Wylie |
བསེ་སྒྲོམ་སྨུག་པོར་བཅུག་ནས། དབུ་རུ་གཟོང་ཕུག་མོའི་བྲག་ལ་མཁའ་འགྲོ་མ་རྡོ་རྗེ་རྒྱན་གཅིག་མ་དང། བཛྲ་སཱ་དྷུ་ལེགས་པ་རྩལ་ལ་གཏད་ནས་སྦས་པ་རྫོགས་སོ།།།། རྒྱ་གར་སྐད་དུ། སནྟི་མ་ཧཱ་བུདྡྷ་སརྦ་ས་མཱ་དྷི། དྷརྨྨ་ཀཱ་ཡ་ཨེ་ཀ་ས་མུ་དཱ་ཡ་ཀཱ་ཐཱ་སམྨ་ཏཱརྠ་རཏྣ་གུ་ཎ་ས་མུ་ད་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ཅེས་བྱ་བ། དཔལ་ཀུན་རིག་ཆོས་ཀྱི་སྐུ་དེ་ཁོ་ན་ཉིད་མ་ནོར་བར་རྟོགས་པའི་དོན་དང་ལྡན་པ་དེ་ལ་བརྗོད་མེད་ནན་ཏན་རིག་པའི་ཀློང་དུ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་གསུངས་པའི་དུས་གཅིག་ན། རང་བྱུང་རིག་པའི་སྟོན་པ་དེ།། འོག་མིན་ཀློང་གི་གནས་མཆོག་ན།། ཉིད་ལས་མི་གཞན་རྟོགས་པའི་འཁོར།། དོན་གཅིག་བསྟན་པས་མངོན་གྱུར་ཏོ། ། དེ་ཚེ་ཆོས་ཀྱི་སྙིང་པོ་དེ།། བཞེངས་པ་མེད་པའི་ངང་ལས་བཞེངས།། རང་རིག་ཡེ་ཤེས་འགྱུར་མེད་དོན།། བརྗོད་མེད་སྙིང་པོས་བཀའ་སྩལ་པ།། རང་བྱུང་ངོ་བོ་རྣམ་དག་འདི།། འཛིན་པའི་ཡུལ་མེད་མཐའ་ལས་གྲོལ། ། བློ་ཡིས་མ་བཅོས་དོན་དང་ལྡན།། རྟོག་མེད་མཉམ་ཉིད་ཆོས་ཉིད་དོན།། དེ་སྐད་དོན་གྱི་བཀའ་སྩལ་པ།། ཇི་བཞིན་སེམས་དཔས་དོན་རིག་ནས།། རང་གི་ཡིད་ཀྱི་རྟོག་བསལ་ཕྱིར།། ཏིང་འཛིན་ངང་ལས་འདི་སྐད་གསོལ། ། དོན་ཆེན་སྨྲ་བའི་སེང་གེ་ཁྱོད།། ཆོས་ཀྱི་སྒོ་མོ་བསམ་ཡས་ཀྱང།། བཙལ་མེད་ཐུག་མེད་བརྗོད་དུ་མེད།། དེ་དོན་བདག་ལ་བཤད་པར་མཛོད།། དེ་སྐད་ཞུས་པའི་དོན་གསན་ནས། ། མཉམ་པའི་དོན་ལས་རབ་བཞེངས་ནས།། བརྗོད་མེད་དོན་དུ་བསྟན་པའི་ཕྱིར།། དོན་གྱི་བྱིན་རླབས་བཀའ་སྩལ་པ།། བརྗོད་བྱ་ཚིག་དོན་དགོས་པ་ཡི།། ཉིང་དགོས་འབྲེལ་བཅས་དོན་ལྡན་པ། ། རྒྱུད་རྣམས་ཀུན་ལ་ཚང་བ་གཅེས།། དེ་ཕྱིར་ངེས་དོན་བཤད་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ནས་གནས་པའི་ངོ་བོ་ལ།། ཡིན་མིན་བརྟགས་པའི་ཐེ་ཚོམ་དེ།། རྟོག་བྲལ་ཤེས་པ་རང་གནས་ཕྱིར། ། རེ་དོགས་མེད་པའི་དོན་མཐོང་གྱིས།། དེ་སྐད་དོན་གྱིས་གསུངས་པ་དང།། འདུས་པའི་སྙིང་པོ་སེམས་དགའ་ནས།། ཇི་བཞིན་ལས་ཀྱི་རྒྱུད་དག་ཏུ།། རང་གི་རྟོགས་པ་མངོན་གྱུར་ནས།། ཀུན་བཟང་རིག་པའི་སྟོན་པ་ལ། ། བདེན་པའི་དགོངས་དོན་འདི་སྐད་གསོལ།། རྩོད་བྲལ་ཡང་ཏིའི་རྟོགས་ཚུལ་ནི།། ཡུལ་མེད་རང་བྱུང་ཡེ་ཤེས་ལ།། ཞེན་པ་མེད་པའི་རིག་པ་ཤར།། གཟའ་གཏད་མེད་པའི་ངོ་བོར་རྟོགས།། དེ་སྐད་ཅེས་ནི་ཞུས་པ་དང། ། དེ་ཡི་བསམ་པ་ཐུགས་ཆུད་དེ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། དེ་ལྟར་རྟོགས་པའི་བྱིན་རླབས་ཀྱིས།། ཕྱོགས་བཅུ་དུས་གསུམ་མ་ལུས་པའི།། སངས་རྒྱས་ཇི་སྙེད་གང་བཞུགས་པ། ། ཆོས་ཉིད་ཆོས་སྐུར་དགོངས་པ་གཅིག། གཞན་ན་སངས་རྒྱས་རྡུལ་ཙམ་མེད།། དེ་སྐད་གསུངས་མ་ཐག་ཏུ་ནི།། དེ་ཚེ་དུས་གསུམ་སངས་རྒྱས་དང།། རྡོ་རྗེ་འཆང་གི་རིག་འཛིན་དང།། རྒྱལ་སྲས་སྤྲུལ་པའི་མགོན་པོ་དང། ། དམ་བཏགས་མཁའ་འགྲོ་སྡེ་ལྔ་དང།། དད་ལྡན་ལྷ་མི་ལས་ཅན་ཀུན།། ཁབ་ལེན་ལ་ནི་ལྕགས་འདུ་བཞིན།། མོས་གུས་དད་པས་འདུས་ནས་ནི།། ལས་དང་ཐུགས་རྗེས་འདུས་ནས་འཁོད། ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུ་ལས། དཔེ་དོན་ཆེད་དུ་གསུངས་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཀུན་རིག་རྒྱལ་པོ་ལ།། འདུས་པའི་འཁོར་གྱི་དོན་ཆེད་དུ།། རྡོ་རྗེ་སེམས་དཔས་དོན་ཞུས་པ།། སེམས་ཅན་མ་རིག་བསལ་པའི་ཕྱིར།། གདུལ་བྱའི་བསམ་པའི་ཁྱད་པར་ལས།། ཅི་རིགས་པར་ནི་བཀའ་བགྲོས་ལ། ། ངེས་དོན་སྙིང་པོ་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ།། ང་ཡིས་བྱིན་གྱིས་བརླབས་པ་ཡིས།། སངས་རྒྱས་མ་ལུས་འདིར་འདུས་པ།། སྐུ་མེད་གཟུགས་སྐུར་མངོན་བཞེངས་ལ། ། གསུང་མེད་རིག་པའི་དོན་སྒྲོགས་པས།། རང་སེམས་སྙིང་པོ་རྟོགས་པའི་ཐབས།། ཆོས་ཉིད་གནས་ལུགས་གང་ཡིན་པ།། རྟོག་མེད་ཐུགས་རྗེས་བཀའ་བགྲོས་ལ།། སེམས་ཅན་དོན་དུ་བྱིན་གྱིས་རློབས། ། དེ་སྐད་ཅེས་ནི་གསུངས་པའི་དོན།། སངས་རྒྱས་སེམས་དཔའ་ཀུན་གྱིས་ཀྱང།། གང་ཞིག་ཞུ་བར་མ་སྤོབས་ནས།། མངའ་བདག་རྡོ་རྗེ་སེམས་དཔའ་ཡིས།། ཕྱི་རབས་དད་ལྡན་དོན་ཆེད་དུ། ། ངེས་པའི་དགོངས་དོན་འདི་སྐད་གསོལ།། དུས་གསུམ་སངས་རྒྱས་མ་ལུས་ཀུན།། ངེས་དོན་མངའ་བདག་ཁྱེད་ཡིན་པས།། རྩོལ་བཅས་ཆོས་ནི་མཐར་བཏོན་པས།། རྩོལ་མེད་ཐེག་པ་མི་གསུངས་པ།། བློན་གྱི་ཐུགས་དམ་ཡལ་ལམ་ཅི། ། མ་ནོར་ཆོས་ཉིད་བཤད་དུ་གསོལ།། དེ་སྐད་ཅེས་ནི་ཞུས་པ་ཡིས།། སངས་རྒྱས་འུབ་ཆུབ་འདུས་ཀུན་ནས།། རང་རང་དགོངས་པའི་དོན་བསྡུར་ནས།། བཀའ་ཡི་བགྲོ་བ་མང་དུ་བགྱིས། ། ཞུས་པའི་དོན་གསན་བཀའ་སྩལ་པ།། གཞི་ཉིད་རྟོགས་པ་ལམ་གྱི་མཆོག། དེ་ཉིད་མ་བྲལ་མངོན་གྱུར་པས།། འབྲས་བུ་སངས་རྒྱས་ད་ལྟ་ཉིད།། སྐྱེ་བ་གཞན་དུ་བཙལ་མི་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། མ་ནོར་སངས་རྒྱས་དགོངས་པ་ཉིད།། ང་ཡིས་ང་ཉིད་བགྲོས་པ་ལས།། སངས་རྒྱས་སེམས་ཅན་མ་ལུས་ཀྱི།། ང་ཡི་བཀའ་ནི་བགྲོ་ནུས་མེད།། མ་གསུངས་རྒྱ་ཆེར་བཤད་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། རྒྱ་ཆེར་མ་གསུངས་དོན་དེ་ནི།། ཡུལ་ལ་ཞེན་པ་མེད་པའི་ཕྱིར།། ཤེས་པ་རང་གསལ་རིག་པ་ལ།། ཡིད་ལ་དྲན་དང་མ་དྲན་པ།། གང་གི་ཕྱོགས་ལྷུང་མེད་པའི་ཕྱིར།། མ་བསྒོམས་ཡེ་ནས་འབྲལ་བ་མེད། ། གང་ཡང་ཡིན་ཕྱིར་གོལ་སྒྲིབ་མེད།། དེ་ཡི་ཡོན་ཏན་བརྗོད་མི་ལངས།། དེ་སྐད་ཅེས་ནི་གསུངས་པ་དང།། རྡོ་རྗེ་སེམས་དཔས་དོན་གོ་ནས།། མ་རིག་སངས་བས་ཆོས་སྐུ་རྒྱས།། དེ་ཕྱིར་རྟོགས་པ་མངོན་དུ་གྱུར། ། རང་བཞིན་ལྟ་བ་གདེང་ལྡན་པས།། འབྲས་བུའི་སངས་རྒྱས་ད་ལྟ་འབྱུང།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། བཀའ་བགྲོས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། ཕྱི་རབས་རྣལ་འབྱོར་དོན་ཆེད་དུ།། བཅུད་དང་སྣོད་དུ་རིམ་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། བླ་མ་དོན་ལྡན་ངེས་པའི་བཅུད། ། ཕྱི་ནང་དབང་རྣམས་རྫོགས་ནས་ནི།། ཐུན་མོང་མ་ཡིན་ཁྱད་འཕགས་པའི།། རང་རིག་ཡེ་ཤེས་དབང་གསུམ་ནི།། དད་པས་མནོས་པས་བདེན་པ་མཐོང།། བླ་མ་དེ་ཡི་ཡོན་ཏན་ནི།། ཆོས་རྒྱ་ཆེ་ལ་གདམས་ངག་ཟབ། ། བཀའ་ཡངས་སྙིང་རྗེ་རབ་ཏུ་ལྡན།། མི་བརྗེད་པ་ཡི་གཟུངས་ནི་ཐོབ།། ངེས་པ་དོན་གྱི་གདེང་ཡོད་ཕྱིར།། གཅིག་པུར་གནས་ཀྱང་སྐྱོ་བ་མེད།། ལྟ་བ་རྟོགས་པས་བདུད་མི་ཚུགས།། ཏིང་འཛིན་ཡེངས་མེད་ཁམས་མི་ལྡོག། ཚུལ་འཆོས་མེད་ཅིང་དྲང་པོར་མཛད།། ཆགས་ཆུང་ཅི་བྱེད་ཆོས་དང་མཐུན།། ངོ་དགར་མི་བཏང་སྣོད་ལ་རྟོག། དད་པ་ཅན་ལ་གདམས་ངག་ཡངས།། སངས་རྒྱས་དགོངས་པ་ཐུགས་ལ་འཆང། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སློབ་མའི་སྣོད་ཀྱི་མཚན་ཉིད་ནི།། དད་ལྡན་ཁྱད་འཕགས་ཤེས་རབ་ཅན།། འོག་མའི་རྗེས་སུ་མི་འབྲངས་པར།། གསང་སྔགས་བཀའ་ལ་རྟོག་པ་མཁས། ། མན་ངག་ཆོས་ལ་ཤིན་ཏུ་མོས།། བླ་མ་ལ་གུས་ཕྱི་ཐག་རིང།། ཆགས་མེད་དབུལ་ནུས་དད་པ་བརྟན།། ཆོས་ཀྱི་གཞུང་འཛིན་སྤྱོད་པ་མཁས།། ལག་ཏུ་བསྟོད་ཅིང་ཡོན་ཏན་བརྗོད།། གཞན་གྱི་སྒྲོ་སྐུར་ཟིལ་གྱིས་གནོན། ། ཐབས་ལ་མཁས་པས་མིས་མི་སྡང།། གཏད་པ་དང་ལེན་ཆུད་མི་གཟོན།། དེ་ལྡན་སློབ་མ་འབྱུང་སྲིད་ན།། འབྲལ་མེད་ཡེ་ཤེས་རང་ཤར་དོན།། རྒྱུད་དྲུག་ཡང་སྙིང་ཡིན་པའི་ཕྱིར།། བསྟན་མ་ཐག་ཏུ་རྟོགས་པའི་ཆོས། ། སྣོད་ལྡན་གསང་ཐུབ་འགའ་ལ་བསྟན།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན་རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སྣོད་བཅུད་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། རྩ་བ་མདོར་བསྡུས་བཀའ་སྩལ་པ།། ཆོས་རྣམས་ཀུན་གྱི་རྩ་བ་ནི།། འཁོར་འདས་གཞི་ཡི་ངོ་བོ་ཉིད།། དེ་མ་ཤེས་པར་ལུང་མ་བསྟན། ། དེ་ལས་འཁྲུལ་པས་འཁོར་བར་སྨིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་པ་མུ་སྟེགས་རྣམ་གཉིས་དང།། ནང་པ་སངས་རྒྱས་ཁས་འཆེ་བའི།། ཉན་ཐོས་རྒྱུད་ལུང་ཡན་ཆད་ཀྱིས།། གཞི་ཉིད་མ་ཤེས་འཁྲུལ་པའི་ཕྱིར། ། བསྒོམ་གོལ་བདུད་བསླུས་བར་དོར་འཁྱམས།། དེ་ཡི་ལྡོག་ཆོས་ཤེས་པ་དགོས།། འཁོར་འདས་མ་རིག་ངེས་པའི་དོན།། བཀའ་རྟགས་ལྔ་ཡི་དོན་བསྡུས་པ།། དད་ལྡན་འཁོར་ལ་ངས་བཤད་ཀྱིས། ། རང་གི་སེམས་ལ་ངེས་པར་ཆོངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རིག་འཛིན་གྲུབ་ཐོབ་བཀའ་རྟགས་ནི།། སྲས་ལ་རྒྱལ་སྲིད་གཏད་པ་བཞིན།། ལུང་ལྡན་ངེས་པའི་གདམས་ངག་ནི།།། སློབ་མ་དད་ལྡན་འགའ་ལ་གཏད། ། རིག་པ་བྱིན་རླབས་བཀའ་རྟགས་ནི།། རིན་ཆེན་གསེར་འགྱུར་རྩི་བཞིན་དུ།། ཐ་མལ་ཤེས་པ་འདི་ཉིད་ལས།། རང་རིག་ཆོས་སྐུར་བྱིན་གྱིས་བརླབས།། ཉམས་སུ་སྦྱོང་བའི་བཀའ་རྟགས་ནི། ། བདེ་བ་སྙིང་ལ་ཞེན་པ་བཞིན།། རང་རིག་ཆོས་སྐུར་ངོ་སྤྲད་པས།། ཞེན་མེད་ཉམས་དང་འབྲལ་མི་ཕོད།། ལ་ཟློ་སྤྱོད་པའི་བཀའ་རྟགས་ནི།། མར་གྱིས་འོ་མ་འཐུངས་པ་བཞིན།། ཅི་སྤྱོད་འབྲལ་མེད་ཆོས་སྐུར་ཤེས། ། གོལ་མེད་ལ་ཟློས་དོན་མི་འབྲལ།། འབྲས་བུ་མཐར་ཕྱིན་བཀའ་བརྟགས་ནི།། ནོར་བུ་རིན་ཆེན་རྙེད་པ་བཞིན།། ཆོས་རྣམས་ཆོས་སྐུར་གཅིག་ཤེས་པས།། འཁོར་སྟོངས་སངས་རྒྱས་སྨོས་ཅི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། བཀའ་རྟགས་ལྔ་ནི་གཅིག་ཤེས་ན།། རང་སེམས་རྟོགས་པས་གཞི་དང་ཕྲད།། དེ་ཕྱིར་ཆོས་སྐུ་འབྲལ་མེད་ལམ།། འབྲས་བུ་འགྱུར་མེད་སངས་རྒྱས་ཡིན།། དེ་ཡིས་དེ་ཉིད་མཚོན་པའི་དཔེ། ། མཛུབ་མོ་ལ་བརྟེན་ཟླ་བ་མཐོང།། གདམས་ངག་ལ་བརྟེན་ལྷག་མཐོང་ཤར།། དོན་རྟོགས་ཀློང་ནས་ཡེ་ཤེས་འཕྱོ།། རིག་པ་ཆོས་སྐུ་རྣམ་པ་གཉིས།། ཐ་དད་མེད་དེ་ཉི་ཟེར་ཚུལ།། དོན་ལ་དབྱེར་མེད་ཆོས་ཀྱི་སྐུ། ། རྒྱུ་རྐྱེན་མ་བསྐྱེད་ཡེ་ནས་ཡིན།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། གདམས་ངག་རྩ་བ་གཅིག་ཏུ་འདུས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་དགོངས་དོན་འདི་སྐད་གསོལ། ། འཁོར་འདས་གཞི་ནི་གང་གིས་བགྱིས།། མ་རིག་གཞི་ནི་གང་གིས་བཙལ།། དེ་ལས་འཁྲུལ་པ་ཇི་ལྟར་བྱུང།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཡེ་ནས་གནས་པའི་གཞི་ཉིད་ནི། ། སྐྱེ་བ་མ་བླངས་དུས་ན་ཡང།། རྒྱུ་རྐྱེན་མ་སྐྱེས་ཡེ་ཡོད་ཕྱིར།། སྒྲོ་སྐུར་བྲལ་དང་མ་བྲལ་བའི།། རྟོགས་དང་འཁྲུལ་པ་གང་ཡང་མེད།། རིག་དང་མ་རིག་ཤན་མ་ཕྱེད།། ཡེངས་དང་མ་ཡེངས་ངོས་མ་ཟིན།། རང་རིག་ཧད་དེ་ཙམ་ཡོད་ཀྱང།། གང་གི་འདུ་ཤེས་མ་ཞུགས་པས།། བྱ་བ་བཏང་བའི་མི་བཞིན་དུ།། འཛིན་མེད་དོན་གྱི་མ་ཟིན་པས།། རང་བཞིན་ལུས་སུ་མིང་བཏགས་ཏེ།། གཞི་ནས་མ་རིག་མེད་པའི་ཕྱིར། ། བག་ཆགས་མ་གོས་འཁྲུལ་མ་མྱོང།། རྟོགས་པས་མ་བཞག་སངས་མ་རྒྱས།། ཕྱི་ཡི་འབྱུང་བ་མ་ཆགས་ཕྱིར།། རྒྱུ་དང་རྐྱེན་གྱིས་འདུས་མ་བྱས།། དེ་ཡང་འདུས་པའི་སེམས་དཔའ་ཉོན།། རང་བཞིན་གཞི་ཡི་མཚན་ཉིད་ནི། ། རྟོགས་དང་མ་རྟོགས་ཆ་མེད་ཕྱིར།། འཁོར་བ་མྱང་འདས་གཉིས་ཀྱི་གཞི།། ཀུན་ལ་ཡོད་པས་གཞི་ཞེས་བྱ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན་རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། འཁོར་འདས་ཀྱི་གཞི་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། ཇི་ལྟར་འཁྲུལ་ཚུལ་བཀའ་སྩལ་པ།། དང་པོ་འཁོར་འདས་བར་དོ་ལ། ། ཇི་ཞིག་ལྟར་ལ་ཡེངས་ཚུལ་གྱིས།། འཁྲུལ་གཞི་མེད་ལས་འཁྲུལ་པ་བྱུང།། མེད་ལས་བྱུང་བ་ཡ་མཚན་ཆེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུན་ཙམ་ཅི་ཞིག་དྲན་པ་སྙམ།། ཇི་ཞིག་དྲན་དང་མ་དྲན་གྱིས། ། གང་བློ་མི་འཇུག་དོན་མི་ཤེས།། མ་རིག་གཞི་ནི་ལུང་མ་བསྟན།། འཁྲུས་གཞི་མེད་པའི་འཁྲུལ་པ་དེ།། རང་བཞིན་ལུས་དེ་གྱ་གྱུ་ཡིས།། མེད་ལས་ཡོད་དྲན་ཡུད་ཙམ་བྱུང།། དེ་ཉིད་རང་བརྗེད་རིམ་གྱིས་བསྒྲིབས། ། དེ་ཉིད་དུས་མཉམ་ལུང་མ་བསྟན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཞི་ནི་མ་ཤེས་རྩལ།། འཁོར་བའི་གཞི་ནི་དེ་ཡིན་ཕྱིར།། གྱ་གྱུ་ཙམ་དུ་དྲན་ཡོད་ཀྱང།། དེ་མ་ཤེས་པ་དེ་ཁོ་ནས།། མ་རིག་སྒོ་ལྔའི་རྟེན་བྱེད་ཕྱིར། ། འཁོར་བར་སྐྱེ་བའི་གཞི་མ་ཡིན།། ཉི་ནུབ་ནམ་ནི་མ་སྲོས་འདྲ།། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། འཁོར་བའི་གཞི་ཤེས་ལུང་མ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཇི་ལྟར་འཁྲུལ་པ་བཀའ་སྩལ་པ།། འཁྲུལ་གཞི་མེད་པའི་འཁྲུལ་པ་དེ། ། གོང་འོག་དྲུག་འཛོམ་གཏི་མུག་ངེས།། མ་རིག་བསྐྱེད་པས་རྒྱུ་བྱས་ནས།། མིག་ལ་ལིང་ཏོག་བྱུང་བ་བཞིན།། ལྷན་ཅིག་མ་རིག་གསུམ་དུ་སྨིན།། དེ་ནས་མ་རིག་སྦུབས་ནང་ནས།། ཕོ་མོ་མ་ནིང་མ་ཡིན་པའི། ། རྒྱུ་འདྲ་གཟུགས་ཉིད་རྫུས་སྐྱེས་བྱུང།། འཇིག་རྟེན་མེ་དང་མ་རིག་རྒྱས།། ཟླ་དྲུག་ལོན་ནས་ཕོ་མོར་སྨིན།། དེས་སྦྱར་འབྲུ་དྲུག་དུག་ལྔར་སྐྱེད།། དེ་ལ་སྐྱེ་བ་རྣམ་བཞི་ཡིས།། འགྲོ་དྲུག་སེམས་ཅན་ཚང་བར་བྱས། ། འཁྲུལ་གཞི་ཐོག་མ་དེ་ལས་བྱུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མེད་པ་ལ་ནི་ཡོད་འཛིན་པས།། འཁྲུལ་གཞི་ལས་ནི་འཁྲུལ་པ་བྱུང།། དཔེར་ན་ཐོ་ཡོར་མིར་མཐོང་ཚེ།། ཐོ་ཡོར་མི་ནི་མ་ཡིན་ཏེ། ། ཇི་ཞིག་ལྟར་ལ་མི་རུ་མཐོང།། དེ་བཞིན་གཞི་ལ་ཇི་ཞིག་ལྟར།། གློ་བུར་རྐྱེན་གྱིས་བསྐྱེད་པ་ཡིས།། སེམས་དང་བག་ཆགས་ཀུན་གཞི་བྱུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མེད་པ་ལ་ནི་ཡོད་པར་རྟོགས། ། འཁྲུལ་པ་རྣམས་ཀྱིས་ཤེས་པ་ལས།། རྒྱལ་བ་ཀུན་གྱིས་མི་མཁྱེན་ཕྱིར།། ངེས་དོན་གཞི་ལ་འཁྲུལ་པ་མེད།། གློ་བུར་སེམས་ལས་འཁྲུལ་པ་བྱུང།། ཐག་པ་སྦྲུལ་དུ་འཛིན་པ་བཞིན།། དེ་ལས་སྐྱེས་པས་འཁོར་བར་འཁྱམས། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ལྟ་གང་ན་གནས་པའི་ཚེ།། འཁྲུལ་གཞི་ཡོད་ལ་ཀུན་བརྟགས་གསུམ།། བྱུང་ཚུལ་མ་ཤེས་གཏི་མུག་གིས།། དེ་ཕྱིར་ཐོག་མཐའ་མེད་པར་གནས།། དེ་ཉིད་མ་ཤེས་ཐ་མར་ནི། ། ངེས་དོན་མེད་པའི་སྔགས་བཙུན་ཀུན།། ཆུ་བོ་བཞི་ལས་ཐར་པ་མེད།། འཁོར་བའི་སྡུག་བསྔལ་བསམ་ཐག་ཆད།། དེ་ཕྱིར་གདེང་མེད་རྟག་ཏུ་འཁྱམས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། འཁོར་བའི་བྱུང་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར། ། ཀུན་ཏུ་བཟང་ལ་འདི་སྐད་གསོལ།། ཕྱིན་ཅི་ལོག་ཏུ་བློས་བསྒྱུར་བའི།། མུ་སྟེགས་རྟག་ཆད་ཇི་ལྟར་འཁྲུལ།། ཕྱོགས་ཙམ་ཁ་འཛིན་ཐེག་པ་དགུ།། རང་གི་གཞི་ལས་ཇི་ལྟར་འཁྲུལ། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མུ་སྟེགས་རྟག་པའི་འཁྲུལ་དཔེ་ནི།། སྨན་ནི་དུག་ཏུ་འཛིན་པ་བཞིན།། དབྱེ་བ་དྲུག་གི་དོན་མཚོན་དེ། ། ངོ་བོ་མི་འགྱུར་གཞི་བྱས་ནས།། ཁ་དོག་དབྱིབས་ཅན་དག་ཏུ་འཁྲུལ།། ལོག་པའི་དཀའ་ཐུབ་དམྱལ་བར་ལྟུང།། རིག་པས་བརྟགས་པས་བདག་མ་གྲུབ།། དེ་ཉིད་ལ་ཟློས་ཆོས་སྐུ་ཉིད། ། དེ་ལས་གཞན་པའི་སངས་རྒྱས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མུ་སྟེགས་ཆད་པའི་དབྱེ་བ་ནི།། ཁ་དོག་དབྱིབས་མེད་ཆད་གཞི་བྱས།། སྔ་ཕྱི་རྒྱུ་འབྲས་མེད་པར་འཁྲུལ།། སྐུར་བཏབ་དམྱལ་བ་ཆེན་པོར་ལྷུང། ། ཆད་དུ་མིན་ཏེ་རིག་པ་ཡོད།། དེ་ཕྱིར་གཞི་ལ་གོལ་ས་མེད།། རང་བྱུང་ཡེ་ཤེས་ཀློང་ན་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྤྲེའུ་འདྲས་ལོག་པར་ཁྲིད་ཀྱང་ནི།། གཞི་ཉིད་རྟག་ཆད་མཐར་མི་ལྟུང། ། བཅོས་ཤིང་བསྒྱུར་བས་གཞི་མི་འགྱུར།། དེ་ཕྱིར་ལུང་ལྡན་གདམས་ངག་གཅེས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མུ་སྟེགས་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ།། ངེས་དོན་གཞི་ཡི་ཕྱོགས་ཆ་ཙམ།། ཐེག་དགུ་འཁྲུལ་པར་ངས་བཤད་ཉོན།། ཉན་ཐོས་འཁྲུལ་པའི་དབྱེ་བ་ནི། ། སྣང་བ་ཕྲ་རག་ཡུལ་གྱི་གཞི།། གང་ཟག་བདག་མེད་ཆོས་བདག་ཡོད།། ཞི་བ་ཕྱོགས་གཅིག་ཐར་མི་ཐོབ།། ལྷག་མཐོང་མེད་ཕྱིར་སྐྱེ་བོ་རང།། སྣང་བ་སྤང་མེད་དོན་ཤེས་པས།། ཞེན་མེད་ཡུལ་སྣང་ཆོས་ཀྱི་དབྱིངས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་ཀུན་གཞིའི་རྟོག་པ་དེ།། གོང་འོག་ཤེས་དག་སྐད་ཅིག་འདོད།། རིག་པ་རང་རྐྱང་སྐད་ཅིག་གོལ།། རྟག་དང་ཁྱད་མེད་སྒྲོ་འདོགས་ནོར།། ཆོས་སྐུ་རང་རིག་འགྱུར་བ་མེད། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དབུ་མ་པ་ཡི་འདོད་གཞུང་དེ།། ངོ་བོ་དངོས་མེད་གཞི་བྱས་ཏེ།། ཡུལ་སེམས་གཞི་པས་སྟོང་པར་འཁྲུལ།། ཅི་ཡང་མེད་པའི་སྐྱེ་མཆེད་ལྟུང།། ཆད་དང་ཁྱད་མེད་སྟོང་པར་གོལ། ། སྟོང་རིག་ཤེས་པས་ཆོས་སྐུ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་མཐའ་ཚིག་རྣམ་གསུམ་ཡིན།། ཕྱོགས་ཙམ་རྟོགས་པས་གཞི་མ་ཤེས།། དེ་ཕྱིར་ངེས་དོན་མི་མཐོང་བས།། ཚིག་ཏུ་བདེན་ཏེ་དོན་ལ་གོལ། ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། རྒྱུ་མཚན་ཉིད་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོ་ཆོས་སྐུ་དེས།། ཕྱི་རྒྱུད་འཁྲུལ་ཚུལ་བཀའ་སྩལ་པ།། ནམ་མཁའ་སྨིག་རྒྱུའི་དཔེ་བཞིན་དུ།། དག་པ་ཆོས་ཉིད་ཀྲི་ཡའི་གཞི།། བཟང་ངན་གཙང་སྨེ་དངོས་གྲུབ་རེ། ། གྲུབ་པ་མི་ཐོབ་བྱོལ་སོང་རྒྱུ།། གཙང་སྦྲས་མི་གྲོལ་རྟོག་པ་ཉིད།། སྤྱོད་པ་མ་ཡིན་གཞི་དག་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡོ་ག་རྣལ་འབྱོར་སེམས་དཔའ་ཡིས།། དབྱེར་མེད་ཆོས་དབྱིངས་གཞི་བྱས་ནས། ། བྱང་ཆུབ་རྣམ་ལྔ་འདོད་པ་འཁྲུལ།། བསྒོམ་པས་མ་གྲོལ་འདོད་ཁམས་ལྷ།། སེམས་ཙམ་པ་དང་ཁྱད་མེད་གོལ།། ལ་ཟློ་རིག་པ་ཆོས་སྐུར་ཤེས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དེ་དག་ཀྲི་ཡོག་རྣམ་གསུམ་ཡང།། གཞི་ཉིད་མ་ངེས་བློ་འགྱུར་ཅིང།། ནམ་མཁའ་དག་ལ་འཛིན་པ་བཞིན།། དོན་ལ་འཁྲུལ་པར་ཐེ་ཚོམ་མེད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཕྱིའི་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས། ། བསྐྱེད་རྫོགས་རྣམ་གསུམ་འཁྲུལ་པ་ཡི།། དོན་གྱི་དབྱེ་བ་བཀའ་སྩལ་པ།། ནམ་མཁའ་སྤྲིན་དང་ཁུ་རླངས་བཞིན།། རྣལ་འབྱོར་མ་ཧཱ་ཡོ་ག་ཡིས།། བདེན་པ་དབྱེར་མེད་འདོད་པའི་གཞིས།། རྟོག་ཚོགས་ལྷ་རུ་བསྒོམ་པས་འཁྲུལ། ། དོན་མེད་བགེགས་དང་རཱུ་ཏྲར་ལྟུང།། དབུ་མ་དང་འདྲ་འབྲས་བུས་གོལ།། ལམ་ལ་མི་བརྟེན་རྟོགས་པའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཨ་ནུ་ཡོ་གའི་དབྱེ་བ་ནི།། ཀུན་གཞི་མཁའ་ཀློང་གཞི་བྱས་ནས། ། སྣང་བ་ཀུན་བཟང་རོལ་པར་འཁྲུལ།། ཡོད་མིན་མེད་མིན་སྐྱེ་མཆེད་ལྟུང།། མཁའ་ཀློང་དབུ་མ་ཆད་དང་འདྲ།། ལ་ཟློ་ཆོས་ཀྱི་དབྱིངས་ཉིད་ཡིན།། མན་ངག་ཨ་ཏིའི་འཁྲུལ་ཚུལ་ནི།། སྤྱི་དང་ཁ་འབྱམས་ལུང་ཚིག་སྤང། ། དེ་དག་གོལ་སར་ངས་བཤད་ཉོན།། རིན་ཆེན་གསེར་སྤྲུལ་མཐོང་སྟོན་བཞིན།། སྤྱི་ཙམ་ལ་ནི་བརྟེན་པའི་གཞི།། མཁས་སུ་རེ་ནས་ཐ་སྙད་འདོགས།། དོན་མེད་ནམ་མཁའི་མཐའ་ཚོལ་འདྲ། ། ཚིག་ཏུ་ཤེས་པས་དོན་མ་རྟོགས།། ཚིག་དང་དོན་ཡིན་ཟེར་བས་འཁྲུལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཁ་འབྱམས་པ་ཡིས་འཁྲུལ་པ་དེ།། སྣང་བ་སེམས་རྒྱུད་གཞི་རུ་བྱེད།། ཀུན་བརྟགས་ལྷུན་གྲུབ་བཅུ་རུ་འཁྲུལ། ། འབྲས་བུ་མི་འབྱུང་ལོག་པར་གོལ།། གཞི་དང་མ་མཐུན་ལུང་རིགས་འགལ།། གཞི་ཉིད་མ་ཤེས་སྐྱེ་བོ་རང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཚིག་ཟིན་ལུང་གི་འཁྲུལ་པ་དེ།། ཚིག་ཙམ་ལུང་ཁུངས་གཞི་རུ་བྱེད། ། དགོངས་པ་རྣམ་གསུམ་མ་ཤེས་འཁྲུལ།། ཚིག་ཙམ་ལུང་གིས་དོན་མི་རྟོགས།། ལུང་མེད་དོན་གོ་ཡེ་སངས་རྒྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རྒྱུད་ལུང་མན་ངག་གསུམ།། འཁོར་འདས་གཞི་ནི་མ་ཤེས་ཕྱིར། ། ཉི་མ་སྤྲིན་གྱིས་བསྒྲིབས་པ་བཞིན།། དོན་དང་བྲལ་ཕྱིར་གདམས་ངག་དགོས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། བསྐྱེད་རྫོགས་རྣམ་གསུམ་འཁྲུལ་ཚུལ་བསྟན་པའི་སྟེ་བཅུ་གཅིག་པའོ།།།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་འཁྲུལ་པ་བཟློག་འདོད་ཕྱིར། མི་རྟོག་ཐབས་ཀྱི་བསྒོམ་གོལ་བས། ། ལྷག་མེད་གཞི་གནས་ཞེན་པ་ལས།། བདུད་འབྱུང་བར་ཆད་ཞེན་ལས་བྱུང།། ཡོན་ཏན་སྐྱོན་དུ་མ་ཤེས་པས།། བར་དོར་འཁྱམས་པར་ངེས་པའི་ཕྱིར།། དེ་ཡི་དབྱེ་བ་ངས་བཤད་ཉོན། ། གདམས་ངག་མེད་པའི་ལུས་ངག་འདི།། རྟོག་བཀག་རྩེ་གཅིག་གང་བསྒོམ་པའི།། རྒྱུད་ལུང་མན་ངག་བསྒོམ་པ་དེ།། འཁོར་འདས་སྣང་བ་སེམས་བསྡུས་ནས།། རིག་པས་རྟག་ཆད་མཐའ་བསལ་ཏེ།། མི་དམིགས་ཙམ་ལ་བསྒོམས་པའི་ཐབས། ། བྱིང་རྒོད་གཉིས་ཀྱི་མཐའ་བསལ་ནས།། བདེ་ལ་མི་རྟོག་ལྷང་ངེ་ཙམ།། དེ་ཚེ་མ་རིག་དུག་ལྔ་ནི།། མ་རིག་བཞིན་དུ་བག་ལ་ཉལ།། བསྒོམ་བཏང་དུག་ལྔ་སྐྱེས་པའི་ཚེ། ། བྱམས་དང་སྙིང་རྗེས་ཟིལ་མནན་ནས།། དད་པ་དང་ནི་བརྩོན་འགྲུས་ཀྱིས།། ཡང་ནས་ཡང་དུ་བསྒོམ་པར་བྱེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མཐུན་འཇུག་ཐབས་ཀྱི་སྤྱོད་པ་ཡང།། འོག་མའི་ཆོས་དང་སྒོ་བསྟུན་ནས། ། དགེ་སྡིག་ཤན་ཐང་ཕྱེད་པར་སྤྱད།། དེ་ལ་མི་དམིགས་དོན་ཟིན་བྱ།། བལྟ་བསྒོམ་སྤྱོད་གསུམ་འཛོམ་པའི་ཚེ།། འབྲས་བུ་ཚོགས་གཉིས་ནམ་རྫོགས་ན།། སྒྲིབ་གཉིས་བྱང་ནས་སངས་རྒྱས་འདོད། ། དེ་ལས་ལྷག་པའི་ཆོས་མེད་ཟེར།། གཞི་ནི་མ་རྟོག་བག་ཉལ་ཏེ།། ཇི་ཙམ་བསྒོམ་ཀྱང་བག་མེད་གོལ།། ནན་ཏན་རྩོལ་བས་ཅི་འབད་ཀྱང།། རི་དགས་སྨིག་རྒྱུ་བསྙེག་འདྲར་འཁྲུལ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཐབས་ཀྱིས་རིག་པ་བྱིན་བརླབས་པས།། སྨན་དང་ཡི་གེའི་དབང་གིས་འདུས།། རྩ་དང་ཐིག་ལེ་བདེ་བསྒོམ་པས།། ཤེས་པ་འགྱུར་ནས་དེ་ལ་ཞེན།། དེ་ཕྱིར་མི་གྲོལ་ཤིན་ཏུ་འཆིང།། མི་རྟོག་ཐབས་ཀྱི་བདེ་འདོད་གོལ། ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མ་རྟོགས་པར་བསྒོམ་པ་གོལ་བར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། ཀུན་རིག་སྟོན་པས་ཡང་གསུངས་པ།། རྣལ་འབྱོར་ལྟ་མེད་ཉམས་ཞེན་པས།། བདུད་ཀྱི་ཆོ་འཕྲུལ་མངོན་ཤེས་འབྱུང།། དེ་ཚེ་ལྟ་སྒོམ་སྤྱོད་ཉམས་བདུད།། བར་དུ་བཅད་ནས་འཁོར་བར་འཁྱམས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་བཟློག་དོན་དུ་གདམས་ངག་གིས།། ཡེ་ནས་གཞི་ལ་བདུད་མེད་ཀྱང།། རང་སེམས་འཁྲུལ་པས་བདུད་དུ་བྱུང།། དེ་ཕྱིར་མི་བསླུའི་གདམས་ངག་དགོས། ། དང་པོ་ལྟ་དམན་བློ་དམན་ལ།། སྣང་བ་འོད་དང་གྲག་པ་སྒྲ།། འཇིགས་པའི་གཟུགས་དང་བསླུ་བའི་རྫུན།། རེ་རེ་ལ་ནི་དྲུག་དྲུག་ཏུ།། ཕྱེ་ལ་བསྟན་གྱིས་ངེས་པར་ཟུང།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སྣང་བ་འོད་ཀྱི་བདུད་བྱུང་ན།། ལྟ་མེད་མུན་ལས་སྣང་བྱུང་བས།། དགེ་སྡིག་མཐོང་བའི་སྙིང་རྗེ་ཞུགས།། འགྲོ་དོན་བྱ་མནོ་ཏིང་འཛིན་བཏང།། ངེས་མེད་ལྷག་མཐོང་མི་གཡོ་དྲན།། གཞི་ལ་མི་འགྱུར་འཇའ་མཚོན་འདྲ། ། དམྱལ་བའི་གནས་ཀྱང་སངས་རྒྱས་ཞིང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གྲག་པ་སྒྲ་ཡི་བདུད་བྱུང་ན།། མཁའ་ལ་སྒྲ་དང་ཆོས་སྟོན་འབྱུང།། དགའ་བས་ངོམ་ནས་ཏིང་འཛིན་བཏང། ། བཀའ་འགལ་ཆོས་བརྒྱད་འཁོར་བར་ལྟུང།། ལྟ་བས་གདེང་ཟིན་སྒྲ་དང་བྲལ།། སྒྲ་བརྙན་རྟག་མེད་རྗེས་མི་འབྲང།། འཚེར་ལྷང་གསུང་གི་འཁོར་ལོར་བདེ།། འཇིགས་པའི་གཟུགས་ཀྱི་བདུད་བྱུང་ན།། རྨི་ལམ་དངོས་དང་འཇིགས་པའི་གཟུགས། ། མི་དགེའི་དོན་དྲན་མོ་ཆོག་བྱེད།། སེམས་ངན་ཚེ་ཐུང་ཡི་མུག་བྱུང།། སྣང་གཟུགས་གཞི་ལ་མེད་པར་ཤེས།། སྙིང་པོ་མེད་ཅེས་ཉམ་མི་ང།། དེ་ཉིད་ཐུབ་དྲུག་སྐུ་རུ་མཐོང། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། བསླུ་བ་རྫུན་གྱི་བདུད་བྱུང་ན།། དུས་གསུམ་ལེགས་ཉེས་སྟོན་པ་འབྱུང།། བདེན་དང་མི་བདེན་ཐ་མ་རྫུན།། མངོན་ཤེས་རྡུག་པས་ཞེ་སྡང་ཆ།། ཚིག་ལས་འདས་ཕྱིར་རྫུན་མ་གྲུབ། ། རྨི་ལམ་བཞིན་དུ་འཁྲུལ་པར་ཤེས།། དོན་རྟོགས་ཅི་སྨྲས་རྒྱལ་བའི་བཀའ།། དེ་ལྟ་བུ་ཡི་བདུད་བཞི་ཡང།། འཁྲུལ་ངོར་ཡོད་ཀྱང་དོན་ལ་མེད།། གདམས་ངག་ཅན་ལ་གནོད་མི་ཚུགས།། དེ་ཕྱིར་རང་སེམས་རྟོགས་པས་ཆོག། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ལྟ་བའི་བདུད་ཟིལ་གྱིས་གནོན་པར་རྟོགས་པས་ཆོག་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། ཀུན་རིག་སྟོན་པས་ཡང་གསུངས་པ།། བསྒོམ་པའི་བདུད་བཞི་དབྱེ་བའི་ཕྱིར།། བྱིང་བ་བསལ་བའི་བདུད་བསྟན་པ། ། བསྒོམ་མེད་ནན་ཏན་འབད་ནས་བསྒོམ།། མྱོས་པའི་དབང་གིས་གསལ་བ་བྱེད།། གཉེན་པོས་བསལ་བས་དོན་དང་བྲལ།། གཉིད་གསུམ་བསྲེ་ཤེས་གཏི་མུག་བརླག། ཆོས་ཉིད་ཀློང་དུ་གཉིད་ཐིམ་ཤེས། ། སངས་རྒྱས་ཡེ་ཤེས་ཀློང་དུ་ཐིམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྨུགས་པ་བདེ་བའི་བདུད་བྱུང་ན།། ངེས་དོན་ཆོས་སྐུ་ངོས་མི་ཟིན།། ཤེས་པ་མུན་སངས་ལྷག་མཐོང་མེད།། བསྒོམ་པ་བྱས་ཀྱང་གཏི་མུག་འཕེལ། ། རང་རིག་དྲན་པས་ཡེ་ཤེས་གསལ།། ལྟ་བས་ཟིན་ཕྱིར་ཆོས་ཀྱི་སྐུ།། འབྲས་བུ་འགྱུར་མེད་ཡེ་ཤེས་ཀློང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒོད་པ་མི་རྟོག་བདུད་བྱུང་ན།། གདམས་ངག་མེད་ཕྱིར་འདུན་པར་དགའ། ། དོན་བཏང་ནས་ནི་མི་ཆོས་བྱེད།། སྤོང་སྡུད་ཞེན་པས་ཡུལ་ལ་ཞེན།། སྤང་ཕྱིར་རིག་པའི་དོན་ཟིན་པས།། བ་མོ་ཉི་ཤར་བཞིན་དུ་སྟོངས།། གདེང་ཟིན་ཆོས་དབྱིངས་གནས་ཀྱི་མཆོག། འཕྲོ་བ་མི་གཡོའི་བདུད་བྱུང་ན། ། དོན་ལ་གོམས་པར་མ་བྱས་པས།། རིག་ཚོར་དྲན་པ་ཕྲ་མོ་རྒྱུ།། དོན་མེད་རྐུན་བུ་ཡང་ཡང་རྒྱུ།། མི་བརྗེད་པ་ཡི་གཟུངས་ཀྱིས་ཟིན།། རྣམ་རྟོག་རང་ཞི་རིག་པ་གསལ།། ཐམས་ཅད་ཆོས་སྐུར་འབྲས་བུ་མཆོག། དེ་དག་བསྒོམ་པའི་བདུད་བཞི་ཡང།། ལྷག་མཐོང་མེད་ལས་བྱུང་བ་ལ།། གདེང་ལྡན་ངེས་པའི་རྣལ་འབྱོར་ལ།། བསྒོམ་དུ་མེད་ཅིང་བདུད་རྣམས་སྟོངས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་བྱུང་གི་རྒྱུད་ལས། བསྒོམ་པའི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ། ། སྤྱོད་པའི་བདུད་བཞི་བྱུང་བ་ཡང།། སྣང་བའི་ཡུལ་ལ་ཞེན་པ་ནི།། ཡོན་ཏན་སྐྱོན་དུ་མ་ཤེས་ཕྱིར།། འདུ་འཛི་ལོངས་སྤྱོད་བདུད་བྱུང་ན།། གདམས་ངག་མེད་པར་ཚུལ་འཆོས་བྱེད།། མི་རྣམས་སྨོན་འདོད་གཞན་སེམས་འཛིན། ། དོན་བོར་བདག་འཛིན་ཕྲག་དོག་ལྟུང།། དེ་དག་དགྲར་ཤེས་ཞེན་པ་ཆུང།། བུ་བཞིན་ཆགས་མེད་དོན་གྱིས་ཟིན།། ལོངས་སྤྱོད་རང་གྲོལ་རོལ་པར་རྟོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཞེན་ཆགས་གནས་ཀྱི་བདུད་བྱུང་ན།། ཐོས་ཆུང་ཁང་ཆེན་ཉམས་དགའ་བརྩིགས།། བཀྲ་ཤིས་འདྲེ་མེད་ལྷ་ཡོད་ཟེར།། འདྲེ་བརྟེན་མཐུ་ཡོད་གཞན་ལ་སྡིག། གནས་ལ་མ་ཆགས་ངེས་མེད་ཤེས།། བདག་གནས་གཞི་ལ་མེད་རྟོགས་པས། ། གང་ན་འདུག་པ་འོག་མིན་གནས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོན་ཏན་གཡེང་བའི་བདུད་བྱུང་ན།། རིག་པ་ལྔ་ལྡན་བཀུར་སྟིར་ཞེན།། དོན་བོར་གཞན་དོན་རང་རྒྱུད་གོལ། ། ཞེན་ལོག་དོན་དྲན་ཟིལ་གྱིས་མནན།། བདུད་མེད་ཡེ་ཤེས་བསྐུལ་མར་ཤེས།། གཡེང་བ་བདག་གཞན་ཆོས་སྐུར་འགྲུབ།། འཁོར་ངན་སེམས་འཁྲུགས་བདུད་བྱུང་ན།། བལྟ་དམན་འཁོར་ལ་གདུང་དྲགས་པས། ། འགྲན་སེམས་ཆོག་ཤེས་མེད་པར་འདོད།། དད་ལོགས་བསྐུར་འདེབས་ཞེ་སྡང་སྐྱེ།། གདུང་སེམས་བསྐྱུངས་ལ་འབྲེལ་སེམས་བཅད།། བདུད་ནི་ཆོས་སྐུར་ཤེས་པ་ལས།། སྤངས་ཤིང་དོར་དུ་རྡུལ་ཙམ་མེད། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྤྱོད་པའི་བདུད་ནི་དེ་དག་ཀྱང།། སྣང་བ་ཡོད་ན་བདུད་ཀྱང་ཡོད།། དེ་ཕྱིར་ཡུལ་དང་འབྲེལ་པ་བཅད།། འབྲེལ་མེད་སེམས་ལ་བདུད་མི་འབྱུང།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སྤྱོད་པའི་བདུད་ཟིལ་གྱིས་མནན་པའི་རྟགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཉམས་ཀྱི་བདུད་ནི་དྲུག་གསུངས་པ།། མཁའ་འགྲོས་ལུང་སྟོན་བདུད་བྱུང་ན།། ཁྱོད་ནི་མ་འདུག་ཕན་གདགས་ཟེར།། འདོད་པ་སྙིང་ཞུགས་ཞེན་པ་ཚོལ།། མི་འགྲུབ་དཀའ་བ་སྣ་ཚོགས་བྱེད། ། ཞེན་པ་ཉིད་ནས་འདོད་པ་སྟོངས།། ལུང་སྟོན་བསླུ་བའི་རྫུན་དུ་ཤེས།། གཞི་ལ་མེད་ཤེས་རེ་དོགས་བྲལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉམས་མྱོང་ཞེན་པའི་བདུད་བྱུང་ན།། མི་རྟོག་ཞེན་པའི་བདེ་བ་ལ། ། འཕེལ་འགྲིབ་ཡོད་པར་ངེས་མེད་པས།། དོན་ལ་ཟིན་པས་ལུང་མ་བསྟན།། ལྷག་མཐོང་དྲན་པས་གདེང་