བདུད་ཀྱིས་བསླུས། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་རིག་ཆོས་སྐུ་མ་ཟིན་པས།། མ་རིག་དབང་གིས་ཡེ་ཤེས་བསྒྲིབས།། དྲན་པ་མེད་པའི་འདུད་ཞུགས་ཏེ།། དད་བསྒོམ་རྨུགས་པས་བདེ་བ་ཉམས།། རང་རིག་མེད་པས་ཞི་གནས་བྱིང། ། ལྷག་མཐོང་མེད་པས་དོན་དང་བྲལ།། བསྒོམ་ཀྱང་དོན་མེད་བདུད་ཀྱིས་བསླུས།། དེ་ཕྱིར་ལུང་ལྡན་མན་ངག་གཅེས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། གཅིག་པུར་མི་དགའ་འདུས་ལ་དགའ།། གཞན་གྱི་རྐྱེན་བྱས་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་ཡིན་མིན་གྱི།། ཡུལ་ལ་ཞེན་པ་སྣ་ཚོགས་སྐྱེ།། མི་རྟོག་མེད་པར་ཉོན་མོངས་འབྱུང།། སྤོང་སྡུད་ཞེན་པས་རང་སྡུག་བྱེད།། དེ་ཕྱིར་གཡེང་བའི་བདུད་ཀྱིས་བསླུས། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་ཡང་གོམས་པར་མ་བྱས་པས།། འཕྲོ་བ་རྐུན་བུའི་བདུད་ཞུགས་ཏེ།། གང་ཡང་རུང་བའི་ཚིག་རེ་ཙམ།། ཡིད་ལ་བྱས་པས་མི་གཡོ་བྲལ།། ནན་ཏན་ཆུང་བས་ཉམས་མེད་ཕྱིར། ། ལང་ཅན་རྐུན་བུ་ཡང་ཡང་ལྡང།། ངེས་པའི་གདེང་དང་མ་ལྡན་པས།། འཕྲོ་བའི་བདུད་ཀྱིས་རང་བསླུས་ལྟུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བསྒོམ་པའི་བདུད་ནི་དེ་དག་ཀྱང།། གདམས་ངག་མེད་པ་རྣམས་ལ་འབྱུང།། ལུང་ལྡན་རྣམས་ལ་གནོད་མི་ཚུགས།། མ་རྟོགས་ཅི་བསྒོམ་བདུད་དུ་འགྱུར།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཏིང་ངེ་འཛིན་གྱི་བདུད་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ། །།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱ་བ་འདུ་འཛི་ལོངས་སྤྱོད་བདུད།། ཉམས་དགའ་ཞེན་པ་གནས་ཀྱི་བདུད།། བསླབ་པའི་ཡོན་ཏན་གཡེང་བའི་བདུད།། སེམས་འཁྲུགས་འཁོར་ངན་བདུད་རྣམས་འབྱུང། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དགོན་པར་གནས་ན་དད་ལྡན་འདུ།། ལོངས་སྤྱོད་འདུ་འཛིའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གཞན་སེམས་འཛིན།། དེ་ཚེ་དོན་བྲལ་ནོར་ཟས་འདོད། ། འདོད་བློས་མཚན་མའི་ཆོས་ལ་སྤྱོད།། བསྒོམ་པའི་དོན་བོར་གཡེང་བའི་བདུད།། འཇིག་རྟེན་པ་ལ་ཁ་ལན་བྱེད།། འདུ་འཛིའི་བདུད་ཀྱིས་རང་བསླུས་ལྟུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། རང་འཐད་པ་ཡི་གནས་ལ་ནི།། བཀྲ་ཤིས་འདྲེ་མེད་ལྷ་གཉན་ཡོད།། རང་འདོད་ཞེན་པའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་ཉམས་དགའ་བརྩིག། སྲུང་མས་གཞན་དུ་འགྲོ་དབང་མེད།། ཟེར་ཞིང་བདག་རྟོགས་དོན་དང་བྲལ། ། རང་སེམས་ཞེན་པ་བདུད་དུ་ལངས།། གཞན་གྱིས་བདུད་ཀྱིས་རང་བསླུས་ལྟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་མཁས་པ་བསྒོམ་འདོད་ལ།། གཡེང་བའི་བདུད་ནི་ཁོང་ཞུགས་ཏེ། ། གཞན་གྱིས་བསྟོད་པས་ཏིང་འཛིན་བཏང།། ཆོས་འཆད་སྨན་དང་བཟོ་རྣམས་བྱེད།། འདོད་པའི་རྫས་ལ་ཞེན་པ་སྐྱེས།། གཞན་དོན་བྱང་ཆུབ་ཡིན་ཟེར་ནས།། བྱ་བའི་གཡེང་བ་ཆེད་དུ་བྱེད།། དོན་དང་བྲལ་བས་རང་བསླུས་ལྟུང། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་འཁོར་ངན་གདུང་དྲགས་པས།། སེམས་འཁྲུགས་བདུད་ནི་ཁོང་ཞུགས་ཏེ།། འཁོར་ངན་ཆོག་སེམས་མེད་པར་འདོད།། དྲིན་དུ་མི་གཟོ་ཕྱར་ཀ་གཏོང། ། དེ་ཚེ་དད་ལྡོག་མི་རྣམས་འཕྱ།། སྒྲོ་སྐུར་འདེབས་ལ་ཞེ་སྡང་འབྱུང།། འཁོར་ངན་བདུད་ཀྱིས་རང་བསླུས་ལྟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྤྱོད་པའི་བདུད་ནི་དེ་དག་ཀྱང།། འཇིག་རྟེན་ཆོས་བརྒྱད་ཞེན་ལས་འབྱུང། ། དེ་ཕྱིར་གཡེང་བ་དོན་དུ་གཉེར།། འཁོར་བ་དང་བླངས་རང་བསླུས་ལྟུང།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྤྱོད་པའི་བདུད་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ། །།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་མཁའ་འགྲོའི་ལུང་སྟོན་བདུད།། ཉམས་སུ་མྱོང་བ་ཞེན་པའི་བདུད།། ཞེ་འདོད་ཚུལ་འཆོས་བདུད་དང་ནི།། བརྐམ་ཆགས་བདེ་བ་བོགས་འདོན་བདུད། ། གདེང་མེད་བསྐུར་འདེབས་ཞེ་སྡང་བདུད།། ང་རྒྱལ་སྒྲོ་འདོགས་བདུད་རྣམས་འབྱུང།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། རྣལ་འབྱོར་བལྟ་བར་མཉམ་གཞག་ཚེ།། ལྷ་མོའི་ལུས་སུ་མངོན་བྱུང་སྟེ། ། ཕུག་ཏུ་མ་སྡོད་འགྲོ་དོན་གྱིས།། གཞན་དོན་བྱས་པའི་ཡོན་ཏན་བརྗོད།། དེ་ཚེ་མཁའ་འགྲོའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གཞན་དོན་བརྩམས།། ཆོས་སུ་མིང་བཏགས་ཅི་ཡང་བྱེད།། དོན་དང་བྲལ་ཕྱིར་བདུད་བསླུས་ལྟུང།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། རྣལ་འབྱོར་དོན་ལྡན་བསྒོམ་པ་ལ།། ཟབ་ཅིང་ཆ་ཕྲ་ཉམས་མྱོང་བ།། ལྟ་བའི་དོན་ཆེན་མ་ཟིན་པས།། ཞི་གནས་ཞེན་པའི་བདུད་ཞུགས་པས། ། རྐྱེན་ཐུབ་མེད་ཕྱིར་འཕེལ་འགྲིབ་ཡོད།། བག་ལ་ཉལ་བའི་མ་རིག་པས།། རང་རིག་ཆོས་སྐུ་མ་ཤེས་ཕྱིར།། ལྟ་མེད་པ་ལ་བདུད་བསླུས་ལྟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དོན་མེད་བསྒོམ་པའི་གང་ཟག་ཀུན། ། གདེང་མེད་ཚུལ་འཆོས་གསོད་ཅན་དེར། ཁ་འཇམ་དོན་འཁྲིའི་བདུད་ཞུགས་ཏེ།། གཞན་དག་བྲིད་ཕྱིར་དགེ་ལ་བརྩོན།། མན་ངག་མེད་པར་གསང་བ་སྐད།། རང་ཉིད་བསླུས་ཕྱིར་བདུད་ཞུགས་ལྟུང། ། ཕྱི་མར་ཡི་དྭགས་ལྟོ་འཕྱེར་སྐྱེ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ལྟ་མེད་ཐབས་ཀྱི་རྣལ་འབྱོར་པས།། དབང་གསུམ་པ་ཡི་བདེ་བ་ལ།། དགའ་བ་བཞི་ལ་ཞེན་པ་ཡིས།། འདོད་ཆགས་སྲེད་པའི་བདུད་ཞུགས་ཏེ། ། བྱི་ཤུགས་ཕོ་མོ་ཀུན་ཚོགས་ནས།། འདོད་ཆགས་སྤྱད་པས་ཏིང་འཛིན་འཕེལ།། དེ་ཕྱིར་དབང་ལ་བརྟེན་དགོས་ཟེར།། ཆགས་པའི་བདུད་ཀྱིས་རང་བསླུས་ལྟུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་ལུང་ལྡན་རྣལ་འབྱོར་ལ། ། མཉམ་དུ་ར་ནས་འགྲན་པའི་ཕྱིར།། སྨད་སེམས་ཞེ་སྡང་བདུད་ཞུགས་ཏེ།། རང་མཉམ་ངན་པ་གཞན་ལ་རྒོལ།། གདམས་ངག་ཅན་ལ་སྐུར་པ་འདེབས།། རྣལ་འབྱོར་པ་ལ་གནོད་མི་ཚུགས། ། དེ་ཕྱིར་དམ་ཉམས་རང་ཉིད་ལྟུང།། ཕྱི་མར་ཚ་བའི་དམྱལ་བར་ལྟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་པའི་དོན་ལྡན་རྣལ་འབྱོར་པས།། ངེས་དོན་ཡང་དག་བཀའ་ལ་ནི།། གང་ཟག་སྨད་ཕྱིར་སྒྲོ་བཏགས་ཏེ། ། མི་ཚིག་བསླད་ཟེར་ཕྱར་ཀ་གཏོང།། ང་རྒྱལ་བདུད་ནི་ཁོང་ཞུགས་ཏེ།། བཀའ་རྐུན་དྷརྨ་འོག་བྲུས་བྱེད།། ཞེ་ལ་འདོད་ཅིང་ཆེ་ཆུང་བྱེད།། དེ་ཕྱིར་བདུད་བསླུས་དམྱལ་བར་ལྟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། བདུད་ཀྱི་སྤྱོད་པ་བཅོ་བརྒྱད་ཀྱང།། སོ་སོར་སྣང་བ་མ་ཡིན་ཏེ།། ལྟ་བའི་བདུད་ཉིད་གཅིག་པུ་ཡིན།། དེ་ཕྱིར་ལྟ་བ་དམན་པའི་བདུད།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ལྟ་བསྒོམ་སྤྱོད་པ་ཉམས་ཀྱི་བདུད།། དེ་དག་ཟིལ་གྱིས་ཇི་ལྟར་མནན།། ཟིལ་གྱིས་ནོན་པའི་རྟགས་ནི་གང། ། འབྲས་བུ་ཡོན་ཏན་ཇི་ལྟར་འབྱུང།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ།། ཕྱི་ནང་ཆོས་ཀུན་རང་བྱུང་སྐུ།། བདུད་ཉིད་རྟོགས་ན་ཆོས་ཉིད་ངང།། དེ་ཕྱིར་ལུང་ལྡན་བསྟན་ལ་ཞུགས། ། རང་སེམས་རྟོགས་ན་བདུད་མེད་དོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་ནོར་དོན་ལ་བསྒོམས་པའི་ཚེ།། སྣང་བ་འོད་ཀྱི་བདུད་བྱུང་ན།། ཆོས་སྐུ་ཁ་དོག་བྲལ་བའི་ཕྱིར།། གསལ་ལ་མི་རྟོག་ཟིལ་གྱིས་མནན། ། གྲགས་པ་སྒྲ་ཡི་བདུད་བྱུང་ན།། ཆོས་ཉིད་སྒྲ་དང་བྲལ་བའི་ཕྱིར།། རྗེས་སུ་འབྲང་མེད་རང་བཞིན་གྱིས།། ལྟ་བའི་རིག་པས་ཟིལ་གྱིས་མནན།། འཇིགས་པ་གཟུགས་ཀྱི་བདུད་བྱུང་ན།། གཞི་ལ་སྣང་བ་མེད་པའི་ཕྱིར།། དངོས་མེད་རྟོགས་པའི་ཤེས་པ་ཡིས།། གཟུགས་ཅན་མཚན་མ་ཟིལ་གྱིས་མནན།། བསླུ་བ་རྫུན་གྱི་བདུད་བྱུང་ན།། ཆོས་ཉིད་ཚིག་ལས་འདས་པའི་ཕྱིར།། བདེན་པར་འཛིན་པའི་སྐྱོན་བྲལ་བས། ། རྫུན་ལ་བདེན་མེད་ཟིལ་གྱིས་མནན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གསལ་བ་བྱིང་བའི་བདུད་བྱུང་ན།། རྒྱུད་གསུམ་བསྲེས་པའི་གདམས་ངག་གིས།། གཏི་མུག་ཆོས་སྐུར་རང་བརླག་པས།། ཡེ་གནས་ལྟ་བའི་ཟིལ་གྱི་མནན།། རྨུགས་པ་བདེ་བའི་བདུད་བྱུང་ན།། འཕེལ་འགྲིབ་མེད་པའི་དོན་ཤེས་ཕྱིར།། རང་བྱུང་རིག་པའི་བལྟ་བ་ལ།། མཉམ་ཉིད་དྲན་པས་ཟིལ་གྱིས་མནན།། རྒོད་པ་མི་རྟོག་བདུད་བྱུང་ན། ། སྣང་བའི་བག་ཆགས་བརྟས་པ་ལས།། རང་རིག་བག་ཆགས་མེད་པའི་ཕྱིར།། སྤོང་སྡུད་ཞེན་མེད་ཟིལ་གྱིས་མནན།། འཕྲོ་བ་མི་གཡོའི་བདུད་བྱུང་ན།། ཡེ་ནས་མི་འགྱུར་རང་བྱུང་ལ།། གོམས་པའི་དབང་གིས་ཏིང་འཛིན་གསལ། ། མི་བརྗེད་གཟུངས་ཀྱི་ཟིལ་གྱིས་མནན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་བསྒོམ་བདུད་ནི་དེ་དག་ཀྱང།། རང་བྱུང་ཆོས་སྐུ་འདི་རྟོགས་པས།། གང་བྱུང་ཟིལ་ནོན་རང་བརླག་པས།། འབྲས་བུ་ཡེ་ཤེས་ལྷུན་གྱིས་འགྲུབ། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ལྟ་བསྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཞེ་དྲུག་པའོ།།།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འཛི་ལོངས་སྤྱོད་བདུད་བྱུང་ན། ། ཏིང་འཛིན་དགྲ་རི་ཤེས་པའི་ཕྱིར།། འདོད་ཆུང་ཆོག་ཤེས་ཟིལ་གྱིས་མནན།། ཞེན་པ་གནས་ཀྱི་བདུད་བྱུང་ན།། ཡུལ་ལ་ངེས་མེད་མ་ཆགས་པས།། ལྟ་བ་རང་རིག་ཡུལ་མེད་ཕྱིར།། ཞེན་པ་མེད་པར་ཟིལ་གྱིས་མནན།། ཡོན་ཏན་གཡེང་བའི་བདུད་བྱུང་ན།། བདག་དོན་མ་གྲུབ་བར་དུ་ཡང།། མི་དབང་མི་བཏང་དོན་དྲན་པས།། གཞན་དོན་མི་བྱའི་ཟིལ་གྱིས་མནན།། འཁོར་ངན་སེམས་འཁྲུགས་བདུད་བྱུང་ན། ། མཐར་ཐུག་འབྲེལ་བ་མེད་པའི་ཕྱིར།། གནས་སྐབས་འབྲེལ་བ་ཏིང་འཛིན་དགྲ།། གདུང་སེམས་བསྐྱུངས་ལ་ཟིལ་གྱིས་མནན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཁའ་འགྲོའི་ལུང་སྟོན་བདུད་བྱུང་ན། ། རང་རིག་མི་འགྱུར་རྟོགས་པ་ལས།། གཞན་དུ་ལུང་སྟོན་བསླུ་བར་ཤེས།། རེ་དོགས་མེད་པར་ཟིལ་གྱིས་མནན།། ཉམས་མྱོང་ཞེན་པའི་བདུད་བྱུང་ན།། སྔ་ཕྱི་མེད་པའི་ཆོས་སྐུ་ནི།། ཏིང་འཛིན་རྐྱེན་གྱིས་མི་འགྱུར་ཕྱིར། ། ཞེན་མེད་ལྟ་བའི་ཟིལ་གྱིས་མནན།། ཞེ་འདོད་ཚུལ་འཆོས་བདུད་བྱུང་ན།། གང་ཡང་མ་བཅོས་དོན་དྲན་པས།། རང་བྱུང་ཆོས་སྐུ་གདེང་ལྡན་ཕྱིར།། རྟོགས་པ་དྲང་པོའི་ཟིལ་གྱིས་མནན།། བདེ་བ་བོགས་འདོན་བདུད་བྱུང་ན།། རང་བྱུང་ཡེ་ཤེས་རྟེན་མེད་ཕྱིར།། དབང་ལ་མི་ལྟོས་འཕེལ་འགྲིབ་མེད།། རྒྱུ་རྐྱེན་འབྱུང་འདོད་ཟིལ་གྱིས་མནན།། བདེན་མེད་སྐུར་འདེབས་བདུད་བྱུང་ན།། ཆོས་སྐུ་སྒྲོ་སྐུར་བྲལ་བའི་ཕྱིར། ། ལུང་ལྡན་རྣམས་ལ་གནོད་མི་ནུས།། ལྟ་སྤྱོད་མཁན་གྱིས་ཟིལ་གྱིས་མནན།། ང་རྒྱལ་སྒྲོ་འདོགས་བདུད་བྱུང་ན།། རང་བྱུང་དོན་ལ་སྐྱོན་བྲལ་བས།། དེ་དོན་ངེས་པའི་གདམས་ངག་ནི།། སྣོད་ངན་གསང་བའི་ཟིལ་གྱིས་མནན། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཟིལ་གྱིས་མནན་ཐབས་དེ་དག་ཀྱང།། སྤང་ལེན་དགག་བསྒྲུབ་མེད་པར་འདུས།། དེ་ཕྱིར་དོན་རྟོགས་དམ་པའི་ལམ།། དེ་ཡང་སངས་རྒྱས་དགོངས་པ་ཡིན། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྤྱོད་པ་ཉམས་ཀྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཞེ་བདུན་པའོ།།།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོན་ཀུན་རྩ་བ་བྱང་ཆུབ་སེམས། ། དེ་རྟོགས་བདུད་ནི་ཟིལ་ནོན་རྟགས།། ཀུན་བཟང་སྟོན་པ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ཀྱིས་ཟུང།། རྣལ་འབྱོར་སྣང་བའི་འོད་བྱུང་ན།། འཇའ་ཚོན་རང་བཞིན་མེད་ཤེས་བཞིན།། དམ་པར་ཞེན་པའི་བློ་མི་འབྱུང།། འོད་གསལ་བདུད་ནི་ཟིལ་ནོན་རྟགས།། དོན་རྟོགས་རྣལ་འབྱོར་དམ་པ་ཡིས།། སྒྲ་ཡི་རྣམ་པ་ཐོས་པའི་ཚེ།། སྒྲ་བརྙན་རྟག་པ་མེད་ཤེས་པས།། རྗེས་འབྲངས་འཛིན་པའི་སེམས་བྲལ་ཕྱིར། ། སྒྲ་གྲག་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་འཇིགས་གཟུགས་མཐོང་བའི་ཚེ།། ལྦུ་བ་སྙིང་པོ་མེད་ཤེས་ལྟར།། གཞི་ལ་འཇིགས་པའི་ཡུལ་མེད་རྟོགས།། གཟུགས་བདུད་ཟིལ་གྱིས་ནོན་པའི་རྟགས། ། རྣལ་འབྱོར་བསླུ་བའི་རྫུན་བྱུང་ཚེ།། རྨི་ལམ་བཞིན་དུ་རྫུན་དུ་ཤེས།། གང་ལ་བདེན་པར་མི་ལྟ་བས།། བསླུ་བའི་བདུད་ནི་ཟིལ་ནོན་རྟགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་ཡུལ་དྲན་རྒོད་པའི་ཚེ། ། དུག་ལ་སྔགས་ཀྱིས་བཏབ་པ་ལྟར།། སྔ་ཕྱི་རྗེས་འབྲངས་མེད་ཤེས་པས།། མི་རྟོག་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་ཤེས་པ་འཕྲོ་བའི་ཚེ།། བ་མོ་ལ་ནི་ཉི་ཤར་ལྟར།། རང་བྱུང་རང་དོན་དྲན་པའི་ཕྱིར། ། མི་གཡོའི་བདུད་ནི་ཟིལ་ནོན་རྟགས།། རྣལ་འབྱོར་གསལ་བ་བྱིང་གྱུར་ཚེ།། རིན་ཆེན་ག་འུར་བཅུག་པ་ལྟར།། ཆོས་ཉིད་གསལ་བ་རང་ཐིམ་ཚེ།། གསལ་འདོད་བདུད་ནི་ཟིལ་ནོན་རྟགས།། བསྒོམ་པ་རྨུགས་ཤིང་བདེ་མེད་ཚེ།། དཔེར་ན་རི་བྱ་རྩིས་མེད་ལྟར།། རྨུགས་པ་བདེ་བ་ཆེན་པོར་ཤེས།། བདེ་འདོད་བདུད་ནི་ཟིལ་ནོན་རྟགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་སྒོམ་འཕེལ་འགྲིབ་མེད་ཤེས་པས། ། བདག་ཉིད་རང་བྱུང་ཡེ་ཤེས་སུ།། དོན་རྟོགས་སངས་རྒྱས་རྟགས་སུ་གསུངས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ལྟ་སྒོམ་ཀྱི་བདུད་ཟིལ་གྱིས་ནོན་པའི་རྟགས་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ། །།། དེ་ནས་འཁོར་ལ་བཀའ་སྩལ་པ།། སྤྱོད་པའི་ཉམས་བདུད་ཟིལ་ནོན་རྟགས།། ངེས་དོན་བཤད་ཀྱིས་ཡིད་ལ་ཟུང།། ལོངས་སྤྱོད་འདུ་འཛིའི་བདུད་བྱུང་ཚེ།། བུང་བ་བཅུད་ལེན་ཞེན་མེད་ལྟར། ། གང་ལ་ཆགས་པ་མེད་རྟོགས་པ།། ལོངས་སྤྱོད་འདུ་འཛི་ཟིལ་ནོན་རྟགས།། རྣལ་འབྱོར་གནས་ལ་ཞེན་པའི་ཚེ།། མགྲོན་པོ་ཡུལ་སླེབས་འཇིགས་མེད་ལྟར།། མ་བཀོལ་ཏིང་འཛིན་གྲོགས་སུ་ཤེས།། ཞེན་གནས་བདུད་ནི་ཟིལ་ནོན་རྟགས།། རྣལ་འབྱོར་གཡེང་བའི་བདུད་བྱུང་ཚེ།། མེ་ལ་ཤིང་བསྣན་ཇི་བཞིན་དུ།། རྣམ་རྟོག་ཡེ་ཤེས་སྐུལ་མར་ཤེས།། གཡེང་བདུད་ཟིལ་གྱིས་ནོན་པའི་རྟགས།། རྣལ་འབྱོར་འཁོར་ངན་བདུད་བྱུང་ཚེ། ། ཕག་གླང་འབྲེལ་བ་མེད་ཤེས་ལྟར།། གཉེན་ལ་ཆགས་པས་འཆིང་བར་རྟོགས།། འཁོར་ངན་བདུད་ནི་ཟིལ་ནོན་རྟགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདྲེ་བཀྲེན་ལྷར་བཟུང་ལུང་སྟོན་པ། ། བདེན་པར་མི་འཛིན་རེ་དོགས་བྲལ།། བླ་མའི་ལུང་ལ་ཡིད་ཆེས་ཕྱིར།། ལུང་སྟོན་བདུད་ནི་ཟིལ་ནོན་རྟགས།། རྣལ་འབྱོར་ཉམས་མྱོང་སྐྱེས་པའི་ཚེ།། བདེ་མཐོང་ཉམས་ལ་མ་ཞེན་ལྟར།། ཉམས་ལ་ཞེན་པ་སྐྱོན་དུ་རྟོགས། ། ཞེན་བདུད་ཉམས་ནི་ཟིལ་ནོན་རྟགས།། རྣལ་འབྱོར་སྤྱོད་པའི་ཚུལ་འཆོས་ཚེ།། དྲང་སྲོང་གཡོ་སྒྱུ་མེད་པ་ལྟར།། ཚུལ་འཆོས་སྤྱོད་པ་འཁྲུལ་བར་ཤེས།། ཞེ་འདོད་བདུད་ནི་ཟིལ་ནོན་རྟགས།། རྣལ་འབྱོར་བསྒོམ་པ་བོགས་འདོན་ཚེ། ། འདོད་ཆགས་བྲལ་བའི་དགེ་སློང་བཞིན།། ངེས་དོན་བལྟ་བར་དབང་མི་དགོས།། བདེ་འདོད་བདུད་ནི་ཟིལ་ནོན་རྟགས།། རྣལ་འབྱོར་ཞེ་སྡང་བསྐུར་འདེབས་ཚེ།། སྐུར་བྲལ་ཉམས་མྱོང་བཙུན་མོ་བཞིན། ། དམན་སེམས་མེད་པའི་གདེང་ལྡན་པས།། སྐུར་འདེབས་བདུད་ནི་ཟིལ་ནོན་རྟགས།། རྣལ་འབྱོར་ང་རྒྱལ་སྒྲོ་འདོགས་ཚེ།། རིན་ཆེན་ནོར་ལ་བསྙད་མི་དགོས།། དེ་བཞིན་ངེས་དོན་གསང་ཐུབ་ན། ང་རྒྱལ་བདུད་ནི་ཟིལ་ནོན་རྟགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་སྤྱོད་པ་ཉམས་ཀྱི་བདུད།། རྟོགས་ན་རང་བྱུང་ཆོས་སྐུ་ཡིན།། དེ་ཕྱིར་དོན་དྲན་བདུད་མེད་པས།། ཟིལ་གྱིས་མནན་པའི་ཐབས་མི་དགོས། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྤྱོད་པ་ཉམས་ཀྱི་བདུད་ཟིལ་གྱིས་ནོན་པའི་རྟགས་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།།།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ངེས་དོན་རྟོགས་པའི་རྣལ་འབྱོར་པས།། ལན་གཅིག་སྐྱེ་ཤིའི་བདུད་བྱུང་ཚེ།། ཡེ་ཤེས་ཆོས་སྐུའི་གཟུགས་བརྙན་ནི།། ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་འབྱུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་དག་པར་རྟོགས་པའི་ཚེ། ། དམྱལ་བའི་བཙོ་བསྲེག་འཇིགས་པའི་སྒྲ།། ངུ་འབོད་ཙེར་ལྷང་ལ་སོགས་པ།། གསང་སྔགས་གསུང་གི་འཁོར་ལོར་ཤེས།། ལྕགས་བསྲེག་ས་གཞི་མེ་འོད་ཀྱང།། རྣམ་པར་དག་པའི་ཞིང་ཁམས་ལ། ། འཁོར་བའི་སྐྱོན་མེད་འོད་ཟེར་འགྱེད།། དེ་ཕྱིར་འོད་གསལ་ཡེ་ཤེས་སྐུ།། འཇིགས་པའི་གཤིན་རྗེའི་གཤེད་པོ་ཡང།། ཐུབ་དྲུག་གཟུགས་སྐུར་རྣམ་པར་མཐོང།། དེ་ཕྱིར་ལས་དག་འཁོར་བ་མེད།། སངས་རྒྱས་ས་ཉིད་ད་ལྟ་ནོན།། རྫུན་ཟེར་ལྷ་ཡིས་བསླུས་པའི་བདུད།། ངེས་དོན་སྙིང་པོ་རྟོགས་པ་ཡིས།། ས་བཅུའི་བྱང་ཆུབ་སེམས་དཔར་མཐོང།། སེམས་ཅན་དོན་བྱེད་རྒྱལ་བའི་བཀའ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སྤྲུལ་སྐུའི་འཁོར་ནི་འགྲོ་དྲུག་ཀྱང།། བདེན་པར་འཛིན་པའི་རྟོགས་མེད་ཕྱིར།། དུས་གསུམ་སངས་རྒྱས་སྤྲུལ་པའི་འཁོར།། ལུས་མེད་བསྒོམ་བདུད་འབྱུང་མི་སྲིད།། ལྟ་བསྒོམ་བདུད་མེད་འབྲས་བུ་ནི།། མེ་ལོང་ནང་གི་གཟུགས་བརྙན་བཞིན། ། ཆོས་ཀུན་གཟུགས་བརྙན་ཆོས་ཀྱི་དབྱིངས།། དེ་ལ་ཞེན་མེད་རྒྱལ་བའི་གནས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། སྤྱོད་པའི་བདུད་མེད་འབྲས་བུ་ནི།། རིག་པ་རང་གསལ་ཆོས་སྐུར་ཤེས། ། དེ་ཡི་ཡོན་ཏན་འཇིག་རྟེན་དུ།། གཟུགས་སྐུ་རྣམ་གཉིས་འགྲོ་དོན་མཛད།། དེ་དུས་སྐྱོན་མེད་ཡེ་ཤེས་ནི།། པདྨ་དང་ནི་འདམ་བཞིན་དུ།། གོས་མེད་རང་རིག་ཏིང་འཛིན་གསལ།། མ་རིག་མེད་ཕྱིར་སྐྱོན་མི་གོས། ། རྣམ་སྨིན་ལུས་ཀྱི་སྒོ་ལྔ་ཡིས།། འཁོར་བའི་གཟུགས་བྲལ་སྤང་སྡུད་མེད།། བག་ཆགས་དག་ཕྱིར་ཞེན་པ་མེད།། སྤྱོད་པའི་བདུད་ནི་འབྱུང་མི་སྲིད།། མཉམ་བཞག་རྗེས་ཐོབ་དབྱེར་མེད་པས།། ཡིན་མིན་བཟང་ངན་བདེ་སྡུག་གི། ། ཉམས་ཀྱི་བདུད་མེད་འབྲས་བུ་ནི།། བསམ་གཏན་རི་མོའི་ཡོན་ཏན་ལ།། དམ་པར་བལྟ་བ་མེད་པའི་ཕྱིར།། འབྱུང་འཇུག་མེད་པའི་ཉམས་དང་ལྡན།། ལུས་མེད་ཡེ་ཤེས་ཆོས་སྐུར་གསལ། ། དེ་ཕྱིར་ལུས་བྲལ་གདམས་ངག་གཅེས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཆོས་སྐུ་རྟོགས་པ་ལ།། རྒྱ་མཚོར་ཉི་ཟླའི་གཟུགས་བརྙན་བཞིན།། རང་རང་མོས་པ་སོ་སོ་ལ།། གཞན་དོན་མ་བཙལ་ཤུགས་ལས་འབྱུང། ། དཔེར་ན་ཆང་གིས་ར་རོ་བཞིན།། བྱང་ཆུབ་སེམས་དཔའ་ལས་དག་ལ།། ལོངས་སྤྱོད་རྫོགས་པའི་སྐུར་མཐོང་ནས།། ལྡེམ་དགོངས་ཆོས་རྣམས་སྐུ་ཡིས་སྟོན།། དད་ལྡན་ཉན་ཐོས་རང་རྒྱལ་ལ། ། ཅིར་ཡང་སྤྲུལ་པའི་སྐུར་མཐོང་ནས།། གསུང་གི་སྒོ་ནས་དྲང་དོན་དུ།། བཀྲི་དྲང་ཐབས་ཀྱིས་ཆོས་རྣམས་སྟོན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཞི་ལ་མེད་པ་ཡི།། ངེས་དོན་ཡེ་ཤེས་ཆོས་སྐུ་འདི། ། ཐམས་ཅད་སངས་རྒྱས་དགོངས་པའི་ཆོས།། སེམས་ཅན་མིང་མེད་བདེ་གཤེགས་ལ།། བྱིན་རླབས་ཆོས་ཀུན་ཐུགས་ཀྱིས་སྟོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐུ་གསུམ་གསུངས་པ་དེ་དག་ཀྱང། ། གདུལ་བྱའི་འཁོར་ལ་ཕྱེ་བ་ལས།། དོན་ལ་དབྱེར་མེད་ཆོས་སྐུར་གཅིག། དེ་ཕྱིར་ཐིག་ལེ་ཉག་གཅིག་ཡིན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། བདུད་ཟིལ་གྱིས་ནོན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཀུན་གཞི་ལྡོག་དུས་ཐབས་དང་ནི།། ལོག་པའི་འབྲས་བུ་མཐར་ཕྱིན་གང། ། སངས་རྒྱས་རྣམ་བཞི་ཇི་ལྟར་དབྱེ།། བར་དོར་སངས་ནི་ཇི་ལྟར་རྒྱ།། སངས་རྒྱས་མཛད་སྤྱོད་ཇི་ལྟར་འབྱུང།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཞུས་པའི་དོན་གསན་བཀའ་སྩལ་པ། ། ལྡོག་པའི་དུས་དང་ལྡོག་པའི་ཐབས།། དང་པོ་ཀུན་གཞི་ལྡོག་དུས་ནི།། ཀུན་གཞིའི་མཚན་ཉིད་འགྲོ་ལྡོག་མེད།། རེ་ཤིག་མ་རིག་བག་ཆགས་ཟད།། དེ་ལ་ལྡོག་ཅེས་བཏགས་པ་སྟེ།། ལྡོག་དུས་རིམ་དང་ཡོངས་སུ་དག། དང་པོ་གཉིས་ནས་དགུ་བར་དུ།། ལྷན་ཅིག་སྐྱེས་དང་ཀུན་བརྟགས་པའི།། མ་རིག་སྒྲིབ་པ་ཡོངས་སྦྱངས་ནས།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། ཐམས་ཅད་མེ་ལོང་གཡའ་དག་ལྟར།། གྱུར་པས་ལྡོག་དུས་དེ་ཉིད་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུས་ངག་ཡིད་གསུམ་མ་སྦྱངས་པར།། ཡེ་ཤེས་ལྷ་ལ་མི་སྤྲོ་སྟེ།། དངོས་གྲུབ་བསླང་པའི་འོས་མེད་པས།། དེ་ཉིད་དག་པར་སྦྱངས་པ་ནི།། དངོས་གྲུབ་བསླང་བའི་འོས་གནས་ཡིན། ། བདག་ཉིད་དག་པས་དམ་ཚིག་སེམས།། བྲན་དང་ཁོལ་ཚུལ་དངོས་གྲུབ་བསླང།། ཡེ་ཤེས་སེམས་དཔའ་བླ་མ་ཡིས།། བདག་ལ་དངོས་གྲུབ་སྟེར་ཚུལ་གྱིས།། མཚན་བཅས་མཚན་མེད་གཉིས་སྒོ་ནས། ། ཀུན་གཞི་བག་ཆགས་ཡོངས་སྦྱངས་ནས།། ལྕང་ལོ་ཅན་གྱི་ཕོ་བྲང་དུ།། ཕྱག་ན་རྡོ་རྗེའི་སྐུར་རྫོགས་པས།། རྡོ་རྗེ་འཛིན་པའི་ས་ཞེས་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐམས་ཅད་སྤྲོས་བྲལ་རྣམ་པར་དག། ། ད་ལྟའི་རིག་པའི་ཡེ་ཤེས་འདི།། རྟོགས་པའི་མཚན་ཉིད་རྣལ་འབྱོར་ལ།། ཆུ་ཟླ་ལྟ་བུར་བསྐྱེད་པའི་གཞི།། བྱང་ཆུབ་ལྔ་ཡི་ལྷ་ཚོགས་གསལ།། མཚན་མ་ལྷ་ཡི་རྣལ་འབྱོར་ལ།། སྦྱོར་བ་ལྡན་པའི་ས་ཞེས་བྱ། ། དམ་ཚིག་སེམས་དཔར་གསལ་བ་ལ།། ཡེ་ཤེས་སྤྱན་དྲངས་སྤུན་དང་གྲོགས།། འབྲས་བུ་མངོན་དུ་མ་གྱུར་པར།། མཆོད་ཅིང་བླང་བས་མཉམ་ཉིད་པ།། དེ་ལྟར་བསྒོམ་པས་མཐར་ཕྱིན་ནས། ། ཡེ་ཤེས་ལྷ་དང་སྤུན་གྲོགས་ཚུལ།། བསྒོམ་པས་མཐར་ཕྱིན་གྱུར་པའི་སར།། ཚོགས་ཆེན་རྣམ་གཉིས་ཡོངས་རྫོགས་ནས།། བདེ་གཤེགས་སྣང་བ་སྤྲུལ་སྐུ་ཉིད།། སེམས་དཔའི་ཚུལ་སྟོན་འཁོར་བསྐོར་ཏེ། ། སྐུ་ཡི་སྒོ་ནས་ཆོས་སྟོན་མཛད།། དེ་དག་སླར་ཡང་ཡིག་འབྲུར་གྱུར།། བདེ་གཤེགས་སྐུ་ལ་འདུས་པར་བསྒོམ།། ཡི་གེ་འཁོར་ལོ་ཚོགས་ཆེན་ས།། དེ་དག་ཀུན་གཞི་བཟློག་པའི་དུས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཕྱི་པ་ཀྲི་ཡོག་གི་ཀུན་གཞི་ལྡོག་པའི་དུས་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།།།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཐབས་དང་ཤེས་རབ་གཉིས་སྒོ་ནས།། གསང་ཆེན་ངང་ལ་སྐུ་གསུང་ཐུགས།། རྒྱན་གྱི་དཀྱིལ་འཁོར་རྫོགས་བསྐྱེད་ནས།། ཕྱི་ནང་ལྷ་དང་གཞལ་ཡས་ཁང།། གསལ་བར་རྫོགས་པར་བསྐྱེད་པ་ནི།། སྦྱོར་བ་ཐབས་ཀྱི་ས་ཞེས་བྱ།། བདག་ཉིད་ཏིང་འཛིན་གསལ་བ་ལ། ། རང་བཞིན་རེ་ཞིག་སྤྱན་དྲངས་ཏེ།། རྗེ་གྲོགས་ཁོལ་སྤུན་མི་བལྟ་ཞིང།། གཉིས་མེད་གཅིག་ཏུ་གྱུར་པ་ལ།། ཉོན་མོངས་དུག་གསུམ་དུག་ལྔ་དང།། མཾ་ས་རཀྟ་ལ་སོགས་མཆོད།། སྐྱོན་རྣམས་སྐུ་གསུང་ཐུགས་སུ་དག། འདོད་པའི་ཡོན་ཏན་ཡེ་ཤེས་རྒྱན།། མཉམ་པ་ཉིད་དུ་ཀུན་གྱུར་པས།། དེ་ཉིད་དབྱེ་བ་མེད་པའི་ས།། མཆོད་བསྟོད་བསྙེན་པ་མཐར་ཕྱིན་ནས།། དེ་ཉིད་ངེས་པར་མངོན་གྱུར་ཏེ།། སྐུ་གསུང་ཡོན་ཏན་ཕྲིན་ལས་ཀྱིས། ། འགྲོ་བ་མ་ལུས་རྫོགས་པར་མཛད།། གྲོགས་དང་གཉེན་པོའི་ཚུལ་གྱིས་འདུལ།། དེ་ཉིད་ཡོངས་སུ་རྫོགས་པའི་ས།། ཀུན་གཞི་ལྡོག་པའི་དུས་ཉིད་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཡེ་ནས་ལྷུན་གྱིས་གྲུབ་པའི་སྐུ།། གཞན་ནས་སྤྱན་དྲངས་མེད་པ་སྟེ།། དབྱིངས་ལ་རིག་པ་དྲང་བ་ལས།། དེ་ལ་དབྱིངས་ཉིད་ཇི་བཞིན་པར།། རིག་པས་དེ་ལྟར་གཉིས་མེད་པར།། རྟོགས་པས་སྤྱན་དྲངས་བྱོན་པ་ཡིན། ། དེ་ལྟར་ངེས་པར་གྱུར་པ་ནི།། དེ་ཉིད་གཉིས་སུ་མེད་པའི་ས།། ཕུང་པོ་ལྷ་རུ་རྫོགས་པ་ཡང།། ཡེ་ནས་ལྷ་ཡི་རང་བཞིན་ལ།། ད་གཟོད་རྩོལ་བ་མ་ཡིན་ཏེ།། དབྱིངས་ཉིད་སྐྱེ་བ་མེད་པ་ལས།། སྐྱེ་བའི་ཆོས་འཕྲུལ་ལྷ་ཡི་སྐུ། ། རྫོགས་པར་དེ་ཉིད་སྣང་བ་ལས།། ཏིང་འཛིན་རིམ་གྱིས་བསྐྱེད་པ་མེད།། མ་བསྐྱེད་རང་བཞིན་རྫོགས་གསལ་བ།། དེ་ཉིད་བཀོད་པ་མེད་པའི་ས།། མ་བསྐྱེད་རྫོགས་པར་གསལ་བ་ལས།། བདག་གཞན་གཉིས་སུ་མེད་པས་ནི། ། དབྱིངས་ལས་རིམ་འཇུག་མ་གཡོས་པར།། འབྲས་བུ་ཆེ་བའི་ཡོན་ཏན་རྫོགས།། གཞན་ནས་བྱས་དང་བཙལ་མེད་པས།། ཆེ་བའི་ཡོན་ཏན་རྫོགས་པ་ལ།། ལྷུན་གྱིས་གྲུབ་པའི་ས་ཡིན་པས། ། དེ་ཉིད་ཀུན་གཞི་ལྡོག་དུས་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐམས་ཅད་ཆོས་ཉིད་མཉམ་པའི་ངང།། མ་བཙལ་ཡེ་ནས་ལྷུན་གྲུབ་རྫོགས།། དུས་གསུམ་མི་འགྱུར་ཆེན་པོ་ཡིན།། ཐམས་ཅད་ཡེ་ནས་སངས་རྒྱས་པས།། འཁོར་གྱི་ཚིག་ནི་མིང་མེད་ཏེ།། བསྐྱེད་ཅིང་རྩོལ་བས་ཕྲལ་མི་དགོས།། རང་རིག་ཡེ་ཤེས་མངོན་སྣང་བས།། དེ་ཉིད་མངོན་དུ་སྣང་གྱུར་ཏེ།། དེ་ཚེ་ཉིད་ན་འཁོར་བ་སྟོངས།། ཀུན་གཞི་མིང་མེད་ལྡོག་པའི་དུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དོན་དུ་རྣམ་པ་ཐམས་ཅད་དུ།། སངས་རྒྱས་ཉིད་ལས་མ་གཏོགས་པ།། རྫོགས་ཆེན་ཨ་ཏིའི་ཨ་ཏི་ལ།། གཞན་པ་གང་ཡང་མེད་པའི་ཕྱིར།། ས་དང་ཀུན་གཞི་ལྡོག་དུས་གཅིག། ཡེ་ནས་སངས་རྒྱས་རང་བཞིན་ལ།། དེ་ལས་མི་འགྱུར་རྩོལ་དང་བྲལ།། ཡེ་རྫོགས་ཉིད་ལས་མ་གཏོགས་པ།། ཀུན་གཞིའི་མིང་ཡང་མི་སྲིད་པས།། འཁོར་བ་ཡོད་པ་མ་ཡིན་ཏེ།། རྡོག་རྒྱུ་མེད་ཕྱིར་ལྡོག་དུས་གང།། ཐམས་ཅད་ཡེ་སངས་རྒྱས་པའི་ཕྱིར།། རྟོགས་མ་རྟོགས་སུ་གང་གིས་གདགས།། རང་བྱུང་ཡེ་ཤེས་ཆེན་པོ་ལས།། མ་རྟོགས་འཁོར་བ་མིང་ཡང་མེད།། མ་རྟོགས་འཁོར་བར་སྣང་ཞེ་ན། ། ལྟར་སྣང་ཡང་དག་དོན་མེད་དེ།། སངས་རྒྱས་ཉིད་ལ་ལྟར་སྣང་མེད།། ཐམས་ཅད་ཆོས་སྐུ་བརྡལ་བ་ལ།། གང་ཡང་མེད་ཕྱིར་ཅི་ཞིག་འཁོར།། དེ་ཕྱིར་མ་བཙལ་ཡེ་རྫོགས་ཡིན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ནང་པ་བསྐྱེད་རྫོགས་གཉིས་ཀྱི་ཀུན་གཞི་ལྡོག་པའི་དུས་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། ཀུན་གཞི་ལྡོག་ཐབས་བཀའ་སྩལ་པ། ། ས་དང་ཕ་རོལ་ཕྱིན་པ་བཅུ།། རིམ་གྱིས་ཡོངས་སུ་སྦྱངས་ནས་ནི།། སྒྲིབ་པ་ཡོངས་སུ་བྱང་གྱུར་ནས།། ས་བཅུ་རིམ་གྱིས་བགྲོད་པ་ནི།། ཀུན་གཞི་ལྡོག་པའི་ཐབས་སུ་བསྟན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སློབ་དཔོན་ལུང་དང་ལྡན་པ་ཡིས།། སེམས་ཅན་བདེ་གཤེགས་སྙིང་པོ་ཅན།། ཡེ་ནས་སངས་རྒྱསས་རང་བཞིན་པས།། ས་དང་ཕ་རོལ་ཕྱིན་པ་ཡིས།། ད་གཟོད་རྩོལ་པ་མ་ཡིན་ཏེ།། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། ། སྐུ་དང་ཡེ་ཤེས་རང་ཆས་ལ།། བླ་མའི་ལུང་དད་ལྡན་པས་འགྲུབ།། བསྐལ་པའི་དུས་ལ་མི་ལྟོས་པར།། མྱུར་དུ་སངས་རྒྱས་ཐབས་ཆེན་པོ།། སློབ་དཔོན་ལུང་དང་ལྡན་པས་ན།། ལྡོག་ཐབས་བླ་མ་དམ་པ་ཡིན། ། དེ་ཡང་འཁོར་རྣམས་ཡང་ཉོན་ཅིག། ཆོས་སྐུ་ཉིད་ལས་མ་གཏོགས་པའི།། ཀུན་གཞི་བྱ་བ་མིང་མེད་པས།། ལྡོག་རྒྱུ་མེད་ཕྱིར་ལྡོག་ཐབས་ཅི།། ཡེ་ནས་མེད་ཕྱིར་ལྡོག་དང་བྲལ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཀུན་གཞི་ལྡོག་པའི་ཐབས་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོ་བཀའ་སྩལ་པ།། ཀུན་གཞི་ལྡོག་པའི་འབྲས་བུ་ནི། ། ཡིད་གཉིས་གནས་འགྱུར་མཉམ་ཉིད་དང།། སོ་སོར་རྟོགས་པའི་ཡེ་ཤེས་ཏེ།། སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ།། སྒོ་ལྔ་བྱ་བ་ནན་ཏན་དང།། སྤྲུལ་པའི་སྐུར་ནི་གྱུར་པ་ན།། ཆོས་ཀྱི་སྐུ་དང་ལོངས་སྤྱོད་སྐུ། ། མེ་ལོང་ཐམས་ཅད་མཁྱེན་པ་ཉིད།། མཚན་ཉིད་དབུ་མའི་བྱེ་བྲག་གིས།། རང་བཞིན་སྒྱུ་མར་སྣང་བ་ཡི།། ཚོགས་བསགས་སྨོན་ལམ་གདབ་པ་ཡིས།། མི་ཐོགས་འགྲོ་དོན་བྱེད་པར་སྣང།། རང་བཞིན་སྟོང་པའི་ཡེ་ཤེས་ཡིན། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་གཞི་ཡོངས་སུ་གནས་འགྱུར་བས།། མེ་ལོང་ཡེ་ཤེས་གྱུར་པའི་ཚེ།། དེ་ཉིད་ངང་གིས་ཀུན་འགྱུར་ཏེ།། སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ནས།། རིགས་ལྔ་ཡབ་ཡུམ་སེམས་དཔར་བཅས། ། ཞིང་ཁམས་གཞལ་ཡས་ཡོངས་རྫོགས་པ།། ཀུན་གཞི་ལོག་པའི་འབྲས་བུ་ཡིན།། ཡང་ནི་འཁོར་རྣམས་ཡིད་ཀྱིས་ཟུང།། ཆོས་རྣམས་ཡེ་ནས་སངས་རྒྱས་པས།། ད་གཟོད་རྩོལ་ཞིང་བསྒྲུབ་པ་དང། ། གནས་འགྱུར་བཟང་ངན་ཡོངས་མེད་དེ།། ཆོས་སྐུ་བདེ་ཆེན་རྟོགས་པ་ལས།། མ་གཡོས་གནས་པས་སྒྲིབ་པའི་ཚོགས།། མ་སྦྱངས་རང་བཞིན་རྣམ་དག་ནས།། ཇི་ལྟར་གནས་པ་མངོན་གྱུར་ཏོ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཀུན་གཞི་ལྡོག་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ང་བཞི་པའོ།།།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཡེ་ཤེས་འབྲས་བུ་མཐར་ཕྱིན་པས། ། ཆོས་དང་ལོངས་སྐུའི་བདག་ཉིད་ལས།། སྤྲུལ་སྐུ་ཇི་ལྟར་འཐད་བསྟན་ཏེ།། སོ་སོའི་གཞུང་དང་མཐུན་པ་རུ།། འགྲོ་དོན་མ་ལུས་རྫོགས་པར་མཛད།། སླར་ཡང་ཆོས་སྐུར་མྱ་ངན་འདས།། ལོག་པའི་འབྲས་བུ་མཐར་ཕྱིན་པས། ། དེ་དག་རེ་ཞིག་བསྟན་པར་ཟད།། རིམ་པར་བརྒྱད་ནི་དྲང་བའི་དོན།། འགྲོ་དོན་རྒྱས་ཞེས་གསུངས་མོད་ཀྱང།། སྐུ་དང་ཡེ་ཤེས་ཡོངས་མེད་པས།། དེ་ལ་མཐར་ཐུག་འབྲས་བུ་མེད།། ཐེག་པ་བརྒྱད་ཀྱིས་སངས་མི་རྒྱ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། རིམ་པ་བརྒྱད་ཀྱིས་བསྒྲུབ་པའི་ལམ།། བྱ་བྱེད་འབད་རྩོལ་མཚན་མ་སྟེ།། མཚན་མ་སངས་རྒྱས་གེགས་ཡིན་པས།། རིམ་པ་བརྒྱད་ཀྱི་གོལ་ས་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཡེ་ནས་སངས་རྒྱས་ཨ་ཏི་ལ།། སངས་རྒྱས་ཉིད་ལས་གཞན་མེད་ཅིང།། ཀུན་གཞི་རྒྱུ་འབྲས་གཏིང་ནས་མེད།། ཇི་ལྟར་གནས་པའི་དོན་ཉིད་ལས།། མཐར་ཕྱིན་འབྲས་བུ་བརྗོད་ལས་འདས། ། ལོག་ལྟ་བྲལ་བ་ཇི་བཞིན་པ།། བློ་ལ་མངོན་སྣང་མཐར་ཕྱིན་པའོ།། སངས་རྒྱས་མྱང་འདས་འབྲས་བུ་རྫོགས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡེ་ཤེས་མཐར་ཕྱིན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ང་ལྔ་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། སངས་རྒྱས་དབྱེ་བ་བཀའ་སྩལ་པ།། དང་པོ་རྒྱུ་ཡི་སངས་རྒྱས་ནི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། སེམས་ནི་ཀུན་གཞིའི་མུན་གསེབ་ན། ། རང་བྱུང་མ་རིག་བསྒྲིབས་ཏེ་གནས།། དེ་ཡི་གཏན་ཚིགས་ངེས་པ་ནི།། རྟག་ཆད་བྲལ་དང་ངོ་མ་ཤེས།། རང་བྱུང་ངོ་བོ་རྒྱུན་དུ་གནས།། འཁོར་འདས་གཉིས་ཀ་སེམས་ལ་རྫོགས།། དེ་ཡི་དེ་ཉིད་མཚོན་པའི་དཔེ། ། ཏིལ་ལ་མར་གྱིས་ཁྱབ་པ་དང།། ནམ་མཁའ་ཨ་དང་རྡོ་རྗེ་ཡིས།། ཕྱོགས་འགའ་འདྲ་བའི་དཔེ་ཡིས་མཚོན།། འབྲས་བུ་རང་ལ་ཡོད་པའི་ཕྱིར།། རྒྱུ་རྐྱེན་གཞན་ལ་རག་མ་ལུས།། དེ་ཕྱིར་རང་བྱུང་ཀུན་ཁྱབ་དེས། ། གཞན་དོན་བྱས་ཕྱིར་བཙལ་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟོགས་པ་སྐད་ཅིག་སངས་རྒྱས་ནི།། ངོ་བོ་ཀུན་གཞིའི་གཞི་ཆ་ལ།། ལུང་ལྡན་བླ་མས་དོན་བསྟན་པས།། མ་རིག་སངས་པས་རིག་པ་རྒྱས། ། དེ་ཡང་ཡིད་ཆེས་གཏན་ཚིགས་ནི།། འཁོར་འདས་འབྱུང་བ་གློ་བུར་ཏེ།། གཞི་ལ་མེད་པར་རང་ཡིད་ཆེས།། དེ་ཕྱིར་རྩོལ་བའི་ནད་དང་བྲལ།། དེ་ཡིས་དེ་ཉིད་མཚོན་པ་ནི།། མུན་ཁུང་སྒྲོན་མེ་བཏེགས་པ་དང། ། ནམ་ལངས་ཉི་མ་ཤར་བ་དང།། ལོང་བས་རིན་ཆེན་རྙེད་པ་འདྲ།། དེ་ཡི་འབྲས་བུ་ངེས་པ་ནི།། བག་ཆགས་ཉོན་མོངས་ཟིལ་གྱིས་གནོན།། ཡུལ་མེད་རང་རིག་ཆོས་སྐུར་བསྟན།། དེ་ཡང་ཡིད་ཆེས་འབྲས་བུ་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལམ་ལ་གནས་པའི་སངས་རྒྱས་དེ།། ངོ་བོ་ལྟ་བའི་གཞིར་ངེས་ཕྱིར།། རྒྱུན་དུ་འབྲལ་མེད་ལྷག་མཐོང་གསལ།། ཡེ་ཤེས་ངོས་ཟིན་ཡེངས་པ་མེད།། དེ་ཕྱིར་ལམ་ཆེན་ཆོས་སྐུའི་ཀློང། ། དེ་ཡི་ཡིད་ཆེས་གཏན་ཚིགས་ནི།། ཉོན་མོངས་མི་འབྱུང་བག་ཆགས་བྲལ།། སྤོང་སྡུད་ཞེན་པའི་རྟོག་པ་སངས།། མ་རིག་སྒྲིབ་མེད་ཡེ་ཤེས་རྒྱས།། དེ་ཡི་དོན་ཉིད་མཚོན་པའི་དཔེ།། མར་མེ་རླུང་གིས་མ་བསྐྱོད་དང། ། སྤྲིན་མེད་ཉི་མ་རང་གསལ་ལྟར།། མི་གཡོ་རྒྱ་མཚོ་དངས་པ་འདྲ།། འབྲས་བུའི་ཡེ་ཤེས་དེ་ཉིད་ཡིན།། ལྟ་བ་གདེང་ལྡན་ཡིད་ཆེས་པས།། རང་རིག་ཡེ་ཤེས་ཉམས་ཤར་ཏེ།། འཁོར་བར་ལྷུང་མེད་འབྲས་བུ་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། འབྲས་བུ་མངོན་གྱུར་སངས་རྒྱས་ནི།། རང་གི་ངོ་བོ་ཆོས་ཀྱི་སྐུ།། ཡེ་ཤེས་ཐུགས་ཀྱིས་ཐམས་ཅད་མཁྱེན།། ངེས་པའི་དོན་ལ་འཕོ་འགྱུར་མེད།། ཡིད་ཆེས་ངེས་པའི་གཏན་ཚིགས་ནི། ། ལུས་དང་བྲལ་བའི་བར་དོ་ལ།། མ་རིག་སྒྲིབ་པ་ཐམས་ཅད་སངས།། རང་བྱུང་རིག་པའི་ཡེ་ཤེས་རྒྱས།། དེ་ཡི་མཐུན་དཔེ་མཚོན་དཔེ་ནི།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། དགོས་འདོད་ཐམས་ཅད་འབྱུང་བ་དང། ། ཅི་བསམ་འགྲུབ་པའི་དཔེ་དང་འདྲ།། དེ་ཡི་འབྲས་བུ་ངེས་པ་ནི།། རང་རིག་ཆོས་སྐུ་ཡེ་ཤེས་ལ།། གཟུགས་སྐུ་རྣམ་གཉིས་དུས་གཅིག་འབྱུང།། འགྲོ་དོན་མཛད་ཀྱང་སྐྱོན་མི་དགོས། ། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་ཀྱི་དབྱེ་བ་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ།། རྣལ་འབྱོར་རྟོགས་པའི་གདེང་ལྡན་པས། ། ཚེ་ཡི་ཐ་མ་འཆི་ཀའི་དུས།། ས་ཆུ་མེ་རླུང་རིམ་ཐིམ་སྟེ།། དབུགས་ནི་ཐུམ་ཐུམ་བྱེད་པའི་ཚེ།། ཚེ་འདིའི་སྣང་བ་ནུབ་ཁ་རུ།། ཕྱི་མའི་སྣང་བ་འཆར་ཁ་རུ།། རྣམ་ཤེས་སྣང་བ་སྐྱེས་པའི་ཚེ། ། དུ་བ་སྨིག་རྒྱུ་ལྟ་བུར་མཐོང།། འབྱུང་བ་དངོས་མེད་ཞིག་པ་སྙམས།། དེ་ཚེ་སྣང་བ་འདི་ནུབ་ནས།། རང་སྣང་མཆེད་པ་སྲིན་བུའི་མེ།། བག་ཙམ་གསལ་བའི་དོན་མཐོང་སྟེ།། སྣང་བ་ཐོབ་པའི་དུས་སུ་ནི།། མར་མེའི་རྩེ་ལྟར་བརྟག་པར་དཀའ། ། དེ་ནས་ཡེ་ཤེས་བརྟན་པའི་དུས།། ནམ་ལངས་ཉི་མ་ཤར་བ་བཞིན།། རང་རིག་ཆོས་སྐུ་ཝལ་གྱིས་གསལ།། ཡུལ་མེད་རིག་པ་རང་བྱུང་ཐུགས།། ས་ཟིན་ངེས་པའི་རང་བྱུང་དེ།། སྔར་གོམས་དབང་གིས་འགྱུར་བ་མེད། ། དཔེར་ན་ཁབ་ལེན་ལྕགས་བཞིན་དུ།། རང་རིག་ཆོས་སྐུ་ངོས་ཟིན་པས།། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག། བར་དོ་ཡོན་ཏན་ལྔ་ལྡན་པས།། མ་རིག་སངས་ནས་ཡེ་ཤེས་རྒྱས། ། སངས་རྒྱས་ཡོན་ཏན་ཐམས་ཅད་སྡུད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་རང་རིག་ཡེ་ཤེས་ནི།། སང་ངེ་སལ་ལེ་ཡེ་ཤེས་གསལ།། དེ་ཕྱིར་རང་བྱུང་ཡེ་ཤེས་སྐུ།། བྱིས་ནི་བར་དོར་ལུས་མི་ལེན།། ཡུལ་ལ་མི་འཇུག་ཆགས་སྡང་མེད།། དེ་ཕྱིར་མངལ་དུ་འཇུག་པ་མེད།། སངས་རྒྱས་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་པའི་དུས་བསྟན་པའི་ལེའུ་སྟེ་ང་བདུན་པའོ། །།། འཁོར་ལ་སྟོན་པས་ཡང་གསུང་པ།། སངས་རྒྱས་ཆོས་སྐུའི་མཛད་སྤྱོད་ཀྱང།། ཡེ་ཤེས་ལུས་ཅན་ཆོད་སྐུ་ནི།། རྣམ་དག་རང་བྱུང་ཡེ་ཤེས་ཐུགས།། ཐམས་ཅད་མཁྱེན་པས་རིག་པ་གསལ། ། སངས་རྒྱས་ཀུན་གྱི་ཐུགས་སུ་བཤད།། རང་བྱུང་མིག་གིས་ཐམས་ཅད་གཟིགས།། ཡེ་ཤེས་སྤྱན་གཅིག་དྲི་མ་མེད།། མཐོང་ལ་མི་རྟོག་མཉམ་ཉིད་ཕྱིར།། ཆོས་ཀྱི་སྐུ་ཡི་སྤྱན་ཞེས་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། མཉམ་ཉིད་མི་གཡོ་རང་བྱུང་སྙན།། དངོས་མེད་སྒྲ་ཐོས་རྗེས་འབྲང་མེད།། དེ་དུས་ཆོས་ཉིད་རང་བྱུང་སྐུ།། དེ་ལས་འགྱུར་མེད་ཡེ་ཤེས་སྙན།། གདངས་གསལ་འགྱུར་མེད་ཉམས་ཀྱི་དྲི།། རྟོག་མེད་ཚོར་བ་བྱང་ཆུབ་སྐུ། ། ཡེ་ཤེས་སྣ་ལ་དྲི་མཆོག་ཐིམ།། དེ་ལ་ཞེན་མེད་སངས་རྒྱས་ཤངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་རོ་མཆོག་ཉམས་སུ་བསྟར།། སྨྲ་མེད་བདེ་གསལ་སངས་རྒྱས་ལྗགས།། ཡེ་ཤེས་ལྗགས་ཀྱིས་རང་རིག་མྱང། ། དེ་དོན་དགོངས་པ་རང་བྱུང་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དངོས་མེད་རིག་གསལ་ཡེ་ཤེས་ལུས།། ཡེ་ཤེས་སྐུ་ལ་སྐྱེ་འཆི་མེད།། དེ་དོན་མི་འགྱུར་ཡོན་ཏན་རྫོགས།། དེ་ཕྱིར་སངས་རྒྱས་ཆོས་ཀྱི་སྐུ། ། དེ་ལྡན་སྐད་ཅིག་དུས་དེ་རུ། གཟའ་སྐར་གཟུགས་བརྙན་རྒྱ་མཚོ་བཞིན།། དུས་གཅིག་འཛམ་གླིང་ཕྲག་བརྒྱ་རུ།། འགྲོ་དོན་གཟུགས་སྐུ་དུས་གཅིག་ཁྱབ།། ཅི་རིགས་པ་ཡི་ཆོས་རྣམས་སྟོན། ། དཔེ་ནི་ནམ་མཁའི་དཀྱིལ་དང་འདྲ།། རྟགས་ནི་སངས་རྒྱས་ཆོས་ཀུན་མཁྱེན།། དེ་ཡི་ཡོན་ཏན་བརྗོད་མི་ལངས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་ཀྱི་མཛད་སྤྱོད་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ལ།། འདུས་པའི་འཁོར་གྱི་ཡང་ཞུས་པ།།། མ་རྟོགས་འཁོར་བར་ཇི་ལྟར་འཁྱམས།། གདམས་ངག་མེད་པའི་སྐྱོན་ནི་གང། ། དེ་ཡི་ལྟུང་སྒོ་གང་དུ་ལྟུང།། ཀུན་བཟང་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྒྱུད་ལུང་མན་ངག་ཆོས་རྣམས་ཀུན།། སྣང་བ་བཞི་རུ་བློས་བྱས་པས། ། སྒྲོ་སྐུར་གཉིས་ལ་ཞེན་པའི་ཕྱིར།། བྱས་པ་དོན་མེད་སྡུག་བསྔལ་སྣོན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་བྱ་སྒྲོ་རླུང་ཁྱེར་ལྟར།། ངེས་མེད་གཞི་ལ་བློ་གཏང་ནས།། མ་རྟོགས་རྩོལ་སྒྲུབ་ཅི་སྤྱད་ཀྱང། ། མི་རྟོགས་དུག་ལྔ་རྒྱས་པར་འགྱུར།། དམུས་ལོང་བྱང་ཐང་འཁོར་བ་བཞིན།། ངེས་དོན་མ་རྟོགས་ཅི་བསྒོམས་ཀྱང།། ཤེས་རབ་མིག་མེད་བག་ཆགས་བརྟས།། གོལ་ས་མ་ཆོད་འཁྲུལ་པའི་ལས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དཔེར་ན་བྱ་རྒོད་གཤོག་ཆག་ལྟར།། བལྟ་སྤྱོད་གཅིག་ཏུ་མ་ཤེས་པར།། རེས་འཇོག་བླང་དོར་བྱས་ཕྱིར་ནོར།། མ་རྟོགས་ཆོས་སྤྱོད་ལས་རྣམས་འཁྲུལ།། ས་བོན་མ་བཏབ་སོ་ནམ་བཞིན།། ངེས་དོན་མ་རྟོགས་ཆོས་སྤྱད་ཀྱང།། འབྲས་བུ་མེད་ཅིང་རང་བརླག་ནས།། མཐའ་མེད་འཁོར་བའི་རྒྱ་མཚོར་ལྟུང།། དེ་ཕྱིར་གདམས་ངག་མེད་པའི་ཆོས།། ལུས་ངག་ལས་སུ་སྤྱད་གྱུར་ཀྱང།། སྡུག་བསྔལ་རྒྱུ་ལས་ཕན་མི་ནུས། ། མ་རྟོགས་ཆོས་ཀུན་དེ་བཞིན་ནོ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རྟོགས་པའི་སྐྱོན་བསྟན་པའི་ལེའུ་སྟེ་ང་དགུ་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ། ། འཁོར་འདས་གཉིས་ཀྱི་བར་དོའི་རྒྱུན།། ཐོག་མཐའ་གཅོད་ནི་མ་ཤེས་ན།། ས་མཁན་མེད་པའི་ཚོང་པ་བཞིན།། སྐྱེ་འཆིའི་སྡུག་བསྔལ་ལས་མི་ཐར།། སྐྱེ་ཤི་གཉིས་ཀྱི་བར་དོར་ནི།། ཆོས་སྐུ་ངོ་སྤྲོད་མ་ཤེས་ན། ། སྒྲོན་མེ་མེད་པའི་མུན་ཁུང་ལྟར།། མ་རིག་མུན་པ་སངས་དུས་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཉམ་གཞག་རྗེས་ཐོབ་བར་དོར་ནི།། རྒྱུན་དུ་འབྲལ་མེད་མ་ཤེས་ན།། ཆུ་བྲན་ཐན་པས་བསྐམས་པ་བཞིན། ། ལྟ་སྒོམ་གཉིས་ཀྱིས་རྐྱེན་མི་ཐུབ། ཡུལ་སེམས་གཉིས་ཀྱི་བར་དོར་ནི།། ཕྱི་ཡི་གོལ་ས་མ་ཆོད་ན།། བུ་ལོན་འབྲེལ་ཐག་མ་ཆོད་ལྟར།། རང་སེམས་ཆོས་སྐུར་རྟོགས་མི་སྲིད།། སྲིད་པ་དག་གི་བར་དོར་ནི།། སངས་རྒྱས་ཀུན་གྱི་དོན་མེད་ན།། རིན་ཆེན་འདམ་དུ་སྟོར་བ་བཞིན།། འབྲས་བུ་མི་འབྱུང་མངལ་དུ་འཇུག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐེག་པ་གཞན་དང་རྩོད་དུས་སུ།། གལ་མདོ་ངེས་པའི་དོན་མེད་ན།། གོ་མཚོན་མེད་པའི་དཔའ་བོ་བཞིན།། མན་ངག་ཟབ་མོའི་ཁྱད་མི་ཐོན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་གོལ་ས་དེ་དག་ཀྱང།། རང་སེམས་སྙིང་པོ་མ་རྟོགས་ཕྱིར།། ལུང་ལྡན་བཀའ་མེད་འཁོར་བའི་སྐྱོན། ། བསྐལ་པར་བགྲངས་ཀྱང་བདེ་མི་ཐོབ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གདམས་ངག་མེད་པའི་ཉེས་པ་བསྟན་པའི་ལེའུ་སྟེ་དྲུག་བཅུ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། དད་ལྡན་འཁོར་ལ་བཀའ་སྩལ་པ།། མ་རྟོགས་དབྱིག་གུའི་ཐུན་ཚོད་ཀྱིས།། མདོ་སྡེ་ཁ་ཏོན་གདོན་འགྱུར་ཀྱང།། བདག་བསྟོད་གཞན་ལ་སྨོད་པའི་ཕྱིར།། ངན་སོང་སྒོར་ནི་ངེས་པར་ལྟུང། ། གཞན་གྱི་བསམ་སྤྱོད་བཟང་པོ་ལ།། བར་ཆད་བྱེད་པ་བདུད་ཡིན་ཏེ།། མ་རྟོགས་སེར་སྣ་བྱེད་པ་ནི།། བདུད་ཀྱི་སྒོར་ལྟུང་འཁོར་བར་འཁྱམས།། གཞན་གྱི་འཁོར་ལ་ཕྲག་དོག་པས།། ཡོན་ཏན་མང་པོ་ཤེས་གྱུར་ཀྱང། ། རང་སེམས་སྙིང་པོ་མ་རྟོགས་ན།། གནོད་སྦྱིན་སྒོར་ལྟུང་རྟག་ཏུ་འཁོར།། མཉམ་ཉིད་མ་རྟོགས་རང་རྒྱུད་དུ།། ཆགས་སྡང་ཕོ་ཚོད་སྤྱོད་པའི་ལས།། དུག་ལྔ་རང་གར་སྤྱད་ཉེས་པས།། སྲིན་པོའི་སྒོར་ལྟུང་རྟག་ཏུ་འཁོར། ། རང་དབང་ཏིང་འཛིན་མ་ཐོབ་པར།། འཁོར་དང་རིས་སུ་བཅད་བསམས་པས།། བདག་ཉིད་ཆེ་འདོད་འཁོར་སྡུད་པ།། ཤོ་གམ་ཅན་ཆེན་དག་ཏུ་ལྟུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཇི་བཞིན་མ་ནོར་མ་རྟོགས་པར། ། ལྟ་ལོག་གཞན་གྱི་སློབ་དཔོན་བྱེད།། རང་གིས་མི་ཤེས་གཞན་སྒྲོལ་བ།། རཱུ་ཏྲའི་སྒོར་ལྟུང་རྟག་ཏུ་འཁོར།། ཚིག་ཚོགས་ཕྲིན་ལས་ཅི་མཁས་ཀྱང།། མ་རྟོགས་དངོས་པོར་འཛིན་པ་ཡིས།། རང་རྒྱུད་དམ་རྫས་མངོན་ཞེན་ཕྱིར།། བགེགས་དང་བྱ་རོག་སྒོར་ལྟུང་འཁོར།། ཐབས་ལམ་དབང་ལ་ཁུངས་ཕྱུང་སྟེ།། འདོད་ཆགས་རང་དགར་རྟག་སྤྱད་པས།། ལྟ་བས་མ་ཟིན་བདེ་ལ་ཞེན།། ལྷ་ཆེན་སྒོར་ལྟུང་འཁོར་བར་འཁྱམས། ། མ་རྟོགས་ང་དང་བདག་འཛིན་པས།། གསང་སྔགས་ལྟ་སྤྱོད་ཡིན་ཟེར་ནས།། སེམས་ཅན་ཀུན་ལ་བརྩེ་མེད་གསོད།། མུ་སྟེགས་རྟག་ཆད་སྒོར་ལྟུང་འཁོར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་རྟོགས་དབང་གིས་ཅི་སྤྱོད་པ།། ལུས་ངག་འདི་ཡིས་ལན་པའི་ཕྱིར།། ལས་ངན་དགུ་པོ་གང་སྤྱད་ཀྱང།། དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རྟོགས་པ་ལྟུང་བའི་སྒོ་བསྟན་པའི་ལེའུ་སྟེ་རེ་གཅིག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དད་ལྡན་འཁོར་ལ་ཕན་དོན་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ། ། ཀུན་བཟང་རང་སེམས་ཇི་ལྟར་རྟོགས།། དོན་གྱི་ངེས་དོན་ཇི་ལྟར་བསྡུ།། སྔ་ཕྱི་ལོག་གནོན་གང་གིས་བྱ།། རང་སེམས་གསལ་བ་ཇི་ལྟར་ཡིན།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། ། ང་ཡིས་རྟོགས་པའི་དོན་བཤད་ཀྱིས།། གཞན་དུ་མ་ཡེངས་སེམས་ལ་ཟུངས།། དེ་སྐད་ཅེས་ནི་གསུངས་པ་དང།། འཁོར་ཀུན་དད་པས་ཡིད་དགའ་ནས།། རྩེ་གཅིག་ངེས་པར་དོན་ལ་ཞུགས། ། དེ་ཚེ་སྟོན་པས་བཀའ་སྩལ་པ།། འཁོར་འདས་འབྱུང་བས་མ་བསླད་ཚེ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། འཁྲུལ་དང་རྟོགས་པ་མེད་པའི་དུས།། མཚོན་ཚིག་སྤྱོད་པའི་ཡུལ་མེད་པས།། གང་ཞིག་འཛིན་བློ་མ་ཞུགས་ཕྱིར། ། དེ་ཉིད་དོན་དུ་རང་རིག་སྟེ།། སྒྲོ་སྐུར་མ་བཏགས་རང་གསལ་བ།། དེ་ལས་མི་འགྱུར་ཆོས་སྐུར་ཤེས།། སྔར་མ་འཁྲུལ་པས་བསྟན་མི་དགོས།། མ་བསྟན་རིག་པ་རང་ལ་ཤར།། དེ་ཉིད་དུས་ན་མ་རིག་སངས། ། བག་ཆགས་མེད་ཕྱིར་ཡེ་ཤེས་རྒྱས།། རང་གིས་རང་རིག་ཡེ་ཤེས་སྐུ།། དེ་ལས་མ་གཡོས་ལྷུན་གྱིས་གྲུབ།། དེ་ཕྱིར་རང་བྱུང་རྒྱུ་རྐྱེན་མེད།། དེ་ལས་ཡིད་ཆེས་གདེང་ལྡན་པས།། རྐྱེན་བཞི་བསྐྱེད་པས་མ་རིག་བྲལ། ། དེ་ཕྱིར་འཁོར་བར་ལྷུང་མ་མྱོང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་མེད་རང་རིག་ཆོས་སྐུར་ཤེས།། ཆེ་བའི་ཡོན་ཏན་བསྒྲུབ་མི་དགོས།། རང་དོན་བདེ་སྐྱིད་སངས་རྒྱས་མེད།། དེ་ཕྱིར་མྱ་ངན་འདས་མ་མྱོང། ། ཀུན་བརྟགས་མེད་ཕྱིར་སྒྲིབ་པ་མེད།། དེ་དོན་རང་བྱུང་སྙིང་པོ་ལ།། སྤང་ཐོབ་མེད་པས་རེ་དོགས་བྲལ།། གང་གི་སྐྱོན་གྱིས་མ་གོས་ལ།། མ་བསྒྲུབས་ཡོན་ཏན་མཐའ་དག་རྫོགས།། ཀུན་ཏུ་བཟང་པོ་རང་ལ་བལྟ། ། རྒྱུ་རྐྱེན་སྙིང་པོ་མེད་པའི་ཕྱིར།། དམིགས་མེད་ཆོས་ཀྱི་སྐུ་ཞེས་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་སེམས་ཅན་གཞི་ལ་མེད།། སེམས་མེད་རང་བྱུང་ཀུན་བཟང་ལ།། སློབ་དཔོན་མེད་ཕྱིར་རང་བྱུང་སྐུ། ། ཐོས་བསམ་མ་བྱས་རང་རིག་རྟོགས།། མ་རིག་མེད་ཕྱིར་སེམས་དང་བྲལ།། ངོ་མཚར་རིག་པ་རྒྱལ་བའི་གསུང།། སེམས་མེད་རྣམ་པ་ཐམས་ཅད་མཁྱེན།། འབྱུང་བཞི་མེད་ཕྱིར་འདུས་མ་བྱས།། དེ་ཕྱིར་གཟུགས་མེད་ཡེ་ཤེས་སྐུ། ། འཁོར་བ་མེད་པས་རྣམ་པར་དག། སངས་རྒྱས་ཀུན་གྱི་ངེས་པའི་དོན།། ཕྱི་རབས་ཀུན་གྱི་ལུང་དུ་ཆེ།། དེ་རྟོགས་ང་ཡི་བྱིན་རླབས་ལས།། དུས་གསུམ་སངས་རྒྱས་གསན་པར་མཛད། ། མྱང་འདས་ཐོག་མ་མེད་ནས་བྱུང།། འགྲོ་དོན་གཟུགས་སྐུ་རྣམ་གཉིས་སྟོན།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཀུན་ཏུ་བཟང་པོའི་རྟོགས་པ་བསྟན་པའི་ལེའུ་སྟེ་རེ་གཉིས་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་བ་མྱ་ངན་འདས་པའི་ཆོས།། རང་རིག་ཆོས་སྐུ་མ་ཡིན་ཏེ།། ཡུལ་ལ་ཞེན་པའི་བློ་ཞུགས་པས།། དེ་ཕྱིར་དོན་གྱི་གནས་ལུགས་མིན། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རིག་རྒྱུ་རྐྱེན་ལས་བསྐྱེད་པའི།། རང་རྟོག་འཁྲུལ་པའི་བག་ཆགས་བརྟས།། དེ་ལས་སྡུག་བསྔལ་སྣ་ཚོགས་བྱུང།། ཆུ་བོ་བཞི་ལས་ཐར་བ་མེད།། དེ་ཡང་འདུས་པའི་འཁོར་རྣམས་ཉོན། ། མྱ་ངན་འདས་པའི་བདེ་བ་ཡང།། རྒྱུ་རྐྱེན་ཚོགས་བསགས་ནུས་མཐུ་ཡིས།། གནས་སྐབས་བདེ་བའི་འབྲས་བུ་འབྱུང།། དེ་ཕྱིར་མཐར་ཐུགས་འབྲས་བུ་མིན།། དེ་ཡང་འཁོར་རྣམས་ཡང་ཉོན་ཅིག། འཁོར་འདས་མ་རིག་ཆོས་ཀྱི་སྐུ།། ཐ་མལ་ལུས་བཅས་ཤེས་པ་ཡིས།། གཞི་ཆ་ཡེ་ཤེས་ངོས་ཟིན་ནས།། རང་རིག་འགྱུར་མེད་ཡིད་ཆེས་པས།། དེ་ལྡན་སངས་རྒྱས་དགོངས་པ་ཡིན། ། དེ་རྟོགས་བསྒོམ་དུ་རྡུལ་ཙམ་མེད།། དེ་ཉིད་རང་བྱུང་སྙིང་པོ་ཡིན།། དེ་ལྡན་རྣལ་འབྱོར་གང་ཡང་རུང།། ལུས་ངག་ཡིད་ཀྱི་བྱ་བ་རྣམས།། ཅི་སྤྱོད་ཡེ་ཤེས་ཆེན་པོ་ཉིད།། གང་ཡང་འགལ་མེད་རིག་སྤྱོད་ཡིན།། དེ་ཕྱིར་རང་སེམས་རྟོགས་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་རིག་ཡེ་ཤེས་འགྱུར་མེད་དེ།། མ་བྱས་མ་བཅོས་གདོད་ནས་དག། དེ་ལ་གང་གནས་འཕོ་འགྱུར་མེད།། དེ་ཕྱིར་ངེས་པའི་གདེང་ལྡན་པས། ། ཅི་བྱས་ཆོས་སྐུའི་སྙིང་པོ་ཉིད།། དེ་ལྡན་མི་ལུས་འདི་ཉིད་ལ།། སངས་རྒྱས་ཀུན་དང་དགོངས་པ་གཅིག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་འདི་རྟོགས་རྣལ་འབྱོར་ལ།། འབྱུང་བཞི་མེད་པས་ཞེན་པ་ཆུང། ། སངས་རྒྱས་མེད་པས་མཆོད་མི་དགོས།། སེམས་ཅན་མེད་པས་སྙིང་རྗེ་བྲལ།། དེ་ཕྱིར་རེ་དོགས་མེད་པའི་དོན།། གང་ཡང་མེད་པས་བཙལ་དུ་མེད།། དེ་ཕྱིར་དོན་ལ་ཡེངས་པ་མེད།། མེད་པ་མ་ཡིན་སྙིང་པོ་འདི། ། རྒྱུ་རྐྱེན་མེད་པའི་རིག་པ་ལ།། ཀུན་དང་མི་མཐུན་ཡེ་ནས་གསལ།། དེ་ལྡན་ཆོས་སྐུ་འགྱུར་བ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དོན་ངེས་ལྡན་རྣལ་འབྱོར་ལ།། དགེ་བ་མི་དགོས་སྒྲིབ་པ་མེད།། སྡིག་པ་མི་སྤྱོད་མ་རིག་མེད། ། ཆོས་སྐུ་ངོ་ཤེས་རང་བྱུང་དེ།། ལུང་མ་བསྟན་པའི་སྐྱོན་མི་གོས།། དེ་ཕྱིར་ཡོན་ཏན་ཀུན་ལྡན་པས།། སངས་རྒྱས་ཀུན་དང་ཡེ་ནས་མཉམ།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་སྙིང་པོ་བསྡུས་པ་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། སེམས་ཀྱི་ལོག་གནོན་བཀའ་སྩལ་པ།། ད་ལྟར་རིག་པ་འདི་ཉིད་ནི།། མ་བསྒྲིབས་ཡེ་གསལ་རང་བྱུང་དེ། ། དུས་འདིར་དོན་གྱི་ཉམས་དང་ལྡན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འབྲས་བུ་ད་ལྟའི་ཤེས་པ་ལ།། མ་རིག་བྲལ་བའི་རྟོགས་པ་དེ།། རང་གསལ་ཡིད་ཆེས་ངེས་པའི་དོན།། དེ་ཉིད་སངས་རྒྱས་ཡེ་ཤེས་གདེངས། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཐོ་རིས་ངན་སོང་མེད་པས་བདེ།། བྱིང་རྒོད་མེད་ཕྱིར་བསྒོམ་མི་དགོས།། དེ་ལྡན་ཡང་དག་གོལ་ས་མེད།། དེ་ཕྱིར་འཁོར་འདས་ཀ་ནས་དག། ཆོས་སྐུའི་ངང་ལ་གནས་པའི་ཚེ།། སྔར་གོམས་བག་ཆགས་དྲན་གྱུར་ཀྱང།། ཆོས་སྐུ་ཞེན་མེད་གོལ་ས་མེད།། དུག་ཏུ་ངོ་ཤེས་མི་ཟ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱིས་ཀྱི་ཉོན་མོངས་སྐྱེས་པའི་ཚེ།། ཏུར་བྱུང་ཉོན་མོངས་ཡིན་ཤེས་ན། ། རང་བྱུང་ཆོས་སྐུ་ཤུགས་ལ་གསལ།། དེ་ཚེ་བླང་དོར་མེད་པར་ཞི།། མདོར་ན་སྔ་ཕྱི་གཞི་ཉིད་ལས།། གང་ཡང་མེད་པར་དོན་གོ་བས།། དེ་ཚེ་ཆོས་སྐུ་གསལ་འདེབས་ཕྱིར། ། དྲན་པ་འགགས་མེད་རང་བྱུང་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གདོད་ནས་རང་བྱུང་སྙིང་པོ་འདི།། འཁོར་འདས་མ་རིག་ཆོས་ཀྱི་སྐུ།། རང་གསལ་འགྱུར་མེད་ཡེ་ཤེས་ནི།། རིན་པོ་ཆེ་ཡི་འོད་དང་འདྲ། ། དེ་ཕྱིར་རང་གསལ་འོད་པོ་ཆེ།། དེ་ལྡན་རང་བྱུང་རྣལ་འབྱོར་པས།། གང་ཡང་ཆོས་སྐུར་ཤེས་པའི་ཕྱིར།། ཅི་དྲན་སྐྱོན་མེད་ནམ་མཁའ་འདྲ།། དེ་ཕྱིར་བླ་མའི་དོན་འདི་གཅེས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་ལོག་གནོན་དུ་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།།།། དེ་ནས་འཁོར་ལ་བཀའ་སྩལ་པ།། སེམས་ནི་འཁྲུལ་པ་ཡིན་པའི་ཕྱིར།། ཆོས་ཀུན་གོལ་སེམས་ཡིན་པས་ན། ། ཡང་དག་ཉིད་ནི་སེམས་དང་བྲལ།། སེམས་མེད་རང་བྱུང་རིག་པའི་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་དག་སངས་རྒྱས་ལམ་འདི་ལ།། ཚོགས་བརྒྱད་མེད་ཕྱིར་སེམས་དང་བྲལ།། སྣ་ཚོགས་ཡུལ་ལ་ཞེན་པའི་བར། ། རང་གི་སེམས་ཞེས་དེ་ལ་བྱ།། གང་ཡང་རུང་བ་གཅིག་ལ་ཡང།། ཡིད་དང་སྒོ་ལྔ་ཡུལ་དྲན་པས།། ངེས་དོན་མ་ཡིན་རང་གི་སེམས།། རིགས་དྲུག་བསྐྱེད་པའི་སེམས་ཡིན་ཕྱིར།། ཡང་དག་འཁྲུལ་པ་སེམས་ལས་བྱུང། ། དེ་ཕྱིར་སེམས་ནི་གོལ་བར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ནི་འཁོར་བའི་གཞི་ཡིན་པས།། རང་བྱུང་ཆོས་སྐུ་འབྱུང་མི་སྲིད།། རང་སེམས་རྟོགས་ན་སེམས་མེད་ཕྱིར། ། དུས་གསུམ་སངས་རྒྱས་ཀུན་བཟང་ལ།། ཀུན་གཞི་མེད་ཕྱིར་སེམས་དང་བྲལ།། དེ་ཕྱིར་སེམས་ཀྱིས་སངས་མི་རྒྱ།། སེམས་ནི་རྒྱུ་རྐྱེན་བསྐྱེད་པའི་ཕྱིར།། ངེས་དོན་མ་ཡིན་འཁྲུལ་པའི་བློས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཐེག་བརྒྱད་སེམས་སུ་འདོད་པའི་ཕྱིར།། ངེས་དོན་ཨ་ཏིའི་གོལ་སར་བཤད།། དེ་ཕྱིར་འཁོར་བའི་ཆོས་ཡིན་ཏེ།། དཔེར་ན་དམུས་ལོང་ནོར་མི་མཐོང།། དེ་ཕྱིར་ཡུལ་སེམས་དབྱེར་མེད་འདོད།། གང་ཡང་རུང་བ་གཅིག་ལ་ཡང།། རང་སེམས་ཡིན་ཟེར་རྨོངས་པ་རྣམས།། འབྲས་བུ་ཆོས་ཉིད་དོན་དང་བྲལ།། དེ་ཕྱིར་སེམས་ལ་སངས་རྒྱས་མེད།། སེམས་རྟོགས་སེམས་མེད་ཆོས་སྐུར་ཤེས།། དེ་ཕྱིར་རང་སེམས་ཆོས་སྐུ་མིན། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རིག་རྨོངས་པའི་གང་ཟག་རྣམས།། ཆོས་སྐུ་རང་ཡང་སེམས་ཡིན་ཟེར།། དེ་ཕྱིར་ཚིག་ལས་དོན་མ་གོ།། མིང་ལས་ངེས་དོན་ཤེས་པ་དཀོན།། དེ་ཕྱིར་སེམས་ཀྱིས་སངས་མི་རྒྱ། ། རྗེས་ལས་བཙལ་བའི་གླང་པོ་རྙེད།། སེམས་ཀྱི་ཕྱོགས་ནས་དོན་བཙལ་ན།། རང་རིག་རྒྱལ་པོ་ཡེ་ཤེས་རྙེད།། དེ་རྙེད་སེམས་སུ་འཛིན་པ་བྲལ།། འཛིན་བྲལ་སེམས་མེད་རང་བྱུང་སྐུ།། སེམས་ལས་མ་བྱུང་སངས་རྒྱས་རྙེད། ། སེམས་ཀྱིས་རང་རིག་ཆོས་སྐུ་བསྒྲིབས།། དེ་ཕྱིར་མ་རིག་ཞེས་སུ་གདགས།། མ་རིག་མེད་པས་རང་སེམས་བརླག། སེམས་ནི་མ་རིག་རྒྱུ་ལས་བྱུང།། ཀུན་བརྟགས་རྐྱེན་གྱིས་བསྐྱེད་པའི་ཕྱིར། ། འབྲས་བུ་ཀུན་གཞི་འཁོར་བའི་སེམས།། དེ་ཕྱིར་སངས་རྒྱས་འབྱུང་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མུན་པ་འཐིབས་པས་སྣང་བ་བྲལ།། རང་གི་སེམས་ཀྱིས་མ་རིག་འཕེལ།། དེ་ཕྱིར་འཁོར་བའི་རྩ་བ་ནི། ། རང་སེམས་འཁྲུལ་པའི་སེམས་འདི་ཡིན།། དེ་ཕྱིར་དུག་ལྔ་རྒྱས་པར་བྱེད།། འབྲས་བུ་ངན་སོང་རྣམས་སུ་སྨིན།། དེ་ཕྱིར་སེམས་ནི་སངས་རྒྱས་མིན།། སེམས་ལས་སངས་རྒྱས་འདོད་པ་ནི།། མོ་གཤམ་བུ་དང་གཉེན་བྱེད་འདྲ། ། ར་གན་གསེར་ཡིན་ཟེར་བ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ནི་གློ་བུར་སྐྱེ་འགག་ཅན།། རྐྱེན་དབང་འགྱུར་བས་དོན་མི་རྟོགས།། དེ་ཕྱིར་རང་སེམས་མ་རིག་པས།། ཚོགས་བསགས་སྒྲིབ་པ་སྦྱངས་གྱུར་ཀྱང།། ཐར་པ་མི་ཐོབ་འཁོར་བར་ལྟུང།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སེམས་ལས་སངས་རྒྱས་མི་འབྱུང་བར་བསྟན་པའི་ལེའུ་སྟེ་རེ་ལྔ་པའོ། །།། དེ་ནས་སྟོན་པ་ཀུན་བཟང་གིས།། དེ་ན་འདུས་པའི་འཁོར་རྣམས་ལ།། རྒྱུད་ཀྱི་མཇུག་བསྡུ་ལ་བཟླ་འདི།། ངེས་པར་ཆེད་དུ་བཀའ་སྩལ་པ།། དུས་གསུམ་སངས་རྒྱས་ཁྱོད་ཀྱིས་ཀྱང།། ང་ཡི་རྒྱུད་ཆེན་ངེས་དོན་འདིས། ། རྩ་བ་རང་བྱུང་ཡེ་ཤེས་དོན།། ཀུན་ལ་ཡོད་ཀྱང་རྟོགས་པར་དཀའ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དོན་གྱི་གནས་ལུགས་ངོ་བོ་ནི།། ད་ལྟའི་ཤེས་པ་སོ་མ་ལ།། ཅི་ཡང་མ་བསམ་མ་འགགས་པ། ། དེ་ནི་དོན་གྱི་སྙིང་པོ་བསྡུ།། དེ་དོན་རྟོགས་ཐབས་ལུང་ལྡན་གྱིས།། ངེས་དོན་མ་ནོར་བསྟན་པས་གོ།། དེ་ཕྱིར་སངས་རྒྱས་ཆོས་དང་ཕྲད།། རྟོགས་ཐབས་རྒྱལ་བའི་བཀའ་རུ་བསྡུ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ངེས་དོན་གདམས་ངག་མ་ནོར་བར།། བལྟ་བ་བསྒོམ་པ་སྤྱོད་པ་དང།། འབྲས་བུ་ངེས་པའི་ཡོན་ཏན་སོགས།། རྟོགས་པས་ངེས་པར་ཆོག་པར་བསྡུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་གདམས་ངག་མ་ནོར་བར། ། གང་བྱུང་ཟིལ་གནོན་གདམས་ངག་བསྟན།། སངས་རྒྱས་དུས་ནི་བར་དོ་སྟེ།། དེ་ཚེ་རང་རིག་ཡེ་ཤེས་གྲོགས།། དེ་ཤེས་བདུད་མེད་དོན་ལྡན་བསྡུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐེ་ཚོམ་ཟ་བ་བྱུང་ན་ཡང། ། རྩ་བ་གོལ་དང་ལྟུང་བཤགས་གཉིས།། གདེང་ཟིན་རེ་དོགས་ཕྲལ་བ་ནི།། གང་ཡང་ཐེ་ཚོམ་སེལ་བར་བསྡུ།། སངས་རྒྱས་དུས་ན་བར་དོ་མེད།། ངེས་པའི་གདམས་ངག་གདེང་ཟིན་ཕྱིར།། རྣམ་སྨིན་ལུས་དང་བྲལ་མ་ཐག། ཡེ་ཤེས་ལུས་ཅན་མངོན་སངས་རྒྱས།། སངས་རྒྱས་འབྲས་བུ་བྱུང་བ་བསྡུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་མ་རྟོགས་ལྟུང་བའི་སྒོ།། མ་རྟོགས་དབང་གིས་ལས་ངན་སྤྱད། སྒོ་དགུར་ལོག་པར་འཁྱམས་པ་ཡིས།། ལམ་ལོག་མ་རྟོགས་སྐྱོན་དུ་བསྡུ།། དང་པོ་རྟོགས་ཚུལ་མ་ཤེས་ན།། སེམས་ཀྱི་ལོག་གནོན་ཤེས་མི་སྲིད།། དེ་ཕྱིར་རང་སེམས་ཆོས་ཉིད་མིན།། སེམས་ནི་འཁོར་བ་ཡིན་པར་བསྡུ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་བསྡུ་བ་རྣམ་བརྒྱད་ཀྱང།། རང་སེམས་སྙིང་པོ་རྟོགས་པའི་ཐབས།། དེ་ཕྱིར་ངེས་ལུང་རྩ་བར་བསྟན།། སངས་རྒྱས་ངེས་དོན་དེ་ལས་མེད།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཆེད་དུ་ངེས་པར་བསྡུ་བའི་ལེའུ་སྟེ་རེ་དྲུག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་དོན་གཏད་པ།། ཡང་དག་གསང་བའི་རྒྱུད་ཆེན་འདི། ། སངས་རྒྱས་ཀུན་གྱི་ཐུགས་ལ་སྦས།། རིག་འཛིན་རྣམས་ཀྱི་བདག་ལ་གཏད།། དེ་ཕྱིར་ངེས་དོན་གསང་བ་འདི།། གང་ཞིག་རྒྱུད་ལ་འཆང་ནུས་ན།། མཆོག་གི་དངོས་གྲུབ་ཐོབ་པར་ངེས།། དེ་ཕྱིར་རིན་ཆེན་གཏེར་རྙེད་འདྲ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱལ་བའི་གསང་ཆེན་བླ་མེད་འདི།། ཚིག་ཏུ་མི་འདོད་ཞེ་ལ་འཆང།། དེ་བཅངས་ཡོན་ཏན་བསམ་མི་ཁྱབ།། ཀུན་རིག་རྒྱལ་པོས་ངེས་པའི་དོན།། ཐེག་པའི་རྒྱལ་པོ་ལྷུན་རྫོགས་འདི།། དད་ལྡན་འཁོར་མང་ཁྱེད་ཀྱིས་ཀྱང།། རྒྱུད་འདི་ཡིད་ལ་བཅང་བར་གྱིས།། ཡང་དག་ངེས་དོན་རྒྱུད་ཆེན་འདི།། དད་མེད་སྨོད་པ་རྣམས་ལ་ནི།། འདི་སྤེལ་སློབ་དཔོན་བསྒྲལ་བའི་གནས། ། ཡིད་དུ་མི་འོང་རྐྱེན་རྣམས་འབྱུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣོད་དང་མི་ལྡན་མི་ངན་ནི།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། ནོར་ཕོངས་ཆོས་འདོད་ཐབས་ཀྱིས་བསླུ།། དེ་འདྲའི་སྣོད་ངན་གང་ལ་ཡང། ། ཡེ་ཤེས་བལྟ་བའི་རྒྱུད་ཆེན་འདི།། ནམ་ཡང་བསྟན་པར་མ་གསུངས་སོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བསྟན་པ་འཇིག་པའི་དུས་དེར་ནི།། རྫོགས་ཆེན་ཡང་སྙིང་བསྟན་པ་འབྱུང།། དེ་ཚེ་སྣོད་ལྡན་འབྱུང་སྲིད་ན། ། ངེས་དོན་མ་ནོར་རྒྱུད་འདི་གཏོད།། དེ་ལྟར་མ་བྱས་ཡང་སྙིང་འདི།། ནོར་འདོད་ཕྱིར་ནི་འདི་སྤེལ་ན།། སངས་རྒྱས་བཀའ་ཆད་འབྱུང་ངེས་པས།། མཁའ་འགྲོ་ཆོས་སྐྱོང་དགྲར་ལངས་ནས།། སྲིན་མོས་སྲོག་བཅད་མནར་མེད་ལྟུང།། དེ་ཡང་འཁོར་རྣམས་ཡང་ཉོན་ཅིག། གལ་ཏེ་དད་ལྡན་སྣོད་རྙེད་ན།། འཇིག་རྟེན་ཟས་ནོར་ཕངས་མེད་པ།། ཡིད་འཐད་ཕུལ་ན་ངེས་དོན་འདི།། གཞན་ལ་མི་སྤེལ་མནའ་བོར་ལ། ། སྦང་སྐྱིལ་མི་བྱ་ལྷུག་པར་གཏད།། སྣོད་ལྡན་མ་ཕྲད་དུས་ཉེ་ན།། ཆོས་སྐྱོང་ཡོད་པའི་ལྷ་ཁང་ངམ།། ལྷ་འདྲེ་ཡོད་པའི་བྲག་དཀྱིལ་དུ།། སྨོན་ལམ་བཏབ་ལ་སྦས་ལ་བཞག། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཐ་མ་རྒྱུད་གཏད་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།།།། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཆོས་ཀྱི་སྐུ། དོན་འདུས་རིག་པའི་གསུང་གསང་བ་ཐུགས་ཀྱི་ཏིང་ངེ་འཛིན་རང་བྱུང་བདེ་བའི་འཁོར་ལོ་མཐར་ཕྱིན་འབྲས་བུའི་རྒྱུད་ཅེས་བྱ་བ། གསེར་གྱི་དྲིལ་ཤིང་ཅན་འདི། རྒྱ་གར་མཁན་པོ་བི་མ་ལ་མི་ཏྲ་དང། བོད་ཀྱི་ལོཙྪ་བ་ཨཱ་ཙརྱ་དྲན་པའི་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། །། རྒྱ་གར་སྐད་དུ། སནྟི་མ་ཧཱ་ནི་ཡཱ་མཱརྠ་ས་མ་དཱ་ཡཱའ་ཏི་གརྦྷ་ས་མནྟ་བྷ་དྲ་ཛྙ་ན་ཨཱ་བརྟྟ་ཏནྟྲ་རཏྣ་སྭརྞྞཱ་ཏི་ཤྲྀ་ཏ་ནཱ་མ། བོད་སྐད་དུ། གཟུགས་སྐུ་མི་འགྱུར་བཀའ་སྩལ་པ།། ད་ལྟ་མངལ་གྱི་སྒྲིབ་གཡོགས་ཀྱིས།། གཟུགས་སྐུ་ངོ་སྤྲད་མི་འདོད་དེ།། ཆེ་བའི་ཡོན་ཏན་མི་འབྱུང་ཕྱིར།། ནམ་སྲོད་ཉི་མ་ནུབ་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལན་གཅིག་དུས་ཀྱི་དེང་སང་ན།། ལུང་མེད་རྨོངས་པའི་ང་རྒྱལ་ཅན།། དཔྱད་བཟོ་རིག་པ་བྱེད་པ་ཀུན།། གཟུགས་སྐུ་ད་ལྟ་ངོ་སྤྲོད་ཡོད།། ཁ་ཚབས་རྫུན་ཚིག་སྨྲ་བ་ལ།། རྨོངས་པ་བདེན་པར་འཛིན་པ་མང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མ་རིག་རྫུན་དེ་སུན་འདོན་ཏེ།། ད་ལྟ་མངལ་གྱི་སྒྲིབ་གཡོགས་པས།། ལོངས་སྐུ་དང་ནི་སྤྲུལ་པའི་སྐུ།། ཆུ་ཤེལ་སྒྲོན་མེའི་དཔེས་མཚོན་ཀྱང།། ད་ལྟ་རང་ལ་འབྱུང་མི་སྲིད།། ཁྱུང་སྒོང་རང་གིས་བཅག་མི་ནུས། ། དེ་ཕྱིར་གཟུགས་བརྙན་ཡེ་ཤེས་ནི།། རིས་སུ་བྲིས་དང་ལུགས་སུ་བླུགས།། འབུར་དུ་བཀོད་ལ་སོགས་པ་ཡིས།། གཟུགས་སྐུ་རང་ལ་བྱུང་བ་དང།། དངོས་སུ་སྤྲད་དུ་མི་འདོད་པས།། དེ་ཕྱིར་དྲང་དོན་ལྡེམ་དགོངས་སུ། ། ཞི་ཁྲོ་བསྒོམ་པ་ལྷ་ཚོགས་བསྟན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྔོན་དུ་གཟུགས་སྐུ་འབྱུང་བ་ཡང།། རང་རྒྱུད་ལུས་བཅས་མ་ཡིན་ཏེ།། རྒྱུད་དག་སྤྲུལ་པ་ཁ་ཅིག་ལས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ནི།། ཆགས་སྡང་ལྔ་དང་བཅས་པ་ཡི།། ཐ་མལ་རང་རྒྱུད་སེམས་འདི་ལ།། གཟུགས་སྐུ་ད་ལྟ་འབྱུང་མི་སྲིད།། ནམ་མཁའ་དངས་པར་ཉི་མ་འཆར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ད་ལྟ་གཟུགས་སྐུ་སྤྲོད་འདོད་ན།། མཚན་དང་དཔེ་བྱད་མ་ལུས་ཀུན།། རང་གི་ལུས་དང་ཚད་རྫོགས་པ།། ཞིང་ཁམས་ཡོན་ཏན་ཚད་མཐོང་དགོས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང།། སྐུ་གསུང་ཐུགས་ནི་མཉམ་དགོས་ན། ། དེ་མེད་ཡོན་ཏན་ངོ་སྤྲོད་མིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། མངལ་གྱི་སྒྲིབ་གཡོགས་མ་བྲལ་བར།། ལུང་ལྡན་རྐྱེན་དང་འཕྲད་སྲིད་ན།། རང་སེམས་ཆོས་སྐུར་རྟོགས་པ་ལ།། གཟུགས་སྐུ་མི་འབྱུང་ལུས་ཀྱིས་བསྒྲིབས།། ཉི་མ་སྤྲིན་གྱིས་བསྒྲིབས་པ་འདྲ།། ད་ཡང་འཁོར་གྱི་སྙིང་པོ་ཉོན། སྤྲུལ་སྐུ་ངོ་སྤྲོད་ཡོད་ཟེར་ན།། ད་ལྟ་ཐ་མལ་ལུས་འདི་ཡིས།། འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ།། སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད། སངས་རྒྱས་དམྱལ་བ་ཡན་ཆད་དུ།། ལུས་ཕྱིན་མིག་གིས་མཐོང་བ་དགོས།། རྣམ་སྨིན་ལུས་དང་བཅས་དུས་འདིར།། ཇི་ལྟར་གཟུགས་སྐུར་ངོ་སྤྲོད་ཀྱང།། མཐའ་འཁོབ་ཆུ་དང་འཕྲད་པ་ཡང། མི་ཐར་སྡུག་བསྔལ་འབྱུང་བའི་ཕྱིར།། སྤྲུལ་སྐུ་ངོ་སྤྲོད་ཡོད་ཟེར་འཁྲུལ།། ལྷ་མོ་ཀུན་གྱི་སྨད་གསད་རིགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡིད་སྨོན་ཙམ་དུ་ཡོད་ཟེར་ན།། ཞི་ཁྲོ་ལ་སོགས་བསྒོམ་པ་ཡང། ། རྒྱུད་ལུང་ཆོས་སྐུ་ལྡེམ་དགོངས་བསྟན།། དེ་ཕྱིར་གཟུགས་སྐུ་གནས་འགྱུར་ལས།། དངོས་སུ་འབྱུང་བར་ངས་མ་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཟུགས་སྐུའི་ཡོན་ཏན་འབྱུང་འདོད་པ།། དེ་ལྟར་རྟགས་ཆེན་འདི་འབྱུང་ཚེ། ། སེང་གེ་ཁྱུང་དང་ཨུ་དུམ་བར།། རིན་ཆེན་ལ་སྩོགས་དུས་འདིར་འབྱུང།། འཇིག་རྟེན་སངས་རྒྱས་འབྱུང་བའི་རྟགས།། དེ་མེད་འཇིགས་གཟུགས་འཇིག་རྟེན་དུ།། སེམས་ཅན་ལུས་དང་མ་བྲལ་བར། ། གཟུགས་སྐུའི་ཡོན་ཏན་འབྱུང་འདོད་ན།། མུ་སྟེགས་ཀ་བ་རི་པར་གོལ།། མ་རིག་རྨོངས་པ་སྙིང་རེ་རྗེ།། མནར་མེད་རྨོངས་པ་སྙིང་རེ་རྗེ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལུས་དང་མ་བྲལ་བར་གཟུགས་སྐུ་མི་འབྱུང་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་པའོ།།།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉི་ཤུ་རྩ་བཞི་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། ། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། རྣམ་རྟོག་རང་སར་ཅི་ལྟར་གྲོལ།། མཐའ་མ་རིག་པའི་གདམས་ངག་དང།། ཐེ་ཚོམ་གེགས་རྣམས་ཅི་ལྟར་བསལ། འདྲ་བ་ལས་ནི་གོལ་བ་གང།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དཔེར་ན་ཉི་མའི་སྙིང་པོ་ལ།། གཞན་གྱིས་མ་བྱས་རང་གསལ་བ།། ཐམས་ཅད་ཡེ་ཤེས་ཆོས་སྐུར་གསལ།། མ་རིག་མུན་པ་གདོད་ནས་སངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་རྒྱལ་པོ་མཐོང་བའི་ཚེ།། གཉན་ཞིང་གུས་པར་བློ་སྐྱེ་བཞིན།། ཆོས་ཉིད་དྲན་པར་རྟོག་པ་མེད། ། རིག་པ་རྒྱུན་ཆགས་དག་ཏུ་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ནམ་མཁའ་སྤྲིན་མེད་བཞིན།། རང་བྱུང་རང་རིག་གནོད་མེད་ལྟར།། རྣམ་རྟོག་རང་གྲོལ་འཛིན་མེད་བཞིན།། ཡེ་ཤེས་ངོ་བོ་ཆོས་སྐུར་གསལ། ། ད་ཡང་འཁོར་གྱི་སྙིང་པོ་ཉོན།། དཔེར་ན་དགུན་ཟླ་འབྲིང་པོ་ལ།། སྤང་ལ་མེ་མཆེད་ཇི་བཞིན་དུ།། ཅི་དྲན་ཆོས་སྐུའི་དོན་དྲན་པས།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ།། ད་ཡང་འཁོར་གྱི་སྙིང་པོ་ཉོན། ། དཔེར་ན་རིན་ཆེན་གསེར་གླིང་དུ།། ས་རྡོ་བཙལ་གྱིས་མི་རྙེད་ལྟར།། གང་དྲན་ཆོས་ཉིད་རང་གསལ་ཕྱིར།། ཏིང་འཛིན་དག་ལ་འབྱུང་འཇུག་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་བ་མྱ་ངན་འདས་པའི་ཆོས། ། ཐམས་ཅད་ཆོས་ཉིད་འགྱུར་མེད་ལ།། བསྒོམ་པའི་ཐ་སྙད་བྲལ་བའི་དོན།། རང་རིག་ཡེ་ཤེས་ཉིད་དུ་གསལ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྣམ་རྟོག་ཐམས་ཅད་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཅིག་པའོ།།།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་འབྱུང་བ་ཀུན།། གློ་བུར་ཡིན་ཕྱིར་གནས་ལུགས་མིན། ། འཇིག་རྟེན་ཆོས་ལ་བློ་མི་བླང།། འཁོར་འདས་གཞི་ལ་དོན་མ་རེག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕ་མེད་མ་མེད་ནགས་ཀྱི་བྱེའུ།། ནམ་མཁའི་མཐོངས་སུ་ཐོན་པ་ལྟར།། གློ་བུར་འཁོར་འདས་གཉིས་མ་ཆད། ། ཆོས་སྐུ་རྟོགས་པས་མ་རིག་སངས།། གདོད་མའི་མ་རིག་འདི་ཉིད་ལ།། བལྟ་བར་ཤེས་པས་ཆོག་པའི་ཕྱིར།། འཁོར་འདས་གཉིས་ཀ་འདོད་ནས་དག།། ཡུལ་དང་མ་འབྲེལ་ངོ་བོ་ཉིད། ། དེ་དོན་རྟོགས་པས་དོན་ལ་གནས།། ཡེ་རྫོགས་ཆོས་སྐུའྀ+ི་སྙིང་པོ་ཡིན།། རེ་དོགས་མཐའ་ཀུན་རྣམ་པར་ཞི།། ཚིག་ཏུ་འཛིན་མེད་ཡེ་ནས་དག། གཅིག་དང་དུ་མ་མཐའ་ཡེ་ཆོས།། དེ་ཕྱིར་འཁོར་འདས་གཉིས་ལས་འདས། ། འདི་ཐོས་མི་སྐྲག་ལྷག་པའི་ཆོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མེད་ཕྱིར་རྟག་པ་བྲལ།། ཀུན་ལ་ཁྱབ་པས་ཆད་པ་བྲལ།། མཐའ་དབུས་བྲལ་བས་རང་བྱུང་སྐུ།། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། ། བརྗེད་མེད་ལྟ་བ་དྲན་པའི་གཟུངས།། ངེས་དོན་ཕྱིན་ཅི་མ་ལོག་པ།། ཡེ་ཤེས་ལམ་ལ་གནས་པ་འདྲ།། རང་རིག་ངེས་པའི་ལྟ་བ་ལ།། ཡེངས་པ་མེད་པར་ཡིད་ཀྱིས་བལྟ།། དེ་ཡང་ཡུལ་ཅན་མ་ཡིན་ཏེ།། རང་ལ་རང་ལྟས་ཤིན་ཏུ་གསལ། ། དེ་གོམས་མཐར་ཕྱིན་ཡེ་ཤེས་ཐུགས།། ཆོས་ཉིད་སྤྲོས་བྲལ་འགྱུར་བ་མེད།། རང་བྱུང་ཡེ་ཤེས་གཉུག་མར་གནས།། དེ་ཉིད་མི་འབྲལ་ལྟ་བའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་འདས་གཉིས་ཀྱི་ཆས་འདི་ལ།། ཇི་སྲིད་བག་ཆགས་ཡོད་ཀྱི་བར།། འདི་ལྟར་སྣང་བའི་ཆོས་རྣམས་ལ།། སྣང་བའི་ཡུལ་རྣམས་འདོད་ནས་མེད།། ཅི་སྲིད་བག་ཆགས་དེ་དག་ནི།། ཐག་སྦྲུལ་ཐོ་ཡོར་ཇི་བཞིན་ནོ། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཐའ་མ་རེག་པའི་རྟགས་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཉིས་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་སྟོན་པ་ཀུན་བཟང་གིས།། ཐེ་ཚོམ་འགག་ཆེན་བཀའ་སྩལ་པ།། རྩོད་པ་ཚིག་གི་འཕྲང་ཆེན་ནི།། གཞི་ངེས་སྣང་བ་མ་ངེས་ཕྱིར།། ལུང་ལྡན་གདམས་ངག་མི་འགལ་བའི།། གཏན་ཚིགས་ཆེན་པོར་བསྟན་པ་ཡིན། ། དཔེར་ན་ཉི་མའི་སྙིང་པོ་ལ།། མུན་སྣང་གཉིས་ཀ་མི་འགལ་ཕྱིར།། གཞི་གཅིག་གང་ཡང་མི་འགལ་བར།། དེ་ཉིད་དུས་ན་ངོས་བཟུང་བྲལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་བྲན་རྒྱ་མཚོར་གཅིག་པ་བཞིན། ། གང་ཕྲད་ཡེ་ཤེས་ཆེན་པོ་ལ།། བྱིས་པ་རྣམས་ནི་ཐ་དད་གཟུང།། དེ་ཕྱིར་བློ་ཡི་སྣང་བ་ཡིན།། ཆོས་རྣམས་སེམས་སུ་འདུས་པའི་ཕྱིར།། བློས་བཞག་ཐེག་པ་རིམ་དགུ་བྱུང།། གཞི་ལ་ཆོས་སྐུ་གཅིག་ལས་མེད། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་ཉིད་སེམས་སྡུད་སྡུག་བསྔལ་ཡིན།། རང་སེམས་ཡུལ་ན་བེམས་པོར་འགྱུར།། གཅིག་ལས་སྐྱེ་ཤི་མེད་པར་རིགས།། འཆི་འཕོ་ཡོད་ཕྱིར་བློས་འགྱེལ་ཡིན། ། གཉིས་ཀ་ཞེ་ན་བསྲེ་མར་འགྱུར།། ཐམས་ཅད་མ་ལུས་སེམས་ཡིན་ན།། སེམས་ཙམ་ཀ་ཏ་རི་པར་གོལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕར་འགྱེལ་ཚུར་འགྱེལ་སེམས་པ་ནི།། དེ་ཤེས་མ་ཕན་འཁོར་བ་དང། ། དེ་ཕྱིར་སེམས་རྟོགས་རྩིས་སུ་ཆེ།། དེ་ཕྱིར་ལུང་ལྡན་གདམས་ངག་དགོས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ང་ཡི་ངེས་དོན་ཆོས་འདི་ལ།། བསྒོམ་དུ་ཡོད་མེད་མཐའ་ཡི་ཆོས།། སངས་རྒྱས་སེམས་ཅན་གཞི་གཅིག་ཕྱིར། ། རྒྱུ་འབྲས་ཡོད་མེད་ལྷུན་གྱིས་གྲུབ།། རྟོགས་ན་མ་བསྒོམ་འབྲལ་མེད་པར།། ཆོས་སྐུ་རང་བྱུང་དེ་ཉིད་ལ།། དུས་གསུམ་དག་ཏུ་འབྲལ་མེད་པས།། དེ་ཕྱིར་ངེས་དོན་བསྒོམ་མི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕུང་པོ་སངས་རྒྱས་ལྷ་ཚོགས་ན།། བསྒོམ་པས་མ་ཕན་རྣལ་འབྱོར་འཆིང།། སྣང་བ་བོར་ནས་སངས་རྒྱས་ན།། རྟོགས་ཚོགས་སངས་རྒྱས་ཅི་ལ་ཡིན།། ད་ལྟ་ཆོས་སྐུ་མ་ཤེས་ན།། གསང་སྔགས་མན་ངག་ཅི་ལ་ཆེ།། དེ་ཕྱིར་བསྟན་ཤས་བསྒོམ་མི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་འབྲེལ་པ་ཡང།། མ་རྟོགས་ཐུགས་རྗེ་ཕན་མི་ནུས།། ཡོད་ན་སེམས་ཅན་ཅི་ལ་འཁོར། ། གནས་སྐབས་འབྲེལ་པ་མེད་པ་ལ།། མཐར་ཐུག་ཅི་ཡི་འབྲེལ་པ་ཡོད།། རྒྱུ་འབྲས་ཚོགས་ནི་འོག་མའི་ཆོས།། འདི་ཉིད་ལྟོས་པ་རྒྱུ་འབྲས་ཆོས། གཞི་ལ་གཅིག་པ་སྣང་ལུགས་གཉིས།། དོན་ལ་གཉིས་ཀ་གང་ཡང་མེད། ། དེ་ཡང་འཁོར་འདས་མ་རིག་ཆོས།། ནམ་མཁའི་ཆོས་ནི་དངོས་མེད་ཕྱིར།། འཁོར་བའི་རྣམ་རྟོག་ཅི་ལ་ཡོད།། མ་སྤངས་གྲོལ་ཕྱིར་བསྒོམ་དུ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཞི་གནས་བསམ་གཏན་ཉམས་མྱོང་ཕྱིར། ། ཡིད་ལ་ཉམས་སུ་མྱོང་བ་ནི།། ཞི་གནས་ཡིན་ཕྱིར་ལྷག་མཐོང་མིན།། ཉམས་མྱོང་མེད་པ་གདེང་དང་བྲལ།། དེ་ཕྱིར་བློན་པོའི་སྤྱོད་ཡུལ་མིན།། གཞི་ཉིད་རྟོགས་ན་ཉམས་མི་དགོས། ། དེ་ཕྱིར་རྟོགས་པ་ཤིན་ཏུ་གཅེས།། གང་ལྟར་དྲན་པ་ཉམས་ཀྱི་མཆོག། དེ་ལ་འདི་ཞེས་སྨྲ་མི་ནུས།། དེ་ཕྱིར་མ་བསྒོམས་ང་ཡི་ཉམས།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཉིས་ལས་ང་སྔ་ཕྱིར། ། སངས་རྒྱས་ཀུན་ལས་ལུང་འདི་སྔ།། ཀུན་ཏུ་བཟང་པོ་འདི་རྟོགས་པས།། སངས་རྒྱས་ཐམས་ཅད་ཕྱི་ནས་རྒྱས།། དེ་ཕྱིར་སངས་རྒྱས་མ་གསུངས་ཆོས།། སངས་རྒྱས་སེམས་ཅན་ང་ལས་བྱུང།། གཞི་ལ་གཉིས་ཀ་མེད་པའི་ཕྱིར། ། སེམས་ཅན་ཐ་མལ་ལུས་སྲོག་ལ།། དེ་ཤེས་གཅོད་སྤང་ལ་སོགས་བྱེད།། ཕོ་ཚོད་ལྟ་བ་བདུད་ཀྱི་ལས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་རྩ་བ་ནི།། དངོས་པོ་མེད་པར་ཤེས་པ་ཡོད། ། ཡིད་སྣང་སེམས་ཀྱི་རང་བཞིན་ལ།། ངེས་དོན་བཀའ་དང་དྲང་དོན་ལས།། ངོ་བོ་གཞི་གཅིག་མི་འགལ་ཀྱང།། རྣམ་སྣང་ཤཱཀ་ཐུབ་ཞིང་ཁམས་བཞིན།། ཡུལ་གྱི་སྣང་བ་ཐ་དད་པ།། གཏན་ཚིགས་བཞི་ཡི་རང་བཞིན་གསལ། ། སྣང་བའི་ཞེན་པ་གང་འགོག་པ།། བལྟ་བའི་ཡུལ་ནི་རྣམ་བཞི་ཡིས།། ཐམས་ཅད་བློ་ཡི་སྣང་བ་དེ།། གང་ཡང་མི་འགལ་ཞེན་པ་འགོགས།། དེ་ཕྱིར་ངེས་དོན་གདམས་ངག་ཆེ།། བདེ་བས་རང་སེམས་རྟོགས་པའི་ཐབས།། ཀུན་གཞི་གཞི་ཆ་ངོས་ཟིན་ན།། ཡེ་ཤེས་ལྷུན་གྲུབ་རྫོགས་ཆེད་དུ།། རང་རིག་རྒྱལ་པོ་ཡེ་ཤེས་འཕྱོ།། མ་རྟོགས་ལོག་རྟོགས་འགོག་པའི་ཕྱིར།། མདོ་སྡེ་དང་ནི་རྒྱུད་སྡེ་ལ།། ཚད་མ་བཞི་ཡི་གཏན་ཚིགས་ཀྱིས།། ཐེག་པ་གོང་འོག་ཁྱད་པར་གྱི།། མིང་དང་ཐ་སྙད་བསམ་ཡས་ནི།། ཞེན་པ་ལོག་པའི་ཐབས་སུ་ཟད།། རྡོ་རྗེ་ཐེག་པ་འདི་ལས་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་བ་མི་འགོག་ཆོས་དབྱིངས་ལ། ། ཞེན་པ་མེད་པའི་ཡེ་ཤེས་ཏེ།། ཀུན་གྱི་རང་བཞིན་མ་བཅོས་ཏེ།། དེ་ཉིད་དོན་དང་གང་ལྡན་པ།། མི་ཡིས་ལུས་ལ་སངས་རྒྱས་ཐུགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐེ་ཚོམ་གྱི་གནས་བསལ་བའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ངེས་དོན་སངས་རྒྱས་དགོངས་པ་ལ། ། ནོར་དང་གོལ་གྱི་དོགས་པ་ཡི།། གོང་འོག་ཁྱད་པར་ངས་བཤད་ཉོན།། མུ་སྟེགས་རྟག་པ་ཐེར་ཟུག་དང།། རྫོགས་ཆེན་འགྱུར་མེད་ཆོས་སྐུ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཡུལ་དང་གོལ་ས་ཆོད། ། མུ་སྟེགས་རྟག་ཆད་དངོས་མེད་དང། ཆོས་སྐུ་དབྱིངས་རིག་དབྱེར་མེད་གཉིས།། འདྲ་དང་ནོར་བས་གོལ་དེ་འགྲོ།། དེ་ཕྱིར་ནང་གི་སྒྲོ་འདོགས་ཆོད།། སོ་སོ་སྐྱེ་བོ་ཐ་མལ་དང།། རྫོགས་ཆེན་ཁ་འབྱམས་བསྒོམ་མེད་གཉིས། ། འདྲ་དང་ནོར་བས་གོལ་དེ་འགྲོ།། དེ་ཕྱིར་གྲུབ་མཐའ་བློ་བསྒྱུར་དགོས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་རང་རིག་རང་གསལ་དང།། ཆོས་སྐུའི་རིག་པ་གསལ་བ་གཉིས། ། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཀུན་གཞི་ཤན་དབྱེ་དགོས།། ཐུན་མོང་དག་གི་དབང་གསུམ་དང།། ཁྱད་པར་འཕགས་པའི་དབང་གསུམ་ཉིད།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཡེ་རྫོགས་དབང་གསུམ་དགོས། ། དབུ་མ་སྤྲོས་དང་བྲལ་བ་དང།། རྫོགས་ཆེན་གོལ་སྒྲིབ་མེད་པ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་འཁོར་འདས་མ་རེག་དགོས།། རང་བྱུང་ངོ་བོའི་ལུས་དང་ནི།། དང་པོའི་ཤེས་བཞིན་ལུང་མ་བསྟན། ། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཐོག་མཐའ་བཅད་པ་དགོས།། དང་པོ་འཁོར་འདས་བར་དོ་དང།། ཐ་མ་སྲིད་པ་བར་དོ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་འཆི་ཁའི་གདམས་ངག་དགོས། ། ཞི་གནས་བྱིང་རྒོད་བྲལ་བ་དང།། རྫོགས་ཆེན་སྔ་ཕྱྀ་བྲལ་བ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཆོས་སྐུ་ཆེན་པོར་དགོས།། བསམ་གཏན་ཤེས་བཞི་དབྱེར་མེད་དང། ། རྫོགས་ཆེན་ལྷག་མཐོང་རིག་པ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་རྐྱེན་ཐུབ་གདམས་ངག་དགོས།། སྣང་སྟོང་དབྱེར་མེད་ལྟ་བ་དང།། རང་བྱུང་སྣང་བ་ཆོས་དབྱིངས་གཉིས། ། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཡུལ་སེམས་ཤན་དབྱེ་དགོས།། ཐབས་ཀྱི་རོ་སྙོམས་འབྲལ་མེད་དང།། རྫོགས་ཆེན་ཆོས་སྐུ་འབྲལ་མེད་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་དང་པོ་གཞི་ཤེས་དགོས། ། ཐོས་ཆུང་ཉམས་མྱོང་ཞེན་པ་དང།། བདུད་ཀྱི་ཆོ་འཕྲུལ་བཅོ་བརྒྱད་གཉིས།། འདྲ་བ་ལས་ནི་ནོར་བས་གོལ།། དེ་ཕྱིར་ཟིལ་གནོན་མན་ངག་གཅེས།། ལྷུན་གྲུབ་སེམས་སུ་འདོད་པ་དང།། སེམས་ལས་བྱུང་བའི་ཆོས་སྐུ་གཉིས།། འདྲ་བ་ལས་ནི་ནོར་བས་གོལ།། དེ་ཕྱིར་ཐེག་པ་ཤན་དབྱེ་དགོས།། ཐབས་ཀྱིས་ཟིན་པའི་བདེ་བ་དང།། ལྟ་བ་རྟོགས་པའི་བདེ་བ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཡེ་ཤེས་རྐྱེན་ཐུབ་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྒོམ་པ་ཤན་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་བཞི་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉེར་ལྔ་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། རང་རིག་ཆོས་ཉིད་ལ་བཟླའི་ཕྱིར།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། མ་བསྒོམས་དོན་དང་མི་འབྲལ་བའི། ། ཡེ་ཤེས་རང་ཤར་གདམས་ངག་དགོས།། རྣམ་པར་རྟོག་པ་མི་འགོག་པའི།། རང་ཤར་སྤྱོད་པ་ཇི་ལྟར་སྦྱང།། ཡེ་ཤེས་ལ་ནི་ཇི་ལྟར་སྦྱང།། དེ་ཡིས་འབྲས་བུ་ཇི་ལྟར་སྦྱང།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། མ་བསྒོམས་འབྲལ་བ་མེད་པ་ཡི།། ཡེ་ཤེས་རང་ཤར་ངེས་པའི་དོན།། ཀུན་རིག་སྟོན་པས་བཀའ་སྩལ་པ།། དངོས་པོ་མ་འཁྲུལ་རིག་པ་ལ།། ཚོར་བ་བདེ་སྡུག་ཅི་བྱུང་ཡང། ། ལུང་ལྡན་རིན་ཆེན་བྱིན་གྱིས་ནི།། དེ་ཉིད་ཆོས་སྐུར་ཉམས་སུ་མྱོང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་གྱི་སྣང་བ་གང་བྱུང་ཡང།། མ་འཁྲུལ་པ་ཡི་རིག་པ་ཡི།། དོན་གྱིས་ཟིན་པའི་ཡེ་ཤེས་ཏེ།། ཆོས་ཉིད་དག་གི་གནས་ལུགས་ཡིན།། དེ་ཉིད་ལུང་ལྡན་སྒྲོན་མ་ཡིས།། མ་རིག་མུན་པ་མེད་པའི་ཕྱིར།། སྒྲོ་སྐུར་བྲལ་བའི་ཡེ་ཤེས་ལ།། ཆོས་ཀྱི་སྐུ་ཞེས་དེ་ལ་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལས་དང་པོ་ཡི་དད་ལྡན་ལ། ། དངོས་པོ་ཡུལ་ལ་བརྟེན་ཏེ་བསྟན།། སྣང་བ་མི་འགོག་ཐབས་ཡིན་པས།། དེ་བསྟན་ཡུལ་དང་འབྲལ་མེད་དགོས།། ཚོར་བ་བདེ་བ་འཇམ་དང་ཞིམ།། དགའ་བ་རང་ཉམས་མྱོང་བའི་ཚེ།། ཡུལ་མེད་ཉམས་སུ་མྱོང་ཚད་ནི། ། མན་ངག་ལུང་གི་ཆོས་སྐུར་ཤེས།། དེ་ཕྱིར་ཡེ་ཤེས་རང་ཤར་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཚོར་བ་བདེ་སྡུག་སྡུག་བསྔལ་དང།། ན་ཚ་མི་ཞིམ་རྩུབ་པ་དང།། དགའ་དང་མི་དགའ་ཅི་བྱུང་ཡང། ། ལུང་ལྡན་རིན་ཆེན་རྐྱེན་གྱིས་ནི།། ཆོས་སྐུར་ཉམས་སུ་མྱོང་བའི་ཕྱིར།། ལུང་ལྡན་གནས་སྐབས་མཐར་ཐུག་གི།། འབྲེལ་བ་མེད་ཤེས་ཉམས་ཀྱི་ཚད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡུལ་འདི་རིག་མེད་འཁྲུལ་པར་ཤེས།། འདུས་བྱས་ཡིན་ཕྱིར་ཆོས་སྐུ་མིན།། སྡུག་བསྔལ་ཚོར་བ་གང་བྱུང་ཡང།། དེ་དག་རྟག་ཆད་མཐའ་མར་ལྟུང།། བྱིང་རྒོད་བླང་དོར་སྐྱོན་མ་གོས།། དེ་ཕྱིར་ཆོས་སྐུ་བསྒོམ་མི་དགོས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་གྱི་དྲན་རྟོག་ཅིར་སྣང་ཡང།། གང་འཕྲད་ཆོས་སྐུར་ཉམས་སུ་མྱོང།། ད་ཡང་ཡུལ་དྲུག་འབྲེལ་མེད་ཤེས།། གྲངས་ནི་རྣམ་པ་དགུར་ནི་བསྟན།། གང་མཐོང་གང་དྲན་ལྷག་མཐོང་ལ། ། རྐྱེན་ཐུབ་དྲུག་ནི་དོན་གྱིས་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མཐའ་རུ་མི་འཛིན་ལྟ་བ་ལ།། རིག་པ་རྒྱ་ཡན་ཆོས་སྐུར་གསལ།། ཡོད་ལ་གདེང་གིས་ཟིན་པ་ལ།། ཉམས་དང་ལྡན་པས་ཚད་ཅེས་གསུངས། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་ཤར་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅོ་ལྔ་པའོ།།།། དེ་ནས་ཀུན་རིག་ཆོས་རྗེ་ཡིས། ། ཐ་མལ་རྣམ་རྟོག་མི་འགག་པའི།། ལ་ཟློའི་སྤྱོད་པ་བཀའ་སྩལ་པ།། གཞི་ཤེས་བློ་དངོས་གཅིག་པ་དང།། བརྟུལ་ཞུགས་མཆོག་དང་བགེགས་མེད་པའི།། ལ་ཟློའི་སྤྱོད་པ་དམ་པར་ཟུང།། གཞི་ཤེས་རང་སར་སྤྱོད་པ་ནི། ། ལུང་ལྡན་ངེས་པའི་གདམས་ངག་གིས།། ཡུལ་མེད་ཆོས་སྐུ་ངོས་ཟིན་པས།། ལུས་ངག་བྱ་བྱེད་རྗེས་མེད་པའི།། གཞན་དུ་འཛིན་མེད་རང་རིག་སྐུ།། སྔ་ཕྱི་མ་བསླད་མ་བཅོས་པའི།། འདུ་འབྲལ་མེད་པའི་ཡེ་ཤེས་ནི། ། སུས་ཀྱང་མ་བྱས་རང་བྱུང་བདེ།། གཞི་ཉིད་ཤེས་པས་ནམ་མཁའ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་རིག་པ་འགྲོ་འོང་མེད།། རྟག་ཆད་མཐའ་ཡི་སྒྲོ་སྐུར་བྲལ།། རང་རིག་སྤྱོད་པ་གང་སྤྱོད་ཀྱང། ། ཆོས་ཀྱི་སྐུ་ལས་མ་གཏོགས་པར།། རྡུལ་ཙམ་གཞན་ནས་ཡོད་མི་སྲིད།། དེ་ཕྱིར་ཤེས་པ་རང་ཡན་ལ། ལྷག་མཐོང་དྲན་པའི་གདེང་གིས་ཟིན།། ཡེངས་དང་མ་ཡེངས་མེད་པར་ནི།། ལྟ་བའི་གདེངས་ཀྱིས་འབྲལ་མེད་ཕྱིར། ། ཆོས་སྐུ་གཞིར་ཤེས་སྤྱོད་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་ཤེས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་དྲུག་པའོ། །།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། བློ་དངོས་སྤྱོད་པ་བསྟན་པའི་ཕྱིར།། གཞི་ཉིད་དེ་ལྟར་རྟོགས་པ་ལ།། སྣང་བ་ངེས་མེད་སེམས་ལ་རྒྱུ།། དེ་རྒྱུ་ཙམ་ན་ཆོས་སྐུ་ཉིད། ། དེ་ལྟར་ཐག་ཆོད་ངེས་པ་ཡིས།། བསྒོམ་དང་མི་བསྒོམ་རང་སར་གྲོལ།། གང་ཡང་ཆོས་སྐུར་འགྱུར་བ་མེད།། བློ་དང་དངོས་པོར་བྱེད་མི་བྱེད།། ནམ་མཁའ་འཇའ་ཚོན་མ་འདྲེས་རྫོགས།། བློ་དང་སྣང་བ་དངོས་པོའི་ཆོས། ། སེམས་ཀྱི་སྣང་བ་ཅིར་སྣང་ཡང།། དངོས་མེད་རིག་པ་ཆོས་སྐུར་ཤེས།། བསྒོམ་དང་མི་བསྒོམ་ཐ་སྙད་བྲལ།། དེ་ཕྱིར་བློ་དངོས་ཡེ་ཤེས་ཤར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། བརྟུལ་ཞུགས་མཆོག་སྤྱོད་བཀའ་སྩལ་པ། ། ལྟ་བ་ལ་ནི་བཟླ་བའི་ཕྱིར།། སྤྱོད་པ་རྩིང་པོ་ཆེད་དུ་དགོས།། དེ་མི་འཆིང་བའི་གདམས་ངག་ཡོད།། དེ་ཕྱིར་རང་གྲོལ་རྟོགས་པ་གཅེས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་ལུང་ལྡན་པའི་རྣལ་འབྱོར་པས། ། མ་དང་སྲིང་མོ་ཀུན་སྤྱད་ཀྱིས།། གཞན་གྱི་བུད་མེད་སྨོས་ཅི་དགོས།། སེམས་ཅན་མནར་སྦྱངས་བསད་གྱུར་ཅིང།། དགེ་འདུན་མཆོད་རྟེན་དཀོར་འཕྲོག་ཀྱང།། སྐྱོན་སྒྲིབ་མེད་པར་ཡེ་ཤེས་ཤར།། དམྱལ་དཔོན་ལྟུང་བ་མེད་པ་བཞིན།། བརྟུལ་ཞུགས་མཆོག་གི་སྤྱོད་པ་ལ།། བསྲུང་བའི་དམ་ཚིག་མི་འགལ་ཏེ།། ལུང་རིག་ལྡན་པའི་ཆོས་འདི་དགོས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེང་སང་དུས་ཀྱི་ཆོས་བྱེད་རྣམས། ། ཞི་འཇམ་རྒྱུད་ནི་འབོལ་པ་དེ།། གདམས་ངག་མེད་ཕྱིར་བྱོལ་སོང་རྒྱུ།། དེ་ཕྱིར་རྨོངས་པ་སྙིང་རེ་རྗེ།། ཞི་འབོལ་འབྲས་བུ་ཐོབ་པ་མེད།། ལྷ་རྣམས་འཇིག་རྟེན་ལྟུང་བ་མེད།། ལྟ་བ་མ་རྟོགས་ཐམས་ཅད་ལྟུང། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བརྟུལ་ཞུགས་མཆོག་གི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅོ་བརྒྱད་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། གཞི་ལ་འདྲེ་མེད་བསྟན་པའི་ཕྱིར།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། འདྲེ་ཡོད་སུན་འདོན་བཀའ་སྩལ་པ།། གཞི་ལ་ལྷ་འདྲེ་མེད་པ་ལ།། མུ་སྟེགས་སྐྱེ་བོ་བདེན་འཛིན་པས།། འདྲེ་ཡོད་སུན་འདོན་ལ་ཟློ་དགོས། ། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་གྱི་རྟོག་པ་མ་ཟད་པར།། གནོད་པའི་བགེགས་ལ་ཟད་པ་མེད།། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཡང།། གཞི་ལ་གང་ཡང་མེད་པ་ཡི།། བཙུན་པ་ཁྲིམས་འཆལ་ཨུ་ལི་ཡིས།། མུ་སྟེགས་ལོག་ལྟའི་ལྷ་བསྒྲུབས་པས།། ཁ་ཆེ་བྱེ་བྲག་སྨྲ་བ་ཡི།། ཐོལ་ཐོལ་སྨྲ་ལ་ལབ་ལབ་འབར།། བདུད་ཀྱི་བྱིན་རླབས་གློ་བུར་བྱུང།། ལྷ་མེད་ལྷར་འཛིན་འདྲེ་རྣམས་གནོད། ། འདུ་བ་རྣམ་བཞིའི་ནད་དང་ནི།། ཡེ་འདྲོགས་སུམ་བརྒྱ་དྲུག་གིས་བྱས།། དེ་ཡང་རྫུན་དུ་སྨྲ་བ་ལ།། རྨོངས་པའི་སྐྱེ་བོས་བདེན་སྙམ་ནས།། མོ་ཆོག་བྱས་པས་དགེ་བ་ཉམས།། འདྲེ་མཆོད་བདུད་དུ་སླར་ལ་ཆེ། ། འབྱུང་བ་བཞི་ལ་འདྲེ་ཡོད་ཟེར།། སྲིད་པའི་སྐྱེ་འགགས་མི་ལ་གནོད།། མི་ཤི་འདྲེ་བྱུང་གནོད་ཟེར་ཏེ།། རྒྱབ་མཆོད་འདྲེ་ནི་རྟགས་བྱས་པས།། ན་ཚ་གོད་ཁ་སླར་ལ་འོང། ། ད་ཡང་འདུས་པའི་སྙིང་པོ་ཉོན།། སྲིད་པ་སྤྱི་བགེགས་ཆེན་པོ་ནི།། སྐྱེ་བོ་རྒྱང་འཕེན་པ་ལ་ཡོད།། སངས་རྒྱས་ཆོས་ལ་འདྲེ་མེད་ཕྱིར།། ཆོས་དང་གང་ཟག་བདག་དང་བྲལ།། དེ་ཕྱིར་སྣང་བ་མེད་པའི་ཕྱིར།། སྲིད་པ་སྤྱི་འདྲེ་གཞི་ལ་མེད།། འདྲེ་ཡོད་ཟེར་བ་ལྟ་བ་ལོག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་ལ་འདྲེ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་དགུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། འདྲེ་ནི་སུན་འདོན་བཀའ་སྩལ་པ།། འཇིག་རྟེན་ཞིག་ན་འདྲེ་ཡང་མེད།། ཀུན་བརྟགས་མ་རིག་ཡུལ་དུ་བརྟགས།། མ་རིག་མེད་ན་འདྲེ་ཡང་མེད། ། འདྲེ་ནི་གློ་བུར་བཏགས་པ་ཙམ།། མི་ལས་གྱུར་པར་འདྲེ་གདོན་ན།། ལུས་ཅན་གནོད་ན་མ་ཤི་རིགས།། ལུས་མེད་སྟོང་པས་གནོད་མི་ནུས།། དེ་ཕྱིར་འདྲེ་གནོད་རྫུན་པོ་ཆེ།། ལྷ་བཀའ་མི་ཀུན་རྫུན་གྱིས་བསླུས། ། ཐ་མལ་ལས་ཀྱི་དུས་ཟད་ན།། མོ་ཆོག་བྱས་དང་མ་བྱས་མེད།། རྐྱེན་མི་ཟློག་སྟེ་ཀུན་ཀ་འཆི།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་ལྷ་འདྲེ་ཀུན་མེད་དེ།། འཁྲུལ་པའི་བློ་ཡིས་བརྟགས་པ་ལས། ། རྟོགས་པས་འདྲེ་མེད་ལ་བཟླས་ན།། འཁོར་འདས་མ་རིག་ཆོས་འདི་ལ།། ལྷ་འདྲེ་བྱ་བའི་མིང་མི་ཤེས།། ཐམས་ཅད་ཐིག་ལེ་ཉག་གཅིག་སྐུ།། དུག་ཤེས་སྨན་དུ་སྦྱར་ཤེས་ལྟར།། འདྲེ་ཉིད་ཡེ་ཤེས་ཀློང་དུ་ཤེས། ། དགག་བསྒྲུབ་མེད་ཕྱིར་འདྲེ་རྣམས་སྟོངས།། རྐྱེན་གྱིས་མི་ཚུགས་ནམ་མཁའ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་དག་དོན་གྱི་ངོ་བོ་ལ།། ལྷ་འདྲེ་མེད་པས་ཡེ་ཤེས་སྐུ།། གང་ལ་རྟོག་མེད་རང་བྱུང་ལ། ། ངེས་དོན་མན་ངག་རྟོགས་པའི་ཕྱིར།། བསླུ་བྲིད་ཆོས་ཀྱི་གོལ་སྒྲིབ་མེད།། འདྲེ་མེད་ཡེ་ཤེས་ལ་ཟླའོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འདྲེ་མེད་སུན་འདོན་བསྟན་པ། ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། ཡེ་ཤེས་ལ་བཟླ་བཀའ་སྩལ་པ།། རྒྱུ་དང་འབྲས་བུ་རོ་གཅིག་ཕྱིར། ། རིམ་པར་དབྱེར་མེད་ངོ་བོ་གཅིག། སངས་རྒྱས་མ་ཚོལ་རང་ལ་གནས།། དེ་ཕྱིར་རྒྱུ་འབྲས་དབྱེ་རུ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་རྩ་བ་གཅིག་པའི་ཕྱིར།། རང་བཞིན་ལུས་དེ་ངོ་ཤེས་པས། ། ཐར་བ་ཐོབ་ཅེས་བསྟན་པའི་ཕྱིར།། འཁོར་འདས་མེད་པར་ཆོས་སྐུར་རྟོགས།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། མ་བྱུང་མ་སྐྱེས་ཆོས་དབྱིངས་ལ།། དུས་གསུམ་འཕོ་འགྱུར་མེད་པའི་ཕྱིར།། ཕྱི་ནང་མ་བསལ་ཡེ་ནས་ཡིན། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རིག་ལས་སྐྱེས་སེམས་ཅན་དང།། ཡེ་ཤེས་ལས་བྱུང་སངས་རྒྱས་གཉིས།། ངེས་ལུང་ལྡན་པས་ཆོས་སྐུར་གཅིག། མ་བཅལ་ལ་ཟློ་ཆེན་པོ་ཡི། ། བདེ་དང་སྡུག་བསྔལ་འཁོར་འདས་ཆོས།། རྟོགས་དང་མ་རྟོགས་གཉིས་མེད་ཕྱིར།། ཡུལ་དང་འཛིན་པ་བློ་མེད་པས།། མ་བཙལ་ཡེ་ཤེས་རང་གནས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཙང་སྨེ་གཞི་ལ་མེད་པའི་ཕྱིར། ། བློ་ཡིས་བྱས་པ་ཐམས་ཅད་འཁྲུལ།། མ་བྱས་མ་བཅོས་རང་རིག་ཉམས།། ལ་བཟླ་བཟང་ངན་མེད་པར་གྱིས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མཐོ་དམན་ཆེ་ཆུང་མ་ལུས་ཀུན།། མན་ངག་ཅན་ལ་ཆེ་ཆུང་མེད། ། ཡེ་ཤེས་རང་ལ་གནས་པ་ལ།། མཐོ་དམན་མེད་པར་རྟོགས་པར་གྱིས།། རང་བྱུང་སྐྱེ་འཆི་མེད་པའི་ཕྱིར།། དུས་གསུམ་གཅིག་ལ་ཡེ་ཤེས་སྐུ།། གྲངས་དང་ཚེ་ཚད་བགྲང་དུ་མེད།། དེ་ཕྱིར་མི་འགྱུར་ཡེ་ཤེས་ཡིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་རང་ཤར་ལ་ཟློས་ན།། གང་ལྟར་སྣང་དྲན་ཆོས་ཉིད་ལ།། མ་བཙལ་ཡེ་ཤེས་རང་གནས་ཕྱིར།། བསྒོམ་མི་དགོས་པ་ལ་ཟླའོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་ཤར་ལ་བཟླ་བ་བསྟན་ལེའུ་སྟེ་བརྒྱ་དང་ཉེར་གཅིག་པའོ།།།། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ། ། རྟོགས་པའི་འབྲས་བུ་བཀའ་སྩལ་པ།། རྟོགས་པའི་ཡོན་ཏན་དུས་འདིར་ནི།། ལུས་མེད་སྒོ་ལྔའི་རིག་པས་ཀྱང།། སྔར་མ་མཐོང་བའི་ཞིང་ཁམས་སུ།། ཡེ་ཤེས་སྤྱན་གྱིས་དུས་གཅིག་མཐོང།། འཆར་ནུབ་མེད་པའི་ཉི་ཟླ་ཤར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་བསམས་པ་ཡི་ལྷག་མཐོང་ལ།། མ་བརྗེད་པ་ཡི་གཟུངས་ཀྱིས་ཟིན།། མ་ཟོས་བདུད་རྩིའི་རོ་མཆོག་མྱོང།། མ་བསྒྲུབས་པ་ཡི་འབྲས་བུ་ཐོབ།། མ་བཙལ་པ་ཡི་དོན་གཅིག་གྲུབ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཕྱིར་ངེས་དོན་འདི་བཙལ་ན།། དུས་འདིར་ཆོས་ཉིད་བདེན་པ་མཐོང།། ཐུན་མོང་དངོས་གྲུབ་ཅི་བསམ་གྲུབ།། རྗེས་དྲན་ཡོན་ཏན་བར་དོར་འོངས། ། དུས་དིར་སངས་རྒྱས་སྨོས་ཅི་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྲས་བུ་མངོན་དུ་འབྱུང་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉེར་གཉིས་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་ཉེར་དྲུག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ཀྱིས།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཐིག་ལེ་བརྒྱད་ཀྱི་དབྱེ་བ་གང། ། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཕྱི་ནང་མ་བཅོས་མྱ་ངན་འདས།། མྱང་འདས་དོན་ནི་ཆོས་ཀྱི་སྐུ།། ཆོས་ཀྱི་དབྱིངས་ནི་སྐུ་ཡི་འོད།། སྙིང་པོའི་འབྲས་བུ་ཡེ་ཤེས་སྐུ། སྙིང་པོ་ཀུན་ལ་ཁྱབ་ཅིང་འདུས།། ཐུགས་ཀྱི་ཉིང་ཁུ་ཡིན་པའི་ཕྱིར།། ཐིག་ལེ་འགྱུར་བ་མེད་པའི་དོན།། ཀུན་བཟང་རྡོ་རྗེའི་བྱིན་བརླབས་ཀྱིས།། ཚིག་ཏུ་མ་བཀོད་ཐུགས་ལ་རྒྱུད།། དོན་གྱི་གཏིང་ཕྱིན་བསྟན་པའི་ཕྱིར། ། ཚིག་ཉུང་དོན་དུ་བགྲང་པའི་ཕྱིར།། ཐིག་ལེ་ལ་ཤན་དབྱེ་བ་ནི།། མཚན་ཉིད་བརྟགས་པའི་ཐིག་ལེ་དང།། གསང་སྔགས་སྤྱི་ཡི་ཐིག་ལེ་དང།། རྫོགས་པ་ཆེན་པོའི་ཐིག་ལེ་དང།། ཡང་ཏི་ཐིག་ལེ་ཉག་གཅིག་ལ། ། རེ་རེ་ལ་ནི་བཞི་བཞི་སྟེ།། ངོ་བོ་དཔེ་དང་གཏན་ཚིགས་ཀྱིས།། འགྲོ་ས་ལ་ཤན་དབྱེ་བ་དང།། རྩལ་གྱི་སྒོ་ནས་གསུམ་བསྟན་པ།། སྣང་བ་ཆོས་ཀྱི་སྐུ་ལ་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། བཏགས་པ་མིང་གི་ཐིག་ལེ་ཡི།། མཚན་ཉིད་ཐེག་པ་རྣམ་གསུམ་ལ།། ངོ་བོ་རྣམ་ཤེས་ཚོགས་བརྒྱད་ལ།། དཔེ་ནི་དམུས་ལོང་གཡུ་རྡོ་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་ཚོགས་བརྒྱད་སེམས་སུ་གཅིག་ལེ་ནི་ཁམས་གསུམ་ཡོངས་ལ་ཁྱབ། ། འགྲོ་ས་སྲིད་པའི་ཡང་རྩེ་ཡིན།། གཞི་ཡི་ཐིག་ལེ་བསྟན་པ་ནི།། གསང་སྔགས་ཕྱི་རྒྱུད་རྣམ་པ་གསུམ།། ངོ་བོ་ཀུན་གཞིའི་རྣམ་ཤེས་ལ།། དཔེ་ནི་ས་དང་ཆུ་འདྲེས་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ། ། ཐིག་ནི་ཀུན་གྱི་སེམས་ཀྱྀ་གཞི།། ལེ་ནི་འགྲོ་དྲུག་ཡོངས་ལ་ཁྱབ།། འགྲོ་ས་འདས་དང་མ་འདས་པ།། དོན་གྱི་ཐིག་ལེ་བསྟན་པ་ནི།། རྫོགས་ཆེན་ཨ་ཏི་སྤྱྀ་ཡི་གཞུག། ངོ་བོ་ཀུན་གཞྀ་ལུང་མ་བསྟན། ། དཔེ་ནི་ཞོ་དང་འོ་མ་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་ཀུན་གཞི་གཉུག་མ་ལ།། ལེ་ནི་ཐམས་ཅད་སེམས་སུ་སྣང།། འགྲོ་ས་གར་འགྲོ་ངེས་པ་མེད།། ད་ཡང་འཁོར་གྱི་སེམས་དཔའ་ཉོན། ། དེ་ལྟར་ཐིག་ལེ་ཉག་བཞི་བསྟན།། ཐིག་པ་ཀུན་དང་སྒོ་བསྟུན་ཕྱིར།། ཤན་གྱིས་སྒོ་ནས་བཏགས་པ་ཡིན།། དོན་ལ་དབྱེར་མེད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐིག་ལེ་ལ་ཤན་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་བཟང་རྒྱལ་པོས་བཀའ་སྩལ་པ།། ཆོས་ཉིད་ཐིག་ལེ་ཞེས་བྱ་བ། ། སྤྲོ་བསྡུ་མེད་པར་རང་གསལ་བ།། ཆོས་ནི་སྙིང་པོ་མི་འགྱུར་བའི།། སྐུ་བཟང་ཐུགས་ཀྱི་སྒྲོན་མ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཕྱིར་མ་ནོར་དྲང་ཕྱིར་ཐིག། དངོས་མེད་ཀུན་ཁྱབ་བརྡལ་བས་ལེ། ། འཁོར་འདས་གཞི་གྱུར་རང་བྱུང་སྐུ།། ཉིད་ནི་སྤྲོས་བྲལ་འདུས་མ་བྱས།། ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར།། མ་འམ་རྟན་དུ་གཞིར་གྱུར་པ།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། སངས་རྒྱས་ཐུགས་དང་སེམས་ཅན་སེམས། ། ཀུན་ཁྱབ་ཡེ་ནས་བཙལ་མི་དགོས།། དེ་ཕྱིར་ཆོས་ཉིད་སྤྲོས་བྲལ་བ།། འཁྲུལ་རྟོག་སེམས་ནི་གཞི་ལ་མེད།། དེ་ཕྱིར་འཁོར་འདས་མ་རིག་སྐུ།། དུས་དང་རྣམ་པ་ཐམས་ཅད་དུ།། རྟོགས་དང་མ་རྟོགས་མེད་པར་གནས།། དེ་ཕྱིར་སྒྲིབ་ཚོགས་མི་དགོས་པ།། ས་ལམ་མེད་ཕྱིར་རིམ་པ་མེད།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་བྱ་བྲལ་བདེ་བའི་ལས། ། ཡེ་ཤེས་ཀློང་དུ་ཡེ་གནས་ཕྱིར།། འདུ་འབྲལ་མེད་པའི་ཆོས་ཉིད་ལ།། རེ་དོགས་མེད་པར་མཐར་མ་ལྷུང།། དེ་ཕྱིར་ཆོས་ཉིད་དབྱེ་རུ་མེད།། དེ་དོན་ངོ་བོ་ཀུན་གྱི་གཞི།། དེ་ལས་མ་བྱུང་གང་ཡང་མེད། ། དེ་ཕྱིར་ཆོས་ཉིད་ཐིག་ལེ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཉིད་ཀྱི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་བཞི་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དབྱིངས་ཀྱི་ཐིག་ལེ་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་ཐིག་ལེ་ལས།། ཆེ་བའི་ཡོན་ཏན་ཀུན་འབྱུང་ཕྱིར།། མ་བཙལ་ཡོན་ཏན་ཀུན་འབྱུང་བས།། དབྱིངས་ཀྱི་ཐིག་ལེ་དེ་ལ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕ་རོལ་ཕྱིན་བཅུ་ལ་སོགས་པའི།། ཆོས་རྣམས་ཀུན་གྱི་གཞིར་གྱུར་ཕྱིར།། ཇི་སྙེད་བཤད་པ་ཐམས་ཅད་ཀྱང།། རང་གྲོལ་ཉིད་དུ་བསྟན་པ་ལས།། བདེ་གཤེགས་སྐྱེད་པའི་ཡུམ་ཡིན་ཕྱིར།། ཀུན་གྱིས་མཚུངས་པའི་ལམ་དུ་བསྟན།། ཆོས་ཉིད་དེ་མེད་ཡོན་ཏན་ནི།། གང་ཡང་མི་འབྱུང་དེ་ཡིན་ཕྱིར།། ཆོས་སྐུ་རང་རིག་རྩལ་དུ་ནི།། ཆེ་བའི་ཡོན་ཏན་དགོས་པའི་ཕྱིར། ཤིན་ཏུ་རྣལ་འབྱོར་མཆོག་གི་ལམ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆུ་ཆེན་རྒྱུན་མི་ཆད་པའི་དཔེས།། སངས་རྒྱས་མཚན་དང་དཔེ་བྱད་ཀྱང།། མ་བཙལ་ལྷུན་རྫོགས་ངང་ལས་བྱུང།། དེ་ཕྱིར་དབྱིངས་ནི་རིག་པའི་རྩལ། ། ཐིག་ནི་མ་བཅོས་ཡེ་ནས་དག། ལེ་ནི་ཡོན་ཏན་རྒྱུན་མི་ཆད།། དེ་ཕྱིར་རང་བྱུང་ཆོས་སྐུ་རྒྱན།། ཕྱི་ནང་ཆོས་ཀྱི་རོལ་པ་ཀུན།། དབྱིངས་ནི་ཐིག་ལེ་འདི་ལ་ཚང།། དེ་ཕྱིར་ཆོས་ཉིད་རང་བྱུང་ལས།། སངས་རྒྱས་ཆེ་བའི་ཡོན་ཏན་འབྱུང། ། དེ་ཕྱིར་དབྱིངས་ནི་རིག་པའི་རྩལ།། ཐིག་ནི་མ་བཅོས་ཡེ་ནས་གནས།། ལེ་ནི་ཡོན་ཏན་རྒྱུན་མི་ཆད།། དེ་ཕྱིར་རང་བྱུང་ཆོས་སྐུ་རྒྱན།། ཕྱི་ནང་ཆས་ཀྱི་རོལ་བ་ཀུན།། མ་བཙལ་ཡེ་ནས་རང་ལ་འཆར། ། དབྱིངས་ཀྱི་ཐིག་ལེ་དེ་ལ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། དབྱིངས་ཀྱི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་ལྔ་པའོ།།།། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ།། དབྱིངས་ནི་རྣམ་པར་དག་པ་ཡི།། ཐིག་ལེ་ཆེན་པོ་བཀའ་སྩལ་པ།། ཡུལ་དང་སེམས་ཀྱི་བསྡུས་པ་ཡི།། རང་འཁྲུལ་ཞེན་པའི་བློ་བརྟས་པའི། ། མཚན་མའི་སྒྲིབ་པ་སྦྱང་མི་དགོས།། དེ་ཕྱིར་དབྱིངས་དང་ཐིག་ལེ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཉིད་ཕྲ་ཞིང་ཤེས་དཀའ་ཕྱིར།། ལུང་ལྡན་རྐྱེན་གྱིས་དོན་རྟོགས་ནས།། མི་གནས་དམིགས་པའི་ཡུལ་ལས་འདས། ། དེ་ཕྱིར་ཚིག་གིས་མི་ཕེབས་ཕྱིར།། དབྱིབས་དང་ཁ་དོག་དབང་པོ་ཡིས།། ཤིན་ཏུ་བརྟགས་དཀའ་སྤྱོད་ཡུལ་མིན།། རང་བྱུང་ཡེ་ཤེས་བློ་ལྡན་ན།། མ་རིག་མེད་ཕྱིར་སྒྲིབ་པ་མེད།། དེ་ཕྱིར་གཉེན་པོ་ཅི་ལ་འཚོལ།། དེ་ཡང་རང་གསལ་རིག་པ་ལ།། ཡིད་ཆེས་ངེས་པའི་དོན་ཟིན་པས།། མ་རིག་བག་ཆགས་གོས་པ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཉིད་གཞི་ལ་དངོས་མེད་པས།། དེ་ཕྱིར་དོན་ཤེས་སྒྲིབ་པ་མེད། ། ད་ལྟའི་ཤེས་པ་འདི་ཉིད་ལ།། ལུང་ལྡན་ངེས་ཤེས་གདེང་ལྡན་ཕྱིར།། ཉི་ཤར་མུན་སྒྲིབ་མེད་པ་འདྲ།། དབྱིངས་ནི་རིག་པའི་རྩལ་ཡིན་ཕྱིར།། དོན་ནི་འཁོར་འདས་རྣམ་པར་དག། ཐིག་ནི་སྒྲིབ་པ་སྦྱང་དུ་མེད། ། ལེ་ནི་ཡེ་ཤེས་ཀློང་དུ་གདལ།། ངེས་པར་རང་བྱུང་དབྱིངས་སུ་དག། དེ་ཕྱིར་ཆོས་སྐུ་འདི་ཤེས་པས།། སངས་རྒྱས་ཐམས་ཅད་དུས་འདིར་འགྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དབྱིངས་རྣམ་པར་དག་པའི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་དྲུག་པའོ།།།། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ། ། ཡེ་ཤེས་ཐིག་ལེ་བཀའ་སྩལ་པ།། ཆོས་ཉིད་རིག་པའི་རྣལ་འབྱོར་ལ།། མ་བསྒྲིབས་འོད་གསལ་ཡེ་ཤེས་དེ།། ལུང་ལྡན་དོན་བསྟན་ཡེ་ཤེས་པས།། ཡེ་ཤེས་ཆེན་པོ་ཐིག་ལེ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཆོས་སྐུ་བྱང་ཆུབ་སེམས་སུ་གཅིག། དེ་ཕྱིར་ཡེ་ནས་བྱང་ཆུབ་སྐུ།། དེ་རྟོགས་མ་རིག་མེད་པའི་ཕྱིར།། ཤེས་པ་འཁྲུལ་པ་གཏིང་ནས་དག། དེ་ཕྱིར་རང་བཞིན་འོད་གསལ་བ།། འཁོར་བའི་སྐྱོན་མེད་ཆོས་སྐུ་ཉིད། ། དེ་ལ་སྒྲིབ་མེད་རང་བྱུང་ཐུགས།། དུས་གསུམ་མི་འགྱུར་ནམ་མཁའ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུ་རིམ་པར་རྟོགས་པར་བྱེད།། དེ་ཕྱིར་རིག་པ་ཆོས་སྐུའི་རྒྱུ།། དེ་ཤེས་མ་བསྒྲིབས་འོད་གསལ་ཕྱིར། ། རིག་པ་སང་ངེ་གདེང་གིས་ཟིན།། ཡེ་ཤེས་ཆེན་པོ་རྒྱུན་མི་འཆད།། དབང་པོས་མ་མཐོང་རིག་པས་མཐོང།། དེ་མཐོང་ཡེ་ཤེས་ཆོས་ཀྱི་སྐུ།། ཐམས་ཅད་མཁྱེན་པས་ཡེ་ཤེས་སྤྱན།། འཕེལ་འགྲིབ་མེད་པར་གཉུག་མར་གནས། ། རབ་ཏུ་དགའ་བའི་བདེན་མཐོང་དང།། རྣལ་འབྱོར་ངེས་ལུང་ལྡན་པ་གཉིས།། ཁྱད་མེད་འཁོར་བར་མི་ལྡོག་ངེས།། དེ་ཕྱིར་གདམས་ངག་རྩིས་སུ་ཆེ།། ཡེ་ནི་གནས་ལུགས་མ་བཅོས་པ། ། ཤེས་ནི་དོན་ལྡན་ཡིད་ཆེས་འབྱུང།། ཐིག་ནི་ཐམས་ཅད་སྐྱོན་དང་བྲལ།། ལེ་ནི་ཉོན་མོངས་རྣམ་པར་དག། དེ་ཕྱིར་ཡེ་ཤེས་ཐིག་ལེ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་ཆེན་པོ་ཐིག་ལེ་ཉག་གཅིག་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་བདུན་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ཀུན་བཟང་ཐིག་ལེ་བཀའ་སྩལ་པ། ། འཁོར་འདས་མ་འགགས་ཆོས་སྐུ་ལ།། ཕྱི་ནང་རོལ་པ་ཅིར་སྣང་ཡང།། མཐའ་དང་དབུས་མེད་ཡངས་པ་ལ།། ཀུན་ཏུ་བཟང་པོའི་ཐིག་ལེ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ངོ་བོ་ཉིད་ཀྱི་སྐུ་ཤེས་པས།། མི་ལེན་མི་སྤང་ཡེ་མཉམ་ཕྱིར།། རེ་དོགས་མེད་པས་རང་བྱུང་སྐུ།། དེ་ཕྱིར་ཀུན་བཟང་གདལ་བ་ལ།། གང་ཡང་མི་འགག་རོལ་པར་ཤར།། སྲོག་གཅོད་མ་བྱིན་ལེན་པ་དང།། མི་ཚངས་སྤྱོད་དང་རྫུན་དུ་སྨྲ། ། མཚམས་མེད་ལ་སོགས་སྡིག་བྱས་ཀྱང།། ཉེས་པར་མི་འགྱུར་དཔལ་དུ་ཆེ།། སྟོང་གསུམ་མ་ལུས་ཚིག་གྱུར་ཀྱང།། ནམ་མཁའ་མེ་ཆུས་མི་ཚུགས་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཀུན་ནི་འཁོར་འདས་ཆོས་རྣམས་ལ།། བཟང་ནི་ཡེ་ཤེས་ཆོས་སྐུ་འཆར།། པོ་ནི་རོལ་པ་སྣ་ཚོགས་འབྱུང།། ཐིག་ནི་རང་བྱུང་ཀུན་གྱི་གཞི།། ལེ་ནི་སེམས་ཅན་སངས་རྒྱས་གཞི།། དེ་ཕྱིར་ཀུན་བཟང་ཐིག་ལེ་བྱ། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང་པོའི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་བརྒྱད་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ལྷུན་གྲུབ་ཐིག་ལེ་བཀའ་སྩལ་པ།། ཡེ་ནས་གནས་པའི་ཆོས་ཉིད་ལ།། ལས་ཀྱི་རྒྱུ་འབྲས་གང་རུང་ཀུན།། རག་མ་ལུས་ཕྱིར་འདུས་མ་བྱས།། དེ་ཕྱིར་ཆོས་ཀྱི་སྙིང་པོར་གནས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། རྒྱུ་རྐྱེན་མེད་ཕྱིར་རང་བྱུང་སྐུ།། དེ་ལས་ཀུན་འབྱུང་ལྷུན་གྱིས་གྲུབ།། ཆོས་སྐུ་སྤྲོས་པ་སྣ་ཚོགས་ཀྱང།། དེ་ཙམ་ཉིད་ན་དངོས་པོ་མེད། ། ཡོད་མེད་འབྲས་བུ་ཡུལ་ལས་འདས།། དེ་དོན་རྟོག་མེད་རིག་པ་གསལ།། གང་ཡང་མི་འགལ་དོན་ཤེས་ཕྱིར།། ཆོས་སྐུ་ཡེ་ནས་ལྷུན་གྱིས་གྲུབ།། ཆོས་སྐུ་ཅི་སྣང་འཛིན་མ་གྲུབ།། དེ་ཕྱིར་རྣམ་པ་གང་ལ་ཡང། ། ཞེན་པའི་འཛིན་པ་མེད་པར་གནས།། དེ་ཕྱིར་ལྷུན་གྲུབ་ཡེ་ཤེས་ཀློང།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་གདལ་ཁྱབ་ལ།། ཀུན་ཀྱང་ཡིན་ཕྱིར་གང་ཡང་མེད།། དེ་ཕྱིར་འཁོར་འདས་གཉིས་མེད་ངང། ། ལྷུན་ནི་རྩ་བ་བྱང་ཆུབ་སེམས།། གྲུབ་ནི་སྐུ་དང་ཡེ་ཤེས་འབྱུང།། པ་ནི་རང་བྱུང་རིག་པ་གསལ།། ཐིག་ནི་འཁོར་འདས་གཞི་ལ་མེད།། ལེ་ནི་ཐམས་ཅད་ཆོས་ཀྱི་ཀློང།། དེ་ཕྱིར་ལྷུན་གྲུབ་ཐིག་ལེ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྷུན་གྱིས་གྲུབ་པའི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་དགུ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ལ་བཟླའི་ཐིག་ལེ་བཀའ་སྩལ་པ།། རང་གི་རིག་པ་ཆོས་སྐུ་ལ།། སྒྲ་མཐུན་དོན་དཔག་གཏན་ཚིགས་ཀྱིས།། དོན་གྱི་ངོ་བོ་གཉིས་སུ་འདུས།། ལ་བཟླ་གཅིག་གི་ངང་དུ་རྫོགས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བརྟགས་པའི་ཐིག་ལེ་ལ་བཟླ་ན།། ངོ་བོ་སྣང་ལ་རང་བཞིན་མེད།། དཔེ་ནི་ཉི་མའི་འོད་བརྡལ་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་དངོས་པོ་ཡུལ་དང་བྲལ། ། ལེ་ནི་ཐམས་ཅད་རྒྱལ་བའི་ཞིང།། འགྲོ་ས་ཐིག་ལེ་སྤྱི་ཡི་རྩལ།། གཞི་ཡི་ཐིག་ལེ་ལ་བཟླ་ན།། ངོ་བོ་རང་བཞིན་ཆོས་ཀྱི་སྐུ།། དཔེ་ནི་དུག་ཉིད་སྨན་གྱི་ངང།། གཏན་ཚིགས་ངེས་པ་གང་ཡིན་པ། ། ཐིག་ནི་ཐམས་ཅད་མཁྱེན་པའི་སྐུ།། ལེ་ནི་འགྲོ་དྲུག་ཡོངས་ལ་ཁྱབ།། ཡེ་ཤེས་ཀུན་གྱི་རྩ་བའོ།། སྤྱི་ཡི་རྫོགས་ཆེན་ལ་བཟླ་ན།། ངོ་བོ་སྐུ་གསུང་ཐུགས་ཀྱི་རྒྱུད།། དཔེ་ནི་ནོར་བུ་རིན་ཆེན་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ། ། ཐིག་ནི་མ་ནོར་དྲང་བའི་ལམ།། ལེ་ནི་གདལ་བ་ཆེན་པོའི་ངང།། འགྲོ་ས་ཐིག་ལེ་ཉག་གཅིག་རྩལ།། ཡང་ཏི་རྫོགས་ཆེན་ལ་བཟླ་ན།། འཁོར་འདས་མ་རིག་རང་བྱུང་གཞི།། ངོ་བོ་ཐིག་ལེ་ཉག་གཅིག་ཉིད། ། དཔེ་ནི་ཉི་མའི་སྙིང་པོ་འདི།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་བག་ཆགས་སྐྱོན་དང་བྲལ།། ལེ་ནི་ཉོན་མོངས་རྣམ་པར་དག། འགྲོ་བ་ཀུན་ལ་སངས་རྒྱས་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཕྱི་ནང་མེད་པར་ཐིག་ལེ་ལ།། འཁོར་འདས་མེད་པར་ཉག་མ་གཅིག། སྣང་སྟོང་མེད་པར་ཕྲ་ལ་ཟབ།། ཐམས་ཅད་ཐིག་ལེར་སངས་རྒྱས་པས།། སྟེང་འོག་མཐའ་དབུས་མེད་པ་དང།། ཕྱི་ནང་འཁོར་འདས་མེད་པ་དང། ། ཐམས་ཅད་ཐིག་ལེ་ཆེན་པོ་ལས།། གཞན་གྱི་ཆོས་ནི་རྡུལ་ཙམ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ང་ལ་སྐུ་གསུང་ཐུགས་ཉིད་ཚང།། ཡེ་སངས་རྒྱས་པའི་རང་བཞིན་ལ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། ། གཞལ་ཡས་ཆོས་ཀྱི་ཀློང་དང་མཉམ།། རྫོགས་ནི་ལྷག་མ་མེད་པར་རྫོགས།། འཁོར་ནི་དུས་གསུམ་རྒྱལ་བར་ལྡན།། ཐམས་ཅད་ཀུན་ཏུ་བཟང་པོ་ཡིས།། སྐད་ཅིག་རྟོགས་པས་མངོན་སངས་རྒྱས། ། རྟོགས་ཐབས་བཞི་ནི་བསྟན་པར་ཟད།། དེ་ལས་མང་དུ་དབྱེ་བ་ནི།། ཐིག་ལེ་མ་ཡིན་འཆལ་ཚིག་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐིག་ལེ་ཉག་གཅིག་ལ་བཟླ་བ་བསྟན་པའི་ལེའུ་སྟེ། བརྒྱ་དང་སུམ་ཅུ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ས་ལམ་གཞི་རུ་རྫོགས་པའི་དོན།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། མེད་ལ་ཡོད་འཛིན་འཁྲུལ་པའི་བློ། ། འཁྲུལ་པ་བཟློག་ཕྱིར་འཇིག་ཚོགས་ཏེ།། རང་གིས་རང་བསླུས་ཞེན་པའི་རྒྱུ།། དེ་བཟློག་དོན་ཕྱིར་ལམ་ལྔ་གསུངས།། དེ་ནས་རྡོ་རྗེ་སེམས་དཔའ་ཉོན།། དད་ལྡན་ལས་ཅན་འགྱུར་མེད་ཀྱི། ། ལུང་ལྡན་རྡོ་རྗེ་སློབ་དཔོན་ལ།། ཡིད་འཐད་ཕངས་མེད་འབུལ་བ་ནི།། ཚོགས་ཀྱི་ལམ་དུ་བསྟན་པ་ཡིན།། ལུང་ལྡན་རྡོ་རྗེ་སློབ་དཔོན་ལ།། ཡིད་གཉིས་ཐེ་ཚོམ་བློ་སྤངས་ནས།། མཁའ་འགྲོ་མཆོད་ཅིང་དོན་ཞུས་ན། ། སྦྱོར་བའི་ལམ་ཞེས་དེ་ལ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་པའི་བཅུད་ལྡན་སློབ་དཔོན་གྱིས།། ཡང་དག་གདམས་ངག་ལུང་བསྟན་པས།། སྣོད་ལྡན་ཡིད་ཆེས་ངེས་པར་རྟོགས།། མཐོང་བའི་ལམ་ནི་ཡིན་པར་གསུངས།། དོན་དེ་གོ་ན་རྒྱུན་དུ་ནི།། ངེས་དོན་ཆོས་སྐུ་ཡེངས་པ་མེད།། རང་རིག་ཡེ་ཤེས་དབང་ཐོབ་ཕྱིར།། བསྒོམ་པའི་ལམ་དུ་བསྟན་པ་ཡིན།། ཡང་དག་ངེས་དོན་གསང་བ་འདི།། རང་གི་ཐུགས་ལ་དོན་གོ་ན།། འགྱུར་མེད་གདེང་ཆུད་ཡེ་ཤེས་ཀློང།། མཐར་ཕྱིན་ལམ་དུ་བཤད་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་དོན་གྱི་ཆོས་ཉིད་ལ།། ལམ་གྱི་དབྱེ་བ་མེད་མོད་ཀྱང།། རྣལ་འབྱོར་བློ་ཡི་རིམ་པ་ལས། ། ཐེག་པའི་བྱེ་བྲག་ཐ་དད་པས།། ལམ་ལྔར་ཕྱེ་བ་གཅིག་ཏུ་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལམ་ལྔ་རྫོགས་པར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་གཅིག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ས་ཡི་དབྱེ་བ་དཔེ་དང་ནི།། རྩལ་གྱི་སྒོ་ནས་བཞི་བཞི་རུ།། ཕ་རོལ་ཕྱིན་བཅུ་ས་དང་སྦྱར། ། ངེས་པའི་ཡོན་ཏན་རྫོགས་པར་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་ནི་དང་པོ་རབ་དགའ་བ།། རྟེན་ནི་སྦྱིན་པའི་ཕ་རོལ་ཕྱིན།། དཔེ་ནི་མི་ཟད་གཏེར་དང་འདྲ།། རྩལ་ནི་མ་རིག་ཟིལ་གྱིས་གནོན། ། ས་ནི་གཉིས་པ་དྲི་མེད་པའི།། རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན།། དཔེ་ནི་རིན་ཆེན་མྱུ་གུ་འདྲ།། རྩལ་ནི་རང་རིག་ཡེ་ཤེས་གསལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ས་ནི་གསུམ་པ་རིན་ཆེན་འཕྲོ།། རྟེན་ནི་བཟོད་པའི་ཕ་རོལ་ཕྱིན། ། དཔེ་ནི་རྒྱ་མཚོ་ཆེན་པོ་འདྲ།། རྩལ་ནི་ཉོན་མོངས་རྩད་ནས་དག། ས་ནི་བཞི་པ་འོད་བྱེད་པ།། རྟེན་ནི་བརྩོན་འགྲུས་ཕ་རོལ་ཕྱིན།། དཔེ་ནི་རྡོ་རྗེ་ཕ་ལམ་འདྲ།། རྩལ་ནི་བག་ཆགས་ཞེན་པ་རྫོགས། ། ས་ནི་ལྔ་པ་སྦྱང་དཀའ་བ།། རྟེན་ནི་བསམ་གཏན་ཕ་རོལ་ཕྱིན།། དཔེ་ནི་རི་བོ་ལྷུན་པོ་འདྲ།། རྩལ་ནི་བྱིང་རྒོད་སྐྱོན་དང་བྲལ།། ས་ནི་དྲུག་པ་མངོན་གྱུར་པ།། རྟེན་ནི་ཤེས་རབ་ཕ་རོལ་ཕྱིན།། དཔེ་ནི་མ་གིའི་སྨན་དང་འདྲ། ། རྩལ་ནི་རང་རིག་ལྷག་མཐོང་རྟོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་ནི་བདུན་པ་རིང་སོང་ལ།། རྟེན་ནི་ཐབས་ཀྱི་ཕ་རོལ་ཕྱིན།། དཔེ་ནི་དགེ་བའི་བཤེས་གཉེན་འདྲ།། རྩལ་ནི་དུག་ལྔ་སྨན་དུ་སྒྱུར། ། ས་ནི་བརྒྱད་པ་མི་གཡོ་བ།། རྟེན་ནི་སྨོན་ལམ་ཕ་རོལ་ཕྱིན།། དཔེ་ནི་ཡིད་བཞིན་ནོར་བུ་འདྲ།། རྩལ་ནི་འཇིག་རྟེན་ཆོས་བརྒྱད་བྲལ།། ས་ནི་དགུ་པ་ལེགས་པའི་ས།། རྟེན་ནི་སྟོབས་ཀྱི་ཕ་རོལ་ཕྱིན།། དཔེ་ནི་ཉི་མའི་སྙིང་པོ་འདྲ།། རྩལ་ནི་ལོག་ལྟ་དབྱིངས་སུ་བསྒྲལ།། ས་ནི་བཅུ་པ་ཆོས་ཀྱི་སྤྲིན།། རྟེན་ནི་ཡེ་ཤེས་ཕ་རོལ་ཕྱིན།། དཔེ་ནི་ཚངས་པའི་དབྱངས་དང་འདྲ།། རྩལ་ནི་སྒྲིབ་དག་ཐམས་ཅད་མཁྱེན།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དག་ཕ་རོལ་ཕྱིན་བཅུ་ལ།། ངོ་བོ་ཐིག་ལེ་གཅིག་ཏུ་འདུས།། གདུལ་བྱར་རིམ་པ་བཅུ་བསྟན་པ།། ཡང་དག་ཡེ་ཤེས་ངོ་བོ་ཉིད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ས་དང་ཕ་རོལ་ཕྱིན་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་གཉིས་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉེར་བདུན་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། ། འདུས་པའི་འཁོར་ལ་ཕན་དོན་དུ།། བདེན་པ་ཉིད་ཀྱིས་འདི་སྐད་གསོལ།། ངེས་པ་བདུན་གྱིས་ཉམས་བླང་བའི།། ལྟ་བ་བསྒོམ་པ་སྤྱོད་པ་དང།། དམ་ཚིག་ཕྲིན་ལས་འབྲས་བུ་དང།། རང་གཞན་ཉམས་སུ་བླང་བའི་ཐབས། ། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། གཞི་ངེས་ལྟ་བ་ཉམས་བླངས་པ།། སངས་རྒྱས་པ་ཡི་ཆོས་སྐུ་ལ། ། འཁོར་འདས་མེད་པར་རིག་པའི་ཀློང།། གཞི་ལ་འགྱུར་མེད་ལྟ་བའི་གདེང།། ཡུལ་ལ་མི་ལྟོས་རང་བྱུང་སྐུ།། ཡེ་ཤེས་ནམ་མཁའ་དང་མཉམ་པའི།། དོན་ལ་འགྱུར་མེད་ནམ་མཁའ་འདྲ།། སྐྱོན་གྱིས་མ་གོས་ལྟ་བའི་གཟུངས། ། འགྱུར་མེད་ཆོས་ཉིད་གདལ་བའི་ཀློང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མི་སྐྱེ་མི་འགག་ལྟ་བ་ལ།། བསྒོམ་པས་མ་རྙེད་རྟོགས་པས་ཆོག། འབྲལ་མེད་ད་ལྟར་ཀུན་བཟང་ཐུགས།། དུས་དང་རྣམ་པ་ཐམས་ཅད་དུ། ། སྐྱེ་འཆི་མེད་པར་ལྟ་བའི་མཆོག། དོན་དུ་ཡེ་ཤེས་མཐར་ཕྱིན་ལམ།། རེ་དོགས་མེད་ཕྱིར་ལྟུང་མི་སྲིད།། གདོད་ནས་འགྱུར་མེད་སྙིང་པོ་གཞི།། དེ་ཉིད་རང་རིག་ཆོས་སྐུ་ལ།། རང་རིག་རང་བལྟས་ངོ་མཚར་ཆེ། ། དེ་ཕྱིར་ཆོས་སྐུ་སངས་རྒྱས་ཐུགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་ངེས་པའི་ལྟ་བ་ཉམས་སུ་བླང་བར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་གསུམ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། དོན་དང་མི་འབྲལ་ཏིང་འཛིན་ནི།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཆོས་ཉིད་མི་འགྱུར་ཡེ་ཤེས་ཀློང།། མ་བཅོས་ཡེ་ནས་གནས་པ་ཡི། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྐུ།། དངོས་མེད་རང་གསལ་འབྲས་བུ་ལ།། རྐྱེན་བྲལ་གཉེན་པོས་གཞིག་ཏུ་མེད།། བསམ་དུ་མེད་པ་བསྒོམ་མི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དབྱིངས་དང་བྲལ་བ་བྱང་ཆུབ་སེམས། ། ཁ་དོག་མེད་པས་མཚོན་དུ་མེད།། སེམས་ཀྱི་ཡུལ་ལས་འདས་པ་འདི།། སྐྱེ་འཆི་མེད་པས་འགྱུར་བ་མེད།། རྟག་པ་མེད་པས་འཁོར་བ་བྲལ།། མཐོ་དམན་མེད་པས་ཀུན་གྱི་རྩེ།། ཆེ་ཆུང་མེད་པས་དམིགས་པ་བྲལ། ། ཀུན་གཞི་མེད་པས་ཆོས་སྐུའི་ཀློང།། ཡངས་དོག་མེད་པས་བཟང་མོའི་མཁའ།། མཐའ་དབུས་མེད་པས་ཀུན་ལ་ཁྱབ།། ཡེ་ཤེས་ཟང་ཐལ་ཕྱི་ནང་མེད།། མཚོན་དུ་མེད་པས་ཚད་དང་བྲལ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། སྣང་བ་མེད་ཕྱིར་ཆོས་ཉིད་ནི།། མ་བཅོས་ཡེ་ནས་ངང་གིས་གནས།། རྩོལ་བསྒྲུབ་ཅིས་ཀྱང་བཙལ་དུ་མེད།། རྟོགས་པ་དགོག་པའི་ཉམས་བླངས་པས།། མ་བཅོས་ཆོས་སྐུ་དག་པའི་ཀློང། ། འབྲས་བུ་སངས་རྒྱས་དེ་ཉིད་ཀློང།། ད་ཡང་འདུས་པའི་སྙིང་པོ་ཉོན།། གདོད་ནས་འགྱུར་མེད་ཏིང་ངེ་འཛིན།། རང་བྱུང་རིག་པའི་ཡེ་ཤེས་ཀྱིས།། མ་བཅོས་རང་གསལ་རང་བཞག་པས།། ཉམས་སུ་བླངས་པའི་དགོས་པ་སྟེ། ། དེ་ལ་རྣལ་འབྱོར་གང་གནས་པ།། ད་ལྟ་ཉིད་དུ་སངས་རྒྱས་ཐུགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དོན་དམ་འབྲལ་མེད་ཀྱི་དགོངས་པ་ཉམས་སུ་བླང་བར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་བཞི་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སེམས་ཅན་དུས་ན་གསང་སྤྱོད་ནི།། གང་ཡང་མ་བཅོས་དེ་བཞིན་ཉིད། ། ཆོས་སྐུར་རྟོགས་ནས་འགྲོ་དོན་དུ།། ཅིར་ཡང་སྣང་བ་སྤྲུལ་པའི་སྐུ།། མཛད་པ་བཅུ་གཉིས་མཐར་ཕྱིན་པ།། ཐུགས་རྗེ་སྤྲུལ་པ་ཀུན་འདུས་ཀྱང།། ཆེད་དུ་བྱ་བའི་རློམས་སེམས་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། སངས་རྒྱས་མཛད་སྤྱོད་གང་ཡིན་པ།། སེམས་ཅན་དུས་ན་སྤྱོད་པ་ཡིས།། ཡེ་ཤེས་རང་བྱུང་ཐུགས་གནས་པ།། ད་ལྟ་ལུས་ངག་ཡིད་བླངས་པས།། སངས་རྒྱས་ཡེ་ཤེས་ད་ལྟའི་སེམས།། དེ་ལས་གཞན་དུ་སྤྱོད་དུ་མེད།། རིག་པ་ཆོས་སྐུར་དྲན་པ་ལ།། ཡེ་ཤེས་ལྷག་མཐོང་ཤར་ཞེས་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཉིད་འདི་ལས་མ་གཡོས་པས།། ལུས་ངག་ཡིད་གསུམ་ཅི་སྤྱོད་པ།། སངས་རྒྱས་མཛད་སྤྱོད་ཡིན་པར་གསུངས། ། དེ་ཕྱིར་གང་དུ་ཅི་ལ་ཡང།། མ་ཆགས་ཞེན་མེད་ཤུགས་ལས་འབྱུང།། རིག་སྤྱོད་ལྡན་པས་མ་བརྗེད་པ།། ཆོས་རྣམས་ཀུན་གྱི་རྩ་བར་བཤད།། དེ་ཕྱིར་ཉམས་དང་འདྲེ་ལྡན་ན།། ཡེ་ཤེས་སྤྱོད་པའི་མཆོག་ཡིན་ནོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། བདག་གཞན་རྟོག་པ་མེད་པའི་ཕྱིར།། གཉིས་མེད་དོན་ཚིག་ཆོས་ཀྱི་སྐུ།། མཐུན་འཇུག་སྤྱོད་པ་བརྒྱ་མཚོར་ནི།། སྤྱོད་པ་སྣ་ཚོགས་ཅི་བདེར་སྤྱོད། ། པདྨ་སྐྱེ་ས་འདམ་ཡིན་ཏེ།། དེ་ལ་སྐྱོན་གྱིས་གོས་པ་མེད།། ཆོས་ཉིད་བླང་དོར་མེད་པར་རྟོགས།། ཏིང་འཛིན་ཉམས་པ་རྡུལ་ཙམ་མེད།། ཐུན་མོང་མ་ཡིན་རྣལ་འབྱོར་པས།། འཆིང་གྲོལ་མེད་ཕྱིར་གོལ་ས་ཆོད། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པ་བླང་དོར་མེད་པར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་ལྔ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་སྟོན་པ་ཀུན་བཟང་གིས།། དམ་ཚིག་བསྲུང་ཉམས་མེད་པ་ནི།། ངེས་པའི་དོན་དུ་བཀའ་སྩལ་པ།། གདེང་ལྡན་ངེས་པའི་ཡེ་ཤེས་ཀྱིས།། བསྲུང་དུ་མེད་པའི་དམ་ཚིག་སྟེ།། ཡེ་བསྲུངས་ཆེན་པོའི་ངང་དུ་བསྡམ། ། སྡོམ་པ་ཕྱི་ནང་དམ་ཚིག་ཀྱང།། གདུལ་བྱ་ཇི་ལྟར་འདོད་པ་འཕྲུལ།། ཐ་སྙད་ཙམ་དུ་གདུལ་མོད་ཀྱང།། དམ་དུ་བཅས་པ་རྡུལ་ཙམ་མེད།། ཆོས་སྐུ་ཐུགས་ཀྱི་དམ་ཚིག་སྟེ།། དེ་ཡི་ངང་དུ་མི་འབྲལ་ན། ། ཡེ་བསྲུངས་ཆེན་པོའི་གདེང་ལྡན་ཡིན།། དམ་དུ་བཅའ་བའི་སྐྱོན་མེད་ཕྱིར།། དངོས་པོ་མེད་པས་ནམ་མཁའ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྡོམ་དང་དམ་ཚིག་རྣམ་མང་བ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། ། སྐུ་ནི་ཆོས་སྐུར་མ་བྲལ་ན།། རྩ་བའི་དམ་ཚིག་བསྲུང་བ་ཡིན།། གསུང་ནི་རང་རིག་ཡེ་ཤེས་ཏེ།། མི་བརྗེད་དོན་ལ་མ་ཡེངས་ན།། རང་བྱུང་རིག་པའི་ཐུགས་ལ་གསལ།། གསུང་གི་དམ་ཚིག་བསྲུང་བ་ཡིན། ། ཐུགས་ནི་སྐྱེ་འགག་མེད་པར་གསལ།། དེ་ལས་མི་འདའ་ལྷག་མཐོང་ལ།། མི་འབྲལ་གཟུངས་ཀྱིས་ཟིན་པ་ཡིས།། ཐུགས་ཀྱི་དམ་ཚིག་བསྲུང་བ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་སྐུ་གསུང་ཐུགས་ཀྱི་ནི། ། རང་བྱུང་ཆོས་སྐུ་ཉིད་དུ་འདུས།། དེ་ཕྱིར་རྩ་བ་བྱང་ཆུབ་སེམས།། ཆོས་རྣམས་ཀུན་གྱི་སྙིང་པོར་བཤད།། དེ་ཕྱིར་དམ་ཚིག་བསྲུང་ཉམས་མེད།། རྟོགས་པའི་བློ་ལ་དེ་ལྟར་སྣང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ང་ཡིས་ཆོས་ཉིད་དམ་ཚིག་ནི།། མ་བཅོས་མཁའ་ལ་ཉི་ཤར་ལ།། མུན་པ་མེད་པར་གསལ་བ་ནི།། ལྷན་གྱིས་རྟོགས་ལ་བལྟ་བ་ཡིན།། རང་གི་ཤེས་པ་གཉུག་མ་ཡི།། དོན་ལ་མ་ཡེངས་ཏིང་འཛིན་ལ། ། སྣང་བའི་ཡུལ་ལ་མ་ཞེན་པར།། གང་ཡང་མ་བཀག་སྤྱོད་པའི་ཡུལ།། ངེས་དོན་རྟོགས་པའི་ཆོས་ཉིད་ལས།། མི་འདའི་དམ་ཚིག་བསྲུང་བ་སྟེ།། བསྲུང་དུ་ཡོད་ལ་ཉམས་པ་མེད།། དེ་ཕྱིར་ཡེ་ཤེས་འབྲལ་མེད་པའི། ། དབྱིངས་དང་རིག་པ་རང་ལ་ཤར།། སྣ་ཚོགས་བསགས་པས་ཀུན་གྱི་གཞི།། སྔ་ཕྱི་གྲུབ་པ་ག་ལ་ཡོད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དམ་ཚིག་བསྲུང་ཉམས་མེད་པར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་དྲུག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཀུན་བཟང་གིས།། ཕྲིན་ལས་རྫོགས་པར་བཀའ་སྩལ་པ།། དཔེར་ན་ནོར་བུ་ཡིད་བཞིན་ལས། ། དགོས་འདོད་ཐམས་ཅད་འབྱུང་བ་བཞིན།། ཡེ་ཤེས་རིག་པའི་དབང་ཐོབ་ན།། ཕྱི་ནང་དབང་རྣམས་དེ་ལ་རྫོགས།། ཕྱོགས་བཅུ་ཡེ་ཤེས་ལྷུན་གྲུབ་པས།། མི་རྟོག་ཡེ་ཤེས་གེགས་བསལ་ཕྱིར། ། གནོད་བྱེད་མཚམས་བརྟོལ་མིང་ཡང་མེད།། ཕྱི་ནང་མཚམས་བཅད་དེ་ལ་རྫོགས།། རང་བཞིན་དག་པའི་ངོ་བོ་ལ།། འཁོར་བའི་སྐྱོན་གྱིས་མི་གོས་ཕྱིར།། མ་རིག་རྣམ་རྟོག་སྒྲིབ་མེད་པས།། དོན་གྱི་བཤགས་པ་དེ་ལ་རྫོགས། ། ཡེ་ནས་རང་བྱུང་ཆོས་སྐུ་ལ།། འཁོར་འདས་གཞི་ལ་མེད་པའི་ཕྱིར།། གཉིས་མེད་དོན་ལ་བློ་གཏད་ནས།། བྱིན་ཆེན་དབབ་པ་དེ་ལ་རྫོགས།། དུག་ཉིད་སྦྱོར་ཤེས་སྨན་གྱི་མཆོག། དུག་ལྔ་རང་གྲོལ་ཡེ་ཤེས་ཀྱི། ། ཉོན་མོངས་བདུད་རྩི་ཆེན་པོ་ལ།། ཡེ་ཤེས་བྱིན་རླབས་དེ་ལ་རྫོགས།། ཆགས་སྡང་རྟོག་པའི་སྣང་བ་ལ།། མོས་པའི་ཏིང་འཛིན་གནས་གྱུར་པས།། འབྱུང་བ་ལྔ་ཡིས་ཀུན་ཁྱབ་ཕྱིར། ། དབང་རིམ་ཕྲིན་ལས་དེ་ལ་རྫོགས།། ཕྱོགས་བཅུ་རང་བཞིན་ལྷུན་གྲུབ་པས།། རིན་ཆེན་སྣ་ལྔ་ལས་སྦྱངས་པའི།། གཞལ་ཡས་ཁང་ཆེན་དེ་ལ་རྫོགས།། རྟོག་ཚོགས་ལྷར་ནི་གནས་བསྒྱུར་བས།། འཁྲུལ་སྣང་ངེས་པར་མི་གནས་ཕྱིར། ། རིག་ཚོར་དོན་གྱི་ལྷ་ཡིན་པས།། ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས།། འཁོར་འདས་གཞི་ལ་མེད་པའི་ཕྱིར།། ཀུན་ཏུ་བཟང་པོའི་ངོ་བོ་ལ།། སངས་རྒྱས་སེམས་ཅན་དབྱེར་མེད་པས།། སྤྱན་དྲངས་བསྟིམ་པ་དེ་ལ་རྫོགས། ། ཡེ་ནས་གནས་པའི་རང་བྱུང་དེ།། རང་ཆས་ཡོད་ཕྱིར་མ་བཙལ་པའི།། ཆོས་ཉིད་བལྟ་བ་མི་འགྱུར་བས།། བརྟན་པར་བཞུགས་པའི་ཕྲིན་ལས་རྫོགས།། གཞི་ལ་སྐྱོན་ཡོན་མེད་པའི་ཕྱིར། ། རང་བྱུང་ཕྱི་ནང་མེད་པ་ལ།། བཟང་ངན་བླང་དོར་མེད་པ་ཡིས།། ཟིལ་གྱིས་མནན་པའི་འབྲས་བུ་རྫོགས།། ཡང་དག་སངས་རྒྱས་དགོངས་པ་ལ།། དབྱེར་མེད་གཅིག་ཏུ་རྟོགས་པའི་ཕྱིར།། ཐམས་ཅད་འདྲེས་པ་ཆེན་པོ་སྟེ། ། ནན་ཏན་ཕྱག་རྒྱ་དེ་ལ་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལྷ་ཡི་ང་རྒྱལ་གྱིས།། ལུས་ངག་ཡིད་ཀྱི་རྩོལ་བ་ཀུན།། བསྒུལ་བསྐྱོད་ཐབས་དང་ཡེ་ཤེས་ལ།། ཕྱག་རྒྱའི་ཕྲིན་ལས་དེ་ལ་རྫོགས། ། ལྟ་བ་ཤེས་པ་ངོ་བོ་ལ།། སྒོམ་པའི་ཐབས་ཀྱིས་རོལ་པའི་ཕྱིར།། སེམས་དང་ཆོས་སུ་དོན་སྦྱོར་བས།། སྦྱོར་སྒྲོལ་ཕྲིན་ལས་དེ་ལ་རྫོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུ་རང་བྱུང་རིག་པའི་གསུང། ། གང་ལ་སྨོན་དུ་མེད་རྟོགས་པས།། ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ།། ཚོགས་རྣམས་སྣོད་བཅུད་ཡོད་མིན་ཕྱིར།། རང་བྱུང་ཆོས་སྐུའི་དོན་རྟོགས་པས།། མ་བརྗོད་དགོངས་པ་སྦྱོར་བྱས་པའི།། སྐུ་གསུང་ཐུགས་ཀྱི་དོན་ཚང་བས། ། བཟླས་བརྗོད་འཕྲོ་འདུ་དེ་ལ་རྫོགས།། དགའ་ལྡན་ངེས་དོན་སྦྱོར་ལྡན་འདི།། སྣང་སྲིད་བདེ་ཆེན་རོལ་རྟོགས་པའི།། ཚོགས་རྣམས་ཐམས་ཅད་ཡེ་ཡིན་ཕྱིར།། ཚོགས་ཀྱི་ཕྲིན་ལས་དེ་ལ་རྫོགས། ། གཙོ་དང་འཁོར་དུ་མི་འབྱེད་པའི།། རང་རིག་བཟང་ངན་མི་འབྱེད་ཕྱིར།། བདེན་པ་གཉིས་མེད་ངོ་བོ་ལ།། ལྷག་མའི་ཕྲིན་ལས་དེ་ལ་རྫོགས།། བྱ་བ་མེད་པའི་ལས་རྣམས་ནི།། གང་ཡང་འཛིན་མེད་རང་གསལ་བའི། ། མི་བཟུང་ཡེ་ཤེས་ཆེན་པོ་ལ།། མནན་པའི་ཕྲིན་ལས་དེ་ལ་རྫོགས།། འཁོར་བ་མྱ་ངན་འདས་པའི་ཆོས།། ཡེ་ནས་རང་བྱུང་རང་གསལ་ལ།། ཐིག་ལེ་ཉག་གཅིག་འདུས་པའི་དོན།། དཀྱིལ་འཁོར་ཕྲིན་ལས་དེ་ལ་རྫོགས། ། རང་བཞིན་མི་ཤིགས་རྡོ་རྗེ་ཡིས།། ལུས་ངག་ལྷར་ནི་དོན་གསལ་བས།། ཡེ་ཤེས་ལྷུན་གྲུབ་གོ་བའི་ཕྱིར།། རང་ལུས་བསྲུང་བའི་ཕྲིན་ལས་རྫོགས།། མ་རིག་རྐྱེན་བཞི་མེད་པའི་ཕྱིར།། གཉིས་མེད་དོན་དུ་སངས་རྒྱས་པས། མི་རྟོག་དོན་དུ་ངེས་པའི་ཕྱིར།། དགེ་རྩ་བསྔོ་བའི་ཕྲིན་ལས་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཛད་པའི་ཕྲིན་ལས་ཉམས་སུ་བླང་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ངོ་བོ་རང་བཞིན་ངེས་པའི་དོན།། གང་ཡང་རུང་བ་ཅི་ལ་ཡང།། དངོས་པོ་མེད་ཕྱིར་རྟག་ཏུ་མེད།། མེད་པ་ལ་ནི་ཡོད་རྟོག་པ།། འཁྲུལ་པ་རྣམས་ཀྱིས་ཤེས་པ་ལས།། དམ་པ་ཀུན་གྱིས་མི་མཁྱེན་ནོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའ་དངོས་མེད་སེམས་དང་བྲལ། ། དེ་བཞིན་རང་བྱུང་ངོ་བོ་ཉིད།། ཁ་དོག་དབྱིབས་མེད་སེམས་ལས་འདས།། དེ་ཕྱིར་རང་བཞིན་རྟོགས་པར་དཀའ།། ཆོས་སྐུ་སྐྱེ་མེད་རིག་པའི་སྐུ།། ཡིད་ཀྱི་ལུས་སུ་བསམ་དུ་མེད།། གང་ཡང་མ་བསམས་རིག་པ་དེས།། གང་ཡང་ཀུན་ལྡན་རང་བྱུང་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལ་ལས་དང་རྐྱེན་མི་ཚུགས།། དེ་ཕྱིར་རང་བཞིན་ཇི་བཞིན་ལ།། བཅོས་པ་མེད་ཕྱིར་རང་ལུས་ཆོས།། འདུས་མ་བྱས་པ་ནམ་མཁའ་འདྲ།། ཆོས་ཉིད་རང་བཞིན་དམིགས་པ་མེད།། དེ་དོན་རང་བྱུང་རིག་པ་དེས།། སེམས་ཀྱི་ཀུན་གཞི་རྩད་ནས་བརླག། བག་ཆགས་ཀུན་གཞི་སྤྲིན་ལྟར་དེངས།། ལུས་ཀྱི་ཀུན་གཞི་ལེན་མི་སྲིད། ། དེ་ཕྱིར་རང་བྱུང་རྟོགས་པས་ཆོག་ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལ་རྩལ་དུ་མེད་པའི་དོན།། དུས་གསུམ་འགྱུར་མེད་ཡེ་ཤེས་ཀློང།། དེ་ཉིད་རྒྱུན་དུ་འབྲལ་མེད་པ།། ཡང་དག་སངས་རྒྱས་དགོངས་པ་ཡིན། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་རྣམ་དག་ཆོས་དབྱིངས་ལ། སྤྲོས་པ་མེད་པར་ཉམས་སུ་ལོངས།། དེ་བླངས་འབྲས་བུ་སངས་རྒྱས་ཐོབ།། དེ་ཕྱིར་རང་བཞིན་རྟོགས་པ་གཅེས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བཞིན་ལྷུན་རྫོགས་ཉམས་སུ་བླངས་ཐབས་ཀྱི་ལེའུ་སྟེ་བརྒྱ་དང་སོ་བརྒྱད་པའོ།།།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉེར་བདུན་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ངེས་པའི་ཉམས་ཀྱི་དོན་གསོལ་པ།། ཉོན་མོངས་ཟིལ་གནོན་ཉམས་ནི་གང། ། ཆོས་དབྱིངས་ཉམས་སུ་ཇི་ལྟར་མྱོང།། ལྟ་བའི་གདེང་གིས་ཇི་ལྟར་ཟིན།། ལུས་ངག་ཡིད་ཀྱི་རྟགས་ནི་གང།། ཀུན་རིག་སྟོན་པས་བཤད་དུ་གསོལ།། ཀུན་རིག་སྟོན་པ་ཆོས་རྗེ་དེས།། དེ་སྐད་ཞུས་པས་དོན་གསན་ནས། ། ཡང་དག་དགོངས་ཉམས་ངེས་པའི་དོན།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཆོས་ཉིད་རང་རིག་དོན་ཤེས་པས།། དུག་ལྔ་ཡེ་ཤེས་རྩིས་ཟིན་ཕྱིར།། ཉོན་མོངས་རང་རྒྱུད་ཟིལ་གནོན་ཉམས། ། བ་མོ་ལ་ནི་ཉི་ཤར་འདྲ།། སྣང་བ་ཆོས་དབྱིངས་ཉམས་མྱོང་ནི།། སྒྱུ་མ་འདྲ་སྟེ་དངོས་མེད་ཤེས།། ལྟ་བ་གདེང་ལྡན་ཉམས་མྱོང་བ།། སྤྲིན་དང་ཆུ་བུར་ཉམས་མྱོང་འདྲ།། ཉམས་ལྡན་ལུས་ངག་ཡིད་ཀྱི་རྟགས། ། བཟོད་ཐོབ་བཀྲག་གསལ་ཆོས་བརྒྱད་བྲལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། ལུང་ལྡན་གདམས་ངག་རྩི་ཡིས་ནི།། གསེར་འགྱུར་རྩི་ཡིས་ཐེབས་པ་བཞིན། ། ད་ལྟ་དུས་ཀྱི་སེམས་ཅན་གྱི།། མ་རིག་རྟོག་པ་རང་རྒྱུད་ལ།། ཟིལ་གནོན་བསྒོམ་པ་བསྟན་པར་བྱ།། སྒོམ་ཐབས་སྐྱོན་དང་བཅོས་པའི་ཐབས།། ཐུན་ཚད་ཉམས་དང་རྣམ་ལྔ་སྟེ།། ང་ཡིས་བཀའ་ལས་གསུངས་པ་སྟེ། ། དད་ལྡན་སེམས་ལ་གོ་བར་གྱིས།། དང་པོ་བསྒོམ་པའི་བཅོས་ཐབས་ནི།། ལུས་ངག་ཡིད་ཀྱིས་གདམས་ངག་གིས།། གཞི་ཤེས་ལྟ་བས་ཐག་ཆོད་ལ།། དེ་ཡིས་ངང་ལ་མི་འབྲལ་བའི།། ཚད་ནི་གསལ་ལ་མི་གཡོ་བ། ། མི་རྟོག་རང་བྱུང་ཉམས་པ་མེད།། དེ་ལ་ཡིད་ཆེས་གདེང་གི་ཟིན།། གཞི་ཤེས་པ་ལ་ཉོན་མོངས་མེད།། དེ་ཡི་སྐྱོན་ནི་ངོས་བཟུང་ན།། བྱིང་རྒོད་གོལ་སྒྲིབ་རྣམ་བཞི་སྟེ།། ཆེད་དུ་བྱས་དང་རྐྱེན་དང་ཤུགས། ། བློ་ཆུང་ཤེས་རབ་དམན་ལ་འབྱུང།། རྒྱུ་དང་དབྱེ་བ་གསུམ་གསུམ་མོ།། དབང་པོ་འབྲིང་དང་ཐ་མ་ལ།། བཅོས་ལ་ཉམས་སུ་མྱོང་དུ་གཞུག། དེ་ཕྱིར་རྒྱུན་དུ་འབྲལ་མེད་ལ།། གོམས་པའི་དབང་གིས་ཏིང་འཛིན་གསལ། ། མཐུན་མཚམས་ཉམས་དང་སྦྱར་བྱས་ལ།། འབྲིང་དང་ཐ་མ་ཁམས་དང་བསྟུན།། རབ་ལ་རྒྱུན་དུ་འབྲལ་མེད་ལ།། ཐུན་ཚད་བཟུང་མེད་ནམ་མཁའ་འདྲ།། དེ་དོན་ཉམས་ནི་མཐོར་བསྡུས་ན།། ཤེས་པ་རང་གསལ་ཉམས་པ་མེད།། རིག་པ་རྒྱ་ཡན་འཛིན་པ་བྲལ།། ཡེ་ཤེས་ཟང་ཐལ་བྱིང་རྒོད་མེད།། ཆོས་ཉིད་ཚིག་ཆུགས་འགྱུར་མེད་ཤེས།། ལྟ་བ་རང་ཤར་འཁོར་བ་སྟོང།། གདམས་ངག་དྲན་པས་མཐའ་དབུས་མེད། ། ཆོས་སྐུ་འཕྱོས་པས་ངང་གིས་སྟོང།། ཅི་དྲན་ལྷག་མཐོང་ཕྱོགས་རིས་བྲལ།། རང་བྱུང་རང་གསལ་གོས་པ་མེད།། ཕྱལ་བ་ཡིད་ཆེས་བློ་བདེའོ།། བདེ་ལ་ཞེན་མེད་ཀུན་ཏུ་འཕྱོ།། འཛིན་མེད་ཁྱབ་གདལ་མཐའ་དབུས་མེད། ། འཁོར་བ་རང་བརླག་ཆོས་སྐུར་གསལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྔ་ལྡན་པའི་རྣལ་འབྱོར་ལ།། གཞན་གྱི་ཆགས་སྡང་སྤྱོད་མཐོང་ཡང།། རང་གྲོལ་ཆགས་སྡང་རྡུལ་ཙམ་མེད།། དེ་ཕྱིར་རྟོགས་ལྡན་ཉམས་ཀྱི་ཆོས། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉོན་མོངས་རང་རྒྱུད་ཟིལ་གྱིས་གནོན་པའི་ཉམས་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་དགུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ཡུལ་དང་གོལ་ས་བཅད་པའི་ཕྱིར།། ཆོས་དབྱིངས་གདེང་རྣམས་བཀའ་སྩལ་པ།། བྱ་བ་བཏང་བའི་སྐྱེས་བུ་བཞིན། ། སྣང་བའི་ཡོན་ཏན་རྣམ་ལྔ་དང།། བརྟག་དཔྱད་མ་བྱས་སྒོ་ལྔ་གསལ།། སྣང་བ་ཆོས་ཉིད་འགྱུར་མེད་ཉམས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྷག་མཐོང་རིག་པ་རང་ཡན་ཏེ།། ཕྱོད་དེ་རྒྱང་ངེ་ཉམས་སུ་བདེ། ། ནམ་མཁའ་དྭངས་པའི་ཀློང་ན་བདེ།། ཀོ་རེ་ལྡེམ་མེ་ཉམས་སུ་བདེ། ཁྱུང་ཆེན་མཁར་ལྡིང་ཉམས་སུ་བདེ།། གསལ་ལ་བསིལ་བ་ཉམས་སུ་བདེ།། བཅོ་ལྔའི་ཟླ་གསལ་ཀློང་ན་བདེ།། བདེ་ལ་མི་རྟོག་ཉམས་རེ་གསལ། ། སྟོན་ཀའི་ཉི་གསལ་ཀློང་ན་བདེ།། ལུང་ལྡན་རིག་པ་འཕྱོ་ན་བདེ།། གཟའ་གཏད་མེད་པའི་ཀློང་ན་བདེ།། འདུས་མ་བྱས་པའི་ཀློང་དཀྱིལ་ན།། རང་བྱུང་རིག་པའི་ཡེ་ཤེས་བདེ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱི། ། རྣལ་འབྱོར་ཤེས་པ་གསལ་ན་བདེ།། ལུང་ལྡན་ཟས་ནོར་མེད་ན་བདེ།། ཞེན་མེད་ཆོས་སྐུའི་ཀློང་ན་བདེ།། རྣལ་འབྱོར་གྲོགས་དང་བྲལ་ན་བདེ།། ལུས་ཀྱི་དགོན་པའི་ནང་ན་བདེ།། རིག་པ་རང་གསལ་ཀློང་ན་བདེ།། གོལ་ས་ཆོད་པའི་ཆོས་ལ་བདེ། སྤྲོས་དང་བྲལ་བའི་ཀློང་ན་བདེ།། སྐུར་འདེབས་ཕྱར་ཀ་མང་ན་བདེ།། དུག་ལྔ་རང་གྲོལ་ཀློང་ན་བདེ།། ཆོས་ལ་སྒྲོ་འདོགས་ཤིན་ཏུ་བདེ།། ཆོས་བརྒྱད་བྲལ་བའི་ཀློང་ན་བདེ། ། རང་ལ་རང་ཡིད་ཆེས་པས་བདེ།། ལུང་ལྡན་གདམས་ངག་ཀློང་ན་བདེ།། ཡུལ་མེད་འཁྱམས་པའི་ཀློང་ན་བདེ།། སྣང་ནོར་དྲན།། བདག་ཉིད་སངས་རྒྱས་ཡིན་པར་ཤེས།། གནས་ནི་འོག་མིན་ནམ་མཁའ་འདྲ། ། མངལ་དུ་མི་འདུག་དྲན་པའི་ཕྱིར།། ཆོས་སྐུ་མི་འགྱུར་བརྟན་པ་ཐོབ།། ད་ཡང་འདུས་པའི་སྙིང་པོ་ཉོན།། བར་དོར་ཡོན་ཏན་རྣམ་ལྔ་འབྱུང།། མ་རིག་སངས་པས་སྒྲིབ་གཉིས་དག། ཡེ་ཤེས་རྒྱས་པས་འགྱུར་བ་མེད། ། ཐམས་ཅད་ལས་ལ་མཁྱེན་པས་ནི།། སངས་རྒྱས་ཆོས་སྐུ་ཐུགས་ལ་རྫོགས།། གཟུགས་སྐུ་རྣམ་གཉིས་དུས་གཅིག་འབྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཚེ་ཡེ་ཤེས་སྣང་བ་ལས། ། བག་ཆགས་བྲལ་བས་ཆགས་སྡང་མེད།། སྣང་བ་མེད་པས་ཞེན་པ་བྲལ།། རིག་པ་གསལ་བས་ཆོས་སྐུར་ཤེས།། ཕོ་མོ་མེད་པས་མངལ་མི་འཇུག། དེ་ཕྱིར་སྐྱེ་བ་མི་ལེན་ངེས།། ངེས་པའི་འབྲས་བུ་སངས་རྒྱས་ནི། ། རྣམ་དག་ཆོས་སྐུ་རང་རིག་ཤེས།། དེ་ཙམ་ཉིད་ལ་སངས་རྒྱས་སུ།། ཀུན་བཟང་ཉིད་ཀྱི་བཏགས་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བར་དོ་སྐྱེ་བ་མེད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་ང་དགུ་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་གཅིག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཆེད་དུ་འདི་སྐད་གསོལ།། ཀུན་བཟང་ངེས་པའི་གནས་ལུགས་དོན། ། ཡོན་ཏན་ཆེ་བ་ཇི་ལྟར་འབྱུང།། རང་གནས་ལ་ནི་ཇི་ལྟར་བཟླ།། ཀུན་བཟང་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལྟ་སྒོམ་སྤྱོད་པ་ཕྲིན་ལས་དང། ། དམ་ཚིག་འབྲས་བུའི་རང་བཞིན་དང།། རྣམ་པ་བདུན་དུ་ངས་བཤད་དོ།། ལྟ་བ་རྟག་ཆད་མཐའ་བྲལ་བའི།། རང་བྱུང་རིག་པ་འདི་ཉིད་ལ།། སྐྱེ་མེད་མི་འགྱུར་ཡེ་ཤེས་ཀློང། ། ཀུན་ཏུ་བཟང་པོའི་ལྟ་བ་མཆོག། ཆོས་སྐུའི་ངང་ལས་མ་གཡོས་པའི།། གསལ་ལ་རྟོག་མེད་མི་གཡོ་བ།། རྒྱུན་དུ་མི་འབྲལ་རང་རིག་དེ།། བསྒོམ་པ་ཀུན་ཏུ་བཟང་པོར་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། བླང་དོར་ཕྱོགས་རིས་མེད་པ་ལ།། གཟུང་འཛིན་བྱ་བའི་ཡུལ་མེད་ཕྱིར།། རིག་པ་ཆགས་མེད་ཀློང་དུ་འཕྱོ།། ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག། ཕྱི་ནང་ལས་ནི་གང་རུང་ལ།། སྦྱོར་སྒྲོལ་ལ་སོགས་ཅི་བདེར་སྤྱོད། ། ཕྲིན་ལས་ཡིན་ཕྱིར་འགལ་བ་མེད།། ཀུན་བཟང་ང་ཡི་ཕྲིན་ལས་ཡིན།། ཡེ་ཤེས་སྙིང་པོ་རང་བྱུང་ལ།། རྟག་ཏུ་མི་འདའ་དྲན་པས་ཟུང།། བདེ་སྡུག་གང་བྱུང་ཟིལ་གྱིས་ནོན།། དམ་ཚིག་ཀུན་ཏུ་བཟང་པོར་བསྟན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་རིག་པའི་དབང་ཐོབ་ཕྱིར།། དུས་གསུམ་སངས་རྒྱས་ཐུགས་དང་མཉམ།། དེ་ཕྱིར་ཡེ་ཤེས་ཆེན་པོའི་ལས།། འབྲས་བུ་ཀུན་ཏུ་བཟང་པོར་གསུངས།། གཙང་སྨེ་བཟང་ངན་ཀུན་ཀྱང་ནི། ། ཡེ་ནས་མཉམ་པར་འདིར་ཤེས་པས།། ཆོས་ཉིད་རང་སར་མཐའ་དང་བྲལ།། དེ་ཕྱིར་རང་བཞིན་ཀུན་ཏུ་བཟང།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཀུན་བཟང་དབྱེ་བ་ཡང།། ག་ལ་ཁྱད་ཡོད་དོན་ལ་མེད།། དེ་ཕྱིར་ཆོས་སྐུ་གཅིག་གི་ངང།། ཐམས་ཅད་རང་བྱུང་ཀློང་དུ་འདུས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང་པོ་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་ཅུ་པའོ། །།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་ཆེ་བའི་རྩལ་བྱུང་བ།། སེམས་དང་ཆོས་ཉིད་འབྱུང་བ་དང།། ཡེ་ཤེས་སྐུ་དང་སྐུ་གསུང་ཐུགས།། ཡོན་ཏན་ངན་སོང་མཐོ་རིས་ལམ། ། ཐབས་དང་ཤེས་རབ་སྐྱོན་གྱི་རྒྱུ།། ཡོན་ཏན་རྒྱུ་དང་སངས་རྒྱས་ཆེ།། སེམས་ཅན་རྟོགས་ཐབས་ངས་བཤད་ཉོན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་མ་རིག་ལས་སྐྱེས་ཡིན།། དུག་ལྔ་འཁོར་བའི་རྩ་བ་སྟེ། ། འདི་ཉིད་རང་བཞིན་མེད་པར་ཤེས།། སེམས་ཉིད་ཡེ་ནས་ཆེ་བར་བྱུང།། ཆོས་ནི་འཁོར་འདས་ཀུན་ཡིན་ཏེ།། ཉིད་ནི་སྤྲོས་པའི་དངོས་པོ་དང།། བཙལ་མེད་ཡེ་ནས་ཆེ་བར་གནས།། ཆོས་ཉིད་ཡེ་ནས་ཆེ་བའི་མཆོག། ཆོས་སྐུའི་རྩལ་ནི་འབྱུང་བ་ལྔ།། ཡེ་ནས་རྒྱུད་ལ་སངས་རྒྱས་ཏེ།། དེ་ཕྱིར་སྣང་བ་ཆོས་ཀྱི་སྐུ།། འབྱུང་བ་ཡེ་ཤེས་ཆེ་བར་བསྡུ།། ཡེ་ནི་རང་བྱུང་ངོ་བོ་ཉིད།། ཤེས་ནི་བློ་ཡི་རྟོག་ཏུ་གོ།། ཟུང་དུ་འབྲེལ་བས་ཡེ་ཤེས་ཏེ། ། དེ་ཕྱིར་ཡེ་ཤེས་ཆེ་བར་གསུངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྐུ་ཡི་སྐུ་ལྔ་ལྷུན་གྱིས་གྲུབ།། མ་བཙལ་ཡེ་ནས་ཆོས་སྐུར་འདུས།། ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས།། སྐུ་ནི་ཡེ་ནས་ཆེ་བའི་མཆོག། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀྱང།། ཕྲིན་ལས་དཀྱིལ་འཁོར་རང་གི་སྐུ།། དེ་ལས་གཞན་དུ་བསྒྲུབ་མི་དགོས།། ཡོན་ཏན་ཕྲིན་ལས་ཆེ་བར་བསྡུ།། སྐྱོན་ཡོན་གཉིས་ཀ་གཞི་ལ་མེད། ། དེ་ཕྱིར་གོ་བ་སངས་རྒྱས་རྒྱུ།། རང་བྱུང་ཡེ་ནས་དག་པའི་སྐུ།། སྐྱོན་ཡོན་ཡེ་ནས་ཆེ་བ་ཡིན།། སྡུག་བསྔལ་འཁོར་བ་ངན་སོང་སྟེ།། དག་པར་ཡེ་ནས་རྟོགས་པ་ལ།། སྡུག་བསྔལ་ཉིད་ཀྱང་བདེ་བར་འཆར།། དེ་ཕྱིར་འཁོར་བ་ངན་སོང་ཆོས། ། ད་ཡང་འཁོར་གྱི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་རྩ་བ་གཅིག། མཐོ་རིས་ངན་སོང་གཞི་ལ་མེད།། དེ་ཕྱིར་ཡེ་ནས་རང་བྱུང་སྐུ།། མཐོ་རིས་ངན་སོང་ཆེ་བར་གསུངས།། ཐབས་ཀྱིས་སངས་རྒྱས་སེམས་ཅན་འབྲེལ། ། དེ་ཕྱྀར་ངེས་དོན་ཐབས་ལས་བྱུང།། ལུང་ལྡན་གདམས་ངག་ངེས་པར་ཆེ།། ཐབས་ནི་ཡེ་ནས་ཆེ་བར་ངེས།། ཤེས་ནི་ཆོས་སྐུ་སྤྲོས་དང་བྲལ།། རབ་ནི་དོན་རྣམས་ཁོང་དུ་ཆུད།། ཡེ་ནས་དབང་བསྐུར་རྒྱལ་པོ་སྟེ།། ཤེས་རབ་ཡེ་ནས་ཆེ་བ་ཡིན།། སྐྱོན་ནི་མ་རིག་འགྱུ་བ་སྟེ།། ལུང་ལྡན་རྐྱེན་གྱིས་སྐྱོན་དང་བྲལ།། དེ་ཕྱིར་སྐྱོན་རྟོགས་ཡེ་ཤེས་འབྱུང།། སྐྱོན་རྒྱུ་ཡེ་ནས་ཆེ་བ་ཡིན།། ད་ཡང་འཁོར་གྱི་སྙིང་པོ་ཉོན། ། ང་ཡི་སྐུ་གསུང་ཐུགས་རྣམས་ནི།། མ་བཅོས་མ་འགྱུར་མ་གཡོས་པས།། ང་ཡི་རོལ་པ་ཐམས་ཅད་ལ།། དེ་ཕྱིར་སྤང་ལེན་བཟང་ངན་མེད།། ཡོན་ཏན་རྒྱུ་ནི་ཡེ་ནས་ཆེ།། འཁོར་བ་སངས་པས་ཆོས་སྐུ་རྒྱས། ། ཡོན་ཏན་ཀུན་ལྡན་སངས་རྒྱས་ཏེ།། མ་བཙལ་འབྲས་བུ་རང་གནས་པ།། སངས་རྒྱས་ཡེ་ནས་ཆེ་བར་བསྡུ།། སངས་རྒྱས་རྒྱུ་ནི་སེམས་ཅན་ཏེ།། སེམས་ཅན་སེམས་རྟོགས་ཆོས་སྐུ་ཡིན།། རྟོགས་པས་སངས་རྒྱས་ད་ལྟ་ཉིད། ། དེ་ཕྱིར་སེམས་ཅན་ཤིན་ཏུ་མེད།། ངེས་དོན་རྟོགས་པས་སངས་རྒྱས་འབྱུང།། ངེས་དོན་རྟོགས་པས་མ་རིག་སངས།། ཡེ་ནས་ཡོད་པས་ཡེ་ཤེས་སྐུ།། དེ་ཕྱིར་རྟོགས་པས་ཆེ་བའི་ཐུགས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཆོས་སྐུའི་རྩལ་དུ་ཡོན་ཏན་འབྱུང།། གང་ཡང་མི་འགག་རོལ་པ་ཡི།། ཆེ་བ་དྲུག་ཅུ་མ་འདྲེས་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆེ་བའི་ཡོན་ཏན་རྩལ་འབྱུང་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་གཅིག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དབྱེར་མེད་མ་བཙལ་ཕྱི་དང་ནང། ། ཡེ་ཤེས་མ་རིག་བཟང་ངན་ལས།། བདེ་སྡུག་ཆེ་ཆུང་སྐྱེ་འཆི་དང།། བླང་དོར་མེད་པ་མ་བཙལ་བ།། རང་གནས་ཆེན་པོར་ལ་བཟླའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ནས་རྒྱུ་དང་འབྲས་བུ་ནི།། རིམ་པར་དབྱེར་མེད་རང་གནས་ཕྱིར། ། སངས་རྒྱས་མ་ཚོལ་རང་ལ་གནས།། དེ་ཕྱིར་རྒྱུ་འབྲས་དབྱེར་མེད་ཡིན།། རྩ་བ་འཁོར་འདས་གཅིག་པའི་ཕྱིར།། ངོ་བོ་ཉིད་སྐུ་ཡེ་ཤེས་གནས།། ཐར་པ་ཐོབ་ཅེས་བསྟན་པ་ཡང།། འཁོར་འདས་རྩ་བ་རང་གནས་ཡིན།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས།། དུས་གསུམ་འཕོ་འགྱུར་མེད་པའི་གནས།། ཕྱི་ནང་མ་བཙལ་ཡེ་གནས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། མ་རིག་ལས་སྐྱེས་སེམས་ཅན་ཀུན།། ཡེ་ཤེས་ལས་འབྱུང་སངས་རྒྱས་ཉིད།། རང་བྱུང་ངེས་དོན་ཆོས་སྐུར་གཅིག། མ་བཙལ་ལ་བཟླ་ཆེན་པོ་ཡིན།། ལུས་ངག་བདེ་སྡུག་མ་བཅོས་ཕྱིར།། རྟོགས་དང་མ་རྟོགས་གཞི་ལ་མེད།། ཡུལ་ལ་འཛིན་པའི་བློ་མེད་ཕྱིར།། མ་བཙལ་རང་གནས་ལ་བཟླའོ།། གཙང་སྨེ་གཞི་ལ་གཉིས་མེད་པས།། བློ་ཡིས་བྱིས་པ་ཐམས་ཅད་གོལ།། མ་བཅོས་མ་བྱས་རང་རིག་སྐུ།། བཟང་ངན་མེད་པར་ལ་བཟླའོ།། ཆེ་ཆུང་མཐོ་དམན་ལ་སོགས་པ།། རྟོགས་པ་ཅན་ལ་ཆེ་ཆུང་མེད།། ཡེ་ནས་མ་བྱུང་མ་སྐྱེས་ཏེ།། དུས་གསུམ་གཅིག་པས་ཡེ་ཤེས་སྐུ།། རང་བྱུང་ངོ་བོ་རྟོགས་པ་ལ།། དུས་གསུམ་དབྱེར་མེད་གཅིག་པའི་ཕྱིར། ། གྲངས་དང་ཚེ་ཚད་བགྲང་དུ་མེད།། མི་འགྱུར་ཡེ་ཤེས་ལ་བཟླའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་ཀུན་བཟང་ལ།། ཕྱོགས་རིས་བླང་དོར་གང་ཡང་མེད།། ཡེ་ཤེས་མ་བཙལ་རང་གནས་པས། ། ཆོས་རྣམས་ཀུན་གྱི་ལ་བཟླའོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་གནས་ཆེན་པོ་དེ་དགུ་ལ།། རྩ་བ་རང་བྱུང་ཆོས་སྐུར་འདུས།། དེ་ཕྱིར་ཡེ་ཤེས་ཟང་ཐལ་ལ།། འདུ་འབྲལ་བ་ཡི་མིང་ཡང་མེད། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་གནས་ཆེན་པོར་ལ་བཟླ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་ཅུ་རྩ་གཉིས་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་གཉིས་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་ཏུ་བཟང་པོར་དོན་ཞུས་པས།། སྐུ་གསུམ་དོན་གྱི་གདུལ་བྱ་ཡི།། མཁྱེན་ཚད་འཁོར་ལ་བཤད་དུ་གསོལ།། དེ་སྐད་པ་ཡིས་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྤྲུལ་པ་དྲང་དོན་ཁམས་གསུམ་ཡང།། རྒྱུ་འབྲས་བདེ་སྡུག་མ་ལུས་དང།། ལས་དང་ཉོན་མོངས་མ་ལུས་པ།། མཁྱེན་ཕྱིར་ཐམས་ཅད་མཁྱེན་ཞེས་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། འདོད་ཁམས་གནས་རིགས་ཉི་ཤུ་ཡི།། ལས་དང་རྐྱེན་ནི་གང་ལས་བྱུང།། ཉེས་ལེགས་མ་ལུས་དུས་གཅིག་ཏུ།། གང་ཡང་ཤེས་ཕྱིར་མནོ་མི་དགོས།། ཆུ་བུར་མིག་དང་ཤ་ཡི་མིག། ལྷ་ཡི་མིག་དང་ཆོས་ཀྱི་སྤྱན། ། ཡེ་ཤེས་སྤྱན་དང་རྣམ་ལྔ་སྟེ།། ཐམས་ཅད་མཁྱེན་པའི་ཚད་དུ་གསུངས། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆུ་བུར་མིག་གིས་དཔག་ཚད་དང།། རྒྱང་གྲགས་རིང་ཐུང་ཚུན་ཆད་མཐོང།། ཤ་མིག་གླིང་བཞི་གླིང་ཕྲན་མཐོང། ། ལྷ་ཡིས་མིག་གིས་ནམ་མཁའི་ཁམས།། ཁྱབ་ཚད་མ་ལུས་དུས་གཅིག་མཐོང།། སྤྲུལ་སྐུའི་མཁྱེན་ཚད་དེ་དང་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་དང། ། ཚེ་ཚད་རིང་ཐུང་རིམ་པ་ཡང།། ལས་ངན་བྱས་པའི་ཉེས་པ་ཡིན།། རྣམ་སྨིན་སྡུག་བསྔལ་རིམ་པ་མཁྱེན།། དུས་གསུམ་གང་ཡང་དུས་གཅིག་མཁྱེན།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཕྱི་ནང་མེ་ལྕེ་མཁའ་ལ་རྒྱུ། ། དེ་དག་ལས་ཀྱི་རྣམ་སྨིན་གྱིས།། བཀྲེས་བསྐོམ་སྡུག་བསྔལ་སྣ་ཚོགས་པ།། ཡི་དྭགས་ལུས་ཀྱི་རྣམ་པ་དག། ལས་ངན་བསགས་ཕྱིར་རང་ལ་སྨིན།། ཚེ་ཚད་མནར་མེད་ཡིད་ལ་བྱུང། དེ་ཡི་མཉེན་པོ་གང་དགོས་མཁྱེན། ། གང་ཡང་མཁྱེན་པས་སྤྲུལ་པའི་སྐུ།། ད་ཡང་འདུས་པའི་སྙིང་པོ་ཉོན།། བྱོལ་སོང་གནས་རིགས་དག་ན་ཡང།། རྐང་གཉིས་དང་ནི་རྐང་བཞི་དང།། རྐང་མང་དང་ནི་རྐང་མེད་ཚོགས།། གླེན་ལྐུགས་ཚེ་ཚད་སྡུག་བསྔལ་ནི།། ངེས་མེད་ངེས་ཅན་གྲངས་མེད་ཀྱང།། དེ་ཡིས་མཉེན་པོ་གང་དགོས་མཁྱེན།། གླིང་བཞི་བྱོལ་སོང་གླིང་བར་དང།། མུན་གླིང་ཡོད་པའི་གྲངས་བཅས་མཁྱེན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཕྱི་ནི་སྣོད་དང་བཅུད་ཀྱིས་བསྡུས།། འབྱུང་བ་བཞི་ཡི་རྣམ་པ་ཡང།། ས་གཞི་རི་རབ་རྒྱ་མཚོ་དང།། མེ་རླུང་འབྱུང་བ་སྣ་ཚོགས་པ།། རྡུལ་ཕྲན་དག་གི་གྲངས་རྣམས་ཀྱང།། བགྲང་མི་དགོས་པར་དུས་གཅིག་མཁྱེན། ། ཕྱི་ཡིས་ཁ་དོག་དབྱིབས་དང་ནི།། གླིང་བཞི་གླིང་ཕྲན་མ་ལུས་པའི།། དབྱིབས་དང་ཚེ་ཚད་ལུས་ཀྱི་ཚད།། མ་ལུས་གང་ཡང་དུས་གཅིག་མཁྱེན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཟུགས་ཁམས་གནས་རིགས་བཅུ་བདུན་པོའི། ། ལོངས་སྤྱོད་ཆེ་ཆུང་གང་ཡང་རུང།། དགེ་བའི་ལས་ནི་གང་ཡང་རུང།། འབྲས་བུ་འབྱུང་བའི་རིམ་པ་ཡང།། འདིར་བསགས་ཕྱི་མར་སྨིན་པ་མཁྱེན།། ལྷ་ཡི་ཚེ་ཚད་རིང་ཐུང་ཡང། ། འོག་ལས་གྱུར་པའི་འགྱུར་རྩིས་ཏེ།། བྱ་བ་མང་ཉུང་དུས་ཚོད་མཁྱེན།། དེ་ཕྱིར་ཆགས་འཇིགས་སྟོང་དང་གསུམ།། ཆོ་འཕྲུལ་མངོན་འབྱུང་བསྟན་པའི་ཚེ།། འཇིག་དང་མི་འཇིག་རྣམ་པ་ཡང།། བསམ་གཏན་རོ་མྱོང་ཞེན་པ་དང། ། བག་ལ་ཉལ་གྱིས་མ་རིག་པས།། བསྒྲིབ་ཕྱིར་ཐ་མལ་ལྟུང་བའི་ཕྱིར།། དེ་ཡི་མཉེན་པོའི་ཆོས་རྣམས་ཀྱང།། གང་ལ་གང་འདོད་རིམ་པར་མཁྱེན།། ལོངས་སྤྱོད་གཡེངས་ཕྱིར་གདུལ་བར་དཀའ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། གཟུགས་མེད་ཁམས་བཞིའི་རིམ་པ་ཡང།། ཞི་གནས་རོ་ལ་ཞེན་པའི་ཕྱིར།། བལྟ་མེད་བསྒོམས་པས་རང་ཉིད་འཁོར།། དེ་ཡང་རང་གིས་མ་རིག་པས།། ཅི་ཡང་ཡོད་མིན་མེད་མིན་དང། ། རྣམ་ཤེས་མཐའ་དང་ནམ་མཁའ་ཡི།། ལྟ་ལོག་ཞེན་ཕྱིར་ཤིན་ཏུ་འཁྲུལ།། དེ་ལ་ངེས་མེད་གང་འབྱུང་བའི།། ཏིང་འཛིན་གོལ་བའི་ཉམས་དེ་ཡི།། དུས་གསུམ་ལས་ནི་མ་ལུས་དང།། ལས་ཀྱི་འཁོར་བའི་རྣམ་སྨིན་དེ། ། དེ་ཡི་གཉེན་པོ་གང་བསྒོམ་པ།། གཉེན་པོ་མེད་ན་ལྟུང་དུས་དང།། ཚེ་ཚད་རིང་ཡང་ཐ་མ་ལྟུང།། དེ་དུས་སྐུར་བཏབ་དམྱལ་བར་ལྟུང།། དེ་དག་སྤྲུལ་སྐུའི་མཁྱེན་པའི་ཚད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། སྤྲུལ་པ་དེ་ཡིས་སྤྲུལ་པ་འགྱེད།། འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ།། སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད།། གཉེན་པོ་སྒོ་མོ་བརྒྱད་ཁྲི་སྟོང།། གང་གིས་གང་འདུལ་རིག་པ་མཁྱེན།། ལྷ་ཡི་མིག་གིས་གཟིགས་ཚད་དུ། ། རྣ་བ་ལ་སོགས་དེ་བཞིན་ནོ།། མ་ལུས་མཁྱེན་པ་སྤྲུལ་པའི་སྐུ།། དེ་ཕྱིར་ཐམས་ཅད་མཁྱེན་ཞེས་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྲུལ་པའི་སྐུ་ཡིས་ཐམས་ཅད་མཁྱེན་པའི་ཚད་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་གསུམ་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་ཆོས་སྐུ་ལས་བྱུང་བའི།། ལོངས་སྐུའི་མཁྱེན་ཚད་བསམ་མི་ཁྱབ། ། རེ་ཞིག་དྲང་པའི་དོན་དུ་ནི།། ས་བཅུའི་བྱང་ཆུབ་སེམས་དཔའ་ཡིས།། ལམ་ལྔ་ས་བཅུ་སྦྱངས་པའི་ཕྱིར།། ཞིང་ཁམས་སྐྱེ་བ་བརྗོད་མི་ལངས།། དེ་དག་ཀུན་གྱིས་གྲངས་དབྱེ་བ།། མ་ལུས་ཀུན་གྱི་རྣམ་གྲངས་ནི། ། ལོངས་སྤྱོད་རྫོགས་པས་མཁྱེན་པའི་ཚད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དག་པའི་འཇིག་རྟེན་མང་བའི་ཕྱིར།། རིགས་ལྔ་ལ་སོགས་སངས་རྒྱས་ཀྱི།། རིན་ཆེན་གཞལ་ཡས་ཁང་དང་ནི།། དཀྱིལ་འཁོར་ལྷ་ཚོགས་གྲངས་དང་ནི།། སེམས་དཔའ་སེམས་མ་བརྗོད་ལས་འདས།། རྒྱན་དང་ཁ་དོག་སྨོས་ཐག་ཆོད།། དེ་ཡི་ཡོན་ཏན་མ་ལུས་པ།། དུས་གཅིག་ཚང་ཞིང་རྫོགས་པར་མཁྱེན།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཆོས་ཀྱི་མིག་གིས་མཁྱེན་པའི་ཚད།། གདུལ་བྱའི་འཁོར་དུ་བསྟན་པ་ཡང།། དྲང་པའི་དོན་དུ་བསྟན་པ་ལས།། ངེས་དོན་ལོངས་སྤྱོད་རྫོགས་པ་ཡི།། མཁྱེན་ཚད་འཁོར་འདས་མ་ལུས་པ།། སྐུ་ཡི་སྒོ་ནས་འདུལ་མཛད་མཁྱེན། ། ལྡེམ་དགོངས་བརྡ་ཡིས་ཆོས་རྣམས་སྟོན།། ས་བཅུའི་བྱང་ཆུབ་སེམས་དཔའ་ཡང།། འགྲོ་བའི་དོན་དུ་སྤྲུལ་པ་ལས།། ས་ཟིན་བྱང་ཆུབ་སེམས་དཔའ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ལྷག་མཐོང་རིག་པའི་དོན་ལྡན་པ།། ཆོས་ཀྱི་མིག་དང་ལྡན་ཞེས་གསུངས།། དེ་ཕྱིར་ལོངས་སྤྱོད་རྫོགས་པ་ཡི།། མཚན་དང་དཔེ་བྱད་མ་ལུས་པ།། སངས་རྒྱས་ཉིད་ཀྱི་མཛད་པ་ལས།། བྱང་ཆུབ་སེམས་དཔའ་ལོགས་ན་མེད། ། ས་དང་ས་ཡིས་ཁྱད་པར་ལས།། སྒྲིབ་བྱང་ཏིང་འཛིན་ཁྱད་པར་ལས།། གོང་ནས་གོང་དུ་འགྲོ་ས་མེད།། མཛད་པ་ཡོན་ཏན་ལྡེམ་དགོངས་ཆོས།། གང་ཡང་མཁྱེན་པས་ལོངས་སྤྱོད་འཁོར།། དེ་ཕྱིར་དག་པ་སངས་རྒྱས་ཉིད། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འགྲོ་དོན་ཕན་པར་བྱ་བའི་ཕྱིར།། ཕ་རོལ་ཕྱིན་པ་བསྟན་པ་ཡང། བྱམས་དང་སྙིང་རྗེས་གཞིར་བཟུང་ནས།། སེམས་ཅན་ཀུན་ལ་བརྩེར་དགོངས་ཏེ།། གཞན་ལ་ཕན་འདགས་བསོད་ནམས་འཕེལ།། དྲང་བའི་དོན་དུ་གསུངས་པ་ལས།། དོན་ལ་ཕན་པ་རྡུལ་ཙམ་མེད།། ལོངས་སྤྱོད་མཁྱེན་ཚད་ས་བཅུར་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་ངེས་དོན་བཀའ་མདོ་ཡང། ། དྲང་དོན་བསླུ་བྲིད་མ་ཡིན་ཏེ།། དབུ་མ་ཤེས་རབ་ཕ་རོལ་ཕྱིན།། རྫོགས་ཆེན་ཆོས་སྐུའི་སྙིང་པོ་ནི།། ལོངས་སྤྱོད་རྫོགས་པའི་མཁྱེན་པའི་ཚད།། དེ་ཕྱིར་བསྟན་པའི་རྩལ་གྱིས་རྫོགས། ། གང་ཕྱིར་ལོངས་སྐུ་ཆོས་སྐུར་བརྟེན།། འཁོར་ནི་བྱང་ཆུབ་སེམས་དཔའི་ཚུལ།། ཆོས་ཉིད་དག་ལ་ལོངས་སྤྱོད་པས།། ལོངས་སྤྱོད་རྫོགས་པའི་མཁྱེན་ཚད་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་ཐུགས་ལ་མ་འདྲེས་མཁྱེན། ། སངས་རྒྱས་མ་ལུས་དགོངས་པ་གཅིག། དཔེར་ན་མར་མེ་སྟོང་དག་ཀྱང།། འོད་ཀྱི་ངོ་བོ་གཅིག་པ་བཞིན།། དུས་གསུམ་སངས་རྒྱས་སྟོང་ལ་སོགས།། དེ་དག་དགོངས་པ་ཆོས་སྐུར་གཅིག། གདུལ་བྱ་འཁོར་བ་ཐ་དད་ཀྱང།། སྐུ་གསུང་ཐུགས་ལ་འཕེལ་འགྲིབ་མེད།། དེ་ཕྱིར་ལོངས་སྤྱོད་རྫོགས་པའི་ཚད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཡི་མཁྱེན་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་བཞི་པའོ།།།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུ་ངེས་ཟིན་ཐམས་ཅད་མཁྱེན།། དག་པའི་འཇིག་རྟེན་མེད་པའི་ཕྱིར། ། འཁོར་བའི་མུན་པ་ཀ་ནས་དག། ཡོད་མེད་མཐའ་དང་འདོད་པ་བྲལ།། ཆོས་སྐུ་ཡེ་ཤེས་ཀློང་གནས་པ།། ད་ལྟའི་ཤེས་པ་འདི་ཉིད་ལ།། ཆོས་སྐུ་ངོས་ཟིན་ཐམས་ཅད་མཁྱེན།། དེ་ཕྱིར་རང་བྱུང་ངོ་བོར་གནས། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཚན་ཉིད་ཆོས་སྐུ་སྟོང་པ་ཉིད།། དམིགས་པ་མེད་ཕྱིར་འགྲོ་དོན་བྲལ།། སྟོང་པར་འདོད་པ་ཆད་བལྟ་ཡིན།། དེ་ཕྱིར་ངེས་དོན་ཆོས་སྐུ་མིན།། ཡང་ཏི་ངེས་དོན་ཆོས་སྐུ་ནི།། རིག་པ་ངོ་ཤེས་གསལ་བ་ལ། ། རྟོག་མེད་གདེང་ལྡན་རང་བྱུང་སྟེ།། སང་ངེ་ས་ལེ་གདེང་གིས་ཟིན།། ཆོས་སྐུ་མཁྱེན་པས་རང་གི་ཐུགས།། སྐུ་ནི་ཆོས་སྐུ་ཡེ་ཤེས་ལུས།། ཡེ་ཤེས་སྤྱན་གྱིས་ལྷག་མཐོང་གསལ།། ཡེ་ཤེས་གཟུགས་བརྙན་ལ་སོགས་པ། ། མ་འགགས་གང་ལ་རྟོག་པ་མེད།། དེ་ཕྱིར་ཆོས་སྐུ་ཁ་མིག་ཅན།། རིག་པ་ཆོས་སྐུར་གསལ་ཕྱིར་རོ།། དེ་དོན་གདམས་ངག་མདོར་བསྡུ་ན།། རྣམ་རྟོག་མི་མངའ་ཆོས་སྐུ་དེ།། ཅི་ཡང་རང་བྱུང་ས་ལེར་མཁྱེན། ། མི་གཡོ་གདེང་ལྡན་འགྱུར་བ་མེད།། དེ་ནི་ཆོས་སྐུའི་མཁྱེན་པའི་ཚད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལུས་འདིའི་ནང་ན་ཆོས་སྐུ་བདེ།། འཁོར་འདས་མེད་ཕྱིར་བཙལ་མི་དགོས།། དེ་ཕྱིར་ལུས་འབྲལ་ཆོས་སྐུ་བདེ། ། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐུ་གསུམ་ཐམས་ཅད་མཁྱེན་པ་ཡང།། དྲང་བའི་དོན་དུ་ཕྱེ་བ་ལས། ། དོན་ལ་དབྱེ་བ་རྡུལ་ཙམ་མེད།། མ་ལུས་མཁྱེན་པས་མཁྱེན་ཅེས་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུའི་ཐམས་ཅད་མཁྱེན་པའི་ཚད་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་ལྔ་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པའི་ལེའུ་སོ་གསུམ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་དོན་དུ།། ཆོས་ཀྱི་རྗེ་ལ་འདི་སྐད་གསོལ། ། བསམ་གཏན་མ་གོལ་འབྲས་བུ་གང།། རྒྱུ་ཡི་ཐེག་འོག་འབྲས་བུ་དང།། ཆོས་རྣམས་རྫོགས་པའི་འབྲས་བུ་དང།། ཕྱི་ནང་མི་གོལ་འབྲས་བུ་རྣམས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྩོལ་བ་མེད་པའི་འབྲས་བུ་ནི།། གོལ་སྒྲིབ་མེད་པའི་འབྲས་བུ་ལ།། དབྱེ་བ་རྣམ་པ་བཅུ་ཚན་གསུམ།། ཡིད་ལ་མི་བྱེད་གོལ་སྒྲིབ་མེད།། དེ་ཕྱིར་ངེས་པའི་འབྲས་བུ་བསྟན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། སྔ་ཕྱི་ཞེན་པའི་རྟོག་པ་ཡིས།། བྱུང་ཚོར་རྗེས་སུ་མ་འབྲངས་པས།། འཇིག་རྟེན་ཕལ་པའི་སར་མ་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ང་དང་བདག་མེད་དོན་རྟོགས་ཕྱིར། ། ཡོད་མེད་ཡུལ་དུ་མི་བསྒོམ་པས།། རྟག་ཆད་མཐར་ནི་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། རྒྱལ་བའི་བཀའ་དང་མན་ངག་གི།། ཤེས་རབ་ཟབ་མོའི་དོན་ཟིན་པས།། ལུང་དུ་མ་བསྟན་དེ་མི་གོལ། ། དེ་ཡང་ངེས་པའི་འབྲས་བུ་ཡིན།། ལྷག་མཐོང་རིག་པའི་གདེང་ཟིན་པས།། ཞི་གནས་རོ་ལ་མ་ཆགས་ཕྱིར།། འཇིག་རྟེན་བསམ་གཏན་སར་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། སྣང་བའི་ཡུལ་རྣམས་མཐོང་བའི་ཚེ། ། སྒོ་ལྔའི་རྣམ་ཤེས་མི་འགོག་པས།། འདུ་ཤེས་མེད་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཇིག་རྟེན་པའི་གོལ་མེད་འབྲས་བུར་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་དྲུག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སྤང་བའི་རྟོག་པ་མེད་པའི་ཕྱིར། རྣམ་རྟོག་མ་སྤངས་རང་ཞི་བས།། ཉན་ཐོས་འགོག་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། རྟེན་འབྲེལ་བཅུ་གཉིས་ཡུལ་མེད་ཕྱིར།། རྟོག་བཀག་སྟོང་པར་མ་བསྒོམས་ཕྱིར།། རང་སངས་རྒྱས་སུ་དེ་མི་གོལ། ། དེ་ཡང་ངེས་པའི་འབྲས་བུ་ཡིན།། སྣང་བ་སེམས་སུ་མི་སྡུད་ཕྱིར།། རང་རིག་གསལ་བར་མི་བསྒོམས་པས།། སེམས་ཙམ་པར་ནི་དེར་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། བདེན་པ་གཉིས་སུ་མི་དབྱེའི་ཕྱིར། ། མཚན་མ་སྟོང་པར་མ་བསྒོམ་པ།། དབུ་མ་ཉིད་དུ་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཕོ་མོ་རྩ་དང་ཐིག་ལེ་ཡིས།། ཐབས་ཀྱི་བདེ་བ་མ་བསྒོམས་པས།། ཆགས་པའི་ལམ་དུ་དེ་མི་གོལ། ། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཚོགས་གཉིས་རྩོལ་བ་མེད་པའི་ཕྱིར།། རྒྱུ་འབྲས་རྐྱེན་ལ་མི་ལྟོས་པས།། འདུ་བྱས་ཆོས་སྐུར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། བག་ཆགས་བཟང་ངན་མིང་མེད་ཕྱིར། ། དགེ་སྡིག་རེ་དོགས་རྩོལ་མེད་པས།། ལས་ཀྱི་དབང་དུ་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། སྣང་སྟོང་གཞི་ལ་མེད་ཤེས་ཕྱིར།། དབྱེ་བ་བསྟན་པའི་ཡུལ་མེད་པས།། ཕྲ་བའི་ལམ་དུ་དེ་མི་གོལ། ། དེ་ཡང་ངེས་པའི་འབྲས་བུ་ཡིན།། གཞི་ལ་གོང་འོག་མེད་པའི་ཕྱིར།། ལམ་ལྔ་རིམ་གྱིས་མ་སྦྱངས་པས།། ས་བཅུའི་ངེས་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུ་མཚན་ཉིད་དུ་གོལ་བ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སྐྱོན་མེད་ཡོན་ཏན་ཀུན་ལྡན་དེ།། ཕྱི་ནང་ཆོས་རྣམས་རྫོགས་པར་ནི།། ང་ཡིས་བཤད་ཀྱི་ལེགས་པར་ཉོན།། ལྟ་སྒོམ་གཉིས་སུ་དོན་གནས་པའི།། རྣལ་འབྱོར་ངེས་པའི་སྐལ་ལྡན་དེ། ། དད་པས་ཀུན་ནས་བསླང་བའི་ཕྱིར།། སྙིང་རྗེའི་རླན་དང་མ་བྲལ་བས།། སེམས་བསྐྱེད་རྣམས་གཉིས་དེ་ལ་རྫོགས།། གང་ལ་མི་རྟོག་རང་གསལ་བའི།། ཆོས་ཉིད་ངང་ཚུལ་གསལ་བ་ལ།། བྱིང་རྒོད་གཉིས་ཀྱིས་སྐྱོན་བྲལ་བས། ། ཞི་གནས་བདེ་བ་དེ་ལ་རྫོགས།། ཕྱི་ནང་ཆོས་རྣམས་མ་ལུས་ཀུན།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། སྒྱུ་མ་ལྟ་བུར་ཤེས་པའི་ཕྱིར།། དངོས་མེད་རྟོགས་པས་ལྷག་མཐོང་རྫོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ལྟ་བའི་ངང་ལ་མཉམ་བཞག་ཚེ།། སེར་སྣ་འཛིན་པས་སེམས་མེད་པས།། ཆོས་དང་བདག་ཏུ་མ་མཆིས་པས།། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས།། ངེས་དོན་རྟོགས་པའི་རྣལ་འབྱོར་པས། ། ལུས་ངག་ཡིད་ཀྱི་སྤྱོད་པ་ཡི།། མི་དགེ་ཉེས་བྱས་མི་འབྱུང་བས།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས།། རང་བྱུང་རིག་པའི་རྣལ་འབྱོར་པས།། ལྟ་བ་ངེས་པའི་གདེང་ཟིན་པས།། ཆོས་ཀྱི་དབྱིངས་སུ་ཀུན་ཤོང་ཕྱིར། ། བཟོད་པའི་ཕ་རོལ་ཕྱིན་པ་རྫོགས།། ངེས་པའི་ལུང་ལ་ཡིད་ཆེས་པས།། རང་བྱུང་རིག་པ་ཤེས་པའི་ཕྱིར།། ལྟ་བའི་དོན་ལ་མ་ཡེངས་པས།། བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས།། སྔ་ཕྱིས་མ་བསླད་གཉུག་མ་ལ། ། གཞན་དུ་འཛིན་བྲལ་རང་གསལ་སྐུ།། ཆོས་ཉིད་དོན་ལས་མི་གཡོ་ཕྱིར།། བསམ་གཏན་ཕ་རོལ་ཕྱིན་པ་རྫོགས།། ཐོས་པའི་ཤེས་རབ་བློ་སྦྱངས་ནས།། ངེས་པའི་དོན་ནི་མཐར་ཕྱིན་པས།། ཆོས་རྣམས་ལྟ་བས་ཐག་ཆོད་པས། ། ཤེས་རབ་ཕ་རོལ་ཕྱིན་པ་རྫོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་ངེས་པའི་གདམས་ངག་གིས།། ཆོས་ཀྱི་དབྱིངས་སུ་ཤེས་པའི་ཕྱིར།། རྣམ་པ་གང་ཡང་མི་འགོག་པས།། ཐབས་ཀྱིས་ཕ་རོལ་ཕྱིན་པ་རྫོགས། ། སྔོན་ནས་དགེ་བའི་ཚོགས་བསགས་པས།། བླ་མ་སངས་རྒྱས་ཀུན་དང་ཕྲད།། མི་གནས་བླ་མེད་དོན་རྟོགས་པས།། སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས།། ཐོག་མཐའ་མ་རིག་སངས་པ་ལས།། ལུང་ལྡན་རང་རིག་དོན་ཤར་བས།། མ་རིག་མུན་པ་ཀུན་བཅོམ་ཕྱིར།། སྟོབས་ཀྱིས་ཕ་རོལ་ཕྱིན་པ་རྫོགས།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཆོས་ཀུན་རྩ་བར་རབ་རྟོགས་པས།། ཡོན་ཏན་མ་ལུས་ཀུན་འདུས་ཕྱིར། ། ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཀུན་གྱི་མཛད་སྤྱོད་ལ།། ཐ་མལ་སྤྱོད་པའི་མིང་མེད་པས།། ལུས་ངག་དགེ་བ་མི་ཉམས་ཕྱིར།། ཚོགས་ཆེན་མ་ལུས་རྣམ་གཉིས་རྫོགས། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་རྣམས་ལྷུན་གྱིས་གྲུབ་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་བརྒྱད་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་སྟོན་པས་བཀའ་སྩལ་པ།། བདག་དང་ཡེ་ཤེས་གཉིས་མེད་ཕྱིར།། དག་པའི་ལྷར་ནི་མ་བསྒོམས་པས།། ཀྲི་ཡའི་ཐེག་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན། ། གོང་འོག་གཉིས་སུ་མི་ལྟའི་ཕྱིར།། ལྟ་སྤྱོད་ཡ་ཆར་མི་བསྒོམ་པས།། ཨུ་པ་ཡར་ནི་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཡང་དག་ངེས་པའི་དོན་རྟོགས་ཕྱིར།། བྱང་ཆུབ་རྣམ་ལྔ་མ་བསྒོམས་པས།། ཡོ་ག་སེམས་དཔར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་བ་གཞི་ལ་མེད་པའི་ཕྱིར།། རྣམ་རྟོག་ལྷ་རུ་མ་བསྒྱུར་བས།། མ་ཧཱ་ཡོ་གར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན། ། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། འདུ་འབྲལ་མི་འཇོག་ཡོངས་མེད་ཕྱིར།། ཨ་ནུ་ཡོ་གར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། སྣང་བ་སེམས་ཉིད་ཡིན་པའི་ཕྱིར།། ཆོས་ཉིད་མཚོན་དུ་མེད་རྟོགས་པས། ། མཚན་མའི་སྐྱོན་དུ་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཕྱི་ནང་གསང་བའི་ཆོས་ཀུན་གྱི།། བརྟུལ་ཞུགས་གང་ཡང་མི་དགོས་པས།། བླང་དོར་སྤྱོད་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན། ། རྣམ་རྟོག་གཞི་ལ་མེད་པའི་ཕྱིར།། གཉིས་མེད་དོན་ལ་མི་རྟོག་པས།། ཕྱོགས་ཅན་ལྟ་བར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཚོགས་བརྒྱད་གོལ་སར་ཤེས་པའི་ཕྱིར།། སེམས་ཉིད་དོན་ལ་མི་རྩོལ་བས། ། མཉམ་ཉིད་དོན་ལ་མི་འགྱུར་ཕྱིར།། ཆོས་ཀྱི་སྐུ་ལ་གོལ་ས་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་ཕྱི་ནང་དུ་མི་གོལ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་དགུ་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྒྲིབ་པ་མེད་པའི་འབྲས་བུ་ནི།། ངེས་པའི་ལུང་ལྡན་བླ་མ་ཡིས།། ཡེ་ཤེས་ཆེན་པོར་ངོས་ཟིན་ཕྱིར། ། སྐབས་དབྱེའི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ནམ་ལངས་མུན་སྒྲིབ་མེད་པ་བཞིན།། མ་རིག་བག་ཆགས་མེད་པའི་ཕྱིར།། བསླད་པའི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན། ། གང་ཡང་དམ་པར་ལྟ་མེད་ཕྱིར།། ཆེད་དུ་བྱས་ནས་སྒོམ་མེད་པས།། ཕྱོགས་ལྷུང་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། གང་དྲན་ཆོས་སྐུར་རབ་ཤེས་པའི།། ལྟ་བ་ངེས་པའི་གདེང་ཟིན་པས། ། ཚོགས་ཀྱི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། གསང་སྔགས་མཛད་སྤྱོད་ཐམས་ཅད་ལ།། བྱ་བ་མེད་པའི་དོན་རྟོགས་ཕྱིར།། ལས་བཞིའི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན། ། འཁོར་འདས་ཆོས་ནི་གང་ལ་ཡང།། མ་ཆགས་མི་གཡོའི་རྟོགས་ལྡན་ཕྱིར།། མཆོད་པའི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཡང་དག་སངས་རྒྱས་རྣམས་གསུངས་པའི། ། ངེས་པའི་ལུང་ལ་ཡིད་ཆེས་པས།། ཐེ་ཚོམ་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གོལ་སྒྲིབ་མེད་པའི་དོན་ཤེས་ན། རྒྱལ་བ་ཉིད་དང་དགོངས་པ་མཉམ།། དེ་ཕྱིར་ཆོས་སྐུ་ད་ལྟ་ཉིད། ། སངས་རྒྱས་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྒྲིབ་པ་མེད་པའི་འབྲས་བུ་ཉམས་སུ་བླང་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་ཅུ་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་བཞི་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ངེས་པའི་དགོངས་དོན་འདི་སྐད་གསོལ། ། སེམས་ལས་མ་བྱུང་སངས་རྒྱས་དང།། རྒྱུ་ལས་མ་བྱུང་འབྲས་བུ་དང།། ལུང་ལས་མ་བསྟན་གདམས་ངག་དང།། ཁྱད་པར་འཕགས་པའི་གདམས་ངག་རྣམས།། ཀུན་རིག་སྟོན་པས་བཤད་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩ་ལ་པ།། ངེས་པ་བཞི་ཡི་ཁྱད་འཕགས་པ།། ཁྱོད་ལ་ལེགས་པར་ངེས་བསྟན་གྱིས།། ཡིད་ལ་ཟུང་ལ་ངེས་པར་ཆོང། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ལས་མ་བྱུང་སངས་རྒྱས་ནི།། རང་བྱུང་ངེས་པའི་ཆོས་སྐུ་ནི།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། རྣལ་འབྱོར་ཀུན་གྱི་དམ་པའི་ལམ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཚན་ཉིད་སེམས་སུ་འདོད་པ་ནི།། མ་རིག་ཆོས་ནི་བདེན་གཉིས་སུ།། བློ་ཡིས་ནན་བརྟགས་སེམས་ཀྱིས་བཅོས།། ཚོགས་བསགས་སྒྲིབ་སྦྱངས་ཀུན་བརྟགས་པའི།། སེམས་བྲལ་རང་བྱུང་ཆོས་ཀྱི་སྐུ།། སེམས་ལས་མ་བྱུང་སངས་རྒྱས་འདི།། ཐེག་པ་ཀུན་ལས་ཁྱད་པར་འཕགས།། ཕྱི་ནང་གསང་སྔགས་བསྐྱེད་རྫོགས་ནི།། ཏིང་འཛིན་གསུམ་གྱིས་ལྷར་བསྒོམས་ནས།། ཕྲིན་ལས་རྣམ་བཞིའི་ལས་སྤྱོད་ཀུན། ། འབྲས་བུ་མི་ཐོབ་ཀུན་བརྟགས་པའི།། ཡིད་སྨོན་ཀུན་བརྟགས་དཀྱིལ་འཁོར་ཀུན།། དྲང་དོན་ཡིན་ཕྱིར་འཁྲུལ་པའི་སེམས།། གསལ་བརྟན་ཏིང་འཛིན་གོམས་གྱུར་ཀྱང།། སེམས་ལས་མ་བྱུང་སངས་རྒྱས་མིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ངེས་དོན་སངས་རྒྱས་ནི།། ཡིད་ཀྱིས་མ་བསྒོམས་མ་བསྐྱེད་པའི།། རྩོལ་མེད་རང་གསལ་འདི་ཉིད་ལ།། སེམས་ལས་མ་བྱུང་སངས་རྒྱས་ཡིན། ། སྣང་མེད་རང་བྱུང་ཆོས་ཉིད་ལ།། ཡུལ་དུ་བྱས་པ་མེད་པའི་ཕྱིར།། ལྷ་མེད་བསྒོམ་རྒྱུ་ག་ལ་ཡོད།། དེ་ཕྱིར་སེམས་ནི་ཀུན་བརྟགས་ཡིན།། གང་ཡང་མ་བསྒོམས་ཆོས་ཉིད་ནི།། སེམས་ཀྱི་ཡུལ་ལས་འདས་པའི་ཕྱིར། ། སེམས་ལས་མ་བྱུང་རང་བྱུང་སྟེ།། སངས་རྒྱས་ཀུན་གྱི་དགོངས་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ནི་མ་རིག་མུན་པ་ཡིན།། སངས་རྒྱས་སེམས་བྲལ་ཡེ་ཤེས་སྐུ།། མ་རིག་སེམས་སངས་སྒྲིབ་པ་དག། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱས།། རྟག་ཆད་འཛིན་པ་མ་རིག་སེམས།། དེ་ལས་མ་བྱུང་སྒྲོ་སྐུར་བྲལ།། རྟགས་ཆད་སེམས་མེད་ཆོས་ཀྱི་སྐུ།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། སངས་ནི་འཁྲུལ་པ་འཛིན་པ་སངས། ། རྒྱས་ནི་ཆོས་སྐུ་མི་གཡོ་རྒྱས།། སངས་ནི་སེམས་སུ་འཛིན་པ་སངས།། རྒྱས་ནི་རང་བྱུང་ཡེ་ཤེས་རྒྱས།། སངས་ནི་གོལ་སྒྲིབ་སེམས་རྣམས་སངས།། རྒྱས་ནི་ཡེ་ཤེས་མི་རྟོགས་རྒྱས།། སངས་ནི་བྱིང་དང་རྨུགས་པ་སངས།། རྒྱས་ནི་ལྷག་མཐོང་ཡེ་ཤེས་རྒྱས།། དེ་ཕྱིར་སེམས་ལས་མ་བྱུང་བའི།། ཡེ་ཤེས་རང་སངས་རྒྱས་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་ནི་རྒོད་འཕྲོ་གཡེང་བ་སངས། རྒྱས་ནི་རང་རིག་ཡེ་ཤེས་རྒྱས།། སངས་ནི་འཁོར་འདས་འཛིན་པ་སངས།། རྒྱས་ནི་ཆོས་སྐུ་གསལ་བ་རྒྱས།། སངས་ནི་བག་ཆགས་ཉོན་མོངས་སངས།། རྒྱས་ནི་རང་གི་ངོ་བོ་རྒྱས།། སངས་ནི་བདུད་བཞིའི་ཆོ་འཕྲུལ་སངས། ། རྒྱས་ནི་ཟིལ་གནོན་ལྟ་བ་རྒྱས།། དེ་ཕྱིར་རང་བྱུང་རིག་པ་འདི།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། དུས་གསུམ་སངས་རྒྱས་སེམས་དང་བྲལ།། ཚོགས་བརྒྱད་མེད་ཕྱིར་སེམས་ཀྱང་མེད། ། རང་བྱུང་སྙིང་པོ་ཆོས་ཀྱི་སྐུ།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། མ་རིག་ལས་བྱུང་སེམས་ཅན་ཀུན།། སེམས་སུ་འཛིན་ཕྱིར་སྡུག་བསྔལ་འབྱུང།། དེ་ཕྱིར་སེམས་བྲལ་སྤྲོས་ལ་མེད། ། སྤྲོས་མེད་ཆོས་སྐུ་རང་བྱུང་ལ།། རང་སེམས་བྲལ་བས་དམིགས་པ་མེད།། དམིགས་མེད་ཆོས་ཀྱི་སྐུ་ཞེས་བྱ།། སེམས་ལ་དུས་གསུམ་ཡོད་པའི་ཕྱིར།། ཚེ་ལ་སྔ་ཕྱི་ད་ལྟ་འབྱུང།། སེམས་ལ་འཕོ་འགྱུར་ཡོད་པའི་ཕྱིར། ། དེ་ཕྱིར་ལུས་ལ་སྐྱེ་འཆི་འབྱུང།། ན་ཚ་བདེ་སྡུག་སྣ་ཚོགས་པ།། རང་སེམས་ཡིན་ཕྱིར་འཁོར་བར་སྨིན།། དེ་ཕྱིར་སེམས་ནི་སངས་རྒྱས་མིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐྱེ་ཤི་མེད་ཕྱིར་སེམས་དང་བྲལ། ། སྐྱེ་མེད་རང་བྱུང་ཡེ་ནས་གནས།། དེ་ཉིད་ལམ་གྱི་ཡེ་ཤེས་ནི།། ཐོག་མཐའ་ཆོད་ན་དུས་གསུམ་གཅིག། ཆོས་སྐུ་གཅིག་ཕྱིར་འཕོ་འགྱུར་མེད།། དོན་ལ་འགྱུར་མེད་སྡུག་བསྔལ་བྲལ།། སྔ་ཕྱི་མེད་པར་རང་བྱུང་སྐུ། ། སེམས་ལས་མ་བྱུང་སངས་རྒྱས་ཡིན།། འཕོ་འགྱུར་མེད་པས་སྡུག་བསྔལ་བྲལ།། བརྗོད་མེད་རང་གི་ངོ་བོ་ལ།། ཚོར་བ་བདེ་སྡུག་གང་ཡང་མེད།། དེ་ཕྱིར་ཆོས་ཉིད་བདེན་པའི་ངང།། སེམས་ལས་མ་བྱུང་སངས་རྒྱས་ཡིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། དུས་དང་སྤྱོད་ལམ་ཐམས་ཅད་དུ།། ངེས་དོན་འབྲལ་མེད་ཡེ་སངས་རྒྱས།། དེ་ཕྱིར་ལྟ་བ་འགྱུར་བ་མེད།། འགྱུར་མེད་ཆོས་ཉིད་རང་བྱུང་ཀློང།། མ་ཡེངས་སེམས་མེད་ད་ལྟ་ཉིད། ། སྒོམ་པ་ཀུན་གྱི་མཆོག་ཏུ་ནི།། ཀུན་བཟང་རྒྱལ་བས་གསུངས་པ་དེ།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་སངས་རྒྱས་ཁྱད་པར་ཅན།། ཀུན་གཞི་མེད་ཕྱིར་སངས་རྒྱས་མེད།། དེ་ཕྱིར་ཡུལ་མེད་རིག་པ་འདི།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། སེམས་བྲལ་ལྷག་མཐོང་ཆོས་ཉིད་ལ།། དེ་ལ་ཡིད་ཆེས་ངེས་པའི་གདེང།། སངས་རྒྱས་དགོངས་པ་མ་ནོར་བ། ། དམ་པའི་ཐུགས་ལ་གསལ་བ་ནི།། སེམས་ལས་མ་བྱུང་སངས་རྒྱས་འདི།། ཐེག་པ་ཀུན་ལས་ཁྱད་པར་འཕགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ལས་མ་བྱུང་བའི་སངས་རྒྱས་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་གཅིག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། རྒྱུ་ལས་མ་བྱུང་འབྲས་བུ་དེ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། རྒྱུ་རྐྱེན་མེད་པའི་མཐུན་དཔེ་ནི།། ནོར་བུ་རིན་ཆེན་ཀུན་ལྡན་བཞིན།། ཆོས་སྐུ་རྒྱུ་ལ་རག་མ་ལུས།། རྐྱེན་ལ་མི་ལྟོས་སྨོས་ཅི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུ་ནི་འདུས་བྱས་མི་རྟག་ཕྱིར།། གཉེན་པོས་འཇིག་ཕྱིར་རྐྱེན་ཁར་འགྲོ། ། དེ་ཕྱིར་རྐྱེན་གྱིས་མ་བསྐྱེད་པའི།། རང་བྱུང་ཆོས་སྐུ་འགྱུར་མེད་དེ།། ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན།། ཕྱི་ནང་ཀུན་གྱི་བག་ཆགས་ཀྱི།། རྒྱུ་རྐྱེན་ངན་པས་བསྐྱེད་པའི་ཕྱིར།། རང་གིས་རང་བསླུས་འཛིན་པ་ཡིས།། འཁྲུལ་པ་ཡིན་པར་ཐེ་ཚོམ་མེད།། དེ་ཕྱིར་འཁོར་འདས་མ་རིག་པའི།། ངེས་དོན་ཆོས་སྐུ་སྙིང་པོ་ནི།། རྒྱུ་ལས་མ་བྱུང་རང་བྱུང་སྐུ།། རྐྱེན་གྱིས་མ་བསྐྱེད་འབྲས་བུ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མ་རིག་རྒྱུ་ལས་མ་སྐྱེས་པའི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཀུན་བརྟགས་རྐྱེན་གྱི་མ་བསྐྱེད་ཕྱིར།། འབྱུང་བ་བཞི་ལ་བརྟེན་མི་དགོས།། ནམ་མཁའ་སྟོང་ལ་རྒྱུ་མེད་ཕྱིར།། རིག་པ་སྟོང་ལ་རྒྱུས་མ་བསྐྱེད། ། ནམ་མཁའ་འབྱུང་བཞིའི་རྐྱེན་མི་ཚུགས།། དེ་བཞིན་ཆོས་སྐུ་འགྱུར་བ་མེད།། དེ་ཕྱིར་རྐྱེན་ལས་མ་སྐྱེས་པའི།། འབྲས་བུ་ངེས་པར་ཡོད་མ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུ་མེད་འབྲས་བུ་ཡོད་མ་ཡིན། ། རྒྱ་མཚོའི་གསེར་ལ་རྒྱུ་མེད་ལྟར།། རིག་པ་རང་གྲོལ་རྒྱུས་མ་བསྐྱེད།། གསེར་དེ་གཡའ་ཡིས་མི་གོས་བཞིན།། ཆོས་སྐུ་རྐྱེན་གྱིས་མི་འགྱུར་བས།། དེ་ཕྱིར་རྒྱུ་ལས་མ་བྱུང་བའི།། འབྲས་བུ་ངེས་པར་ཡོད་པ་ཡིན། ། སེམས་ཅན་རྒྱུ་ལས་མ་སྐྱེས་པའི།། ཀུན་བཟང་སངས་རྒྱས་ཡོད་པར་ངེས།། སྔོན་གྱི་སངས་རྒྱས་རྒྱུས་མ་བསྐྱེད།། རྐྱེན་མེད་རང་བྱུང་ཡིན་པའི་ཕྱིར།། ཡེ་ནས་སངས་རྒྱས་ཡིན་པར་བཤད། ། ད་ཡང་འདུས་པའི་སྙིང་པོ་ཉོན།། དྲང་དོན་སངས་རྒྱས་རྒྱུ་རྐྱེན་ནི།། ཐབས་དང་ཤེས་རབ་ཡིན་ཞེས་ཟེར།། ཇི་སྲིད་ཐབས་ལ་བརྟེན་གྱི་བར།། ཆང་དང་དུག་བསྲེས་འཆི་བ་འདྲ།། དེ་ཕྱིར་རང་བྱུང་ཐབས་མི་དགོས། ། ཐབས་ནི་མ་རིག་དྲང་བ་ཙམ།། ཡེ་ཤེས་ཟང་ཐལ་རྒྱུས་མ་བསྐྱེད།། རྒྱུ་མེད་འབྲས་བུ་ཤེས་པས་ཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་སྟོབས་ཀྱི་འབྱུང་བའི་དཔེ།། ལྷ་ཡིས་པཉྩཱ་ལི་ཀ་བཞིན། ། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྐུ།། སུས་ཀྱང་མ་བྱས་བྱེད་པ་མེད།། དེ་ཕྱིར་ཆོས་ཉིད་བརྡལ་བའི་སྐུ།། རང་བྱུང་ཡེ་ཤེས་རྒྱུས་མ་བསྐྱེད།། རྐྱེན་མེད་རང་གསལ་རྒྱུན་མ་ཆད།། གཉེན་པོའི་རྐྱེན་གྱིས་བཅོས་སུ་མེད། ། རྒྱུ་ལས་མ་བྱུང་སངས་རྒྱས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྐྱེ་མེད་རང་བྱུང་དོན་རྟོགས་པས།། ཚོགས་གཉིས་བསགས་པས་ཁྱད་པར་འཕགས།། དེ་ཕྱིར་ཚོགས་བསགས་རྩེ་མོ་འདྲ།། དྲང་དོན་ཚོགས་གསོག་གཡེངས་པས་ཕུང། ། གཟུགས་སྐུ་ཚོགས་གཉིས་ལས་མ་བྱུང། དེ་ཕྱིར་ཆོས་སྐུ་རྟོགས་གྱུར་ནས།། ཚོགས་མ་བསགས་པའི་གཟུགས་སྐུ་བྱུང།། དེ་ཕྱིར་རྒྱུ་མེད་འབྲས་བུ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ངོ་བོ་གཅིག་ལ་ཐ་དད་མེད།། བྱད་དང་མེ་ལོང་གཟུགས་བརྙན་བཞིན།། ཆོས་སྐུའི་རྩལ་ནི་གཟུགས་སྐུ་གཉིས།། ཚོགས་མ་བསགས་པར་ཤུགས་ལ་བྱུང།། སྐུ་གསུམ་འགྲོ་དོན་ཐ་དད་ཀྱང།། རྒྱུ་རྐྱེན་མ་སྐྱེས་ཡེ་ནས་གནས། ། དེ་ཕྱིར་ཆོས་སྐུའི་རང་རྩལ་ནི།། མཐོང་སྣང་སྣ་ཚོགས་ཅིར་ཡང་འཆར།། དེ་ཙམ་ཉིད་ན་རྒྱུ་རྐྱེན་བྲལ།། དཔེར་ན་ནམ་མཁའ་ཇི་བཞིན་ནོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུ་ལས་མ་བྱུང་བའི་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་གཉིས་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ལུང་ལ་མ་བརྟེན་གདམས་ངག་ནི།། དད་ལྡན་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། རང་བྱུང་ངོ་བོ་རྟོགས་ལས་བྱུང།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། གང་ཡང་མེད་པའི་སྔོན་རོལ་དུ།། རང་བྱུང་ངོ་བོ་ཉིད་ཀྱི་གཞི།། ལུང་ལས་མ་བརྟེན་གདམས་ངག་ཆོས།། རང་གི་རིག་པས་རང་རྟོགས་ཕྱིར།། འཁྲུལ་མ་མྱོང་ལ་རྟོགས་མ་མྱོང།། དེ་ཚེ་འཁོར་འདས་འབྱུང་བ་མེད།། གཞི་ཤེས་རང་བྱུང་རིག་པ་ལ།། གཞི་ནས་མ་རིག་མེད་པའི་ཕྱིར།། རྐྱེན་གྱིས་སྔོན་འཁྲུལ་མ་མྱོང་བས།། ལུང་ལྡན་གྱིས་ནི་བསྟན་མི་དགོས།། དེ་ཕྱིར་ལུང་ལས་མ་བྱུང་ཆོས།། ཡ་མཚན་རྨད་དུ་བྱུང་བའི་བཀའ།། སངས་རྒྱས་ཐམས་ཅད་དེ་ལས་སྐྱེས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཀུན་ཏུ་བཟང་པོ་ལ།། ཡུལ་མེད་འཛིན་པ་མེད་པའི་ཕྱིར།། ཡེ་ནས་རིག་པ་རང་ལ་ཤར།། དུས་དེ་ཉིད་དུ་མ་རིག་སངས།། དེ་ཕྱིར་ལུང་ལས་མ་བྱུང་བའི། ། ངེས་དོན་སྙིང་པོའི་ཆོས་ཞེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་བཟང་སློབ་དཔོན་མེད་པའི་ཕྱིར།། ཕྱི་ནང་ཆོས་ཀུན་བཤད་ལུང་མེད།། དེ་ཕྱིར་གཞན་ལ་མ་བརྟེན་པའི།། རང་གི་རིག་པས་ཤེས་པའི་ཕྱིར། ། ལུང་ལ་མ་བརྟེན་མན་ངག་ཆོས།། རྒྱལ་བ་རྣམས་ཀྱི་རྟོགས་ཚུལ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལུང་ལ་མ་བརྟེན་ཆོས་སྐུ་ལ།། འཁོར་བ་བཙལ་གྱིས་མི་རྙེད་པས།། སངས་རྒྱས་ཀུན་ཏུ་བཟང་པོ་བྱ། བག་ཆགས་ཀུན་གྱིས་མ་གོས་ཕྱིར།། རྟོག་པ་མེད་ཕྱིར་ཡེ་ཤེས་རྒྱས།། ལུང་ལ་མ་བརྟེན་གདམས་ངག་ཡིན།། དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱི།། ཡོན་ཏན་ཐམས་ཅད་མ་ལུས་པར།། སྐྱེད་པར་བྱེད་པའི་མེས་པོ་ཡིན། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་སྤྲུལ་པ་རྣམ་གསུམ་གྱིས།། སྐུ་གསུང་ཐུགས་ཀྱི་སྒོ་ནས་ནི།། ཐེག་དགུའི་ཆོས་རྣམས་བཤད་པ་ཡང།། ལུང་ལ་མ་བརྟེན་ཆོས་འདི་ཡི།། བྱིན་གྱི་བརླབས་ཀྱིས་འབྱུང་བ་ཡིན། ། ཐུགས་ནས་ངེས་པར་བརྒྱུད་པ་ཡིན།། མན་ངག་སྙིང་པོ་འདི་རྟོགས་ན།། རྟོགས་པ་མངོན་འགྱུར་སངས་རྒྱས་ཡིན།། དེ་མེད་ཆོས་རྣམས་མ་ལུས་ཀུན།། སྤྲེའུ་འདྲའི་ལུང་གི་བསླད་པ་ཡིན།། ཐེག་དགུའི་ཆོས་ཀུན་རྐྱེན་གྱིས་བྱས། ། དེ་ཕྱིར་ངེས་དོན་བཀའ་མ་ཡིན།། དེར་བརྟེན་སྒྲུབ་ཐབས་བསྟན་ཆོས་སོགས།། བྱས་པའི་ཆོས་ཀུན་ཤིན་ཏུ་ནོར།། དེས་བརྩམས་མཁས་པའི་ཡིན་ཟེར་ནས།། བསྟོད་ར་ལོ་རྒྱུས་མང་བཤད་ཀྱང། ། སྤྲེའུ་འདྲའི་ལུང་གིས་དམ་ཆོས་བསླད།། ཆུ་དང་འོ་མ་འདྲེས་པ་འདྲ།། དེ་ཕྱིར་སྤྲེལ་འདྲ་ལུང་ངན་ལ།། བརྟེན་པས་ལམ་ནོར་རྟོག་པ་ཟིན།། དེ་ཕྱིར་སྡུག་བསྔལ་སྣ་ཚོགས་མྱོང།། འཁོར་བའི་མཐའ་ལ་ཟད་པ་མེད། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལུང་ལ་མ་བརྟེན་པའི་གདམས་ངག་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་གསུམཔའོ།།།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ངེས་དོན་གདམས་ངག་འདི་སྐད་གསུངས།། སངས་རྒྱས་དགོངས་པ་མ་ནོར་བར།། སེམས་ཅན་ཀུན་ལ་གནས་པ་ཡི།། རྒྱུ་རྐྱེན་མ་སྐྱེས་རང་བྱུང་བ།། ལུང་ལྡན་ངེས་པའི་གདམས་ངག་ནི། ། འཕེལ་འགྲིབ་མེད་པའི་ཡེ་ཤེས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། དང་པོ་འཁོར་འདས་བར་དོ་ལ།། ཀུན་བཟང་ཡེ་ཤེས་རྟོགས་དོན་དེ།། རང་བྱུང་ངོ་བོ་ཉུག་ཙམ་བྱུང།། ངེས་དོན་རིག་པ་ཙམ་གྱིས་ཤར། ། ཡིད་ཆེས་དོན་ལ་འགྱུར་བ་མེད། རྟོགས་དང་སངས་རྒྱས་དུས་མཉམ་བྱུང།། འཁོར་འདས་ཐོག་མཐའ་དུས་གཅིག་ཆོད།། དེ་ཕྱིར་སངས་རྒྱས་མེས་པོ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ། ། དད་པ་དང་ནི་ཤེས་རབ་ཀྱི།། སྐྱེ་ཤི་གཉིས་ཀྱི་བར་དོ་ལ།། ལུང་ལྡན་བླ་མ་དམ་པ་ཡི།། བསྟན་པའི་དོན་ལ་རང་ཡིད་ཆེས།། ནོར་བུ་རིན་ཆེན་རྙེད་པ་འདྲ།། སྣོད་དང་སྐལ་བ་ལྡན་པས་རྟོགས། ། ངེས་པའི་བཀའ་དང་མི་འགལ་མཐུན།། ཆོས་ཀྱི་སྐུ་དང་མི་འབྲལ་བས།། སྐྱེ་བ་མི་ལེན་ཡེ་ཤེས་ལྡན།། གཟུགས་སྐུ་རྣམ་གཉིས་འགྲོ་དོན་བྱེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྩོལ་བསྒྲུབ་དག་ལས་མ་བྱུང་བར། ། རང་བྱུང་ལམ་ལ་རག་མ་ལུས།། ཡུལ་ལས་མ་སྐྱེས་ཆོས་སྐུ་དེ།། ལུང་ལྡན་རྐྱེན་གྱིས་རྟོགས་པས་ཆོག། རྡོ་རྗེ་སེམས་ལ་བརྟེན་པའི་ཕྱིར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་ལ་ཡོད་ཀྱིས་གཞན་མ་བལྟ། ། གང་གི་རྟོགས་པ་མ་ཞུགས་ཞིང།། ཤེས་པ་རང་གསལ་འདི་ཉིད་ནི།། ཆོས་སྐུར་ཤེས་པས་ཆོག་པའི་ཕྱིར།། ཆོས་ཉིད་ངང་ལ་ཐུག་མ་གཅོད།། ལྟ་བའི་རྒྱུན་ལ་བརྗེད་མ་ངེས།། བསྒོམ་པའི་ངང་ལ་དྲན་མ་གསལ། ། སྤྱོད་པའི་ཆོས་ལ་བཅོས་མ་བསླད།། དམ་ཚིག་གཞུང་ལ་ཚུར་མ་རྐྱེན།། འབྲས་བུའི་ཆོས་ལ་རྟོགས་མ་རིང།། ངེས་པའི་ལུང་ལྡན་གདམས་ངག་གི།། ཡིད་ཆེས་གདེང་རྙེད་དགོངས་པར་ལྡན།། མཐའ་མལ་མ་ཡིན་བརྩོན་འགྲུས་ཀྱི། ། འདུག་ཚུག་རྐྱེན་ཐུབ་སྒོམ་ཆེན་ཡིན།། རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱང།། རང་བྱུང་ཆོས་ཀྱི་སྙིང་པོར་བཤད།། སྤྲོ་བསྡུ་མེད་པའི་ཤེས་པ་ལ།། སྐྱེ་འགག་མེད་པའི་ཏིང་འཛིན་གསལ།། འབྱུང་འཇུག་མེད་པའི་ཡེ་ཤེས་ཤར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ནས་ཡིན་གྱིས་གཟོད་མ་ཚོལ།། འགྲོ་ས་མེད་ཀྱིས་ཅན་ནི་འདུག། ཡེངས་ས་མེད་ཀྱི་ཤེས་པ་ཀློད།། གསལ་ལ་རྟོག་མེད་ཆོས་ཀྱི་སྐུ།། ཡིད་ཆེས་ངེས་པའི་གདེང་གིས་ཟིན། ། ཤེས་གསལ་རིག་པ་སངས་རྒྱས་ཐུགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལུང་ལྡན་ངེས་དོན་གསལ་བ་ཡི།། རང་གསལ་འདི་ལ་བོགས་མི་འདོན།། སོ་ཐུབ་རིག་པ་ངང་གི་རྩལ། ། དེ་ཤེས་ཡེངས་པ་མེད་ཅེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། འགྲོ་དྲུག་ཡུལ་ལ་མི་རྟོག་ན།། འགྲོ་དྲུག་སྐྱེས་ནས་འཁོར་མི་སྲིད།། དེ་ཕྱིར་རྟོག་མེད་རིག་པ་ལ།། ཡིད་ཆེས་མི་གཡོ་རྒྱུན་དུ་གནས།། ཐ་མལ་ཤེས་པ་གཞི་ཆ་ལ། ། རྒྱལ་བ་ཀུན་གྱི་དགོངས་པ་འདུས།། དེ་དོན་ངེས་ལུང་བསྟན་པ་ལ།། སངས་རྒྱས་ཀུན་དང་དགོངས་པ་མཉམ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཁོང་ནས་ཡེ་ཤེས་རང་ཤར་བ།། དཔྱད་ནས་བྱུང་བ་མ་ཡིན་ཏེ། ། གདམས་ངག་བསྟན་པས་བྱུང་བ་ཡིན།། དེ་ཕྱིར་བླ་མའི་བཀའ་འདི་གཅེས།། རང་བྱུང་སྙིང་པོ་བྱང་ཆུབ་ལ།། རྩོལ་བར་བྱ་བ་མིང་ཡང་མེད།། བྱ་དགོས་འཁོར་བ་ལུང་མ་བསྟན།། སེམས་ཀྱིས་ཆོས་སྐུ་ཁྱོད་ལ་བྱེད། ། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ནམ་མཁའི་ཆ་ལ་བགོས་མ་བྱེད། བརྫུན་གྱིས་བདེན་པ་མ་བསླུ་བར།། ཚིག་མང་བཤད་པས་ཆོས་མ་བསླད།། ཚིག་ཏུ་ཉུང་ལ་དོན་དུ་འདྲིལ།། ལུང་ལྡན་མ་ནོར་གདམས་ངག་གིས། ། སློབ་མ་ཡིད་ཆེས་གདེང་ལྡན་ལ།། གདམས་ངག་ཕོག་ཅེས་དེ་ལ་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་ཡོན་ཏན་སྒྲོ་མི་གདགས།། སེམས་ཅན་སྐྱོན་ཞེས་སྐུར་མི་གདབ། ། ཡུལ་ལ་མ་སྦྱང་ཞེན་མི་བྱ།། སྒྲོ་སྐུར་ཞེན་མེད་ཆོས་ཀྱི་སྐུ།། རྒྱུན་དུ་འབྲལ་མེད་གདམས་ངག་གིས།། དེ་ཕྱིར་ལུང་ལྡན་བཀའ་འདི་གཅེས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མཁས་པའི་ཡོན་ཏན་ཁྱད་མི་གསད། ། འཁོར་བའི་ཆོས་ལ་ངོས་མ་འཛིན།། སྣང་བའི་ཡུལ་ལ་ཞེན་མ་ཆེ།། འཇིག་རྟེན་ཆོས་ལ་བློ་མ་རྣོ།། རྒྱལ་བའི་བཀའ་ལ་བཤེད་མ་ཆུང།། སློབ་དཔོན་དག་ལ་འགྲན་མ་འཛུགས།། ཚུལ་འཆོས་ཅན་ལ་བཀུར་མི་བྱ། ། གདམས་ངག་མེད་པར་ཆོས་མི་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གདམས་ངག་ཁྱད་པར་འཕགས་པ་རྡོ་རྗེ་སེམས་དཔའ་ལ་ལུང་མངོན་དུ་ཕོག་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་བཞི་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་ལྔ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ། ། དགོས་པའི་དོན་ཆེན་འདི་སྐད་གསོལ།། རྣལ་འབྱོར་བར་དུ་གཅོད་པ་ཡི།། བདུད་ཀྱི་ཆོ་འཕྲུལ་ཟིལ་གནོན་པའི།། རྟགས་དང་འབྲས་བུ་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཆོས་ཀུན་རྩ་བ་བྱང་ཆུབ་སེམས།། དེ་རྟོགས་ཟིལ་གྱིས་གནོན་པའི་རྟགས།། ཀུན་བཟང་སྟོན་པ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། རྣལ་འབྱོར་སྣང་བའི་འོད་བྱུང་བ། ། གཞའ་ཚོན་རང་བཞིན་མེད་ཤེས་ལྟར།། དམ་པར་ཤེས་པའི་བློ་མི་འབྱུང།། འོད་གསལ་བདུད་ནི་ཟིལ་གནོན་རྟགས།། དོན་རྟོགས་རྣལ་འབྱོར་དམ་པ་ཡིས།། སྒྲ་ཡི་རྣམ་པ་གང་ཐོས་ཚེ།། སྒྲ་བརྙན་རྟག་པ་མེད་ཤེས་པས། ། རྗེས་འབྲང་འཛིན་པའི་སེམས་བྲལ་ཕྱིར།། གྲགས་སྒྲ་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་འཇིགས་གཟུགས་མཐོང་བའི་ཚེ།། ལྦུ་བ་སྙིང་པོ་མེད་ཤེས་ལྟར།། གཞི་ལ་འཇིགས་པའི་ཡུལ་མེད་རྟོགས། ། གཟུགས་བདུད་ཟིལ་གྱིས་གནོན་པའི་རྟགས།། རྣལ་འབྱོར་བསླུ་བའི་རྫུན་བྱུང་ཚེ།། རྨི་ལམ་བཞིན་དུ་རྫུན་དུ་ཤེས།། གང་ལ་བདེན་པར་མི་བལྟ་བས།། བསླུ་བའི་བདུད་ནི་ཟིལ་གནོན་རྟགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། རྣལ་འབྱོར་ཡུལ་དྲན་རྒོད་པའིཚེ།། དུག་ལ་སྔགས་ཀྱིས་བཏབ་པ་ལྟར།། སྔ་ཕྱི་རྗེས་འབྲང་མེད་ཤེས་པས།། མི་རྟོག་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་ཤེས་པ་འཕྲོ་བའི་ཚེ།། བ་མོ་ལ་ནི་ཉི་ཤར་ལྟར། ། རང་བྱུང་རང་གྲོལ་དྲན་པའི་ཕྱིར།། མི་གཡོ་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་གསལ་བ་བྱིང་གྱུར་ཚེ།། རིན་ཆེན་ག་བུར་བཅུག་པ་ལྟར།། ཆོས་ཉིད་གསལ་བ་རང་ཐིམ་ཤེས།། གསལ་བའི་བདུད་ནི་ཟིལ་གནོན་རྟགས། ། སྒོམ་པ་རྨུགས་ཤིང་བདེ་མེད་ཚེ།། དཔེར་ན་ཏི་བྱ་རྩིས་མེད་ལྟར།། རྨུགས་མེད་བདེ་བ་ཆེན་པོར་ཤེས།། བདེ་འདོད་བདུད་ནི་ཟིལ་གནོན་རྟགས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ལྟ་སྒོམ་འཕེལ་འགྲིབ་མེད་ཤེས་ཕྱིར།། བདུད་ཉིད་རང་བྱུང་ཡེ་ཤེས་སུ།། དོན་རྟོགས་སངས་རྒྱས་རྟགས་སུ་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟ་སྒོམ་གྱི་བདུད་ཟིལ་གྱིས་གནོན་པའི་རྟགས་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་ལྔ་པའོ།།།། དེ་ནས་འཁོར་ལ་བཀའ་སྩལ་པ།། སྤྱོད་པ་ཉམས་བདུད་ཟིལ་གནོན་རྟགས།། ངེས་དོན་བཤད་ཀྱིས་ཡིད་ལ་ཟུང། ། འདུ་འཛི་ལོངས་སྤྱོད་བདུད་བྱུང་ཚེ།། བུང་བ་བཅུད་ལེན་ཞེན་མེད་ལྟར།། གང་ལ་ཆགས་པ་མེད་རྟོགས་ཕྱིར།། ལོངས་སྤྱོད་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་གནས་ལ་ཞེན་པའི་ཚེ། ། མགྲོན་པོ་ཡུལ་སླེབ་འཇིགས་མེད་ལྟར།། མ་བཀོལ་ཏིང་འཛིན་གྲོགས་སུ་ཆེ།། ཞེན་པའི་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་གཡེང་བའི་བདུད་བྱུང་ཚེ།། མེ་ལ་ཤིང་བསྣན་ཇི་བཞིན་དུ།། རྣམ་རྟོག་ཡེ་ཤེས་སྐུལ་མར་ཤེས། ། གཡེངས་བདུད་ཟིལ་གྱིས་གནོན་པའི་རྟགས།། རྣལ་འབྱོར་འཁོར་ངན་བདུད་བྱུང་ཚེ།། ཕག་དང་གླང་པོ་འབྲེལ་མེད་ལྟར།། གཉེན་ལ་ཆགས་པས་འཆིང་བར་རྟོགས། འཁོར་ངན་བདུད་ནི་ཟིལ་གནོན་རྟགས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདྲེ་བཀྲེན་ལྷར་བཟུང་གིས་བསྟན་ལ།། བདེན་པར་མི་འཛིན་རེ་དོགས་བྲལ།། བླ་མའི་ལུང་ལ་ཡིད་ཆེས་ཕྱིར།། ལུང་ལྡན་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་ཉམས་མྱོང་སྐྱེས་པའི་ཚེ།། བདེན་མཐོང་ཉམས་ལ་མ་ཞེན་པར།། ཉམས་ལ་ཞེན་པ་སྐྱོན་དུ་རྟོགས།། ཞེན་ཉམས་བདུད་ཀྱི་ཟིལ་གནོན་རྟགས།། རྣལ་འབྱོར་སྤྱོད་པ་ཚུལ་འཆོས་ཚེ།། དྲང་སྲོང་གཡོ་སྒྱུ་མེད་པ་ལྟར། ། ཚུལ་འཆོས་སྤྱོད་པ་འཁྲུལ་པར་ཤས།། ཞེ་འདོད་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་བསྒོམ་པ་བོགས་འདོན་ཚེ།། འདོད་ཆགས་བྲལ་བའི་དགེ་སློང་བཞིན།། ངེས་དོན་ལྟ་བར་དབང་མི་དགོས།། བདེ་འདོད་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་ཞེ་སྡང་སྐུར་འདེབས་ཚེ།། སྐུར་བྲལ་ཉམས་མྱོང་བཙུན་མོ་བཞིན།། སྨད་སེམས་མེད་པའི་གདེང་ལྡན་པས།། སྐུར་འདེབས་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་ང་རྒྱལ་སྒྲོ་འདོགས་ཚེ། ། རིན་ཆེན་ནོར་ལ་བསྙད་མི་དགོས།། དེ་བཞིན་ངེས་དོན་གསང་ཐུབ་ན།། ང་རྒྱལ་འདུད་ནི་ཟིལ་གནོན་རྟགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་སྤྱོད་པ་ཉམས་ཀྱི་འདུད།། རྟོགས་ན་རང་བྱུང་ཆོས་སྐུ་ཡིན།། དེ་ཕྱིར་དོན་དྲན་བདུད་མེད་པས།། ཟིལ་གྱིས་གནོན་པའི་ཐབས་མི་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པའི་ཉམས་ཀྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ། བརྒྱ་དང་དོན་དྲུག་པའོ།།།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་རྟོགས་པའི་རྣལ་འབྱོར་པ།། ལན་ཅིག་སྐྱེ་འཆིའི་བདུད་བྱུང་ཚེ། ། ཡེ་ཤེས་ཆོས་སྐུའི་གཟུགས་བརྙན་ནི།། ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་དག་པར་རྟོགས་པའི་ཚེ།། དམྱལ་བའི་བཙོ་བསྲེགས་འཇིགས་པའི་སྒྲ།། ངུ་འབོད་ཙེར་ལྷང་ལ་སོགས་པ། ། གསང་སྔགས་གསུང་གི་འཁོར་ལོར་ཤེས།། ལྕགས་བསྲེགས་ས་གཞི་མེ་འོད་ཀྱང།། རྣམ་པར་དག་པའི་ཞིང་ཁམས་ལ།། འཁོར་བའི་སྐྱོན་མེད་འོད་ཟེར་འགྱེད།། དེ་ཕྱིར་འོད་གསལ་ཡེ་ཤེས་སྐུ། ། འཇིགས་པའི་གཤིན་རྗེ་གཤེད་པོ་ཡང།། ཐུབ་དྲུག་གཟུགས་སྐུར་རྣམ་པར་མཐོང།། དེ་ཕྱིར་ལས་དག་འཁོར་བ་མེད།། སངས་རྒྱས་ས་ནི་ད་ལྟ་ནོན།། བརྫུན་ཟེར་ལྷ་ཡི་སླུ་བའི་བདུད།། ངེས་དོན་སྙིང་པོ་རྟོགས་པ་ཡིས། ། ས་བཅུའི་བྱང་ཆུབ་སེམས་དཔར་མཐོང།། སེམས་ཅན་དོན་བྱེད་རྒྱལ་བའི་བཀའ།། རྣལ་འབྱོར་རྒོད་པ་ཟིལ་གནོན་པས།། སྣང་བ་ཆོས་དབྱིངས་དོན་ལྡན་ཕྱིར།། འགོགས་མེད་རྟགས་ཏུ་ངེས་རྟོགས་པས། ། རྒོད་པ་ལྷག་མཐོང་འབྲས་བུར་མཐོང།། རྣལ་འབྱོར་འཕྲོ་བ་ཟིལ་གནོན་པས།། རིག་པ་འཕྲོ་བས་ཐམས་ཅད་གཉེན།། དེ་ཕྱིར་རང་རིག་ཆོས་སྐུར་ཤེས།། དེ་ལྟར་རྟོགས་པའི་འབྲས་བུའི་མཆོག། ལུང་ལྡན་བྱ་བ་ཟིལ་གནོན་པས། ། རྟོག་པའི་ཉོན་མོངས་ཀུན་དང་བྲལ།། ཀློང་ཐིམ་ཤེས་པ་ཆོས་སྐུར་གསལ།། སངས་རྒྱས་འབྲས་བུ་ཡེ་ཤེས་ཀློང།། རྣལ་འབྱོར་རྨུགས་པ་ཟིལ་གནོན་པས། མི་གཡོ་རང་བྱུང་བདེ་བ་དེ། ། ཏིང་འཛིན་ཀུན་གྱི་མཆོག་ཏུ་ནི།། རྒྱལ་བ་ཀུན་གྱི་འབྲས་བུར་བསྔགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྤྲུལ་སྐུ་འཁོར་བའི་འགྲོ་དྲུག་ཀྱང།། བདེན་པར་འཛིན་པའི་རྟོག་མེད་ཕྱིར།། དུས་གསུམ་སངས་རྒྱས་སྤྲུལ་པའི་འཁོར། ། ལུས་མེད་བདུད་ནི་འབྱུང་མི་སྲིད།། བདུད་མེད་ངེས་པའི་འབྲས་བུ་ནི།། མེ་ལོང་དང་ནི་གཟུགས་བརྙན་ལྟར།། ཆོས་ཀུན་གཟུགས་བརྙན་ཆོས་ཀྱི་དབྱིངས།། དེ་ལས་ཉམས་ཞེན་མེད་ཀྱང་བྱུང་མེད་རྒྱལ་བའི་གནས། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟ་སྒོམ་གྱི་བདུད་ཟིལ་གྱིས་གནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་བདུན་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རྣམ་སྨིན་ལུས་ཀྱི་སྒོ་ལྔ་ཡི།། འཁོར་བའི་སྡུག་བསྔལ་སྤང་སྡུད་མེད།། བག་ཆགས་བྲལ་ཕྱིར་ཞེན་པ་མེད། ། སྤྱོད་པའི་བདུད་ནི་འབྱུང་མི་སྲིད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདུ་འཛི་ལོངས་སྤྱོད་ཟིལ་གནོན་པས།། ཞེན་མེད་བྱས་པ་གང་བྱས་ཀྱང།། ཀུན་བཟང་རོལ་པ་ཡིན་པར་ཤེས།། དེ་ཙམ་ཉིད་ན་ཆགས་མེད་གྲོལ། ། གནས་ལ་ཞེན་པ་ཟིལ་གྱིས་གནོན།། གང་ལ་འདུག་པ་འོག་མིན་གནས།། ཏིང་ངེ་འཛིན་ལས་མ་ཉམས་ཕྱིར།། འབྲས་བུ་ཆོས་ཀྱི་དབྱིངས་སུ་གསལ།། ཡོན་ཏན་གཡེང་བདུད་ཟིལ་ནོན་ན། ། གང་བྱས་དོན་ལ་མ་གོལ་བས།། རྣམ་རྟོག་ཡེ་ཤེས་རང་སར་གྲོལ།། ཆེད་དུ་མ་བྱས་ལྷུན་གྱིས་གྲུབ།། འཁོར་ངན་བདུད་ནི་ཟིལ་ནོན་ན།། དགྲ་གཉེན་མེད་པའི་རིགས་སྤྱོད་ཀྱིས།། ཀུན་ཀྱང་ཡེ་ཤེས་ལྷ་རུ་ཤེས། ། འཁོར་བའི་མིང་མེད་འབྲས་བུ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྤྱོད་པའི་བདུད་མེད་འབྲས་བུ་ནི།། རང་རིག་འགྱུར་མེད་ཆོས་སྐུར་ཤེས།། དེ་ཡི་ཡོན་ཏན་འཇིག་རྟེན་དུ།། གཟུགས་སྐུ་རྣམ་གཉིས་འགྲོ་དོན་མཛད། ། དེ་ཕྱིར་སྐྱོན་མེད་ཡེ་ཤེས་ནི།། པདྨ་དང་ནི་འདམ་བཞིན་དུ།། གོས་མེད་རང་རིག་ཏིང་འཛིན་གསལ།། མ་རིག་མེད་ཕྱིར་སྐྱོན་མི་གོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པའི་བདུད་ཟིལ་གྱིས་ནོན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་བརྒྱད་པའོ།།།། དེ་ནས་འདུས་པའི་སྙིང་པོ་ལ།། ཀུན་རིག་ཆོས་རྗེས་བཀའ་སྩལ་པ། ། ལྷ་ལས་ཟིལ་གནོན་བདེ་སྡུག་ཉམས།། བསམ་གཏན་རོ་ལ་ཞེན་པ་མེད།། རང་བྱུང་འཇིགས་མེད་ཉམས་དང་ལྡན།། ལུས་མེད་ཡེ་ཤེས་ཆོས་སྐུར་གསལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལུང་བསྟན་བདུད་ནི་ཟིལ་ནོན་ན། ། ཡང་དག་བཀའ་ལ་ཡིད་ཆེས་པས།། ལུང་སྟོན་རང་བྱུང་རོལ་པར་ཤེས།། བླང་དོར་མེད་པའི་འབྲས་བུ་ཡིན།། ཉམས་ལ་ཞེན་པ་ཟིལ་ནོན་ན།། ཡོན་ཏན་ལྟར་མེད་འབྲས་བུ་སྟེ།། བདེན་པ་ངེས་པར་མཐོང་བའི་ཕྱིར། ། ས་ནོན་སྒྲིབ་པ་ངེས་པར་དག། ཚུལ་འཆོས་བདུད་ནི་ཟིལ་ནོན་པས།། གཡོ་སྒྱུ་མེད་པའི་ཉམས་ལྡན་ཕྱིར།། ཞེ་སྡང་བྲལ་བས་རེ་དོགས་མེད།། ངེས་པའི་གདེང་ལྡན་འབྲས་བུའི་མཆོག། བོགས་འདོན་བདུད་ནི་ཟིལ་ནོན་ན། ། བདེ་བ་ཞེན་བྲལ་ཆོས་སྐུར་ཤེས།། དབང་ལ་མི་བརྟེན་རྟོགས་པ་ཤར།། དེ་ཕྱིར་སངས་རྒྱས་མངོན་དུ་གྲུབ།། སྐུར་འདེབས་བདུད་ནི་ཟིལ་གནོན་པས།། ཞེ་སྡང་རང་གྲོལ་ཅིར་མི་རྟོག། ཐུགས་རྗེ་ལྡན་པས་འགྲོ་དོན་འབྱུང།། དེ་ཕྱིར་གཡོ་མེད་འབྲས་བུ་ཡིན།། སྒྲོ་འདོགས་བདུད་ནི་ཟིལ་གནོན་པས།། ངེས་དོན་ཐུགས་གསལ་འཆང་བའི་ཕྱིར།། ང་རྒྱལ་མེད་ཕྱིར་དོན་ཉིད་གསལ།། འབྲས་བུ་རང་བྱུང་ངོ་བོ་ཉིད། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཆོས་སྐུ་རྟོགས་པ་ལ།། རྒྱ་མཚོར་ཉི་ཟླའི་གཟུགས་བརྙན་བཞིན།། རང་རང་མོས་པ་སོ་སོ་ལ།། གཞན་དོན་མ་བཙལ་ཤུགས་ལས་འབྱུང།། དཔེར་ན་ཆང་གི་ར་རོ་བཞིན། ། བྱང་ཆུབ་སེམས་དཔའ་ལས་དག་ལ།། ལོངས་སྤྱོད་རྫོགས་པའི་སྐུར་མཐོང་ནས།། ལྡེམ་དགོངས་ཆོས་རྣམས་སྐུ་ཡིས་སྟོན།། དད་ལྡན་ཉན་ཐོས་རང་རྒྱལ་ལ།། ཅི་ཡང་སྤྲུལ་པའི་སྐུར་མཐོང་ནས།། གསུང་གི་སྒོ་ནས་ངེས་དོན་དུ།། བཀྲི་དྲང་ཐབས་ཀྱི་ཆོས་རྣམས་སྟོན།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཞི་ལ་མེད་པའི་ཕྱིར།། ངེས་དོན་ཡེ་ཤེས་ཆོས་སྐུ་འདི།། ཐམས་ཅད་སངས་རྒྱས་དགོངས་པའི་ཆོས། ། སེམས་ཅན་མིང་མེད་བདེ་གཤེགས་ལ།། བྱིན་རླབས་ཆོས་ཀུན་ཐུགས་ཀྱིས་སྟོན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐུ་གསུམ་གསུངས་པ་དེ་དག་ཀྱང།། གདུལ་བྱའི་འཁོར་ལ་ཕྱེ་བ་ལས། ། དོན་ལ་དབྱེར་མེད་ངོ་བོ་གཅིག། དེ་ཕྱིར་ཐིག་ལེ་ཉག་གཅིག་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉམས་ཀྱི་བདུད་ཟིལ་གྱིས་ནོན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་དགུ་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་དྲུག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ། ། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཆེ་བ་སྣ་ལྔའི་དབྱེ་བ་ཇི་ལྟར་ཡིན།། ཆོས་སྐུའི་འཁོར་ནི་ཇི་ལྟར་དག། ལོངས་སྐུའི་འཁོར་གྱི་རོལ་པ་གང།། སྤྲུལ་སྐུའི་འཁོར་གྱི་བརྟག་ཐབས་ཅི།། བྱང་ཆུབ་ཆེ་བ་ཇི་ལྟར་འབྱུང། ། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་རྣམས་ཀྱི་ལྟ་བ་ནི།། ནམ་མཁའ་ཉི་མ་རྒྱ་མཚོ་བཞིན།། མ་སྤྲོས་མ་བསྡུས་རང་སྣང་ལ། ། ཆོས་སྐུ་གསལ་བ་མ་གཡོས་པ།། ཀུན་ལ་ཁྱབ་པའི་རིག་པ་གསལ།། དེ་སྐད་འདུས་པའི་སྙིང་པོ་ཉོན།། རང་རིག་ཆོས་སྐུ་གསལ་བའི་དོན།། ངེས་པར་རང་རིག་དབང་ཐོབ་པས།། དེ་ལ་བརྩོན་འགྲུས་བྱ་མི་དགོས། ། དེ་ཕྱིར་སངས་རྒྱས་ཆོས་ཀྱི་སྐུ།། འབབ་ཆུ་མར་མེ་དུག་སྔགས་བཞིན།། དམིགས་པ་དྲག་ལ་སྒོ་ལྔ་གསལ།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་ཏེ།། གསལ་ཙམ་ཉིད་ནས་ནུབ་པ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། རྒྱལ་ཐབས་སྤྱི་བླུགས་འཆི་བ་ཡིས།། མཚན་མ་ཟིལ་གྱིས་གནོན་པའི་ཕྱིར།། རིག་པ་དབང་གི་ཆེ་བ་ཡིས།། འདོད་ཁམས་ཉི་ཤུ་ཟིལ་གྱིས་ནོན།། ས་གཞི་ཆུ་ཟླ་གང་གཱ་བཞིན།། སྣ་ཚོགས་སྣང་ལ་གཟུང་དུ་མེད། ། ཆེ་བའི་ཡོན་ཏན་རྒྱུན་མི་འཆད།། མེད་ལ་མི་ཟད་འབྱུང་བའི་གཏེར།། ད་ཡང་འདུས་པའི་སྙིང་པོ་ཉོན།། རིག་པ་རང་གྲོལ་ཆེ་བ་ཡིས།། འགྲོ་དྲུག་གཡང་ས་གཅོད་པའི་ཕྱིར།། རང་བྱུང་ཆོས་སྐུ་ངོས་ཟིན་པས། ། གཟུགས་ཁམས་བཅུ་བདུན་དེ་མི་འཁོར།། ཁྱུང་དང་རིན་ཆེན་ཀླུ་བདག་བཞིན།། ལུང་ལྡན་ངེས་པའི་གདམས་ངག་གིས།། ཆོས་སྐུ་རང་རིག་ངོས་ཟིན་ཕྱིར།། ཀུན་གཞི་དུག་གསུམ་རྩད་ནས་བཅད།། དེ་ཕྱིར་རང་བྱུང་དོན་འདི་གཅེས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་སྤྱི་བླུགས་ཆེ་བ་ཡིས།། གོལ་ས་ཕྱི་ནང་ཆོད་པའི་ཕྱིར།། ངེས་པའི་དོན་ལ་བསྒོམ་མི་དགོས།། གཟུགས་ཁམས་བཞིར་ནི་དཻ་མི་སྐྱེ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། རྒྱུན་དུ་འབྲལ་མེད་ཏིང་འཛིན་གྱིས།། ཡེ་ཤེས་ཆེན་པོར་ལ་ཟློས་པས།། ས་བཅུ་རིམ་གྱིས་ངེས་མི་བགྲོད།། དེ་ཕྱིར་ངེས་དོན་རབ་ཏུ་གཅེས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ངེས་པའི་དབང་རྣམས་གཅིག་ཏུ་རྟོགས།། དེ་དོན་མ་བཅོས་ཆོས་ཉིད་ཀྱིས།། བཅོས་པའི་མཚན་མ་ཟིལ་གྱིས་གནོན།། དམིགས་པ་མེད་པའི་ནམ་མཁའ་ཡིས།། དམིགས་པའི་འབྱུང་བ་ཟིལ་གྱིས་གནོན།། སྐྱེ་བ་མེད་པའི་ཡེ་ཤེས་ཀྱིས། ། སྐྱེ་བའི་ཕུང་པོ་ཟིལ་གྱིས་གནོན།། ད་ཡང་འདུས་པའི་སྙིང་པོ་ཉོན།། རིག་པ་ཆོས་ཀྱི་སྐུ་ཉིད་དུ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། འབྱུང་གནས་ཐམས་ཅད་ང་ཡི་ཐུགས།། འདི་ལས་མ་གཏོགས་སངས་རྒྱས་མེད། ། རིག་པའི་ངེས་དོན་ཐམས་ཅད་འདི།། སངས་རྒྱས་ཀུན་གྱི་མེས་པོ་ཡིན།། འདི་ལས་མ་བྱུང་སངས་རྒྱས་མེད།། དེའི་ཕྱིར་དབང་གསུམ་རབ་ཏུ་གཅེས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རིག་པ་དབང་གི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བརྒྱད་ཅུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། ། ཆོས་སྐུའི་འཁོར་གྱི་ཆེ་བ་ཡི།། བསྒོམ་པའི་སྐྱོན་ནི་མ་དག་ན།། རང་རིག་ཡེ་ཤེས་ངོས་ཟིན་ཕྱིར།། ཆོས་སྐུ་རྟོག་པ་མེད་པར་བཤད།། འབྱུང་བའི་འདོད་ཡོན་ལྔ་སྤྱོད་ཚེ།། ལོངས་སྤྱོད་རྫོགས་པའི་སྐུ་ཡི་ངང། ། འགྲོ་དྲུག་གནས་སུ་སྣང་བའི་ཚེ།། སྤྲུལ་སྐུ་ཐུབ་པ་ཆེན་པོའི་ངང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་ཟངས་དང་ལྕགས་རྣམས་ལ།། གསེར་འགྱུར་རྩི་ཡིས་ཐེབས་གྱུར་ནས།། ཐམས་ཅད་གསེར་དུ་འགྱུར་བ་ལས། ། ཟངས་དང་ལྕགས་སུ་མི་འགྱུར་བཞིན།། མ་རིག་རྟོག་པའི་མཚན་མ་ལ།། ཡེ་ཤེས་ཆོས་སྐུའི་རྩིས་ཐེབས་ན།། ཁམས་གསུམ་འཁོར་བའི་མིང་མེད་ཕྱིར།། གདོད་ནས་མ་སྤངས་ཡེ་སངས་རྒྱས། ། བཙལ་བ་མེད་པ་ཡེ་ནས་གྲུབ།། ད་ཡང་འདུས་པའི་སྙིང་པོ་ཉོན།། མི་ནུབ་པ་ཡི་འོད་གསལ་ཕྱིར།། དེ་ཉིད་ལྷུན་གྲུབ་དོན་རྟོགས་ན།། རྟག་ཀྱང་ཡེ་ཤེས་ཆེན་པོར་རྟག། ཆད་ན་འཁོར་བ་རྩད་ནས་ཆད།། ལྡན་ན་སྐུ་གསུང་ཐུགས་སུ་ལྡན།། སྣང་ན་རང་རིག་ཡེ་ཤེས་སྣང།། ཡིན་ན་ཡེ་ཤེས་སངས་རྒྱས་ཡིན།། མིན་ན་ཁམས་གསུམ་འཁོར་བ་མིན།། དག་ན་རྣམ་རྟོག་མཚན་མ་དག། ད་ཡང་འདུས་པའི་སྙིང་པོ་ཉོན།། གོལ་ན་ཆོས་ཀྱི་སྐུ་རུ་གོལ།། འཕྲོས་ན་ཆོས་ཀྱི་དབྱིངས་སུ་འཕྲོས།། བྱིང་ན་ཡེ་ཤེས་ཀློང་དུ་བྱིང།། གསལ་ན་རང་སེམས་ཆོས་སྐུར་གསལ།། འཕྱོས་ན་ཆོས་ཀྱི་ཀློང་དུ་འཕྱོས།། དེ་སོགས་ཡོན་ཏན་སྐྱོན་རྣམས་ཀུན། ། ཆོས་སྐུར་འདུས་པའི་དོན་རྟོགས་ན།། མ་རྟོགས་ཉིད་ཀྱང་ཡེ་ཤེས་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཡེ་ཤེས་ཆོས་སྐུ་ནི།། མ་བསྒོམས་ཡེ་ཤེས་ཆེན་པོའི་དོན།། བརྗོད་པ་མེད་པའི་ཡེ་ཤེས་ལ། ། དམིགས་པ་མེད་པའི་ཏིང་འཛིན་གསལ།། ཤེས་པ་དྲང་ཐད་སོ་མ་ལ།། འདུ་ཤེས་མ་བསྒོམས་བརྟུལ་ཞུགས་བསྐྱེད།། ཅི་ཡང་མི་བསྒོམས་གང་ཡང་མེད།། ཡེ་ཤེས་ཟང་ཐལ་ཉིད་དུ་བཞག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་སྐུའི་འཁོར་གྱི་ཆེ་བའི་སྣང་བ་དག་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་གཅིག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། ཀུན་རིག་སྟོན་པས་བཀའ་སྩལ་པ།། ལོངས་སྐུའི་འཁོར་གྱི་ཆེ་བ་ནི།། ཀུན་བཟང་རོལ་པར་དག་པའི་ཕྱིར།། སྡུག་བསྔལ་སྣ་ཚོགས་བསྐྱེད་པའི་ཕྱིར།། ཡེ་ཤེས་ཆེན་པོ་བདེ་བའི་ངང།། ཕྱི་ནང་སྒྲ་སྐད་སྣ་ཚོགས་པ། ། གསང་སྔགས་གསུང་གི་འཁོར་ལོ་ཡིན།། རྐྱེན་གྱིས་ཆགས་སྡང་སྐྱེས་པའི་ཕྱིར།། རང་བྱུང་ཡེ་ཤེས་ཤར་བ་ཡིན།། ཤྭ་དང་སེར་བ་ལ་སོགས་པ།། ཀུན་བཟང་ཐུགས་རྗེའི་རོལ་པ་ཡིན།། ངམ་གྲོག་ཚེར་གདོང་གཡང་ས་ཡང། ། རྣམ་པར་དག་པའི་ཞིང་ཁམས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། མཚན་མ་སྤངས་པའི་ཕ་རོལ་ན།། བསྒོམ་པ་བྱ་བ་ལོགས་ན་མེད།། སྡུག་བསྔལ་སྤངས་པའི་ཕ་རོལ་ན།། བདེ་བ་བྱ་བ་ལོགས་ན་མེད། ། མ་རིག་སྤངས་པའི་ཕ་རོལ་ན།། རང་རིག་ཡེ་ཤེས་ལོགས་ན་མེད།། གཏི་མུག་སྤངས་པའི་ཕ་རོལ་ན།། ཆོས་ཉིད་ཡེ་ཤེས་ལོགས་ན་མེད།། འདོད་ཆགས་སྤངས་པའི་ཕ་རོལ་ན།། བདེ་ཞིང་སྐྱིད་པ་ལོགས་ན་མེད། ། ཞེ་སྡང་སྤངས་པའི་ཕ་རོལ་ན།། སྙིང་རྗེ་བྱ་བ་ལོགས་ན་མེད།། འཁོར་བ་སྤངས་པའི་ཕ་རོལ་ན།། མྱ་ངན་འདས་པ་ལོགས་ན་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་རིག་སངས་པའི་ཕ་རོལ་ན། ། སངས་རྒྱས་རྟོགས་པ་ལོགས་ན་མེད།། ཆོས་ཅན་སྤངས་པའི་ཕ་རོལ་ན།། ཆོས་དབྱིངས་རྣམ་དག་ལོགས་ན་མེད།། ཆོས་དབྱིངས་ཡེ་ནས་བསྒོམ་མེད་པས།། སེམས་ལ་དམིགས་པའི་སྐྱོན་མེད་པས།། རང་གསལ་སྙིང་པོ་ཡེ་ཤེས་འདི། ། སངས་རྒྱས་ཀུན་གྱི་ངེས་པའི་དོན།། ཡང་དག་རང་བྱུང་ཆོས་ཀྱི་སྐུ།། མི་དམིགས་པར་ཡང་བསྒོམ་དུ་མེད།། བྱ་བྲལ་ནམ་མཁའ་ཇི་བཞིན་ནོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལོངས་སྐུའི་འཁོར་གྱི་རོལ་པའི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་གཉིས་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ། ། སྤྲུལ་སྐུའི་འཁོར་གྱི་ཆེ་བ་ནི།། རྟོག་མེད་དག་པ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། རང་བྱུང་ངེས་དོན་ཐམས་ཅད་འདི།། ལུང་ལྡན་རྟོགས་པའི་ཡེ་ཤེས་ཀྱི།། གལ་ཏེ་མཚན་མ་འགྱུ་ན་ཡང། ། དོན་དྲེག་འགལ་སྒྲུབ་མེད་པའི་ཕྱིར།། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ།། མ་དྲན་གཉིད་དང་དུབ་ལ་སྩོགས།། གར་དགར་སོང་ཚེ་དེ་ཉིད་ལ།། ངོ་བོ་ཉིད་དྲན་གནོད་མི་ནུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། གདམས་ངག་ཅན་དང་འཕྲད་གྱུར་ན།། ཐ་མས་མི་རྟོག་གདམས་ངག་མིན།། དབང་པོ་རབ་ཀྱིས་བཙལ་དུ་མེད།། སྒྱུ་མའི་ཡུལ་ལ་སྤྱད་པར་བྱ།། དང་པོ་ཀུན་བཟང་ཐུགས་རྗེས་ཀྱང། ། དེ་ཉིད་ཚིག་ཏུ་ཕྱུང་བའི་ཕྱིར།། ཚིག་གིས་དོན་ནི་མཚོན་པར་ནུས།། ཚིག་ཉིད་དོན་ཡིན་ཟེར་བ་འཁྲུལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་དག་བཀྲི་དོན་བདེན་གཉིས་བྲལ།། ཡང་དག་སྙིང་པོ་ཆོས་ཉིད་ལ། ། བསྒོམ་དུ་ཡོད་དང་མེད་པ་ཡི།། ཚིག་ཏུ་འཛིན་མེད་ཡེ་གནས་བདེན།། སྣང་བའི་ཡུལ་ལ་རྟོག་མེད་ཕྱིར།། སེམས་ལ་གཏད་ཅིང་གཟུང་དུ་མེད།། ཇི་སྲིད་བར་དུ་གཏད་ཡོད་ན།། དེ་སྲིད་བར་དུ་འཁྲུལ་བ་ཡིན། ། དེ་ཕྱིར་གཏན་ནས་གཟུང་དུ་མེད།། དེ་ལ་སྐྱོན་གྱིས་གོས་པ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཆོས་སྐུའི་དགོངས་པ་འདི།། སེམས་ལས་འདས་པའི་སངས་རྒྱས་ཉིད།། གང་ཡང་མ་བསམས་རིག་པ་གསལ། ། དེ་དོན་སངས་རྒྱས་དགོངས་པ་ཡིན།། སེམས་མིན་ཆོས་སྐུའི་དོན་རྟོགས་ཕྱིར།། ཡུལ་ཉིད་སེམས་སུ་མི་བསྒོམ་ཕྱིར།། སྒོམ་པ་པོ་ཡང་མེད་པར་འགྱུར།། གང་གིས་གང་ལ་བསམ་ཞིང་བསྒོམ།། དེ་ཕྱིར་རང་སེམས་རྟོགས་པས་ཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་གསལ་སྙིང་པོ་ཞེན་མེད་པས།། རྒྱུན་དུ་ཡོད་པའི་ཆོས་ཉིད་ལ།། མ་ཡེངས་དོན་ལ་གང་གནས་པ།། དེ་ནི་རྣལ་འབྱོར་ངེས་པའི་མཆོག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྲུལ་སྐུའི་འཁོར་གྱི་རོལ་པ་ཆེ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་གསུམ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས། ། བྱང་ཆུབ་སེམས་དཔའ་ཆེ་བའི་མཆོག། འདུས་པའི་འཁོར་ལ་བཀའ་སྩལ་པ།། མ་རྟོགས་སྐྱོན་རྣམས་དག་པ་ཡི།། སྙིང་པོ་དོན་གྱི་འབྲས་བུ་ཆོས།། གང་ཞིག་སྣོད་དང་ལྡན་པ་ཡིས།། ཤེས་ནས་དེ་ལ་གང་གནས་པ། ། རང་རིག་ཉིད་ལ་དབང་ཐོབ་ཕྱིར།། སྐྱེ་བ་གཞན་དུ་མི་ལེན་པར།། སངས་རྒྱས་རིན་ཆེན་འཛིན་པ་ཐོབ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཆོས་སྐུ་དེ་ཉིད་ནི།། ཇི་བཞིན་མ་བཅོས་མ་བསླད་པར། ། དེ་བཞིན་ཉིད་དུ་བློ་བཞག་པས།། ཡེ་ཤེས་དེ་ཉིད་མ་ཡིན་པ།། བསྒྲུབ་དང་སྒྲུབ་པ་ག་ལ་ཡོད།། དེ་ཕྱིར་ཡེ་ཤེས་མངོན་འགྱུར་ན།། མེད་ལ་མི་ཟད་རིན་ཆེན་གཏེར།། ཁམས་གསུམ་རིན་ཆེན་རྙེད་པའི་མི།། ཇི་ལྟར་འདོད་པ་ཉིད་དུ་འབྱུང། ། དེ་བཞིན་ཡེ་ཤེས་ཆོས་སྐུ་ནི།། རྟོགས་པས་ཆོག་ཕྱིར་རང་བྱུང་སྐུ།། ཆེ་བའི་ཡོན་ཏན་རྒྱུན་མི་འཆད།། ཅི་ཡང་ཀུན་འབྱུང་ཆོས་ཀྱི་རྟེན།། དེ་བཞིན་ཉིད་དུ་ཀུན་རིག་ན།། འཁོར་བ་དང་ནི་མྱ་ངན་འདས། ། སོ་སོར་ཡོད་པ་མ་ཡིན་ཏེ།། ཇི་བཞིན་ཆོས་དེ་རྟོགས་ངེས་ན།། དེ་ལ་འཁོར་བའི་རང་བཞིན་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱང་ནི་བག་ཆགས་ཉོན་མོངས་བྱང།། ཆུབ་ནི་ཆོས་སྐུ་ཐིག་ལེ་ཆུབ། ། སེམས་དཔའ་སྐྱོན་གསལ་འགྱུར་བ་མེད།། ཆེ་བ་རང་བྱུང་ཡེ་ཤེས་ཆེ།། དེ་ཕྱིར་བྱང་སེམས་ཆེ་བར་གསུངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་བཅོས་པ་ཡིས་གདམས་ངག་གིས།། བལྟ་བ་ཡངས་པའི་ནམ་མཁའ་ལ། ། འཛིན་པ་མེད་པའི་ཡེ་ཤེས་གདལ།། གང་ཡང་མ་སྤངས་ལྷུན་གྱིས་གྲུབ།། མི་གཡོ་མི་རྟོག་དེ་ཉིད་ལྟར།། དེ་མཐོང་མུན་པ་རྣམ་པར་སངས།། སངས་རྒྱས་ཀུན་གྱི་མཆོག་ཏུ་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་བཞི་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་བདུན་པའོ།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། རྣལ་འབྱོར་དོན་ལ་ཚོགས་སོགས་ཕྱིར།། ཡེ་ཤེས་རང་གནས་ཆེ་བ་དང། ། བདག་དོན་ཡེ་ཤེས་རང་གནས་དང།། ཡེ་ཤེས་ཀློང་གི་ཚོགས་འཁོར་དང།། དེ་དོན་འཛིན་སྤྱོད་ཕྲིན་ལས་དང།། ཆོས་སྐུའི་གཟུགས་བརྙན་གདབ་པ་དང།། ཕྱི་ཡི་མཆོད་གཏོར་གཏོང་བ་རྣམས།། ཀུན་རིག་སྟོན་པས་གསུང་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྣལ་འབྱོར་རང་གནས་ཆེ་བའི་དོན།། ངོ་བོ་དབྱེ་བ་ངེས་ཚིག་དང།། ཏིང་འཛིན་ལམ་དང་འབྲས་བུ་དང། ། སྐྱོན་དང་ཡོན་ཏན་བརྒྱད་དུ་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངོ་བོ་འཁོར་འདས་རྣམ་གཉིས་ལ།། བྱང་ཆུབ་སྙིང་པོས་ཁྱབ་པའི་ཕྱིར།། ཡེ་ཤེས་རང་བྱུང་གནས་ཡིན་ཏེ། ལུང་ལྡན་ཡེ་ཤེས་ངེས་པའི་གནས། ། རང་གནས་དབྱེ་བ་བདག་གཞན་གཉིས།། བར་དོ་རྣམ་གཉིས་གང་རུང་དུ།། ལུང་ལྡན་ངེས་པའི་གདམས་ངག་གིས།། ཐུན་མོང་མ་ཡིན་གནས་མཆོག་བྱ།། ངེས་ཚིག་སངས་རྒྱས་བདེན་ལྡན་གནས།། སྐྱེ་ཤི་མེད་པ་རང་བྱུང་སྐུ།། འཕོ་འགྱུར་མེད་ཕྱིར་ཡེ་ཤེས་གནས།། དེ་ལྡན་འདུ་འབྲལ་མེད་པའི་ཆོས།། ཏིང་འཛིན་རིམ་གྱིས་མ་བསྐྱེད་པ།། རང་བྱུང་ཆོས་སྐུ་དྲན་ཙམ་ན།། དེ་ཡི་ངང་ལ་གནས་པ་ཡིན།། དགོངས་པ་དེ་དག་རྒྱལ་བས་གསུངས། ། ངང་ངམ་རང་རིག་རྒྱུན་དུ་ནི།། ཆེད་དུ་བྱར་མེད་ལམ་གྱི་མཆོག། དེ་ཡང་འབྲལ་མེད་བགྲོད་མི་དགོས།། དེ་ཡི་འབྲས་བུ་སངས་རྒྱས་ཏེ།། དེ་ལ་ཡིད་ཆེས་གདེང་ཟིན་པས།། སྒྲིབ་སྦྱོང་མི་དགོས་རང་བྱུང་སྐུ། ། ཕྱི་མ་མ་ཡིན་ད་ལྟ་ཡིན།། ཡོན་ཏན་ཐུན་མོང་མཆོག་གི་ནི།། མ་བཙལ་དངོས་གྲུབ་ཆེན་པོར་ཐོབ།། དེ་ཕྱིར་ཕྱོགས་འདིར་ཡོན་ཏན་འབྱུང།། དུས་གཅིག་རྟག་པས་རེ་དོགས་བྲལ།། སྐྱོན་ནི་གནས་མ་འབྱོངས་པ་ཡིས། ། ཅི་སྤྱོད་གོལ་བས་གདེང་དང་བྲལ།། དེ་ཕྱིར་སྐྱོན་ནི་དུག་ལྔ་རྒྱས།། རྣམ་སྨིན་བདག་གཞན་གཉིས་ཀ་བརླག། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་གནས་ཀྱང་དབྱེ་བ་ནི།། ཆོས་སྐུ་རྟོགས་པའི་གནས་ཀྱི་མཆོག། དེ་ཕྱིར་སངས་རྒྱས་དགོངས་པའི་དོན།། འབྲས་བུ་དུས་དེ་ཉིད་དུ་འགྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་གནས་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་ལྔ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། བདག་དོན་རང་གནས་མཆོག་ཏུ་གསུངས།། བདག་ཉིད་འཆི་བའི་དུས་བྱུང་ནས།། འཆི་ལྟས་ཚང་ནས་ཉམ་ཐག་ཚེ།། མི་དགའ་མི་བསམ་མཉེན་མི་ཆགས།། དགྲ་ལ་མི་བསམ་དོན་མི་བསམ།། ཁ་ཆེམས་མི་ཕོར་དོན་ལ་བཞག། གལ་ཏེ་བོར་ན་ཆོས་དང་བསྟུན། ། སྔ་ཕྱི་མི་བསམ་ཆོས་དོན་དྲན།། བདག་དོན་རང་གནས་མཆོག་ཏུ་གསུངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། འདི་ནུབ་ཕྱི་མ་ཡ་ངའི་ཚེ།། ལུས་མཉེན་རྩ་དྲོད་མེད་པ་ལ།། བཀྲག་མདངས་གསལ་ལ་དྲི་མ་མེད། ། ཡ་ཡོ་མེད་པར་ཟུང་ཐུབ་འབྱུང།། དེའི་ཚེ་འཆི་ལྟས་བཟང་པོ་ནི།། སྨད་ནས་དྲོད་ཡལ་སྙིང་ཁར་འདུས།། སྤྱི་བོར་བུན་གྱིས་མཐོངས་སུ་ཡལ།། བར་དོ་ཆོས་སྐུ་དྲན་པའི་རྟགས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། འཆི་ཁར་བླ་མའི་དོན་གསལ་ན།། རྟོག་པ་རང་གི་དུས་དེར་ནི།། སྐད་ཅིག་དོན་དྲན་འཁྲུལ་མིན་གསལ།། དེ་དྲན་མི་འགྱུར་ལྷག་མེད་བསྟན།། དེ་ཚེ་ཡིད་ཆེས་ཡ་ང་མེད།། ངེས་དོན་བསྟན་པ་དེ་མ་ཐག། ཡེ་ཤེས་ཟང་ཐལ་ཆོས་སྐུ་ཉིད། ། སྐད་ཅིག་གཅིག་ལ་མངོན་འགྱུར་ཏེ།། རྗེས་དྲན་དྲུག་གི་ངེས་རྙེད་ནས།། སངས་རྒྱས་དགོངས་པར་ངེས་པར་གྲོལ།། དེ་ཕྱིར་རང་གནས་བདག་དོན་གྲུབ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མདོར་ན་འཆི་ཁར་དངོས་མེད་པའི།། ངེས་དོན་མ་རྙེད་གཟུངས་ལྡན་ན།། རང་གནས་ཆེན་པོ་རང་ལ་གནས།། ཡེ་ཤེས་རང་གནས་ཆོས་སྐུར་དྲན།། ཤི་མ་ཐག་ཏུ་མངོན་སངས་རྒྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བདག་གི་ཡེ་ཤེས་མན་ངག་རང་གནས་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་དྲུག་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ། ། གཞན་དོན་རང་གནས་བཀའ་སྩལ་པ།། སློབ་མ་དད་ལྡན་གང་ཡང་རུང།། ཡེ་ཤེས་རང་གནས་བྱ་བའི་ཕྱིར།། ཏིང་འཛིན་དཀྱིལ་འཁོར་དངོས་ཀྱང་རུང།། ལུང་ལྡན་རྣལ་འབྱོར་དམ་པ་ཡིས། ། གཞུང་དུ་བསྐྱེད་ཅིང་བྲིས་ནས་ཀྱང།། གཞན་དོན་ཚེ་འདས་བར་དོ་ལ།། ལུང་ལྡན་བྱིན་རླབས་ཕན་དོན་དུ།། གོས་ལྷམ་གདུགས་དང་སྨྱུག་ལྡེམ་ལ།། ཚེ་འདས་སེམས་ཀྱིས་རྟེན་དུ་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ལུང་ལྡན་ངེས་པའི་རྣལ་འབྱོར་པས།། ཤེས་པ་གཟུགས་ཀྱིས་རྟེན་ལ་བསྟིམས།། དབང་བསྐུར་གདམས་ངག་ངེས་དོན་བསྟན།། ཆོས་སྐུ་ཡོད་ཕྱིར་རྟོགས་ངེས་པས།། ཡང་དང་ཡང་དུ་བཏུད་ཀྱིན་བསྟན། དེ་ལྟས་གཟུགས་ནི་ལྡེག་པ་དང།། སྤྱན་གྱི་ཡིད་ཀྱིས་མཐོང་བ་དང།། བདེན་པར་ཆོས་ཉིད་ཉན་བསམས་པས།། དེ་ལུང་བསྟན་པས་བྱིན་གྱིས་བརླབས།། དེ་ནས་འདི་སྐད་བརྗོད་བྱ་སྟེ།། ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན། ། སྔོན་ཚེ་ཐོག་མ་མེད་པ་ནས།། ད་ལྟ་ལུས་རྗེས་ཕན་ཆད་དུ།། མ་རིག་དབང་གིས་ལས་ངན་བྱས།། འཁོར་བའི་སྡུག་བསྔལ་ཉམ་ཐག་པ།། དེ་བཟློག་དོན་དུ་རྒྱལ་བའི་བཀའ།། དུས་འདི་ཡིད་ཀྱི་ཚུར་ཉོན་ཅིག། ཅི་ལ་ཅི་བསྟན་སེམས་དཔའ་ཉོན།། བག་ཆགས་ཡིད་ཀྱི་རྟེན་བྱེད་པར།། གོས་ལྷམ་མེ་ཆུ་ཟས་ཀྱི་རྟེན།། ཁྱོད་ཀྱི་ཡིད་ནི་གནས་པར་གྱིས།། ཁྱེད་ཀྱི་སེམས་ཀྱི་མུན་གསེབ་དུ།། རང་རིག་སྒྲོལ་མ་ངས་འདེགས་ཀྱིས། ། སྔ་ཕྱིར་མ་བཏང་ཡིད་ཀྱིས་ཟུང།། ཡོད་མེད་མཐའ་བྲལ་ཆོས་ཀྱི་སྐུ།། ཞེན་འཛིན་བྱིང་རྒོད་རྐྱེན་དང་བྲལ།། རྒྱུན་དུ་མི་གཏང་ཏིང་འཛིན་གསལ།། དེ་ལ་རྟག་ཏུ་གནས་པར་གྱིས།། དེ་སྐད་ཅེས་ནི་ལན་གསུམ་བརྗོད། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཚེ་ལུང་ལྡན་ཐུགས་དང་ནི།། ཚེ་འདས་སེམས་ནི་གཅིག་ཏུ་འགྱུར།། དེ་ནས་རང་བྱུང་ངོ་བོ་ལ།། ལུང་ལྡན་ལྷག་མཐོང་དོན་གསལ་བས།། རྗེས་དྲན་དྲུག་དང་ཡོན་ཏན་ལྔ། ། དུས་གཅིག་དྲན་པའི་ཡེ་ཤེས་ཏེ།། ཚེ་འདས་སེམས་ལྡན་ལྷག་མཐོང་བཤད།། ཡོན་ཏན་རྫོགས་པའི་ཆོས་སྐུ་ལ།། དུས་གསུམ་མི་འགྱུར་ཆོས་སྐུ་ལ།། གང་བྱམས་ཕ་མ་ལ་སོགས་དང།། སློབ་དཔོན་མཆེད་དང་གང་གསུངས་པ། ། ཚེ་འདས་ཤི་བ་མི་བཟོད་ཚེ།། མྱ་ངན་སྨྲེ་སྔགས་མ་འདོན་པར།། སྙིང་རྗེ་ཟུང་ལ་དགོངས་པ་ཡིས།། ཁ་དོག་དབྱིབས་ལ་རྟེན་བཅས་པར།། ངེས་དོན་སྙིང་པོ་ཆོས་སྐུ་བསྟན། ཡེ་ཤེས་ཆོས་སྐུ་རྩེ་གཅིག་པའི། ། ཡིད་གཉིས་གཅིག་ཏུ་གྱུར་བསམ་ལ།། དེ་ལྟའི་གདུང་གི་ངང་བཞག་ན།། ཚེ་འདས་ལུས་ཀྱི་དོན་རྟོགས་ནས།། ཆོས་སྐུའི་ངང་ལ་གནས་པར་ངེས།། དེ་ཚེ་རིག་པ་ཆོས་སྐུར་འགྱུར།། ངེས་དོན་གཅིག་ཤེས་གནས་ཀྱི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། ཐོས་བསམ་མ་བྱས་སྐྱེ་བོ་ཡང།། རྣལ་འབྱོར་པ་ཡི་བྱིན་རླབས་ཀྱིས།། སངས་རྒྱས་ས་ལ་ངེས་འགྲོ་ན།། སྔོན་སྦྱངས་འཕྲོ་ཅན་སྨོས་ཅི་དགོས། ། དེ་བཞིན་རྣལ་འབྱོར་ངེས་ལུང་གིས།། ངེས་པར་ཐུགས་རྗེས་བཟུང་གྱུར་ན།། ལྟ་བའི་ངང་དུ་ཚོགས་མཆོད་ནས།། ཚེ་འདས་འབྲས་བུ་མངོན་སངས་རྒྱས།། དེ་ཕྱིར་ཚེགས་མེད་དོན་པོ་ཆེ།། རྒྱལ་བའི་བཀའ་ལས་དེ་སྐད་གསུངས། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞན་གྱི་དོན་བྱེད་ཡེ་ཤེས་རང་གནས་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་བདུན་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ཡེ་ཤེས་ཀློང་ཚོགས་བཀའ་སྩལ་པ།། གཞུང་དང་མཐུན་པའི་གནས་མཆོག་ཏུ།། དམ་ཚིག་སེལ་མེད་འཁོར་ཚོགས་ལ།། དབང་དང་གདམས་ངག་རྫོགས་པ་ལ། ། ཡེ་ཤེས་ཚོགས་ཀྱི་འཁོར་ལོ་བསྐོར།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་ཡོ་བྱད་ཚོགས་པ་ཡི།། ལོ་དང་ཟླ་བ་ཞག་གྲངས་ལ།། ཡེ་ཤེས་འཁོར་ལོ་བསྐོར་བའི་ཕྱིར། ། ནང་ནུབ་གུང་གཉིས་ཚོགས་ཀྱིས་མཆོད།། དེ་རྗེས་མི་ཚིག་མ་ཆོད་པར།། ཆོས་སྐུ་དྲན་པ་མ་ཡེངས་པར།། ཉམས་དང་རྟགས་ནི་འབྱུང་བའི་ཕྱིར།། རྒྱུན་དུ་འབྲལ་བ་མེད་པར་བསྒོམ།། ལུང་ལྡན་ངེས་པའི་བླ་མས་ཀྱང། ། མི་ཚིག་བླ་འོས་མ་བསླད་པར།། བར་བར་དང་ནི་སྐབས་སྐབས་སུ།། ངེས་དོན་རྒྱུད་དང་གདམས་ངག་བསྟན།། དེ་རྗེས་དད་ལྡན་འཁོར་གྱིས་ཀྱང།། གཞན་དུ་མ་ཡེངས་ཡང་ཡང་བསྒོམས།། ཉམས་དང་ཚད་དུ་མ་གྱུར་བར། ། རྐྱེན་དབང་མི་བཏང་ཚད་དུ་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕྱི་ནང་གསང་བ་རྣམ་གསུམ་གྱི།། ཉམས་དང་རྟགས་ནི་རྫོགས་ལྡན་ན།། སངས་རྒྱས་ངེས་པར་འབྱུང་བའི་ཕྱིར།། རྣལ་འབྱོར་ཚད་དང་ལྡན་པ་ཡིན། ། དེ་མ་བྱུང་གི་བར་དུ་ནི།། གདམས་ངག་ཅན་གྱི་ནན་ཏན་བྱ།། མ་བྱུང་མ་བསྒོམས་གདེང་དང་ལྡན།། མི་ཡི་ལུས་ལ་སངས་རྒྱས་ཐུགས།། འབྲས་བུ་ཐམས་ཅད་དུས་འདིར་སྨིན།། ད་ཡང་འདུས་པའི་སྙིང་པོ་ཉོན། ། དེ་ཚེ་དད་ལྡན་འཁོར་གྱིས་ཀྱང།། དཔྱད་བཟོ་རིག་པ་མ་ཡིན་པའི།། ཉམས་མྱོང་རྟོགས་པའི་གདེང་ཡང་དབུལ།། དོན་དང་མཐུན་པའི་གདེང་བྱུང་ན།། བཀྲ་ཤིས་ཚོགས་ནི་བསྐོར་བར་བྱ། ། རྐྱེན་དབང་མ་བཏང་ཏིང་འཛིན་ནི།། ལོ་ལྔ་བར་ནི་མ་ཆད་ན།། ཚེ་ལ་དབང་ཐོབ་རིག་འཛིན་ཐོབ།། ཕྱི་མ་སངས་རྒྱས་སྨོས་ཅི་དགོས།། ལུང་ལྡན་ངེས་པའི་རྣལ་འབྱོར་པས། ལོ་གསུམ་བར་ནི་མ་ཆོད་པར། ། སྔ་ཕྱི་མ་བཏང་དོན་གསལ་ན།། མངོན་ཤེས་དྲུག་འབྱུང་བདེན་པ་མཐོང།། ཆོས་སྐུ་དྲན་པས་ངེས་པའི་དོན།། ཟླ་གསུམ་བར་ནི་མ་ཆད་ན།། ཆོས་འཕྲུལ་བཅོ་བརྒྱད་ཟིལ་གནོན་པས།། དངོས་གྲུབ་ཐོབ་ནས་གེགས་མི་ཚུགས། ། ཆོས་སྐུ་དྲན་པའི་ལྷག་མཐོང་ནི།། ཟླ་གཅིག་བར་ནི་མ་ཆད་དུ།། གོམས་པ་ཀློང་དུ་འགྱུར་བར་ངེས།། དེ་ཕྱིར་ལྷ་ཡི་རིག་འཛིན་ཐོབ།། གདམས་ངག་ཡོད་པའི་རྣལ་འབྱོར་པས།། ཞག་བདུན་བར་ནི་མ་ཆོད་པར། ། ཚིག་ཙམ་མ་ཡིན་ཉམས་སུ་མྱོང།། འཁོར་བར་མི་ལྟུང་དངོས་གྲུབ་ཐོབ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་མཁའ་དང་མཉམ་པ་ལས།། སྒྲིབ་པ་མ་ལུས་ཅིག་ཆར་བྱུང།། ཚོགས་གཉིས་ཀུན་རྫོགས་རྫོགས་སངས་རྒྱས། ། གནོད་བྱེད་མུ་སྟེགས་བྱད་རྣམས་བཟློག། ཉམས་ཆགས་ཐམས་ཅད་འདི་ཡིས་སྐོང།། ཟས་ནོར་དངོས་གྲུབ་འདི་ཡིས་ཐོབ།། བསམ་པ་ཐམས་ཅད་འདི་ཡིས་འགྲུབ།། འདི་ཡིས་བསོད་ནམས་བརྗོད་མི་ནུས། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་ཀྱི་ཚོགས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་བརྒྱད་པའོ།།།། ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། གང་གི་མཛད་སྤྱོད་རྫོགས་ཆེན་ཡང།། ཕྲིན་ལས་རྣམ་པ་བཞི་ཡི་ནི།། དོན་ལྡན་དབང་བསྐུར་དབྱེ་ལ་སོགས།། ཚོགས་མཆོད་རིམ་པ་གང་བྱེད་ཀྱང། ། ཡིད་དང་མཐུན་པའི་གནས་དག་ཏུ།། དམ་ཚིག་སེལ་མེད་འཁོར་སོགས་ཏེ།། དཀྱིལ་འཁོར་མཎྜལ་གཞུང་བཞིན་བྱ།། ཡེ་ཤེས་ཚོགས་ཆེན་བསགས་པའི་ཕྱིར།། དགའ་ལྡན་ལྷ་ཡིས་ལོངས་སྤྱོད་དང། ། འབྱོར་ལྡན་མི་ཡི་ལོངས་སྤྱོད་དང།། དགོས་ལྡན་འཕྲུལ་གྱི་ལོངས་སྤྱོད་རྣམས།། ཡིད་དང་དངོས་གྲུབ་བསགས་བྱས་ལ།། སྔོན་དུ་འགྲོ་བའི་ལས་བྱས་ཏེ།། གནས་ཁང་བྱིན་གྱིས་བརླབས་པ་དང།། ཏིང་འཛིན་ཞལ་ཟས་སྤྲོས་བསྐྱེད་ནས། ། དམ་ཅན་འདུ་བར་བསྒོ་བ་དང།། ཐུགས་དམ་བསྐུལ་དང་ཚར་བཅད་ནས།། གསང་པའི་ལྷ་མོས་མཚམས་བཅད་དེ།། རྣལ་འབྱོར་གནོང་བཤགས་བྱས་ནས་ནི།། དཀྱིལ་འཁོར་བསྐྱེད་དང་དབང་བསྐུར་ཏེ། ། དོན་རྟོགས་བྱིན་གྱིས་བརླབས་མི་དགོས།། མ་རྟོགས་སྔགས་དང་ཡིག་འབྲུས་བརླབ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡིད་ཀྱིས་མདུན་གྱི་ནམ་མཁའ་ལ།། དུས་གསུམ་བཞུགས་པའི་སངས་རྒྱས་དང། ། བླ་མེད་ཁྲག་འཐུང་རིག་ལྔའི་ཚོགས།། རིག་འཛིན་རྗེ་བཙུན་བླ་མ་རྣམས།། མཁའ་འགྲོ་འཁོར་བཅས་སྤྱན་དྲངས་ནས།། ཅི་འབྱོར་པ་ཡིས་ཚོགས་དྲང་སྟེ།། དེ་ནས་རྣལ་འབྱོར་དད་ལྡན་གྱིས། སྣང་བ་གཟུགས་ཀྱི་མཆོད་པ་དང།། བསྒྲལ་བ་སྲོག་གི་མཆོད་པ་དང།། ཐབས་དང་ཤེས་རབ་བདེ་བ་ཡིས།། ཡེ་ཤེས་ལྷ་ལ་རྫོགས་པར་མཆོད།། ལྷག་མ་རོལ་དང་ལྷ་གཤེགས་ནས།། སྐྱེ་ཤི་དུས་ཀྱི་སྨོན་ལམ་བཏབ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་ཚོགས་ཆེན་གཉིས་རྫོགས་ཀྱིས།། སྟོང་གསུམ་སངས་རྒྱས་སར་ཤེས་ཀྱང།། གྲོང་ཡུལ་གནས་ལ་ཕྱག་མི་བྱེད།། ཅི་སྤྱོད་རྒྱལ་བའི་མཛད་སྤྱོད་ཀྱང།། འདུ་འཛི་གཡེང་བའི་དབང་མི་བཏང། ། རྣམ་སྨིན་ལུས་དང་མ་བྲལ་ཀྱང།། སེམས་ལ་ཆོས་སྐུ་ཤིན་ཏུ་གསལ།། ཉིན་དང་མཚན་མོ་དབྱེ་རུ་མེད།། ཅི་སྤྱོད་རང་བྱུང་ཡེ་ཤེས་ལ།། མ་ཆགས་དང་དུ་བླང་བ་མེད།། རྟོག་པ་སྐྱོན་དུ་དོར་བ་མེད། ། དཀའ་ཐུབ་ཚུལ་གྱིས་བསྡམ་པ་མེད།། གང་ཡང་བློ་ཡི་རྟེན་མེད་ཀྱང།། འོན་ཀྱང་མ་དད་དྲང་བའི་ཕྱིར།། རེ་ཞིག་ཙམ་དུ་དཀའ་ཆོས་སྤྱད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གསང་སྔགས་ཚོགས་དབུལ་བའི་ལེའུ་སྟེ་བརྒྱ་དང་གྱ་དགུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། རྣལ་འབྱོར་རིག་འཛིན་བསྒྲུབ་བྱའི་ཕྱིར། ། ཆོས་སྐུའི་གཟུགས་བརྙན་བཀའ་སྩལ་པ།། རྟེན་མེད་དམ་ནི་རྟེན་ཅན་ལ།། སྐུ་གདུང་རིང་སྲེལ་གདབ་པའི་ཕྱིར།། ལྟ་བའི་ངང་དུ་རྫོགས་པར་ནི།། རྣལ་འབྱོར་པ་ཡིས་ཏིང་འཛིན་གྱིས།། ལུང་ལྡན་བཀའ་དང་མཐུན་པར་གདབ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་སྟོང་ཉིད་བློ་ལྡན་པས།། སྣང་ཞིང་སྲིད་པའི་ཆོས་རྣམས་ནི།། གཟུགས་སྐུ་ཡིན་སེམས་ཁེངས་པར་གདབ།། སྤྲོས་བྲལ་མི་དམིགས་ལྟ་བའི་ངང། ། ཆོས་སྐུ་ཐག་ཆོད་རིག་པ་ཡིས།། ཅིར་ཡང་སྣང་བ་ལོངས་སྤྱོད་སྐུ།། འགྲོ་དོན་མཛད་པ་སྤྲུལ་པའི་སྐུ།། སྐད་ཅིག་གཅིག་ལ་རྫོགས་པར་གདབ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཉི་མ་དང་ནི་ཟེར་བཞིན་དུ། ། རང་གི་ཆོས་སྐུ་ལྷག་མཐོང་ལས།། སངས་རྒྱས་ངེས་པར་འབྱུང་བ་ནི།། བརྐོས་ཕོར་དང་ནི་རྒྱ་བཞིན་དུ།། ཅི་བཏབ་སྤྲུལ་སྐུ་བསམ་མི་ཁྱབ།། ཕྱི་ནང་སྣོད་བཅུད་མ་ལུས་པ།། སྤྲུལ་སྐུ་ཐུབ་པ་དྲུག་ཏུ་གདབ། ། དེ་ཡིས་སྤྲུལ་པ་སྣ་ཚོགས་འགྱེད།། འགྲོ་དོན་མཛད་པས་འཁོར་བ་སྟོངས།། མ་ལུས་སངས་རྒྱས་ཉིད་དུ་འགྱུར།། དེ་ཡང་མི་དམིགས་ཆོས་སྐུ་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟེན་ཅན་འབྱུང་ལྔའི་རྟེན་དེ་ཡང། ། སྣང་སྲིད་རྡུལ་ཕྲན་གྲངས་བཞིན་དུ།། གཟུགས་སྐུ་རིང་སྲེལ་བསམ་མི་ཁྱབ།། དེ་སྙེད་སེམས་ཅན་མ་ལུས་ཀུན།། ལོངས་སྐུ་གྲངས་མེད་བརྗོད་མི་ལངས།། ས་བཅུའི་སེམས་དཔའ་ཉིད་དུ་འགྱུར། ། སེམས་ཅན་མིང་མེད་གཟུགས་ཀྱི་སྐུ།། ཐམས་ཅད་སངས་རྒྱས་ཉིད་དུ་བརྡལ།། ཅི་བཏབ་བྱེ་བ་སྟོང་དང་འདྲ།། ནམ་མཁའ་ཁེངས་པར་རང་བྱུང་སྐུ།། མཚན་ཉིད་དཔེ་བྱད་ལ་སོགས་པ།། མ་བཙལ་རང་བཞིན་ལྷུན་གྲུབ་ཚང། ། གཟུགས་སྣང་སྐུ་ལ་གྲག་པ་གསུང།། དྲན་རྟོགས་ཐུགས་ལ་ཡེ་ཤེས་ཀློང།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྡན་རྣལ་འབྱོར་དམ་པ་ནི།། ཆོས་སྐུའི་ངང་ལ་གདུང་རྣམས་འབྱུང།། གཟུགས་སྐུ་བསྒོམ་པས་རིང་སྲེལ་འབྱུང།། སྙིང་རྗེ་ལྡན་པས་མཆོད་རྟེན་འབྱུང།། བླ་མ་མཉེས་ན་འོད་སྒྲ་འབྱུང།། སྣང་སྲིད་མ་ལུས་སངས་རྒྱས་སྐུ།། དེ་ཡི་ཡོན་ཏན་བརྗོད་མི་ལང།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་རང་རྒྱུད་ལས། ཆོས་སྐུའི་ངང་ལ་ཚ་ཚ་གདབ་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་དགུ་བཅུ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། རྣལ་འབྱོར་ཚོགས་ནི་བསགས་པའི་ཕྱིར། ། ཕྱི་ཡི་མཆོད་གཏོར་བཀའ་སྩལ་པ།། རྣལ་འབྱོར་ལྟ་བ་རྟོགས་པ་ཡིས།། རྟེན་ཅན་དང་ནི་རྟེན་མེད་པའི།། བླ་མེད་མཆོད་གཏོར་གཏོང་བའི་ཚེ།། དང་པོ་རྟེན་ཅན་རིམ་པ་ནི།། ཕྱི་ཡི་འཇིག་རྟེན་སྣོད་ནང་དུ། ། བདུད་རྩིའི་རྒྱ་མཚོ་གཏིང་ཟབ་གྱུར།། དེ་སྟེང་འབྲུ་ཡིས་ཕྱེ་བཏབ་པས།། གསེར་གྱིས་ས་གཞི་ཆེན་པོར་གྱུར།། མེ་ཏོག་སྣ་ཚོགས་གཏོར་བ་ཡིས།། འཛམ་གླིང་བྱེ་བ་ཕྲག་བརྒྱར་བསམ།། རིན་ཆེན་སྣ་ལྔ་བརྡར་བ་ཡིས། ། རིན་ཆེན་རི་བདུན་མ་བསྐྱེད་རྫོགས།། ས་དང་འདྲ་བའི་སྙིང་པོ་ལྔ།། འབྲས་བུ་ཡོན་ཏན་བགྲོད་མེད་པ།། མི་བརྗེད་དྲན་པའི་གཟུངས་ཐོབ་འགྱུར།། སྨན་ལྔ་འབྲུ་ལྔ་བླུགས་པ་ཡིས།། ནད་དང་མུ་གེའི་བསྐལ་པར་ཐར། ། ལྟ་བའི་ངང་དུ་བྱིན་བརླབས་ཕྱིར།། མགྲོན་བཞིར་རིམ་གྱིས་བསྔོ་མི་དགོས།། བསྔོ་བ་མེད་པའི་བསྔོ་བ་ནི།། བླ་མ་མྱ་ངན་འདས་པ་ནས།། འཇིག་ཚོགས་དམྱལ་བ་ཡན་ཆད་དུ། ། བླ་མེད་མཆོད་སྦྱིན་འདི་བསྔོས་པས།། སེམས་ཅན་བསམ་པ་འགྲུབ་གྱུར་ནས།། ལྷུན་གྲུབ་ས་ལ་གནས་པར་ཤོག། ད་ཡང་འདུས་པའི་སྙིང་པོ་ཉོན།། རྟེན་མེད་མཆོད་གཏོར་བཏང་བ་ནི།། སེམས་ཉིད་ནམ་མཁའི་ཀློང་ཡངས་སུ། ། བདུད་རྩི་ཆུར་བསྐྱིལ་རིག་པ་ཡིས།། སངས་རྒྱས་སེམས་ཅན་ཀུན་མཆོད་ནས།། དམིགས་མེད་ཡེ་ཤེས་ཚོགས་སུ་བསྔོ།། དེ་ཕྱིར་དམིགས་མེད་ཡེ་ཤེས་ཀྱིས།། རྟེན་མེད་མཆོད་གཏོར་འདི་བཏང་བས། ། ཀུན་ཀྱང་རང་བྱུང་ཡེ་ཤེས་སུ།། ཡེ་ནས་དོན་ནི་རྟོགས་འགྱུར་ནས།། སྐྱེད་མེད་མི་འགྱུར་ཐོབ་པར་ངེས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཕྱིའི་མཆོད་གཏོར་གཏང་བའི་ལེའུ་སྟེ་བརྒྱ་དང་གོ་གཅིག་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་བརྒྱད་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ།། ཀུན་རིག་སྟོན་པ་ཆོས་རྗེ་ལ། ། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། གཉིས་མེད་གསུམ་གྱི་ལ་བཟླ་ཡི།། སངས་རྒྱས་སེམས་ཅན་ཇི་ལྟར་གཅིག། སྐྱོན་ཡོན་གཞི་ལ་ཇི་ལྟར་མེད།། འཁྲུལ་པ་མ་རིག་གང་ལྟར་ལགས།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལ་བཟླ་བ་ཡི་ངེས་ཚིག་ནི།། དུས་གསུམ་སངས་རྒྱས་ཐམས་ཅད་ལ།། ཡང་པའི་ཡེ་ཤེས་ནི།། སེམས་ཅན་ཀུན་ལ་གནས་པ་ཡི། ། བདེ་གཤེགས་སྙིང་པོ་ཆོས་སྐུར་བདེ།། ཀུན་ཁྱབ་རང་བྱུང་ངོ་བོར་མཐུན།། དེ་ཕྱིར་སེམས་ཅན་སངས་རྒྱས་གཅིག། རིག་དང་མ་རིག་གཉིས་ཀ་ནི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དེ་ཕྱིར་གཉིས་སུ་མེད་པར་ནི། ། ངེས་པའི་དོན་དུ་ལ་བཟླའོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་རིག་ངོ་བོ་ཉིད་ཀྱི་གཞི།། སངས་རྒྱས་སེམས་ཅན་གཉིས་ལ་གནས།། དེ་ཕྱིར་ངོ་བོ་གཅིག་པར་ནི།། རྒྱལ་བ་ཀུན་གྱི་རབ་ཏུ་བསྔགས། ། ཆོས་ཀྱི་སྙིང་པོ་རང་བྱུང་སྐུ།། འཁོར་འདས་རྩ་བ་དེ་ཡིན་ཕྱིར།། དེ་ལས་སངས་རྒྱས་སེམས་ཅན་བྱུང།། དེ་ཕྱིར་རང་བྱུང་ཀུན་གྱི་གཞི།། དཔེར་ན་མར་མེ་སྟོང་བཏང་ཡང།། འོད་ཀྱི་ངོ་བོ་གཅིག་ལས་མེད། ། དེ་བཞིན་སངས་རྒྱས་རྣམས་མང་ཡང།། ཐུགས་ནི་ཐིག་ལེ་གཅིག་ཏུ་གཅིག། སེམས་ཅན་ལས་ཀྱི་རྣམ་སྨིན་གྱི།། མ་རིག་རྐྱེན་གྱིས་བསྐྱེད་པའི་ཕྱིར།། སྐྱེ་འགྲོ་གཟུགས་སྩོགས་མང་གྱུར་ཀྱང།། དོན་མ་ཤེས་པས་སེམས་ཅན་ཏེ། ། བསྐལ་པར་འཁྱམས་ཀྱང་སྟོང་བྲལ་མེད།། དེ་ཕྱིར་སངས་རྒྱས་སེམས་ཅན་གཅིག། གཅིག་ལས་འཁོར་འདས་སྣ་ཚོགས་བསྐྱེད།། དེ་ཕྱིར་རང་བྱུང་ངོ་བོ་སྟེ།། རྟོགས་པར་བྱ་བ་ཤིན་ཏུ་གཅེས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཐུགས་དང་སེམས་ཅན་སེམས།། སོ་སོར་སྣང་བ་མ་ཡིན་ཏེ།། རྩ་བ་ཆོས་སྐུ་རོ་གཅིག་པ།། གཉིས་སུ་མེད་པར་ལ་བཟླའོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་གཞི་ལ་གཅིག་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གཉིས་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། སྐྱོན་ཡོན་གཞི་ལ་མེད་པའི་ཕྱིར།། འཁོར་བ་དག་གི་སྡུག་བསྔལ་ནི།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང།། ནད་ནི་བཞི་བརྒྱ་རྩ་གཅིག་དང།། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཡང།། རྐྱེ་རྒ་ན་འཆི་བཞི་རུ་འདུས།། སངས་རྒྱས་རྣམས་ཀྱི་ཆེ་བ་ཡང།། དཔེ་བྱད་བཟང་པོ་བརྒྱད་ཅུ་དང།། མཚན་ནི་སུམ་ཅུ་རྩ་གཉིས་དང།། སྟོབས་དང་མི་འཇིགས་ལ་སོགས་པ།། ཐིག་ལེ་ཆོས་སྐུ་རྟོགས་པར་འདུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། བསོད་ནམས་ཚོགས་བསྐྱེད་འབྲས་བུ་ནི།། སངས་རྒྱས་ཆེ་བའི་ཡོན་ཏན་ཡིན།། མ་རིག་ཉོན་མོངས་ལ་སོགས་པ།། སེམས་ཅན་ལུས་དང་བག་ཆགས་ཡིན།། དགེ་སྡིག་གཉིས་ཀྱི་འབྲས་བུ་ནི།། དྲང་དོན་ཆོས་ལ་བདེན་འཛིན་ཀྱང། ། གཞི་ལ་སྐྱོན་ཡོན་གཉིས་མེད་ཕྱིར།། བླང་དོར་མེད་པར་ལ་བཟླའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་འཁྲུལ་པའི་སྣང་བ་ནི།། གཙང་དང་མི་གཙང་གཉིས་ཀའི་གཞི།། ལུད་པ་ལ་སོགས་གང་རུང་ལ། ། བྱ་ཁྱི་རྣམས་ཀྱི་ཟས་སུ་མཐོང།། མི་རྣམས་ཀྱིས་ནི་མི་གཙང་མཐོང།། དེ་བས་སྣང་བ་མ་ངེས་ཕྱིར།། དོན་ལ་བླང་དོར་མེད་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཞི་ལ་སྣང་བ་མེད་པ་ཡང། ། རང་གི་རང་སེམས་འཁྲུལ་བའི་ཕྱིར།། འཇིག་རྟེན་ཆོས་ལ་བླང་དོར་བྱས།། དེ་ཕྱིར་མ་རིག་རྨོངས་པས་ནོར།། དེ་བས་སྣང་ཞིང་སྲིད་པའི་ཆོས།། མེད་ལ་ཡོད་འཛིན་བག་ཆགས་བློ།། ཆོས་བརྒྱད་བཟང་ངན་གཙང་སྨེ་རྣམས། ། སྤང་སྡུད་བླང་དོར་མེད་པར་ནི།། མ་ཞེན་དམ་པར་ལྟར་མེད་ན།། སྣང་བ་རང་སར་གྲོལ་བའི་ཕྱིར།། བླང་དོར་མེད་པར་ལ་བཟླའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ཆོས་སྐུ་གཅིག་གཅིག་ལ། ། གང་ཡང་མེད་ཕྱིར་སྤང་བླང་མེད།། དེ་ཕྱིར་ངེས་དོན་སྙིང་པོ་ལ།། བསྒོམ་དུ་མེད་ཕྱིར་འབྲལ་བ་མེད།། ངེས་དོན་སངས་རྒྱས་དགོངས་པ་ལ།། ཉི་ཤར་མུན་གྲིབ་མེད་པ་ལྟར།། ངེས་དོན་རྟོགས་པས་སྐྱོན་ཡོན་མེད། ། དེ་ཕྱིར་བླང་དོར་མེད་པ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུར་ཡེ་ཤེས་ངོས་ཟིན་ན།། གང་ཡང་རང་བྱུང་ལྷུན་གྲུབ་ཆོས།། དེ་ལས་གཞན་པའི་ཆོས་མེད་ཕྱིར།། བླང་དོར་མེད་པར་ལ་ཟླའོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྐྱོན་ཡོན་གཞི་ལ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཆོས་སྐུ་གཞི་ངེས་རྟོག་པ་ལ།། མ་རིག་མེད་པས་དུག་ལྔ་གྲོལ།། ཐམས་ཅད་རང་བྱུང་ཆོས་སྐུར་གསལ།། ལུང་ལྡན་རྐྱེན་གྱིས་མ་རིག་དག། དུག་ལྔ་བྱང་ཆུབ་ལམ་ཡིན་ཕྱིར། ། སྐུ་ལྔ་ལྷུན་གྲུབ་ཡེ་ནས་རྫོགས།། འདོད་ཆགས་ལོངས་སྤྱོད་རྫོགས་པའི་སྐུ།། ཞེ་སྡང་སྤྲུལ་སྐུ་ཡེ་སངས་རྒྱས།། གཏི་མུག་ཆོས་སྐུ་མ་རིག་སངས།། ང་རྒྱལ་ངོ་བོ་ཉིད་སྐུ་དག། ཕྲག་དོག་གསང་བའི་སྐུ་རུ་རྫོགས། ། དུག་ལྔ་གཅིག་ཤེས་བྱང་ཆུབ་སྐུ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ཡོད་ན་མ་རིག་སེལ།། དེ་ཕྱིར་ལུང་ལྡན་ངེས་པའི་དོན།། བཀའ་རྒྱུད་ཆོས་འདི་སངས་རྒྱས་གསུངས།། མ་རིག་སེལ་བའི་སྒྲོན་མེ་ཡིན། ། ཉི་ཟླས་དེ་ལ་འགྲན་མི་ཚུགས།། མ་རིག་མེད་ཕྱིར་སངས་རྒྱས་འགྲུབ།། ཡེ་ཤེས་ཤར་བས་ཐམས་ཅད་མཁྱེན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐིག་ལེ་རྟོགས་པས་གང་ཡང་འགྲུབ། ། ཀུན་གཞི་བརླགས་པས་ཡོན་ཏན་རྫོགས།། སྣང་བ་མེད་པས་ཞིང་ཁམས་དག། སེམས་དང་བྲལ་བས་ཆོས་སྐུ་གསལ།། མ་རིག་མེད་པས་གཞི་དང་ཕྲད།། རྟེན་པ་མེད་པས་རེ་བ་མེད།། གོལ་ས་མེད་པས་ལྟུང་བ་མེད། ། འཁོར་བ་མེད་པས་དོགས་པ་བྲལ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། བསྒོམ་དུ་མེད་པས་ཡེངས་མི་སྲིད།། སྐྱེ་འགགས་མེད་ཕྱིར་བྱིང་རྒོད་སངས།། རང་བྱུང་རིག་པའི་ཡེ་ཤེས་འདི།། སུས་ཀྱང་མ་བྱས་བྱེད་པ་མེད། ། དེ་ཕྱིར་ཆོས་ཀྱི་སྙིང་པོ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་རིག་པ་གཞི་ལ་མེད་ཅིང་དག་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་བཞི་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་བརྒྱད་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཆོས་རྣམས་སྐྱེ་བ་ཇི་ལྟར་མེད།། རོལ་པ་འགག་མེད་ཇི་ལྟར་འཆར།། མཚན་ཉིད་གཉིས་མེད་གཏན་ཚིགས་གང།། རང་བློ་ངོ་བོ་ཇི་ལྟར་གྲོལ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་བཞིན་སྐྱེ་མེད་གཏན་ཚིགས་ནི།། གཞི་ལ་སྣང་བ་མེད་པའི་ཕྱིར།། ཆོས་རྣམས་ཐམས་ཅད་སྤྲོས་དང་བྲལ།། དེ་ཕྱིར་རང་བཞིན་སྐྱེ་བ་མེད།། ཚིག་ཏུ་སྨྲ་བརྗོད་ཡུལ་ལས་འདས། ། བརྗོད་མེད་དོན་ལ་ཡིད་ཆེས་ཕྱིར།། རང་གསལ་སྐྱེ་མེད་ཆོས་ཀྱི་སྐུ།། དེ་དོན་ངེས་པར་རྟོགས་པས་ཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་སྟོང་པའི་རང་བཞིན་ལ།། ངོ་བོ་ཉིད་ཀྱིས་དམིགས་སུ་མེད། ། དེ་ཕྱིར་ཡེ་ཤེས་ཀློང་གི་ལམ།། རྟོགས་པའི་སྨྲ་བསམ་ཡུལ་ལས་འདས།། དངོས་གཞི་མེད་ཕྱིར་སྐྱེ་བ་མེད།། སྐྱེ་མེད་དོན་འདི་སུས་རྟོགས་པ།། དེ་ནི་རྣལ་འབྱོར་དམ་པའི་ཐུགས།། སྐྱེ་མེད་དོན་ལ་ཡིད་ཆེས་པས། ། རང་བྱུང་ཐུགས་ལ་ཡེ་ཤེས་ལུས།། ཁ་དོག་དབྱིབས་སུ་མེད་པའི་ཕྱིར།། དངོས་པོ་ཡུལ་གྱི་མཐའ་ལས་འདས།། སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས།། རང་གི་ངོ་བོ་བརྗོད་དུ་མེད།། རྒྱུ་མེད་ཕྱིར་ན་སྐྱེ་བ་མེད། ། རྐྱེན་མེད་ཕྱིར་ན་འཇིག་པ་མེད།། དེ་ཕྱིར་སེམས་དང་བྲལ་བའི་ཐུགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་སྐྱེ་མེད་སྤྲོས་དང་བྲལ།། བརྗོད་དུ་མེད་པས་རང་ཡིད་ཆེས།། རྒྱུ་རྐྱེན་མ་བསྐྱེད་དོན་གྱི་ཕྱིར། ། ལྷུན་གྱིས་གྲུབ་པས་ཐག་བཅད་དོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བཞིན་སྐྱེ་བ་མེད་པའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་ལྔ་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རོལ་པ་གང་ཡང་མི་འགག་པས།། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང།། དེ་ཕྱིར་རོལ་པ་འགག་མེད་པ།། སངས་རྒྱས་ཀུན་གྱི་ཆེ་བར་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ནང་འབྱུང་བ་སྣ་ཚོགས་པ།། སྣང་སྟོང་དབྱེར་མེད་ཀུན་ཁྱབ་མཁའ།། མཐའ་དབུས་མེད་ལས་ཐམས་ཅད་འབྱུང།། དེ་ཕྱིར་ནམ་མཁའ་ཀུན་གྱི་གཞི། ། རྩི་ཤིང་ནགས་ཚལ་ཐམས་ཅད་བསྐྱེད།། ཐེག་ཆེན་སྤོ་ལ་ཀུན་གནས་ནས།། བྱང་ཆུབ་དཔེར་ནི་བསྟན་པའི་ཕྱིར།། དེས་ན་རོལ་པ་འགག་པ་མེད།། ཐམས་ཅད་སྡུད་པར་བྱེད་པའི་ཕྱིར།། གཞི་གནས་རྣམ་དག་ཆུ་ཆེན་པོ། ། མི་གཙང་གོལ་སྒྲིབ་འཁྲུད་པའི་དཔེ།། དེ་ཕྱིར་རོལ་པ་འགག་པ་མེད།། གང་ཡང་ཆགས་པའི་རྟེན་བྱེད་ཕྱིར།། ཤེས་བྱ་ཐོགས་མེད་ཡེ་ཤེས་རླུང།། མ་རིག་རྣམ་རྟོག་འཐོར་བའི་དཔེ།། དེ་ཕྱིར་ཀུན་བཟང་རོལ་པར་བསྟན། ། ཐམས་ཅད་མ་ལུས་ཀུན་བསྲེགས་ཕྱིར།། ལྷག་མཐོང་ཡེ་ཤེས་འོད་འབར་མེ།། བྱིང་རྒོད་མཐར་འཛིན་འཛོམས་པའི་དཔེ།། དེ་ཕྱིར་རོལ་པ་འགག་པ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཆོས་སྐུ་ངོ་བོ་ཉིད་ཀྱི་གྞལ།། སྣང་བ་འདི་ནི་ཆོས་ཀྱི་དབྱིངས།། དེ་ཡང་རང་གསལ་ཆོས་ཉིད་རྩལ།། འབྱུང་བ་ཡེ་ཤེས་ལྔ་རུ་དག། དེ་ཕྱིར་འགག་མེད་རོལ་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐེག་པའི་ཆོས་རྣམས་ཐམས་ཅད་ནི། ། མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས།། ཅིར་ཡང་སྣང་བ་སྤྲུལ་པའི་སྐུ།། དེ་ཕྱིར་རོལ་པ་དགག་མེད་ཤར།། སྣང་སྲིད་འབྱུང་བའི་སྒྲ་སྐད་ཀུན།། ཁྱབ་གསལ་རང་བཞིན་གོ་བའི་སྒྲ། ། གསང་སྔགས་གསུང་གི་འཁོར་ལོར་ཤར།། དེ་ཕྱིར་འགག་མེད་རོལ་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ངེས་པའི་ཡེ་ཤེས་ཀྱི།། ངང་པས་ཚིམ་བྱེད་ཆོས་ཀྱི་དྲི།། ལྷག་མཐོང་ཚོར་བ་རང་བྱུང་སྐུ། ། དེ་ཡང་ཆོས་ཉིད་རོལ་པ་ཡིན།། ཆོས་སྐུ་ཐིག་ལེ་ཉག་གཅིག་ལ།། རྩལ་ནི་ཆོས་དབྱིངས་ཉམས་སུ་མྱོང།། མྱོང་ཡང་དོན་དུ་འཛིན་པ་མེད།། དེ་ཡང་འགག་མེད་རོལ་པ་ཡིན།། རང་བྱུང་སངས་རྒྱས་ཡེ་ཤེས་ཏེ། ། བདེ་མཆོག་དོན་ལ་རེག་པའི་ཆོས།། དེ་རྩལ་དོན་ལ་རེག་པ་མེད།། དེ་ཡང་འགག་མེད་རོལ་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཅིང་ཡང་མི་སེམས་གཏི་མུག་ལ།། ལྷག་མཐོང་རང་རིག་ཡེ་ཤེས་ཤར། ། དེ་ཙམ་ཉིད་ན་བསྒོམ་མི་དགོས།། དེ་ཡང་རོལ་པ་འགག་མེད་ཡིན།། སྔ་ཕྱི་རྟོག་པ་དངོས་འཛིན་བྲལ།། དངོས་པོ་ཀུན་བཅོམ་ཞེ་སྡང་ཉིད།། དེ་ཡིས་དོན་ལ་འགྱུར་མེད་ཕྱིར།། འགག་མེད་ང་ཡི་རོལ་པ་ཡིན། ། ངེས་པའི་ལུང་ལྡན་གདམས་ངག་གིས།། གདེང་ཉམས་ཆེ་བའི་དོན་ཉིད་ལ།། ཡེ་ཤེས་ང་རྒྱལ་དོན་ཉིད་ཆེ།། ངེས་པའི་དོན་དང་འབྲལ་མི་ཕོད།། སྡུག་བསྔལ་གང་ཡང་མེད་པའི་ཕྱིར།། བདེ་ཆེན་རང་བཞིན་སྙིང་རྗེ་ཆགས། ། ཞེན་པ་གང་ཡང་མེད་པའི་ཕྱིར།། དེ་ཡང་རོལ་པ་འགག་མེད་ཡིན།། གོལ་དང་ལྟུང་བ་མེད་པའི་ཕྱིར།། ཆོས་ཉིད་གཞན་ལ་ཕྲག་དོག་མེད།། དེ་ཕྱིར་རང་བྱུང་ཡེ་ཤེས་ཤར།། དེ་ཡང་འགག་མེད་རོལ་པ་ཡིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། འབྱུང་བ་འདོད་ཡོན་དུག་ལྔ་ཀུན།། ཐམས་ཅད་ཡེ་ཤེས་ཆོས་སྐུར་ཤར།། ཀུན་གྱི་རང་བཞིན་དེ་ཤེས་པས།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རོལ་པ་འགག་མེད་ཀྱི་བསྟན་ཚིགས་གཏན་པའི་ལེའུ་སྟེ་བརྒྱ་དང་གོ་དྲུག་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། མཚན་ཉིད་གཉིས་མེད་གཏན་ཚིགས་ཀྱིས།། ངེས་དོན་རྩ་བ་ཆོས་སྐུ་ལ།། ལུང་ལྡན་རྐྱེན་གྱིས་ཡིད་ཆེས་བྱ།། སངས་རྒྱས་སེམས་ཅན་ངོ་བོ་ལ།། རང་བྱུང་ཡིན་ཕྱིར་གཉིས་སུ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དེ་ཉིད་རྟོགས་པས་འཁོར་འདས་དག། མེད་ཕྱིར་མཚན་ཉིད་གཉིས་སུ་མེད།། ཕྱི་དང་ནང་དང་སྣོད་དང་བཅུད།། མཐོ་རིས་ངན་སོང་དགེ་དང་སྡིག། དག་དང་མ་དག་གཙང་སྨེ་དང།། ཡིན་དང་མིན་དང་བླང་དོར་དང།། བྱ་དང་མི་བྱ་སྐྱོན་ཡོན་སོགས།། ཐ་སྙད་གཉིས་སུ་འདུས་པ་ཀུན།། དཔེར་ན་རི་བོང་རྭ་བཞིན་དུ།། ཚིག་ཏུ་ཡོད་ཀྱང་དོན་ལ་མེད།། དེ་ཕྱིར་མཚན་ཉིད་གཉིས་མེད་པའི།། གཏན་ཚིགས་ཆེན་པོར་བཞག་པ་ཡིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། མཐའ་དང་བྲལ་བའི་ཆོས་སྐུ་ནི།། མེད་པ་མ་ཡིན་དྲན་ཞིང་ཚོར།། ཆད་པ་མ་ཡིན་རིག་ཅིང་གསལ།། རྟག་པ་མ་ཡིན་དངོས་པོ་མེད།། གཉིས་སུ་མ་སོང་ཟླ་བོ་མེད། ། གཅིག་ཏུ་མ་ངེས་ཀུན་ལ་ཁྱབ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཅན་རང་གི་མཚན་ཉིད་ནི།། གདོད་ནས་གཉིས་སུ་མེད་པ་ཡི།། ཆོས་རྣམས་རྩ་བ་གཅིག་པའི་དོན།། གཏན་ཚིགས་དག་གིས་ཡིད་ཆེས་བྱ། ། གཉིས་མེད་ཞེན་པའི་རྟག་པ་ནི།། འདྲེས་པའི་གཉིས་མེད་མ་ཡིན་ཏེ།། གང་ཡང་མ་འདྲེས་རང་བྱུང་སྐུ།། ཆད་ནས་གཉིས་མེད་མ་ཡིན་ཏེ།། སངས་རྒྱས་སྙིང་པོ་ཆོས་སྐུར་ཡོད།། དེ་ཕྱིར་གཞི་ལ་འཁོར་འདས་ནི། ། གཉིས་ཀ་མེད་ཕྱིར་མཐར་མ་རེག། རང་བྱུང་ཆོས་སྐུ་ནམ་མཁའ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཚན་ཉིད་གཉིས་སུ་མེད་པའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་བདུན་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། ངོ་བོ་ཉིད་དུ་བློ་གྲོལ་བའི།། གཏན་ཚིགས་ངེས་པར་ཡིད་ཆེས་དོན། ། ལུས་ངག་རྩོལ་བ་མེད་པའི་ཕྱིར།། རང་བྱུང་བློ་ལ་འཆིང་གྲོལ་མེད།། དེ་ཕྱིར་ངོ་བོ་ཉིད་དུ་གནས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཟུང་འཛིན་སྐྱོན་གྱིས་མ་གོས་པས།། རྣམ་རྟོག་བློ་ནི་རང་སར་གྲོལ། ། དེ་ཕྱིར་ངེས་དོན་ཡེ་ཤེས་ཀློང།། རྒྱུ་དང་རྐྱེན་ལས་མ་བྱུང་བའི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དེ་ཉིད་རྟོགས་པས་ཆོས་སྐུར་གྲོལ།། ཡང་དག་སངས་རྒྱས་འདི་ལས་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཆོས་ཉིད་དུས་གསུམ་མི་འགྱུར་ཕྱིར།། ལས་ཀྱི་དབང་དུ་གཞི་མི་འགྱུར།། དེ་ཕྱིར་ཆོས་ཉིད་རྟོགས་པས་གྲོལ།། དེ་ལ་སོགས་པ་གང་ཡང་མེད།། ངེས་པའི་ལུང་ལྡན་ཡིད་ཆེས་པས།། ངེས་པའི་གདེང་རྙེད་རྣལ་འབྱོར་དེ། ། མི་ཡི་ལུས་ནི་འདི་ཉིད་ལས།། སངས་རྒྱས་འབྲས་བུ་ད་ལྟ་ཐོབ།། དེ་ཕྱིར་རང་བློ་ངོ་བོ་ཉིད།། དུས་འདིར་གྲོལ་བས་བཙལ་དུ་མེད།། འཛིན་མེད་གསལ་བས་བསྒོམ་མི་དགོས།། དེ་ཕྱིར་ཡང་དག་དགོངས་པའི་གདེང། ། དེ་དང་སུ་ལྡན་བསྒོམ་པའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། བྱང་ཆུབ་སེམས་ནི་རྣམ་པར་དག། དེ་དོན་རང་བྱུང་དོན་རྟོགས་པས།། སངས་རྒྱས་གཞན་དུ་བསྒྲུབ་མི་དགོས། ། དེ་ཕྱིར་ལུང་ལྡན་གདམས་ངག་གཅེས།། ཆོས་ཉིད་དག་ཏུ་བློ་གྲོལ་ཕྱིར།། ཉོན་མོངས་སྡུག་བསྔལ་རང་སར་གྲོལ།། དེ་ལ་སྐྱོན་གྱིས་མི་གོས་ཏེ།། རང་བྱུང་ལུས་ལ་ཡེ་ཤེས་ཐུགས།། སེམས་ཅན་རང་བློར་འཛིན་པ་མེད། ། དེ་ཕྱིར་ཉམས་པ་རྡུལ་ཙམ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་ཁམས་ཀུན་མ་ལུས་པ།། བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང།། ནམ་མཁའ་ཚིག་པར་མི་འགྱུར་བཞིན།། ངེས་དོན་རྟོགས་པའི་རྣལ་འབྱོར་ལ། ། ལྷ་སྲིན་མཁའ་འགྲོ་དགྲར་ལངས་ཀྱང།། གནོད་པས་མི་ཚུགས་བཀའ་བཞིན་བྱེད།། དེ་ཕྱིར་ལུང་ལྡན་ཤིན་ཏུ་གཉན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བློ་ངོ་བོ་ཉིད་དུ་གྲོལ་བའི་གཏན་ཚིགས་བསྟན་པའི་ལེའུ་སྟེབརྒྱ་དང་གོ་བརྒྱད་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་དགུ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ལ།། འདུས་པའི་འཁོར་གྱི་དོན་ཆེད་དུ། ། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། ངེས་དོན་གདུལ་བྱའི་འབྲས་བུ་ནི།། སྐུ་གསུམ་སྟོན་པ་ཇི་ལྟར་འབྱུང།། དེ་འཁོར་ལས་ཅན་གང་ལ་གསུངས།། འགྱུར་མེད་རྒྱུན་གྱི་དཔེ་དོན་གང།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སངས་རྒྱས་ངོ་བོ་སྐུ་གསུམ་ལས།། ཆོས་སྐུ་རང་བྱུང་རིག་པ་དེ།། དུས་གསུམ་དག་ཏུ་སྐྱེ་འགག་མེད། ། འགྲོ་འོང་མེད་ཕྱིར་ཡེ་ནས་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་ཆོས་སྐུའི་མཐུན་དཔེ་ནི།། འདུས་མ་བྱས་ཀྱི་ནམ་མཁའ་ཆེ།། དངོས་མེད་ཀུན་ཁྱབ་དུས་གསུམ་གཅིག། མཐའ་དབུས་རིས་སུ་དབྱེ་རུ་མེད། ། དེ་དོན་རང་བྱུང་ངོ་བོ་དེ། ཚིག་ཏུ་བརྗོད་མེད་རང་རིག་སྐུ།། ཐུགས་ལ་གསལ་ཕྱིར་ངེས་ཤེས་པས།། དེ་ཕྱིར་ཀུན་བཟང་ཆོས་ཀྱི་སྐུ།། ཞིང་ཁམས་ཆོས་ཉིད་བདེ་བའི་ཀློང།། རང་བཞིན་འོག་མིན་བྱང་ཆུབ་ཐུགས། ། དེ་ལ་འགྱུར་བ་རྡུལ་ཙམ་མེད།། རང་བྱུང་རིག་པ་རྣམ་པར་དག། སྙིང་པོ་ཆོས་སྐུའི་ཐུགས་ཀ་ནི།། རྒྱུ་འབྲས་གཞི་ལ་མེད་པའི་དོན།། ཆོས་ཉིད་སྤྲོས་བྲལ་སྙིང་པོ་ཡི།། འཁོར་འདས་མ་ལུས་ལྷུན་གྱིས་རྫོགས། ། ཆོས་སྐུ་སྟོན་པ་ཀུན་བཟང་གི།། དགོངས་པའི་ངེས་དོན་བྱིན་རླབས་ཀྱིས།། ཕྱོགས་བཅུར་ཉིད་ལས་མི་གཞན་འཁོར།། དུས་གསུམ་སངས་རྒྱས་རྣམས་ལ་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུའི་གདུལ་བྱ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་དགུ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ། ། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ།། དེ་ཡིས་གདུལ་བྱ་ངེས་པར་འབྱུང།། དེ་དོན་ལེགས་པར་བཤད་ཀྱིས་ཉོན།། ལོངས་སྐུ་འབྱུང་བའི་མཐུན་དཔེ་ནི།། ནམ་མཁའ་དངོས་མེད་སྟོང་པ་ལ།། གཞའ་ཚོན་སྣ་ལྔ་མ་འདྲེས་གསལ།། དེ་ཙམ་ཉིད་ན་དངོས་མེད་ཡིན།། དེ་བཞིན་རང་གི་ངོ་བོ་ལ།། སྐྱེ་མེད་ཆོས་སྐུ་ཉིད་ཀྱི་རྩལ།། རིག་ལྔ་སྐུ་མདོག་བརྒྱན་པ་བྱུང།། དེ་ཕྱིར་ལོངས་སྐུ་སངས་རྒྱས་ཡིན།། ཀུན་གཞི་ཆོས་སྐུ་གཞི་ཆ་ལ། ། སྔ་ཕྱི་བག་ཆགས་མེད་པར་གསལ།། འབྱུང་ལྔ་རོལ་པ་སྣ་ཚོགས་ཀྱང།། ཞེན་པ་མེད་པ་ཆོས་ཀྱི་དབྱིངས།། ཡང་དག་ངེས་པའི་འབྲས་བུ་རྙེད།། ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས།། ལྡེམ་དགོངས་ཕྱི་ནང་གསང་བའི་དོན། ། ས་བཅུའི་རིག་འཛིན་སེམས་དཔའ་ལ།། གསང་སྔགས་རང་གི་ངོ་བོས་བསྟན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལོངས་སྐུའི་འཁོར་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་ཐམ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྤྲུལ་པའི་སྐུ་ཡི་སངས་རྒྱས་ནི།། ཅིར་ཡང་སྟོན་ཕྱིར་སྤྲུལ་པའི་སྐུ། ། འགྲོ་བའི་དོན་ཕྱིར་གདུལ་བྱ་ལ།། ཅི་རིགས་པར་ནི་དོན་མཛད་དེ།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཞན་དོན་སྤྲུལ་སྐུའི་མཐུན་དཔེ་ནི།། ངེས་མེད་བྲག་ཆ་ཁྱུང་དང་ནི།། སེང་གེ་ཆུ་ཟླ་གཟུགས་བརྙན་དང། ། ཨུ་དུམ་ཝ་རའི་མེ་ཏོག་འདྲ།། སྤྲུལ་སྐུ་རང་གི་ངོ་བོ་ནི།། ཐུབ་པ་དྲུག་ཏུ་སྐུ་སྤྲུལ་ཏེ།། མི་ཡི་ཤཱཀྱ་ཐུབ་པར་སྤྲུལ།། ལྷ་མི་རྣམས་ཀྱིས་སྟོན་པ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞིང་ཁམས་སྲིད་གསུམ་གནས་རིས་འདིར། ། འགྲོ་དྲུག་སེམས་ཅན་ལས་དག་ལ།། ཚོགས་གཉིས་བསགས་པའིཐབས་བསྟན་ནས།། སྒྲིབ་སྦྱང་འབྲས་བུ་རིམ་གྱིས་འབྱུང།། སྤྲུལ་སྐུའི་གསུང་གི་སྒོ་ནས་ནི།། གང་ལ་གང་འོས་དྲང་དོན་དུ། ། དགེ་སྡིག་རྒྱུ་འབྲས་གཉིས་ཀྱི་ཆོས།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་སྟོན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྲུལ་པའི་སྐུའི་གདུལ་བྱ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་གཅིག་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། འབྲས་བུ་ངེས་པར་མཐར་ཐུག་ཕྱིར།། ཆེ་བའི་ཡོན་ཏན་གཏན་ལ་དབབ། ། དེ་དོན་ལེགས་པར་བཤད་ཀྱིས་ཉོན།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དེ་ལས་འཁོར་འདས་ཐམས་ཅད་བསྐྱེད།། གཞི་ལ་འཁོར་འདས་གྲུབ་པ་མེད།། གཞི་ལ་མཐོང་སྣང་སྣ་ཚོགས་པས། ། འཁྲུལ་ངོར་བདེན་ཀྱང་དོན་ལ་མེད།། དེ་ཕྱིར་རང་བྱུང་ཀུན་གྱི་གཞི།། དེ་ལ་བསྐྱེད་པར་ནུས་པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་གསེར་རྒྱུ་གཅིག་པ་ལ།། དབྱིབས་དང་གཟུགས་ནི་ཐ་དད་པར། ། བྱས་པ་དེ་དག་མིང་རེར་གྲགས།། གྲགས་ཀྱང་གསེར་གྱི་ངོ་བོར་གཅིག། དེ་བཞིན་འཁོར་འདས་སྣ་ཚོགས་ལ།། བླུན་པོ་རྣམས་ཀྱིས་ཐ་དད་བཟུང།། དེ་ཕྱིར་སྤོང་སྡུད་ཞེན་པ་བྱས།། གཞི་ལ་ངོ་བོ་གཅིག་ལས་མེད། ། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ནོར་བུ་རིན་ཆེན་ལ།། རྙེད་པ་ཡོད་ལ་སྟོར་བ་མེད།། རང་བྱུང་ངོ་བོ་རྟོགས་པ་ལ།། མ་བཙལ་ཡོན་ཏན་ཐམས་ཅད་འབྱུང།། དེ་ཕྱིར་ཆོས་སྐུ་ཉིད་ཀྱི་རྩལ། ། རྟོགས་པའི་བྱིན་རླབས་སྐུ་གསུམ་འབྱུང།། ཆོས་སྐུ་ཀུན་བཟང་ངེས་དོན་ལ།། རྟོགས་པས་ཆོག་ཕྱིར་ཡེ་སངས་རྒྱས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐུ་ཡིས་སྤྲུལ་པ་སྣང་མཛད་ཀྱིས།། དག་པར་སྤྱོད་པའི་རྣལ་འབྱོར་ལ། ། ཕྱི་རྒྱུད་རྣམ་གསུམ་ཆོས་བསྟན་ཏེ།། རྡོ་རྗེ་འཛིན་པའི་ས་རུ་བཏགས།། དཔེར་ན་གསེར་སྤྲུལ་མིག་གིས་ནི།། འདོད་པའི་ཡོན་ཏན་རྣམ་ལྔ་ཡང།། དུས་གཅིག་ཉམས་སུ་མྱོང་བ་དང།། དར་ཡ་ཀན་གྱི་སྨན་མཆོག་བཞིན། ། སྐུ་དང་ཡེ་ཤེས་མ་ལུས་པའི།། ཆེ་བའི་ཡོན་ཏན་འབྱུང་འདོད་པས།། གཞན་དོན་སྨོན་ལམ་མཐར་ཕྱིན་པས།། ལོངས་སྤྱོད་རྫོགས་སྐུ་འགྲོ་དོན་བྱེད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཐུགས་ཀྱི་སྤྲུལ་པ་བྱུང་བ་ནི།། རྡོ་རྗེ་སེམས་དཔའ་ཉིད་ཡིན་ཏེ།། སྣོད་དང་ལྡན་པའི་རིག་འཛིན་ལ།། རྒྱུད་ལུང་གཉིས་ཀྱི་ངེས་པའི་ཆོས།། སྐྱེ་བ་ཚེ་གཅིག་བསྒྲུབ་གྱུར་ན།། རྡོ་རྗེ་འཆང་གི་ས་ལ་གཏུགས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སྨན་མཆོག་རྒྱལ་པོ་ཆེན་པོའི་དཔེ།། ལྷ་ཡིས་བདུད་རྩི་མ་གི་ཏས།། ཤི་བ་ཀུན་སློངས་སྨན་གྱི་མཆོག། གང་ལ་རེག་པས་འཚོ་བར་ལྟར།། ཡང་ཏི་ཐིག་ལེ་ཉག་གཅིག་ལ། ། ངེས་པའི་ལུང་ལྡན་དོན་བསྟན་ན།། ལུས་ངག་རྩོལ་བ་མི་དགོས་པར།། བསྟན་དང་སངས་རྒྱས་དུས་མཉམ་འབྱུང།། དེ་ཕྱིར་མན་ངག་ཤེས་པ་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། གསུང་གི་སྤྲུལ་པ་ཤཱཀ་ཐུབ་ཀྱིས།

CLOSE WINDOW