དང་ལྡན།། དོན་ལ་འགྱུར་མེད་ནམ་མཁའ་བཞིན།། དམ་པར་བལྟ་མེད་སྒྲིབ་གཉིས་དག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞེ་འདོད་ཚུལ་འཆོས་བདུད་བྱུང་ན།། གདམས་ངག་མེད་པར་བསྒོམ་ཚུལ་སྟོན།། དབུལ་པོ་རྣམས་ལ་མཚམས་བཅད་ཟེར།། དད་ལྡན་གླེན་པ་ཐབས་ཀྱི་བསླུས།། ཆགས་ཆུང་ཚུལ་འཆོས་སྡིག་པོ་ཆེ། ། གཞི་ཉིད་མ་བཅོས་དྲང་པོར་གཅེས།། ཞེ་འདོད་མེད་པས་ཚུལ་འཆོས་བྲལ།། འདོད་མེད་གདེང་ལྡན་འབྲས་བུ་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བརྐམ་ཆགས་བདེ་བའི་བདུད་བྱུང་ཚེ། ། འདོད་ཆགས་འབར་ལ་བྱང་ཆུབ་རེ།། རང་གི་ཞེན་པས་འདོད་ཆགས་སྲིད།། དོན་དུ་མི་ཤེས་བྱང་མི་ཆུབ།། རང་རིག་དོན་ལས་དབང་མི་དགོས།། འདོད་སྤྱོད་རྐྱེན་ཐུབ་ཆོས་སྐུར་ཤེས།། བགེགས་མེད་ཡེ་ཤེས་སངས་རྒྱས་ཡིན། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡོན་ཏན་ཕྲག་དོག་ཞེ་སྡང་བྱེད།། དེ་ལ་ལན་འདེབས་རྨོངས་པ་ནི།། མཁས་ལ་སྐུར་འདེབས་དམྱལ་བར་འགྲོ།། གཞི་རྟོགས་དོན་ལ་སྐུར་དང་བྲལ།། ཞེ་སྡང་རང་གྲོལ་ཆོས་ཉིད་རྟགས། ། དེ་ཉིད་དུས་ན་བདུད་མེད་ཤེས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ང་རྒྱལ་སྒྲོ་འདོགས་བདུད་བྱུང་ཚེ།། གང་ཟག་སྨད་ཕྱིར་ཆོས་ལ་སྨོད།། ཆེ་ཆུང་བྱེད་ཅིང་བཀའ་རྐུན་བྱེད།། བསོད་ནམས་ཆུང་བ་དམྱལ་བར་འགྲོ། ། མན་ངག་གསང་ཐུབ་ཟིལ་གྱིས་གནོན།། ཡིད་ཆེས་རང་རིག་གདེང་ལྡན་པས།། ད་ལྟ་ཉིད་དུ་བདེན་པ་མཐོང།། དེ་དག་བདུད་ཀྱི་དབྱེ་བ་ཡང།། ལྟ་མེད་རྣམས་ལ་འབྱུང་བ་ལས། ། ལུང་ལྡན་ཀུན་གྱི་ཡོན་ཏན་ཏེ།། སངས་རྒྱས་ཆོས་ནི་བཅོ་བརྒྱད་ཡིན།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཉམས་ཀྱི་བདུད་ཟིལ་གྱིས་མནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཡོན་ཏན་སྐྱོན་དུ་གྱུར་པ་ནི།། ཀུན་རིག་སྟོན་པས་བཀའ་སྩལ་པ། ། ལུང་སྟོན་མངོན་ཤེས་རྫུ་འཕྲུལ་དང།། བདེ་ཆེན་སྟོབས་དང་གཏེར་རྙེད་དང།། མ་མཐོང་མཐོང་དང་མ་བསླབས་ཤེས།། དེ་དག་བརྒྱད་ཀྱིས་གཏན་ལ་དབབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་འདས་དང་མ་འདས་ལྷ། ། གཞན་གྱིས་ལུང་སྟོན་བྱུང་སྲིད་ན།། མི་འགྲུབ་དཀའ་བ་སྣ་ཚོགས་བྱེད།། རང་བསླུ་བར་ཆོད་འཁོར་བར་འཁྱམས།། སྔ་ཕྱི་དྲན་པའི་མངོན་ཤེས་ནི།། སྔོན་གྱི་བག་ཆགས་ལངས་པའི་ཕྱིར། ། དགའ་དང་མི་དགའི་བདུད་ཡིན་ཏེ།། དེ་ཚེ་ཆགས་སྡང་རང་རྒྱུད་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མྱུར་མགྱོགས་རྫུ་འཕྲུལ་ལྡན་གྱུར་ཀྱང།། རྣམ་ཤེས་རླུང་ཞོན་བདུད་ཡིན་ཏེ།། ཡང་བདེ་ཀུན་ཏུ་ལུས་ཕྱིན་ཡང། ། ལུས་བྲལ་བར་དོར་ཕན་མི་ནུས།། ལུས་ལ་བདེ་བ་འབར་གྱུར་ཀྱང།། ཞེན་པའི་འདོད་ཆགས་བདུད་ཡིན་ཏེ།། ལུས་ནི་གནས་སྐབས་འབྲེལ་པ་ཙམ།། རྐྱེན་མི་ཐུབ་ཕྱིར་ཤིན་ཏུ་གོལ། ། གཞན་གྱི་ཟིལ་གནོན་སྟོབས་ལྡན་ཀྱང།། མ་རིག་ཟིལ་གནོན་སྟོབས་མེད་ན།། ང་རྒྱལ་དབང་གིས་ཉོན་མོངས་འཕེལ།། དེ་ཕྱིར་འཁར་བ་འབའ་ཞིག་ལྟུང།། གཏེར་དང་གཞན་གྱི་ནོར་རྙེད་ན།། ཞེན་པའི་བདུད་ཀྱིས་རང་བསླུས་ཏེ། ། གཡེང་བའི་བསམ་པ་སྣ་ཚོགས་འཕེལ།། སྡུག་བསྔལ་འབའ་ཞིག་བདེ་བ་མེད།། སྔར་མ་མཐོང་བའི་ཡུལ་ལ་སོགས།། ད་ལྟའི་མིག་གིས་མཐོང་གྱུར་ན།། ཡིད་ཀྱི་རྣམ་རྟོག་བདུད་ཡིན་ཏེ། ། ཡེ་ཤེས་སྤྱན་གྱི་གོལ་སར་གསུངས།། མ་བསླབས་རིག་པ་ལྔ་ལྡན་པ།། ཤེས་ཀྱང་གཡེང་བའི་བདུད་ཡིན་ཏེ།། ཞེན་པའི་དབང་གིས་བརྩོན་གྱུར་ན།། དེ་ཕྱིར་བསམ་གཏན་གོལ་སར་བཤད།། དེ་དག་བདུད་དུ་ཤེས་གྱུར་ནས། ། གང་ཡང་ཡོན་ཏན་ལྟར་མེད་ན།། རེ་དོགས་བྲལ་བའི་གདེང་དང་ལྡན།། དོན་གྱི་གནས་ལུགས་རྟོགས་པ་ཡིན།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་བྱུང་གི་རྒྱུད་ལས། ཡོན་ཏན་སྐྱོན་དུ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྲིད་པ་བར་དོ་རྣམ་བཞི་ཡི། ། མ་རིག་འཁྲུལ་པའི་བར་དོ་ནི།། རྒྱུ་ནི་མ་རིག་རྣམ་གསུམ་ལ།། རྐྱེན་ནི་བག་ཆགས་གཉིས་ཀྱིས་གོལ།། གོལ་ས་བར་དོར་ལུས་སུ་ལེན།། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང།། སྐྱེ་རྒས་སྡུག་བསྔལ་ཟད་དུས་མེད། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལས་ཐར་ཅིང་ལྡོག་འདོད་པས།། ཀུན་བརྟགས་དགེ་རྩ་འདིར་བྱས་པས།། དགེ་བཅུ་སྦྱིན་སོགས་དད་པས་སྤྱད།། ཕྱི་མར་འབྲས་བུ་འདོད་པས་སེམས།། རྒྱུ་མཐུན་བག་ཆགས་མཐུ་བརྟས་པས། ། ལྷ་དང་མི་ཡི་གོ་འཕང་ཙམ།། སྨོན་ལམ་བཏབ་པའི་དབང་བཙན་ཡང།། དགེ་བའི་སྟེགས་ཟད་འཁོར་བར་འཁྱམས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གནས་འགྱུར་ལྷ་ཡི་བར་དོ་ལ། ། རྟོགས་དང་ལྷ་གཉིས་དུས་མཉམ་པས།། དུས་གསུམ་གཅིག་ལ་གཅིག་ཚང་ནས།། འབྲས་བུའི་སངས་རྒྱས་དུས་དེ་ཉིད།། མ་རྟོགས་ལྷ་བསྒོམ་རུ་ཏྲར་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྣམ་ཤེས་རླུང་ཞོན་བར་དོ་ལ། ། ཕྱི་ནང་རླུང་གི་བདེ་བསྒོམ་པས།། ཕག་མོ་ལ་སོགས་འཕོ་བ་བདུན།། འོད་གསལ་ཡེ་ཤེས་སྐུར་འདོད་པས།། དྲང་དོན་ཡིན་གྱི་ངེས་དོན་མིན།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སྲིད་པ་བར་དོར་འཁྱམས་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ། ། ཀུན་རིག་སྟོན་པ་ཆོས་རྗེ་ལ།། བདེན་པའི་དགོངས་དོན་འདི་སྐད་གསོལ།། ལུང་ལྡན་ངེས་པའི་གདམས་ངག་གིས།། བདུད་དེ་ཟློག་ཆོས་དཔེ་དོན་གང།། མ་རིག་རྒྱ་མདུད་ཇི་ལྟར་བཟློག། ཕྱི་ནང་ལ་ཟློའི་གཏན་ཚིགས་གང།། སྣང་བ་ཡུལ་གྱིས་གོལ་ས་གང།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། དེ་ཡི་ཟློག་ཆོས་བཀའ་སྩལ་པ།། དཔེ་ལས་འཁྲུལ་མེད་ཟློག་ཆོས་དང། ། དོན་གྱི་འཁྲུལ་མེད་ཟློག་ཆོས་དང།། རྟགས་ཀྱི་འཁྲུལ་མེད་ཟློག་ཆོས་རྣམས།། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། དེ་ལ་དཔེ་ཡིས་བཟློག་ཆོས་ནི།། ཐག་པ་སྦྲུལ་དུ་འཁྲུལ་སྲིད་ཀྱང།། ཐོ་ཡོར་སྦྲུལ་དུ་འཁྲུལ་མི་སྲིད། ། ལུང་མ་བསྟན་པས་འཁྲུལ་སྲིད་ཀྱང།། རང་བཞིན་གཞི་ལ་འཁྲུལ་པ་མེད།། ཐག་པ་མི་རུ་མི་འཁྲུལ་བཞིན།། རྟོགས་པའི་གཞི་ལ་འཁྲུལ་པ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྔ་མོ་རྟ་རུ་འཁྲུལ་སྲིད་ཀྱང། ། བྱ་ནི་རྟ་རུ་འཁྲུལ་མི་སྲིད།། ཡུལ་ནི་སེམས་སུ་འཁྲུལ་སྲིད་ཀྱང།། རིག་པ་བེམ་པོར་འཁྲུལ་མི་སྲིད།། འབྱུང་བ་ལྔ་ལ་རིག་པ་མེད།། དེ་ཕྱིར་ཡུལ་སེམས་འབྲེལ་པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དོན་གྱི་ཟློག་ཆོས་བསྟན་པ་ནི།། ཤེས་པ་ལུང་མ་བསྟན་པ་ལ།། འགྲོ་དྲུག་སེམས་ཅན་འཁྲུལ་པ་བྱུང།། ལྷུན་གྲུབ་སངས་རྒྱས་འཁྲུལ་མ་མྱོང།། དེ་ཕྱིར་གཞི་ལ་འཁྲུལ་པ་མེད།། རི་བོང་རྭ་ནི་མེད་ཤེས་བཞིན། ། དོན་གོ་ལོག་རྟོགས་འཁྲུལ་མི་སྲིད།། འདྲ་བ་ལས་ནི་ཡོད་འཁྲུལ་པ།། སེམས་ནི་ཡུལ་དུ་འཁྲུལ་པ་ཡིས།། གཟུང་འཛིན་ཞེན་པ་སྣ་ཚོགས་འབྱུང།། དེ་ཙམ་ཉིད་ནས་དོན་ལ་མེད།། དེ་ཙམ་དོན་གྱི་ཟློག་ཆོས་ཡིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། རྟགས་ཀྱི་ཟློག་ཆོས་ངེས་པ་འདིས།། ངེས་པའི་ལུང་ལྡན་རྣལ་འབྱོར་པས།། ཐ་མལ་འཁྲུལ་པ་འབྱུང་མི་སྲིད།། སངས་རྒྱས་མཚན་དང་དཔེ་བྱད་ཀུན།། ཐ་མལ་ལུས་སུ་འཁྲུལ་མི་སྲིད། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི།། མ་རིག་རྨོངས་པར་འཁྲུལ་མི་སྲིད།། ལུང་ལྡན་ངེས་པའི་གདམས་ངག་འདིས།། ཁམས་གསུམ་འཁོར་བར་འཁྱམས་མི་སྲིད།། གཞི་དང་མཐུན་པར་ཉམས་མྱོང་ཕྱིར། ། སྐྱེ་བ་ཕྱི་མ་ལེན་མི་སྲིད།། གཉིད་ནི་ཀློང་ཐིམ་དོན་ཤེས་ན།། བར་དོར་མུན་པ་འབྱུང་མི་སྲིད།། མ་བཙལ་གཟུགས་སྐུ་འབྱུང་བ་ལ།། སྔོན་དུ་དགེ་རྩ་བྱ་མི་དགོས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ངེས་དོན་རྟགས་ཀྱི་ཟློག་ཆོས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། མ་རིག་ཟློག་པའི་ཡེ་ཤེས་ནི།། དགག་བསྒྲུབ་མེད་པའི་རིག་པ་ལ།། གཞི་ལ་ཕྱོགས་སུ་ཞེན་པ་བཟློག། སྙོམས་བྱེད་ཐེ་ཚོམ་ཟ་བ་ནི།། ལྟ་བའི་གདེང་གིས་ཟིན་པས་བཟློག། གདམས་ངག་རང་གྲོལ་དྲན་པ་ཡིས། ། ལྔ་ཕྱི་དུས་གསུམ་འཁྲུལ་པ་བཟློག། ཆོས་སྐུ་གཅིག་ཏུ་རྫོགས་པ་ཡིས།། རྒྱུ་འབྲས་གཉིས་འཛིན་མཐའ་ལས་བཟློག། དགོངས་པའི་ངང་ལ་བློ་གནས་པས།། ཀུན་བརྟགས་ཕྲ་མོའི་ཆོས་ལས་བཟློག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་ཏི་ཐིག་ལེ་ཉག་གཅིག་གིས།། ཐེག་དགུའི་འདོད་པའི་ཆོས་ལས་བཟློག། རྒྱུན་ཆད་ཕྱོགས་ལྷུང་མེད་པ་ཡིས།། རང་འདོད་ང་རྒྱལ་མཐའ་ལས་བཟློག། འཛིན་མེད་རང་བྱུང་སྨན་ཆེན་གྱིས། ། འཁོར་བའི་གཅོང་རོང་ནད་ལས་བཟློག། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁྲུལ་མེད་དབྱེ་བ་རྣམ་བརྒྱད་ཀྱི།། ཞེན་འཁྲུལ་ཐམས་ཅད་གཞི་ནས་དག། དེ་ཕྱིར་ཆོས་ཉིད་གཅིག་ཤེས་པས། ། འཁྲུལ་རྨོངས་ཐམས་ཅད་དུས་གཅིག་སྟོངས། བུདྡྷ་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མ་རིག་བདུད་འཛིན་འཁྲུལ་པ་བཟློག་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །།། དེ་ནས་འདུས་པའི་སྙིང་པོ་ཉོན།། ཐུན་མོང་ཕྱི་རྟགས་གཏན་ཚིགས་ནི།། ནམ་མཁའ་རང་བཞིན་སྐྱེ་མེད་ཕྱིར།། གདོད་ནས་རང་བྱུང་སྟོང་པ་ཉིད།། རྐྱེན་གྱིས་གཞིག་ཅིང་གཞོམ་དུ་མེད། ། དེ་ཕྱིར་རང་བྱུང་སྐྱེ་མེད་ཡིན།། དེ་ཡི་ངང་ལས་འབྱུང་ཆེན་བཞི།། རོལ་པ་མ་འགགས་ཅིར་ཡང་སྣང།། ལས་དང་རྐྱེན་དང་བག་ཆགས་བརྟས།། ཕན་གནོད་དགེ་སྡིག་གཉིས་སུ་མཐོང། ། འབྱུང་བ་མ་འགགས་ནམ་མཁའ་བཞིན།། སྣང་སྟོང་གཉིས་མེད་དབྱེར་མེད་ཕྱིར།། དེ་ཕྱིར་མཚན་ཉིད་གཉིས་སུ་མེད།། ཡེ་ནས་གཉིས་མེད་ངང་གིས་སྟོང།། དེ་ལྟར་རྟོགས་པས་རང་གི་བློ།། ཡུལ་གྱི་འབྱུང་ལྔ་རིག་པ་མེད། ། དེ་ཕྱིར་གཟུང་འཛིན་རང་སར་གྲོལ།། ངོ་བོ་ཉིད་ཀྱིས་དམིགས་སུ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐུན་མོང་མ་ཡིན་ནང་བལྟས་པའི།། རང་སེམས་སྐྱེ་མེད་སྟོང་པ་ལ།། ཁ་དོག་དབྱིབས་ཀྱི་མཚན་མ་མེད། ། དེ་ཕྱིར་རང་བྱུང་སྐྱེ་བ་མེད།། རང་བྱུང་མ་སྐྱེ་ཡེ་གནས་ཡིན།། དེ་ལ་དྲན་རིག་མ་འགགས་པའི།། རིག་པ་གསལ་བ་རྒྱུན་མི་འཆད།། གང་དྲན་རོལ་པ་མ་འགགས་ཤེས།། དེ་ཙམ་ཉིད་ནས་ཆོས་སྐུར་ཤར། ། སེམས་ཉིད་སྟོང་དང་རིག་པ་གཉིས།། སོ་སོ་མ་ཡིན་གཅིག་གི་ངང།། དེ་ཕྱིར་མཚན་ཉིད་གཉིས་སུ་མེད།། དེ་ལ་ཐ་དད་དབྱེར་མེད་ཅིང།། ཡེ་ཤེས་རང་བྱུང་ངོ་བོ་ཉིད།། སེམས་དང་རོལ་པ་རང་སར་གྲོལ། ། གང་ཡང་གཞི་ལ་མེད་པའི་ཕྱིར།། རང་གི་བློ་གྲོས་ངོ་བོར་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཁྱད་འཕགས་ལ་ཟློའི་གཏན་ཚིགས་ནི།། ཉི་མ་དང་ནི་ཟེར་བཞིན་དུ།། ཕྱི་ནང་གཉིས་ཀ་གཟུགས་དང་སྐུ། ། ཡང་དག་ཉིད་ན་སྐྱེ་བ་མེད།། མ་སྐྱེས་རིག་པ་དངོས་མེད་གསལ།། གང་ཡང་ཡེ་ཤེས་མ་འགགས་ཤར།། དེ་ཙམ་ཉིད་ནས་ཞེན་མེད་རིག། རིག་པ་གང་དྲན་ཆོས་སྐུར་ཤར།། དེ་ཕྱིར་རྣམ་རྟོག་རྡུལ་ཙམ་མེད། ། དཔེར་ན་མར་དང་སྣུམ་བཞིན་དུ།། ཆོས་ཉིད་རང་གི་མཚན་ཉིད་ནི།། རིག་པ་ཆོས་སྐུ་གཉིས་སུ་མེད།། བསྲེས་པ་མ་ཡིན་ཡེ་གནས་ཡིན།། ཕྱི་ནང་མེད་པར་རང་གྲོལ་ཕྱིར།། ཆོས་ཉིད་ཞེན་པ་གཞི་ནས་དག། དེ་ཕྱིར་རང་བྱུང་མཐར་མ་ལྟུང།། དེ་ཉིད་ཡེ་ཤེས་རང་གྲོལ་གསུངས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཕྱི་ནང་ལ་ཟློའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྣང་བ་མེད་པའི་གཞི་ཉིད་ལ། ། སྤོང་སྡུད་ཞེན་པས་འཁྲུལ་པའི་སེམས།། མེད་པ་ལ་ནི་ཡོད་འཛིན་ལ།། རྨོངས་པ་ཀུན་གྱིས་ཤེས་པ་ལས།། སངས་རྒྱས་ཀུན་གྱིས་མི་མཁྱེན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུས་སེམས་བར་ན་རང་དབུགས་རྒྱུ། ། དབུགས་ནི་སེམས་ཀྱི་རྟ་ཡིན་ཕྱིར།། དབུགས་ལ་བརྟེན་ནས་སེམས་རྒྱུས་པས།། སྔ་ཕྱིའི་ཞེན་པ་སྣ་ཚོགས་བྱས།། དེ་མ་རིག་པས་ཤིན་ཏུ་གོལ།། སྤོང་སྡུད་ཞེན་པ་སྣ་ཚོགས་ཀྱང།། བསྡུ་ཡིས་མི་འདུས་གཅིག་མི་སྲིད། ། སྤང་གིས་མི་སྤངས་འབྲལ་བར་དཀའ།། ཞེན་པས་མི་ཞེན་འདྲེ་མི་སྲིད།། གཞི་ལ་མེད་པར་མ་ཤེས་པས།། འཁྲུལ་པའི་ཆོས་ལ་བདེན་པར་འཛིན།། སྣང་བ་ཆོས་དབྱིངས་གོལ་བར་གསུངས། ། བུདྡྷ་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སྣང་བའི་ཡུལ་གྱི་གོལ་ས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ། །།། དེ་ནས་ཀུན་རིག་སྟོན་པ་ཡིས།། དེ་ནས་འདུས་པའི་སྙིང་པོ་ལ།། རིག་འཛིན་གྲུབ་པ་ཐོབ་པ་ཡི།། བཀའ་རྟགས་ཆེད་དུ་བཀའ་སྩལ་པ།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། དོན་གྱི་ཁྱབ་དང་རྟོགས་པ་ཡིས། ། བྱིན་གྱིས་བརླབས་དང་བརྡའི་ཚིག་དོན།། སྣོད་ལྡན་བློ་དང་ལྡན་པ་ལ།། མ་ནོར་ངེས་པར་ངས་བཤད་ཀྱིས།། བརྗེད་མེད་དད་པའི་སེམས་ཀྱིས་ཉོན།། སངས་རྒྱས་སྙིང་པོ་ཆོས་སྐུ་ནི།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། ། རང་བྱུང་ཡེ་ཤེས་ངོ་བོ་ཡོད། ཀུན་ལ་ཁྱབ་པས་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཚེ་འོག་མིན་གནས་མཆོག་ཏུ།། སྔོན་གྱི་སངས་རྒྱས་རིགས་ལྔ་ལ།། ཚིག་ཏུ་མ་བསྟན་དོན་དུ་ཤར། ། རང་གི་རིག་པ་རྟོགས་ནས་རྒྱུད།། དཔལ་གྱི་དཔལ་གྱུར་ཀུན་བཟང་གིས།། རྒྱུད་བདག་རྡོ་རྗེ་སེམས་དཔའ་ལ།། ངེས་དོན་གདམས་ངག་དོན་བསྟན་པས།། དེ་ཕྱིར་བྱིན་གྱིས་བརླབས་ཞེས་བྱ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྤྲུལ་སྐུས་བརྡའ་ཡིས་བསྟན་པ་ཡང།། ཚིག་དོན་ལུས་དང་རྟགས་ཀྱི་བརྡའ།། རིག་འཛིན་སྤྲུལ་པ་བཞད་རྩལ་གྱིས།། ལྷ་གནས་མི་ཡི་ཡུལ་དུ་བྱུང།། དེ་ཚེ་ངེས་པའི་དོན་ཚིག་གི། ། ལག་ན་རྡོ་རྗེའི་སྤྲུལ་པ་ལས།། ཡང་དག་གདམས་ངག་སྔོན་བྱུང་ནས།། རྡོ་རྗེ་མི་འགྱུར་རྩལ་ལ་ནི།། སྡེབ་སྦྱོར་ལེགས་པའི་ཚིག་གིས་ནི།། དོན་དང་མཐུན་པར་བཀྲོལ་ནས་བཤད།། དེ་ཚེ་ངེས་དོན་གདམས་ངག་ནི། ། རྣམ་གཟིགས་སྤྲུལ་པ་སྒྲུབ་མཆོག་ལ།། ཚིག་ཉུང་དོན་འདྲེལ་གདམས་ངག་ཟབ།། གོ་སླ་གདེང་དུ་གྱུར་པར་བསྟན།། དེ་ཡིས་བྱམས་མགོན་སྐུའི་སྤྲུལ་པ།། མི་བརྗེད་གཟུངས་ཐོབ་གྲོགས་བཙལ་ལ། ། བསྟན་པ་ཙམ་གྱིས་སངས་རྒྱས་པའི།། རང་བྱུང་ཆོས་སྐུ་མངོན་དུ་གོ།། དེ་དུས་སྒྲོལ་མའི་སྐུ་སྤྲུལ་པའི།། རིན་ཆེན་རྩལ་ལ་མངོན་བསྟན་པས།། དུག་ལྔ་རང་གྲོལ་མངོན་གྱུར་ནས།། སྒྲིབ་གཉིས་མ་སྦྱངས་མངོན་སངས་རྒྱས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུད་གསུམ་མ་ནོར་གདམས་ངག་ནི།། སྲས་ལ་རྒྱལ་སྲིད་གཏོད་པ་བཞིན།། ཡང་ཏི་གདམས་ངག་མ་ནོར་པ།། བར་མ་ཆོད་ཅིང་མ་བསླད་དོན།། ཤེས་རབ་བློ་ལྡན་སྣོད་ལ་ཡིན། ། དེ་ཉིད་མངོན་དུ་ཕྱུང་བ་བསྟན།། བུདྡྷ་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། རིག་འཛིན་གྲུབ་པ་ཐོབ་པའི་བཀའ་རྟགས་དངོས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ལམ་ལྔ་རྫོགས་པར་བཀའ་སྩལ་པ། ཅིག་ཆར་རྫོགས་ལ་རིམ་པ་ནི། ། དད་པ་ཡིས་ནི་ལུང་ལྡན་ལ།། ཡིད་འཐད་འབུལ་ནུས་ཚོགས་ཀྱི་ལམ།། བསམ་པ་བཟང་པོ་གསེར་འདྲ་གྲུབ།། བླ་མས་གནད་ཕྱིན་ཐེ་ཚོམ་མེད།། དེ་དུས་མཁའ་འགྲོ་མཆོད་བྱས་ནས།། སྦྱོར་བ་མེ་འདྲ་གང་ཡང་འགྲུབ། ། དེ་ཕྱིར་སྦྱོར་བའི་ལམ་དུ་གསུང།། ལུང་ལྡན་གདམས་ངག་གདེངས་ལྡན་པས།། བློ་ལྡན་ཡིད་ཆེས་གདེངས་ལྡན་ཕྱིར།། ལོང་བ་མིག་ཕྱེད་གནམ་མཐོང་བཞིན།། ཆོས་ཉིད་བདེན་པའི་ལམ་ཞེས་བྱ། ། དོན་དེ་གོ་ནས་རྒྱུད་དུ་ནི།། འབྲལ་མེད་དབང་ཐོབ་ངེས་བསྟན་ཕྱིར།། ཆུ་ཆེན་བཞིན་དུ་གནས་འགྱུར་མེད།། བདེན་པ་བསྒོམས་པའི་ལམ་ཞེས་བྱ།། སྙན་རྒྱུད་ངེས་པའི་གདམས་ངག་འདི།། རང་གི་ཐུགས་ལ་དོན་རྫོགས་ཕྱིར། ། དབུལ་པོས་ནོར་ཆེན་རྙེད་པ་འདྲ།། དེ་ཕྱིར་མཐར་ཕྱིན་ལམ་ཞེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ལམ་ལྔར་བསྟན་པ་ཡང།། གང་ཟག་དྲང་ཕྱིར་བསྟན་པ་ལས།། དོན་ལ་རིམ་པར་དབྱེ་རུ་མེད། ། སྣོད་བཅུད་འཛོམ་པས་ཀུན་ཀ་རྫོགས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ལམ་ལྔ་དུས་གཅིག་ཏུ་རྫོགས་པར་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། གདམས་ངག་མངོན་དུ་བསྟན་པ་ཡིས།། རིག་འཛིན་སེམས་དཔས་དོན་རིག་ནས།། ཐ་མལ་རང་རྒྱུད་ཞེས་པ་ནི། ། ལུང་བསྟན་གདམས་ངག་འདིར་བསྟན་པས།། རྩལ་མེད་ངང་ལ་རིག་པ་འཕྱོ།། ཞེན་མེད་རང་གསལ་སྨན་ཆེན་གྱིས།། འཁོར་བར་འཛིན་པའི་ནད་ཆེན་སེལ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། གཞི་དང་འདུག་ཚུལ་སྣང་ཚུལ་དང།། ལུས་གནས་ངོ་བོ་གདམས་ངག་དང།། གནས་སྐབས་མཐར་ཐུག་འབྲས་བུ་རྣམས།། ང་ཡིས་བསྟན་གྱིས་ལེགས་པར་ཉོན།། ཡེ་ནས་གནས་པའི་གཞི་ཉིད་ནི། ། གདོད་ནས་མ་བཅོས་རང་བྱུང་སྟེ།། དེ་ཡི་དོན་གྱིས་ཀུན་ལ་ཁྱབ།། ཡེ་ཤེས་འགྱུར་མེད་ཀུན་གྱི་གཞི།། དེ་ཡི་འདུག་ཚུལ་ངང་ལ་རིག། སུས་ཀྱང་མ་བྱས་ཡེ་ནས་ཡོད།། ས་ལེ་བ་ལ་ཁ་དོག་མེད།། རང་བཞིན་གསལ་བའི་འདུག་ཚུལ་ཡིན། ། རང་བྱུང་རིག་པའི་སྣང་ཚུལ་ནི།། ཕྱོགས་ཞེན་གང་ཡང་མེད་པའི་ཕྱིར།། ཕྱི་ནང་མེད་པ་ཆོས་ཀྱི་སྐུ།། ཟང་ཐལ་འགྱུར་མེད་ཡེ་ནས་ཡོད།། གདོད་ནས་རང་བྱུང་དག་པའི་སྐུ།། རང་གི་ལུས་ལ་གནས་པའི་ཚེ། ། རང་གི་གཟུགས་ཀྱི་ནང་ན་ནི།། རང་བྱུང་རིག་པ་བཞི་ལྡན་ཡོད།། དེ་ཡི་ངོ་བོ་གཅིག་ཏུ་འདུས།། མངོན་གསལ་བ་ཡི་བདག་ཉིད་ཅན།། དེ་ཉིད་ལྷང་ངེ་ལྷན་ནེ་བ།། རྡོ་རྗེ་རང་བྱུང་འགྱུར་བ་མེད། ། དེ་དོན་ངེས་པའི་གདམས་ངག་འདི།། ཚིག་དང་ཡི་གེའི་ཡུལ་ལས་འདས།། རང་བྱུང་རིག་པ་སྐྱེ་འགག་མེད།། སྟོན་ཁའི་ནམ་མཁའ་སྤྲིན་མེད་འདྲ།། གནས་སྐབས་དགོངས་པ་མཐར་ཕྱིན་པས།། མ་བཙལ་མ་བསྒྲུབས་མྱ་ངན་འདས། ། ལས་དང་ཐུགས་རྗེ་ད་ལྟ་འཛོམ།། དེ་ཕྱིར་འབྲས་བུ་མངོན་དུ་གྱུར།། མཐར་ཐུག་ཕྱི་རབས་རྣལ་འབྱོར་ཀུན།། ངེས་དོན་གདམས་ངག་འདི་རྙེད་པས།། ཉམས་ཀྱི་དགོངས་པ་གདེངས་ལྡན་འགྱུར། ། ཤེས་རབ་ཀློང་དུ་མངོན་སངས་རྒྱས།། དེ་ནས་འདུས་པའི་སྙིང་པོ་ཉོན།། དེ་དག་རྩ་བ་མདོར་བསྡུ་ན།། ཁྱུང་ཆེན་ནམ་མཁར་ལྡིངས་པ་བཞིན།། ཆོས་སྐུའི་རིག་པ་སྤྲོ་བསྡུ་མེད།། བློ་ཡིས་མ་སྤྱད་རེ་དོགས་བྲལ། ། ཡེ་ཤེས་མཐར་ཕྱིན་ལྷུན་གྱིས་གྲུབ།། བུདྡྷ་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་བཀའ་རྟགས་ཀྱི་གདམས་ངག་མངོན་དུ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དད་ལྡན་འཁོར་གྱི་དོན་ཆེད་དུ།། ཀུན་རིག་ཆོས་ཀྱི་སྟོན་པ་ལ།། བདེན་པའི་དགོངས་དོན་འདི་སྐད་གསོལ། ། རྟོགས་པའི་ཡེ་ཤེས་རང་གནས་སུ།། རིག་པ་བྱིན་གྱིན་བརླབས་པའི་ཕྱིར།། མ་རིག་ཡེ་ཤེས་ཇྀ་ལྟར་དབྱེ།། ཕྱེད་པའི་ཡོན་ཏན་ཇི་ལྟར་འབྱུང།། རྟོགས་གཞི་མྱ་ངན་འདས་པ་གང།། དེ་ལས་སངས་རྒྱས་ཇི་ལྟར་འབྱུང། ། གཞི་གསུམ་འབྲེལ་པ་ཡོད་དམ་མེད།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མ་རིག་ཡེ་ཤེས་དབྱེ་བ་ནི།། སེམས་ནི་ཆུ་འདྲ་ཐམས་ཅད་སྡུད། ། ཡེ་ཤེས་ཉི་མས་ཐམས་ཅད་བསྲེག། ལྕབ་ལྕིབ་ཆུ་ཡིས་སྡུད་ནུས་ཀྱང།། མེ་བཞིན་བསྲེག་པའི་ནུས་པ་མེད།། ཆུ་ཡི་རྒྱ་མཚོའི་གླིང་དགུ་ཡང།། དུས་ཀྱི་མེ་ཡིས་བསྲེགས་ཤིང་བསྐམ། ། དེ་བཞིན་སྐད་ཅིག་ཏིང་འཛིན་གྱིས།། སྒྲིབ་པའི་ཕུང་པོ་བརླག་ཅིང་སྟོང།། རིག་པའི་ཡེ་ཤེས་རྟོགས་པ་ཡིས།། བག་ཆགས་སླར་བསྲེགས་གཏན་མི་སྐྱེ།། སེམས་ཀྱི་བག་ཆགས་འཁོར་བའི་རྒྱུ།། སེམས་ནི་ཅིར་ཡང་མནོ་ཞིང་རྒྱུ། ། གང་དྲན་ཆགས་སྡང་ཞེན་པར་བྱེད།། ཡེ་ཤེས་ཀྱིས་ནི་ཉོན་མོངས་བསྲེགས།། དེ་ཕྱིར་སེམས་ནི་འཁྲུལ་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་འཁྲུལ་རིག་པའི་ཡེ་ཤེས་ཀྱིས།། ཉོན་མོངས་མ་ལུས་རྩད་ནས་འཇོམས། ། ཆུ་ཡིས་ལྦུར་སྡུད་བསྲེག་མི་ནུས།། ཇི་ལྟར་མེ་ལྕེའི་རྩེ་མོ་ལ།། སྦྲང་བུ་འདུ་བར་ག་ལ་ནུས།། དེ་བཞིན་སེམས་ཀྱིས་སངས་མི་རྒྱ།། གཞི་ཡི་ཡེ་ཤེས་རྟོགས་པ་ལ།། ཉོན་མོངས་བག་ཆགས་གནོད་མི་ནུས། ། སྔ་ཕྱི་བྲལ་བའི་ཆོས་ཉིད་ལ།། ཡེ་ཤེས་ཞེས་ནི་དེ་ལ་བྱ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མ་རིག་ཡེ་ཤེས་ཤན་དབྱེ་བའི་ལེའུ་སྟེ་ཉེར་དྲུག་པའོ།།།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཤན་དབྱེ་དངོས་ཀྱི་ཡོན་ཏན་ནི།། སངས་རྒྱས་དམྱལ་བ་ཡན་ཆད་དུ།། མ་བཅོས་ལྷུན་གྲུབ་བཙལ་དུ་མེད། ། རང་བྱུང་ཡེ་ཤེས་བདག་མེད་སྐུ།། ཡེ་ཤེས་ཅན་ལ་སྐྱོན་མ་གོས།། རང་རིག་ཆོས་སྐུར་ངེས་པའི་དོན།། མི་གནས་ཤེས་རབ་ཕ་རོལ་ཕྱིན།། སྐྱེ་འགགས་མེད་པའི་ཀློང་དུ་གྲོལ།། འཁོར་ལོ་བསྒྱུར་རྒྱལ་བསོད་ཆེས་ཡང། ། བྲམ་ཟེའི་དམོད་མོས་བརླག་པར་བྱེད།། དེ་བཞིན་བག་ཆགས་སྦྱངས་དཀའ་བ།། སྙིང་པོ་དོན་གྱི་བཅུད་མཐོང་བས།། སྐད་ཅིག་གཅིག་ལ་རང་དག་གྲོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། གཉིས་མེད་བདེ་ཆེན་ཡོངས་ལ་ཁྱབ།། དུག་ལྔ་བསྐྱེད་པའི་ཡུལ་འདི་ནི།། འདམ་དང་འདྲ་སྟེ་རྐྱེན་ལས་བྱུང།། པདྨ་འདྲ་སྟེ་གོས་པ་མེད།། དེ་བཞིན་ཡང་ཏིའི་ཆོས་འདི་ལ།། འཁོར་འདས་རེ་དོགས་སྐྱོན་མ་གོས། ། ནམ་མཁའི་ངང་ལས་གཡོས་མེད་བཞིན།། ཆོས་ཉིད་རྟོགས་པའི་ངང་ལས་ནི།། དུས་གསུམ་འགྱུར་མེད་ཀུན་ཏུ་བཟང།། རྐྱེན་དང་བྲལ་བའི་བྱང་ཆུབ་ལ།། ལས་ཀྱི་རྒྱུ་འབྲས་མེད་པའི་ཕྱིར།། མ་བྱུང་མ་སྐྱེས་ཆོས་སྐུ་ལ། ། ཚིག་གི་རྐྱེན་གྱི་མཐར་མི་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་དོན་ལ་བདག་མེད་པས།། རྣམ་པར་མི་རྟོག་ལྷུན་གྱིས་གྲུབ།། བྱ་བཙལ་མི་མངའ་རྟོགས་པའི་ལམ།། སྟོང་པ་ཕྱོགས་ལྷུང་ཡུལ་དང་བྲལ། ། ཡོད་པར་འཛིན་པའི་དངོས་པོ་སྟོར།། ཡེ་ནས་ཡོད་པའི་དོན་ཤེས་ན།། ལྷ་ཡི་དཀྱིལ་འཁོར་བསྐྱེད་མི་དགོས།། རང་རིག་ཡེ་ཤེས་རྟོགས་པའི་ལྷ།། འཛབ་དང་བསྙེན་པ་འབུལ་མི་དགོས།། ལྟ་བ་རིག་པའི་ཡེ་ཤེས་དེ། ། མཚན་མར་མི་འགྱུར་ནམ་མཁའ་བཞིན།། ཞེན་དང་མ་ཞེན་དགེ་སྡིག་གཉིས།། བླང་དོར་བྱེད་པ་བྱིས་པའི་ཆོས།། ཡེ་ཤེས་འབའ་ཞིག་ལས་བྱུང་བ།། ཐམས་ཅད་རང་བྱུང་ཤར་བ་བཞིན། ། ཆོས་རྣམས་ཀུན་གྱི་སངས་རྒྱས་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉོན་མོངས་སྐྱེ་དང་གཉེན་པོ་གཉིས།། གཅིག་ཡོད་ཙམ་ན་གཅིག་མེད་ཕྱིར།། གློ་བུར་ཡིན་གྱིས་དོན་ལ་མེད།། རེ་དོགས་གང་ཡང་མེད་པ་ཡིས། ། ཀ་དག་པ་ཡི་ཡེ་ཤེས་ལ།། སྐྱོན་གྱིས་བསླད་པའི་ཆོས་མེད་པས།། མཚམས་མེད་ལྔ་དང་ཆོས་སྤྱོད་བཅུ།། རྟོགས་པའི་དོན་ལ་ཁྱད་མེད་ཕྱིར།། སྤོང་དང་ལེན་པའི་སྣང་བ་ལ།། མཐའ་དབུས་མེད་ཤེས་རྟོགས་པ་བྲལ། ། ཡེ་ནས་རྣམ་དག་ལྷུན་གྱིས་གྲུབ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མ་རིག་ཡེ་ཤེས་ཤན་དབྱེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ། །།། དེ་ནས་དད་ལྡན་འཁོར་རྣམས་ལ།། རྟོགས་གཞི་མྱ་ངན་འདས་པ་ནི།། ཀུན་བཟང་སྟོན་པས་བཀའ་སྩལ་པ།། སངས་རྒྱས་ཀུན་གྱི་རྟོགས་པའི་དོན། ། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ།། ཡེ་ནས་ཡོད་དང་རྟོགས་པ་གཉིས།། སྔ་ཕྱི་མ་ཡིན་དུས་མཉམ་དུ།། གཅིག་པར་རྟོགས་པ་སངས་རྒྱས་པ།། ཀུན་ཏུ་བཟང་པོའི་དགོངས་པ་དེ།། རི་བོ་ཏ་ལར་ཉི་ཤར་འདྲ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྲིད་པ་མ་ཆགས་སྟོང་པའི་ཚེ།། འབྱུང་བ་མ་ཆགས་གདོད་ནས་མེད།། དེ་དུས་ཡེ་ནས་ཆོས་ཉིད་དེ།། ཡེ་ནས་མ་འཁྲུལ་རིག་པ་ཡིས།། དེ་ཉིད་ཡིན་པར་ངོ་ཤེས་པས།། གཞི་དང་རྟོགས་པ་གཅིག་ཏུ་ཤེས། ། དེ་ཕྱིར་ཐོག་མཐའ་དུས་ཅིག་ཆོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཀུན་བཟང་དགོངས་པ་དེ།། རང་བྱུང་ཆོས་སྐུ་ཡེ་ནས་ཡིན།། དེ་ཕྱིར་རྒྱུ་རྐྱེན་འདུས་མ་བྱས།། རྟོགས་པ་ཀུན་ལ་ཆོས་ཉིད་ཁྱབ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་རིག་པའི་ཡེ་ཤེས་ཐུགས།། དེ་ལས་གཞན་དུ་གཡོས་པ་མེད།། ཐིག་ལེ་ཉག་གཅིག་ཡེ་ཤེས་སྐུ།། སངས་རྒྱས་ཆོས་སྐུ་དེ་ལས་བྱུང།། དེ་ཕྱིར་ཀུན་ཏུ་བཟང་པོར་གནས། ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། རྟོགས་པའི་གཞི་མྱ་ངན་ལས་འདས་པའི་ལེའུ་སྟེ་ཉེར་བརྒྱད་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཀུན་བཟང་རྟོགས་དོན་ཆོས་སྐུ་དེ།། རྡོ་རྗེ་སེམས་ལ་དངོས་བསྟན་པ།། ཕྱི་རབས་དོན་དུ་བསྟན་པའི་ཆོས། ། རྒྱུད་ལུང་མན་ངག་རྣམ་གསུམ་བྱུང།། གཞིར་བཞག་རང་བྱུང་ཆེན་པོ་ལ།། བག་ཆགས་ཀ་ནས་མེད་པའི་ཕྱིར།། འཛིན་པར་ཞེན་པའི་བྱ་བ་བཏང།། གང་ལའང་འཛིན་པར་བྱར་མེད་དེ།། དེ་དོན་གཉིས་ཆར་རིམ་གྱིས་ནི། ། རང་རིག་རྟོགས་པའི་སངས་རྒྱས་བྱུང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ལྟ་གང་ན་གནས་པ་ནི།། ལུང་ལྡན་ངེས་དོན་རྟོགས་པར་བྱ།། རྒྱུ་འབྲས་ལྟོས་པས་ཞེན་པ་མེད།། མ་ཚོར་ཡིད་ལ་བྱེད་པ་མེད། ། བཏང་སྙོམས་ལྟེངས་པོའི་མུན་པ་སངས།། གོལ་མེད་ནམ་མཁའ་ལྟ་བུ་ལ།། ཞེན་མེད་རང་བྱུང་ཆོས་སྐུ་གསལ།། དེང་འདུས་རིག་པའི་སྙིང་པོ་གསལ།། དེ་རྟོགས་རྣམ་པ་བཅུ་གཅིག་ལྡན། ། དངོས་པོ་མེད་པའི་བྱ་བ་བཏང།། དེ་ཉིད་རྟོགས་པ་མངོན་གྱུར་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐ་མ་སྐྱེ་ཤིའི་དུས་བྱུང་ཚེ།། ཡེ་ནས་དག་པའི་རང་བཞིན་ཕྱིར།། གཞི་གནས་འཁྲུལ་མེད་བྱ་བ་བཏང། ། དབང་པོས་གཟུང་བའི་ཡུལ་མེད་ཕྱིར།། རྟོགས་ཚུལ་རང་བཞིན་དག་པ་ལ།། གྲུབ་མཐའི་བློ་ཡི་བྱ་བ་བཏང།། དེ་ཚེ་རྗེས་དྲན་དྲུག་དང་ནི།། འབྲས་བུ་ཡོན་ཏན་ལྔ་ལྡན་ཕྱིར།། དེ་ཚེ་སྐད་ཅིག་དེ་ཉིད་ལས། ། སངས་རྒྱས་ས་ལ་ངེས་པར་འགྲོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སངས་རྒྱས་ཀྱི་བྱུང་ཚུལ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། གཞི་གསུམ་འབྲེལ་པ་ཡོད་མེད་པ།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ངེས་དོན་ཆོས་ཀྱི་སྐུ་དང་ནི།། འཁོར་གཞི་ལུང་མ་བསྟན་དག་ནི། ། གནས་སྐབས་མཐར་ཐུག་གཉིས་ཀ་ཡི།། འབྲེལ་པ་མེད་པས་འཁོར་བ་སྟོངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་ལུས་དང་ཆོས་སྐུ་གཉིས།། གནས་སྐབས་འབྲེལ་པ་མཐར་ཐུག་ཡོད། ། དེ་ཕྱིར་ལུང་ལྡན་ཕྲད་དུས་ན།། ཐིག་ལེ་ཡེ་ཤེས་རྟོགས་ཕྱིར་རོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཉིས་ཀའི་གཞི་དང་ལུང་མ་བསྟན།། གནས་སྐབས་ཡོད་ལ་མཐར་ཐུག་མེད།། དེ་ཕྱིར་གཏི་མུག་སངས་དུས་ན། ། ཆོས་སྐུ་གཅིག་ཏུ་ཤེས་པས་ཆོག། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། གཞི་གསུམ་འབྲེལ་པ་ཡོད་མེད་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ། །།། དེ་ནས་འདུས་པའི་སྙིང་པོ་ཉོན།། ཀུན་ཏུ་བཟང་ལ་འདི་སྐད་གསོལ།། གོལ་མེད་ཆོས་དབྱིངས་གང་གིས་བྱ།། ཡུལ་དུ་མ་འབྲེལ་རིག་པ་གང།། དེ་གཉིས་དུས་མཉམ་ལྟ་བ་གང། ། ལྟ་བ་མདོར་ནི་ཇི་ལྟར་བསྡུ།། རིག་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། སྣང་བ་ཆོས་དབྱིངས་བཀའ་སྩལ་པ།། ཡུལ་གྱི་རྟོག་པ་གསུམ་བྲལ་བའི།། སྣང་བ་མ་བཅོས་ཆོས་ཉིད་ལས། ། རིག་པ་མ་བསླད་ཡེ་ཤེས་ནི།། བེམ་རིག་ཕྱེད་ན་སྐུ་དང་དབྱིངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྟེང་གི་ཆོས་དབྱིངས་ཆོས་སྐུར་གཅིག། བར་དུ་ཡེ་ཤེས་སྒྱུ་མའི་དབྱིངས།། འོག་གི་སྣང་བ་འབྱུང་བའི་དབྱིངས། ། གཅིག་ལ་ཐ་དད་ངོས་འཛིན་ན།། འགལ་བ་མེད་དེ་ཀུན་གྱི་དབྱིངས།། ད་ལྟ་སྣང་བའི་ཆོས་རྣམས་ལ།། མི་བརྟག་མི་བཟུང་མ་བྲལ་ཙམ།། སྒོ་ལྔ་མ་འགགས་རང་ཡན་ལ།། རིག་པ་རང་དྲན་དབྱིངས་ནས་འཕྱོ། ། གང་ཡང་རུང་བ་གཅིག་ལ་ཡང།། སྒྲོ་སྐུར་མེད་པ་ཆོས་དབྱིངས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡུལ་འདི་མེད་པའི་དོན་ཤེས་ཀྱང།། ད་དུང་བག་ཆགས་ཆ་འདྲ་ཡིས།། ཆུ་ཟླ་སྨིག་རྒྱུ་དུ་བ་བཞིན། ། འོད་ཀྱི་ཟེར་བུ་མེ་ལོང་ཙམ།། དོན་ལ་ཤེས་མེད་རིག་པ་དང།། སྣང་ཡང་སྣོད་མེད་རྟོགས་པ་ཡིན།། ཆོས་སྐུ་འཕྱོ་བ་ནམ་མཁའི་ཀློང།། ཡིན་དང་མིན་གྱིས་ཅི་ཞིག་བྱ།། ཆོས་ཀྱི་དབྱིངས་སུ་དེ་ལ་བཏགས། ། འཁྲུལ་པའི་རྟོག་པས་གཞི་མི་འགྱུར།། བཙལ་བའི་བསམ་པས་དབྱིངས་མི་སྤྱོད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སྣང་བ་མ་བཅོས་ཆོས་ཀྱི་དབྱིངས་གཏན་ལ་ཕབ་པའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ཡུལ་མེད་རིག་པ་བཀའ་སྩལ་པ། ། ལུང་ལྡན་བླ་མའི་གདམས་ངག་འདི།། མ་རིག་འཁྲུལ་པ་ཕྱི་ན་ཡོད།། རང་རིག་ཡེ་ཤེས་ནང་ན་ཡོད།། ཕྱི་ནང་བར་དུ་ནམ་མཁའ་དབྱེ།། སེམས་རིག་ཕྱེད་པས་རང་བྱུང་རྟོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སྤྲིན་མེད་ནམ་མཁར་ཉི་ཤར་བཞིན།། ཡུལ་མེད་དྲན་པའི་རིག་པ་དེ།། ཞེན་མེད་རང་རིག་ལྷག་མཐོང་ངོ།། རིག་པ་ཤེས་པས་མ་རིག་སངས།། རིག་པའི་ཀློང་དུ་ཆོས་ཉིད་དྲན།། རང་བྱུང་ཀློང་ནས་ཡེ་ཤེས་ཤར། ། རིག་པའི་ངང་ལ་ཆོས་ཉིད་ཞོག། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཚེ་ཀུན་བཟང་ཆོས་དྲུག་གིས།། གཞི་གནས་མ་རིག་དྲུག་བཅོམ་སྟེ།། ཉུག་ཙམ་ཉིད་ན་ཚིག་ཙམ་སྟོང།། རིག་ཙམ་བྱུང་ན་རིག་འགྲིབས་བརླག། སལ་གྱིས་བྱུང་བས་མུན་པ་སངས།། ཝལ་གྱིས་བྱུང་བས་འཐིབ་པ་མེད།། སྒྲོ་སྐུར་བྲལ་བས་མ་རིག་དག། འགྱུར་བ་མེད་པས་ནམ་མཁའ་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁྲུལ་པ་མ་རིག་ལོག་བཅོམ་ནས། ། ལུང་མ་བསྟན་པར་རང་བརླག་སྟོང།། བེམ་རིག་ཕྱེད་པས་གཞི་དང་ཕྲད།། དེ་ཕྱིར་མ་རིག་མུན་པ་སངས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཡུལ་དང་འབྲེལ་མེད་ཀྱི་རིག་པ་ངོས་བཟུང་བར་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། དུས་མཉམ་ལྟ་བ་བཀའ་སྩལ་པ། ། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། རྒྱུ་རྐྱེན་མ་བསྐྱེད་ཡང་དག་ཡོད།། ཡིན་མིན་བློ་ཡིས་མ་བཅོས་པར།། འདུས་མ་བྱས་པའི་ནམ་མཁའ་འདྲ།། དེ་ཡི་རྟོགས་ཚུལ་ཡེ་ཤེས་དེ།། ཀུན་བཟང་ཉིད་ནི་གདོད་ནས་ནི། ། རང་རིག་ཆོས་སྐུ་ཡིན་པར་རྟོགས།། རི་བོ་ཏ་ལའི་རྩེ་མོ་འདྲ།། དེ་ཡི་དེ་ཉིད་མཚོན་པའི་དཔེ།། མཐའ་དབུས་མེད་པས་ནམ་མཁའ་འདྲ།། རྣམ་རྟོག་འཇོམས་པས་རྡོ་རྗེ་འདྲ།། སྐྱེ་བ་མེད་པས་ཨ་དང་འདྲ། ། འདྲ་བའི་ཕྱིར་ན་དོན་མ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཏན་ཚིགས་ངེས་པ་གང་ཡིན་པ།། རང་བྱུང་འཁོར་བར་འཁྱམས་མ་མྱོང།། དེ་རྟོགས་འབྲས་བུ་དུས་འདི་རུ།། མཐའ་བྲལ་མངོན་གྱུར་བདེན་པ་མཐོང། ། དེ་ཡི་བཟློག་ཆོས་དེད་པ་དང།། མཐུན་པ་མི་མཐུན་གཉིས་ལོགས་པས།། གོལ་སྒྲིབ་སྐྱོན་གྱིས་མ་གོས་པ།། སེམས་ལས་མ་བྱུང་ཆོས་སྐུར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་གི་སེམས་ཉིད་ངེས་པ་དེ། ། གང་དང་འདྲ་མེད་ཡིན་པ་མེད།། ཡིན་ནི་ད་ལྟའི་ཤེས་པ་ལ།། དེ་དོན་ཀུན་ལ་གནས་པའི་ཕྱིར།། འཆར་ནུབ་འབྲལ་བ་མེད་པའི་མཆོག། ལ་ཟློས་སྤང་ལེན་ངོ་ཤེས་པས།། སྐྱོན་མེད་ཐམས་ཅད་མེད་པར་དག། དེ་ཕྱིར་དུས་འདིར་འབྲས་བུར་འགྲུབ།། ཕྱི་མར་སངས་རྒྱས་སྨོས་ཅི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་དབྱིངས་ཆོས་སྐུ་གཅིག་གི་ངང།། རང་བྱུང་རིག་པའི་ཡེ་ཤེས་དེ། ། ཉི་ཟླ་གཟས་ཟིན་དཔེ་བཞིན་དུ།། དོན་ཀུན་དུས་གཅིག་ཡོན་ཏན་རྫོགས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཆོས་ཀྱི་སྐུ་དང་དབྱིངས་དུས་མཉམ་པར་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རིག་པ་ཆོས་སྐུར་བལྟ་ཤེས་ན།། ཀུན་ལ་ཁྱབ་པའི་རིག་པ་ཡིས། ། འདུས་མ་བྱས་པའི་དོན་རྟོགས་ནས།། མཐའ་བྲལ་རིག་པ་གཅིག་ཡིན་ན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་གཞི་མཉམ་ཉིད་རྒྱལ་བའི་ཐུགས།། མ་ལུས་སེམས་ཅན་ཀུན་ལ་གནས། ། ཆོས་སྐུས་ཁྱབ་པས་རྒྱལ་བའི་སྐུ།། མཐའ་དབུས་མེད་པས་ནམ་མཁའ་འདྲ།། རིག་པ་མ་བསླད་གཉུག་མར་གནས།། དམིགས་འཛིན་མེད་པ་ངང་གིས་གསལ།། དངོས་པོ་མེད་ལ་ཤེས་པ་ཡོད།། ནམ་མཁའ་ཉི་མ་ཤར་བ་འདྲ། ། འདུས་མ་བྱས་པའི་ཡེ་ཤེས་ཀྱིས།། རྟེན་འཆིང་མེད་པའི་ཉོན་མོངས་སེལ།། འབྱུང་བ་ལྔ་ལ་རག་མ་ལུས།། མི་འགྱུར་འཇོམས་པས་རྡོ་རྗེ་འདྲ།། བླ་མས་དོན་བསྟན་རྣལ་འབྱོར་པས།། ཐེ་ཚོམ་མེད་པར་རང་སེམས་རྟོགས། ། ཐམས་ཅད་གཅིག་ཏུ་རྫོགས་པར་ཤེས།། མ་རིག་ལོང་བའི་མིག་ཕྱེད་འདྲ།། ཡེ་ཤེས་རིག་པ་འདི་ཉིད་ནི།། ཡོད་མེད་དབུས་ཀྱི་མཐའ་བྲལ་བས།། སང་ངེ་ས་ལེ་འཕོ་འགྱུར་མེད། ། ཀ་ཤིའི་རས་ཀྱིས་རིན་ཆེན་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ངོ་བོ་གཅིག་ཏུ་འདུས།། ད་ལྟའི་ཤེས་པ་འདི་ཉིད་ལ།། ཡིད་ཆེས་གདེང་ལྡན་མ་རིག་སངས།། རང་བྱུང་ཀློང་དུ་ཡེ་ཤེས་རྒྱས། ། རིག་པའི་ངང་ལ་ཆོས་སྐུ་ཞོག། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ལྟ་བ་མདོར་བསྡུས་ཏེ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དད་ལྡན་འཁོར་གྱི་དོན་ཆེད་དུ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་དགོངས་དོན་འདི་སྐད་གསོལ།། རང་གི་རིག་པ་ངོས་ཟིན་ན། ། ཉམས་སུ་མྱོང་བའི་བཀའ་རྟགས་ཀྱིས།། མན་ངག་དོན་གྱི་དབྱེ་བ་གང།། ཆོས་སྐུའི་ངོ་འདི་ཇི་ལྟར་སྤྲད།། ཆོས་སྐུ་སྤྲད་པའི་ཡོན་ཏན་གང།། དྲུག་གཉིས་མཚོན་པའི་ཉམས་དང་ནི།། མན་ངག་གོལ་མེད་ལ་ཟློས་དང། ། ཉམས་མྱོང་བཀའ་རྟགས་བསྡུས་པ་ནི།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། འཁོར་འདས་བར་དོའི་གཞི་ཉིད་ནི།། སྐྱེ་ཤི་གཉིས་ཀྱི་བར་དོ་ལ། ། ཆོས་སྐུ་གཏན་ལ་དབབ་བའི་ཕྱིར།། སྤྱི་ཡི་ཀུན་གཞིའི་གཞི་ཆ་ལ།། སྦྱོར་བ་རྐྱེན་གྱིས་སྔ་ཕྱིར་བསྒྲིབས།། ལུང་ལྡན་ངེས་པའི་གདམས་ངག་གིས།། དོན་གྱི་ཀུན་གཞི་ངོས་བཟུང་ཕྱིར།། ཤན་ཕྱེ་ལ་ནི་ངོ་སྤྲོད་དེ། ། ཟུང་བཞི་ཡ་བདུན་དོན་ཤེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྔ་ཕྱིའི་བག་ཆགས་ཞེས་བྱ་བ།། བསམ་པ་མ་འཁྲུལ་དངོས་པོ་འཁྲུལ།། སྔར་གྱི་དགེ་སྡིག་ཅི་བྱས་དྲན།། མི་ཤིའི་ཁ་དོག་དྲན་པ་འདྲ། ། ཕྱི་ཡི་ཉོན་མོངས་གློ་བུར་བ།། ད་གདོད་ཅི་བྱ་མནོ་བ་ནི།། དངོས་པོ་མ་འཁྲུལ་བསམ་པ་འཁྲུལ།། ཐག་པ་སྦྲུལ་དུ་འཁྲུལ་པ་འདྲ།། ཡུལ་སེམས་འཛིན་པའི་རྟོག་པ་ནི།། བསམ་དངོས་གཉིས་ཀ་འཁྲུལ་པའི་ཕྱིར། ། མེད་ལ་ཡོད་རྟོག་སྔ་ཕྱི་འདྲེས།། རི་བོང་རྭ་ལ་རྟོག་དཔྱོད་འདྲ།། སྐྱེ་བོས་འཕྲལ་གྱི་བྱ་བ་ཀུན།། གཉིས་ཀ་མ་འཁྲུལ་དོན་ལ་རྟོགས།། གང་བྱེད་ལྟ་བས་མ་ཟིན་ཕྱིར།། ཟླ་བ་དཀར་ཀྱང་མུན་ཡོད་འདྲ།། ཟུང་བཞི་ཞེས་ནི་དེ་ལ་བྱ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བླ་མ་ངེས་ལུང་ལྡན་པ་ལ།། དད་ལྡན་ཤེས་རབ་ཅན་ཕྲད་དུས།། དངོས་པོ་མ་འཁྲུལ་རིག་པ་ལ།། བསམ་པ་མ་འཁྲུལ་ཡེ་ཤེས་ཏེ།། གཉིས་ཀ་མ་འཁྲུལ་རང་རིག་སྐུ། ། ལྟ་བ་གདེངས་ཟིན་ལྷུན་གྱིས་གྲུབ།། དེ་དོན་གཅིག་ཤེས་མངོན་སངས་རྒྱས།། ཡ་བདུན་ཞེས་ནི་དེ་ལ་བྱ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། དོན་གྱི་དབྱེ་བ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། རང་བྱུང་རིག་པའི་ཡེ་ཤེས་ནི།། ཆོས་སྐུ་ངོ་སྤྲོད་བཀའ་སྩལ་པ།། ཤན་དབྱེ་ངོས་བཟུང་ལ་བཟླས་ཏེ། ། རྣལ་འབྱོར་པ་ཡི་ཤན་དབྱེ་བ།། སྔར་གྱི་བག་ཆགས་ཞེས་བྱ་བ།། སྔོན་བྱས་ད་ལྟ་གང་དྲན་པ།། ཡུལ་ལ་གཟུང་འཛིན་བརྟས་པ་ལ།། དམ་པར་ཞེན་ནས་ཀུན་ཏུ་བརྟགས།། དེ་ཕྱིར་འཁོར་བའི་ས་བོན་ཡིན། ། ཕྱིས་ཀྱི་ཉོན་མོངས་ཞེས་བྱ་བ།། མ་རིག་རྒྱུ་ལས་རྒྱུར་བྱུང་སེམས།། དེ་ལྟས་ཀུན་གཞི་སྨིན་པ་ལས།། དེ་བསྐྱེད་ཚོགས་བརྒྱད་བདེ་སྡུག་བྱུང།། སྔ་ཕྱི་གཉིས་འདུས་སྒོ་ལྔའི་ཡུལ།། སྣ་ཚོགས་སྤྲོས་པའི་རྟོག་པ་དེ། ། དེ་ལ་ཞེན་ཕྱིར་ཆོས་བརྒྱད་འབྱུང།། དེ་ཡི་ཉེས་པས་འཁོར་བ་སྨིན།། ལུང་ལྡན་ངེས་པའི་གདམས་ངག་གིས།། རང་རིག་ཡེ་ཤེས་ངོས་བཟུང་ནས།། ད་ལྟའི་ལུས་སེམས་འདི་ཉིད་ལ། ། རྟེན་བཅས་གཞི་ལྡན་ཡོད་པའི་ཕྱིར།། འབྱུང་བ་ལྔ་ཡི་དངས་མ་ནི།། སྙིང་ནི་ཆོས་ཀྱི་འཁོར་ལོ་ལ།། རྟེན་བཅས་གཟུགས་ཀྱི་ནང་ནས་ནི།། ཙིཏྟ་རིན་ཆེན་གཞལ་ཡས་ཁང།། གུར་ཕུབ་འདྲ་བའི་ནང་ཤེད་ན། ། ཆོས་སྐུ་བཞི་ལྡན་ཡོད་པ་དེ།། ཡིད་ཀྱི་ཁྲོ་དང་དུང་ཀ་ཡིས།། མ་རིག་སྔ་ཕྱིའི་བ་རྒྱས་བསྒྲིབས།། དེ་ཉིད་མཐོང་བར་བྱ་བའི་ཕྱིར།། བླ་མ་ངེས་པའི་གདམས་ངག་གིས།། ཀུན་བཟང་རིག་པའི་མཚོན་རྣོན་དེས། ། མ་རིག་བརྒྱ་རྩ་ད་ནས་གཅོད།། སྔ་ཕྱིར་ངན་རྟོག་མེད་པ་ནི།། ཧྲིག་གེ་ས་ལེ་སིང་ངེ་ཐལ།། ད་ལྟའི་ཤེས་པའི་འདི་ཉིད་ལ།། ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་མིག་གི་འབྲས་བུ་བཞིན། ། ཧྲིག་གེ་བ་ལ་དྲན་པས་ཟིན།། ཡེ་རེ་བ་ལ་ཤེས་པ་དལ།། རང་རིག་ཞེན་མེད་གདེང་གིས་གསལ།། སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན།། སིང་ངེ་བ་ལ་མཐའ་དབུས་མེད།། གང་གི་མནོ་བསམ་མ་བཏང་ཕྱིར། ། བྱིང་རྨུགས་སྤྲོས་པ་གང་ཡང་མེད།། ཉི་མ་གཟའ་བྲལ་ལྷང་ངེ་བཞིན།། ས་ལེ་བ་ལ་འགྱུར་བ་མེད།། བདེ་ལ་མི་རྟོག་རྒྱུན་དུ་གནས།། དེ་ཕྱིར་རང་བྱུང་འགྱུར་བ་མེད།། གཡའ་མེད་མེ་ལོང་བྱད་བལྟ་བཞིན། ། ཝ་ལེ་བ་ལ་དངོས་པོ་མེད།། དེ་ཙམ་ཉིད་ན་ཆོས་ཀྱི་དབྱིངས།། གཞི་ལ་ཡུལ་མེད་རྟོགས་པས་ཆོག། དེ་དག་དབྱེ་བ་རྣམ་བཞི་ལ།། རང་རིག་ཡེ་ཤེས་ཆོས་སྐུ་གཅིག། རང་རིག་རྙོག་མ་མེད་པའི་ཕྱིར། ། ནོར་བུ་ཆུ་དངས་དཔེ་བཞིན་ནོ།། རང་བྱུང་ཆོས་སྐུ་གསལ་བ་ཡིས།། རང་རིག་ཡེ་ཤེས་སྒོ་ལྔ་གསལ།། དཔེ་ནི་ཏིལ་གྱི་མར་མེ་འདྲ།། ཤེས་པས་མ་བསྒྲིབས་དོན་ལ་བརྗོད།། སྣང་བ་མ་བཅོས་ཆོས་དབྱིངས་དང། ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཤེས་པ་སྔ་ཕྱིར་མ་སོང་བར་ཆོས་སྐུར་ངོ་སྤྲོད་པའི་ལེའུ་སྟེ་སོ་དྲུག་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ། ཀུན་རིག་སྟོན་པས་བཀའ་སྩལ་པ།། རང་བྱུང་ཆོས་སྐུ་རྒྱུ་མེད་ཕྱིར།། ལྔ་ལྡན་གོལ་མེད་ངོ་སྤྲད་དེ།། ཟབ་ལ་རྒྱ་ཆེའི་ཡོན་ཏན་ལ། གོལ་མེད་ཡེ་ཤེས་ཆེན་པོར་གསལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་གཏིང་ཟབ་བརྟག་དཀའ་བ།། བསྒོམ་པའི་དུས་ན་ཆོས་སྐུར་གསལ།། ཕྱོགས་རེའི་བློ་ཡི་སྤྱོད་ཡུལ་མིན།། དེ་ཕྱིར་རྒྱ་མཚོའི་གཏིང་དང་འདྲ། ། འདུས་མ་བྱས་ཀྱི་ཀློང་དཀྱིལ་ན།། མཐའ་དབུས་མེད་པའི་རིག་པ་དེ།། ཆོས་སྐུ་རྒྱ་ཆེན་ཀུན་ལ་ཁྱབ།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། ཡོད་མེད་ལ་སོགས་ཆོས་སྐུར་ནི།། གང་ཡང་ཡིན་པར་རྟོགས་པའི་ཕྱིར། ། གང་དྲན་དོན་ཟིན་བྱེད་མི་དགོས། ཀུན་ལྡན་རིན་ཆེན་ཡོན་ཏན་འདྲ།། གོལ་མེད་རང་བྱུང་ཆོས་སྐུ་ལ།། དུག་ལྔའི་སྐྱོན་གྱིས་མ་གོས་ཏེ།། ཡེ་ཤེས་ཀློང་ན་ཆོས་སྐུ་འཕྱོ།། པདྨ་དང་ནི་འདམ་བཞིན་ནོ། ། སེམས་རྟོགས་པ་ཡི་རྣལ་འབྱོར་དེ།། ཤེས་རབ་རང་ཡན་བཞག་གྱུར་ཀྱང།། གོལ་མེད་ཡེ་ཤེས་ཆོས་སྐུར་གནས།། ཨུཏྤལ་རྙེད་པའི་ལྷ་མིག་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་དགོངས་པ་མི་གཡོ་བ། ། དུས་གསུམ་མི་གཡོ་འཕེལ་འགྲིབ་མེད།། ཤེས་པ་མི་གཡོ་རྒྱ་མཚོ་འདྲ།། མཉམ་ཉིད་དོན་ལ་རྐྱེན་མི་ཚུགས།། གསལ་དང་མི་རྟོག་དུས་མཉམ་པ།། འབྲས་བུ་རང་བྱུང་ཆོས་སྐུ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དག་རྩ་བ་མདོར་བསྡུ་བ།། ཡིད་ལ་ཆོས་སྐུ་ཝལ་གྱིས་དྲན།། དེ་ཡི་ངང་ལ་ཅོག་གིས་ཞོག། ཡུལ་ལ་འཛིན་མེད་རྟོག་པ་སྤངས།། རང་རིག་ཡིད་ཆེས་གདེང་དང་ལྡན།། འབྲས་བུ་མངོན་འགྱུར་བུདྡྷ་ཡིན། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རིག་པ་བཞི་ལྡན་དེ།། གཅིག་ལ་ལྔར་སྣང་ངོ་བོ་གཅིག། ཡོན་ཏན་སྒོ་ནས་དབྱེ་བ་ལ།། གསེར་སྦྲུལ་མིག་བཞིན་གཅིག་ལས་མེད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། རིག་པ་རྒྱ་བསྐྱེད་དེ་ཆོས་སྐུར་ངོ་སྤྲད་པའི་ལེའུ་སྟེ་སོ་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། སྐྱོན་ཉིད་ཡོན་ཏན་བཀའ་སྩལ་པ།། བག་ཆགས་ཉོན་མོངས་སེལ་བ་ཡང།། མ་རིག་པ་ནི་ཟློག་ཕྱིར་ལས།། གཞི་ལ་སྔ་ཕྱི་གྲུབ་པ་མེད།། ཐག་པར་ཤེས་ན་སྦྲུལ་མེད་འདྲ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། རིག་གེ་ཡོད་པས་མ་རིག་སངས།། སང་ངེ་ཡོད་པས་བྱིང་རྨུགས་བྲལ།། སལ་ལེ་ཡོད་པས་རང་ཡིད་ཆེས།། ཝལ་ལེ་ཡོད་པས་ཆོས་ཀྱི་དབྱིངས།། དེ་བཞིན་གཅིག་ཏུ་ཤེས་པ་ཡིས། ། ཤིན་ཏུ་ཟབ་པས་སྒྲོ་སྐུར་བྲལ།། རྒྱ་ཆེ་བས་ནི་མཐའ་དབུས་མེད།། ཡོན་ཏན་ཆེ་བས་གཟུགས་སྐུ་བྱུང།། གོལ་ས་མེད་པས་ཀུན་གྱི་རྩེ།། ཡེ་ནས་ཆོས་སྐུ་ངོ་ཤེས་པས།། དེ་ལས་སངས་རྒྱས་ཆོས་ཀུན་རྫོགས། ། གཞི་ཉིད་ཆོས་སྐུར་ངོ་ཤེས་ན།། སྐྱོན་དང་ཡོན་ཏན་གདག་པ་ཙམ།། ཉི་ཟེར་གཅེར་བུ་ཀུན་བསྲེགས་ཀྱང།། དེ་ལ་སྡིག་པས་གོས་པ་མེད།། དེ་བཞིན་གདེངས་ཟིན་རྣལ་འབྱོར་པས།། སྣང་བ་ཞེས་པ་ཐམས་ཅད་ནི། ། གོལ་སར་ཤེས་ན་གཞི་དང་ཕྲད།། དེ་ཕྱིར་འཁོར་བ་ཀ་དག་ནས།། དུག་ཉིད་སྨན་དུ་སྦྱོར་ཤེས་བཞིན།། སྐྱོན་ཉིད་རྟོགས་པས་ཡེ་ཤེས་སྐུ།། དེ་ལས་གོལ་ས་རྡུལ་ཙམ་མེད།། དེ་ཕྱིར་རང་སེམས་རྟོགས་པས་ཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྔ་ཕྱི་གློ་བུར་བྱུང་བ་ན།། གཞི་ཤེས་སྤང་དུ་མེད་པའི་ཕྱིར།། ངེས་དོན་རང་སེམས་རྟོགས་པས་ཆོག། ཉི་ཤར་མུན་གྲིབ་མེད་པ་འདྲ།། ཡེ་ཤེས་བརྡལ་ཁྱབ་འགྱུར་བ་མེད། ། དེ་ལྟར་རྟོགས་པའི་རྣལ་འབྱོར་པ།། དབང་པོ་རང་ཡན་སྐྱོན་སངས་པས།། རང་སེམས་དབྱིངས་ལ་ཡེ་ཤེས་ཀློང།། གང་ན་འདུག་པ་ཆོས་ཀྱི་དབྱིངས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། བཏང་བཞག་མེད་པའི་ཏིང་འཛིན་ལས།། འཁོར་འདས་གཉིས་མེད་དུ་བསམ་ན།། བྱ་བ་བཏང་པའི་སྐྱེ་བུ་བཞིན།། དགེ་སྡིག་གཉིས་ཀྱི་འཛིན་པ་བྲལ།། དུས་གསུམ་ཡེངས་མེད་སྲོག་ཏུ་བལྟ།། སྔ་ཕྱིའི་ཉོན་མོངས་གང་སྐྱེས་ཀྱང། ། དེ་ཡི་དུས་ནས་ཡུལ་མི་དཔྱད།། སྣང་མེད་ངོ་བོ་ཉིད་ན་བཞག། ཤེས་པ་མ་བཅོས་གཟུང་འཛིན་བྲལ།། དབྱེར་མེད་རིག་པ་གཅིག་ལས་མེད།། ཐ་སྙད་བྲལ་བའི་དོན་གྱིས་མཚོན།། དུས་གསུམ་མི་འགྱུར་ཀུན་ཏུ་བཟང། ། ཡོན་ཏན་ཀུན་ལྡན་ཆོས་སྐུ་ལ།། འབྲས་བུ་སྤྲུལ་སྐུ་ཐུབ་དྲུག་བྱུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉི་མའི་སྙིང་པོ་གཅིག་གཅིག་གིས།། གླིང་བཞི་ཐམས་ཅད་འོད་ཀྱི་ཁྱབ།། དེ་བཞིན་རང་རིག་ཆོས་སྐུ་ལ། ། རིག་པའི་བློ་ཡིས་དཔྱད་དུ་མེད།། ཡིན་དང་མིན་གྱི་ཐ་སྙད་བྲལ།། ཡ་ང་འཇིགས་པའི་རྟོག་པ་མེད།། སྒྲོ་སྐུར་བྲལ་བའི་ཆོས་ཉིད་ལ། རང་བྱུང་ཀུན་མཁྱེན་རིག་པའི་ཐུགས།། མཁའ་འདྲ་ཡེ་ཤེས་ལྷུན་གྲུབ་བྱིན་གྱིས་རླབས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རྩ་བ་མདོར་བསྡུ་ན།། སྐྱོན་ཉིད་གཞི་ལ་མེད་ཤེས་པས།། རང་བྱུང་རིག་པ་ཆོས་སྐུར་གསལ།། དེ་ཙམ་ཉིད་ན་གོལ་བ་མེད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སྐྱོན་ཡོན་ཏན་དུ་མེད་པ་ཆོས་སྐུར་ངོ་སྤྲོད་པའི་ལེའུ་སྟེ་སོ་བརྒྱད་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། དེ་ཉིད་བསྟན་པའི་ཡོན་ཏན་ནི།། ཆོས་སྐུ་ངོ་སྤྲོད་རྣམ་གསུམ་གྱིས།། ལྷན་ཅིག་མ་རིག་རྣམ་པར་དག། དེ་ཕྱིར་རྐྱེན་བཞིས་བསྐྱེད་དུ་མེད། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྔ་ཕྱི་མེད་པར་ངོ་སྤྲོད་པས།། གཞི་གནས་མ་རིག་རྩད་ནས་ཆོམས།། རིག་པ་རྒྱ་བསྐྱེད་ངོ་སྤྲད་པས།། བག་ལ་ཉལ་ཕྲ་རང་བརླག་སྟོངས།། སྐྱོན་ཉིད་ཡོན་ཏན་ངོ་སྤྲད་པས། ། དེ་མ་ཐག་འཛིན་མ་རིག་སངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་བསྟན་པའི་དོན་ཤེས་ནས།། ལྷན་ཅིག་མ་རིག་གཏན་སྟོངས་ཏེ།། འཁོར་བའི་ས་བོན་གཞི་ནས་བརླག། མ་རིག་སངས་ལ་རིག་པ་རྒྱས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་ཉམས་མྱོང་ཡིད་ཆེས་པས།། འཁོར་བ་རྣམ་རྟོག་མིང་ཡང་མེད།། གཞི་དང་གཅིག་ཕྱིར་ཆོས་སྐུ་ཡིན།། མ་རིག་མུན་པ་མེད་པའི་ཕྱིར།། ཆོས་ཀྱི་སྐུ་ཞེས་དེ་ལ་བྱ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་ཉི་མའི་སྙིང་པོ་ལ།། མུན་མེད་འོད་ཀྱི་རང་བཞིན་ལྟར།། ཆོས་སྐུ་སངས་རྒྱས་རང་བཞིན་ལ།། རྩོལ་བའི་འཁྲུལ་པ་གཞི་ནས་དག། ཆོས་སྐུ་དོན་དམ་ལྡན་པ་ལ། ། རིག་ལྔའི་སངས་རྒྱས་དགོངས་པ་སྟེ།། མཉམ་བཞག་རྗེས་ཐོབ་མིང་ཡང་མེད།། མ་བཅོས་རང་སར་བཞག་པས་ཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཉིད་ཐིག་ལེ་ཉག་གཅིག་ལ།། བརྒྱད་ཁྲི་བཞི་སྟོང་བྱུང་བ་ཡང། ། ཐ་སྙད་ཙམ་དུ་ཕྱེ་བ་ལས།། དོན་ལ་དབྱེར་མེད་གཅིག་ཏུ་འདུས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཆོས་སྐུ་ངོ་སྤྲད་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཉམས་ཀྱི་རིམ་པ་བཀའ་སྩལ་པ།། ཆོས་སྐུ་རྟོགས་པའི་རྣལ་འབྱོར་པས།། དད་ལྡན་ཤེས་རབ་སྣོད་ལྡན་ལ། ། དཔེ་བརྒྱད་བཞིས་མཚོན་དོན་རྣམས་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའ་ཉི་མ་རི་རབ་བཞིན།། དངོས་མེད་མཐའ་དབུས་མེད་ལ་ཁྱབ།། མ་བསྒྲིབས་མཐའ་དབུས་མེད་ལ་གསལ། ། ཆོས་སྐུ་རྟོགས་པས་འགྱུར་བ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱ་མཚོ་ཆུ་བོ་བསེར་བུ་བཞིན།། ཟབ་ལ་གཡོ་མེད་ཉམས་དང་ལྡན།། འཕེལ་འགྲིབ་མེད་པས་རྒྱུན་མི་ཆད།། ཁ་དོག་མེད་པའི་རིག་པ་འཕྱོ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཁྱུང་དང་ཨུད+Wར་སྦྲུལ་མདུད་བཞིན།། ཉམ་ང་མེད་པའི་ལྟ་བ་ཡིས།། ཤིན་ཏུ་དཀོན་པའི་ཆོས་སྐུ་རྙེད།། དུག་ལྔ་སྐྱེས་ཙམ་རང་གྲོལ་ཐུགས།། རིན་ཆེན་ཅང་ཤེས་མ་གི་བཞིན། ། ཆོས་ཉིད་རྟོགས་པས་ཐམས་ཅད་འགྲུབ།། གང་ཕྱིར་ཆོས་ཉིད་འབྲཻལ་མེད་ཤེས།། ཉོན་མོངས་ནད་སེལ་དྲན་པའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་དཔེ་དོན་མཚོན་པའི་ཉམས། ། བལྟ་བསྒོམ་སྤྱོད་པ་འབྲས་བུ་ཡིས།། རྣམ་པ་བཞིར་ནི་ཕྱེ་བ་ཡང།། ཤེས་རབ་དམན་ལ་བསྟན་པ་ལས།། དོན་ལ་རང་རིག་ཆོས་སྐུར་འདུས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཉམས་ཀྱི་རིམ་པ་གཅིག་ཏུ་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། མན་ངག་གོལ་མེད་བཀའ་སྩལ་པ། ། གསལ་ལ་མི་རྟོག་མི་གཡོ་བ།། འཕེལ་འགྲིབ་མེད་པར་རྒྱུན་དུ་གནས།། གོལ་མེད་ཀུན་གཞི་ལ་བཟླའོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གསལ་ལ་གོལ་མེད་ཡེ་ཤེས་ནི།། སྤྲིན་མེད་ཉི་མའི་འོད་བརྡལ་བཞིན། ། མཐའ་དབུས་མེད་པའི་ཆོས་སྐུར་གསལ།། འདུ་ཤེས་མེད་འགོག་གོལ་བ་མེད།། མི་རྟོག་དམིགས་འཛིན་མེད་པ་ཡིས།། རིག་པ་རྒྱ་ཡན་ཆོས་ཀྱི་སྐུ།། ཕྱོད་དེ་སང་ངེ་འཛིན་རྟོག་མེད།། སྐྱེ་བོ་མ་རྟོག་གོལ་མི་སྲིད། ། མི་གཡོ་ཡེ་ནས་གནས་པ་ཡིས།། ཆུ་བོའི་རྒྱུན་བཞིན་རྟག་ཏུ་ཡོད།། བཞག་དང་ལངས་པ་མེད་པའི་ཕྱིར།། དབུ་མ་སེམས་ཙམ་གོལ་བ་མེད།། རང་བྱུང་ངེས་པའི་གཞི་ཉིད་ལ། ། འཕེལ་དང་འགྲིབ་པ་མེད་པའི་ཕྱིར།། དུས་གསུམ་དག་ཏུ་འགྱུར་བ་མེད།། བསྐྱེད་རིམ་ལྷ་ཡི་གོལ་ས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་གོལ་མེད་ལ་ཟློ་ནི།། རིག་པ་གསལ་བ་ལོངས་སྤྱོད་རྫོགས། ། མི་རྟོག་འཛིན་མེད་སྤྲུལ་པའི་སྐུ།། མི་གཡོ་འགྱུར་མེད་ཆོས་ཀྱི་སྐུ།། ངོ་བོ་ཉིད་སྐུ་འཕེལ་འགྲིབ་མེད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། གོལ་མེད་ཀྱི་མན་ངག་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཉམས་ཀྱི་རིམ་པ་འདི་གསུངས་སོ།། གང་ཡང་མ་མནོས་དྲན་པ་ལ། ། རང་བཞིན་མེད་པའི་ཤེས་རབ་ཀྱིས།། མི་བརྗེད་པ་ཡི་ཤེས་པས་ཟིན།། གཟའ་གཏད་མེད་པ་ལམ་གྱི་ཉམས།། ཡུལ་ནི་གང་ཡང་མ་བརྟེན་པའི།། མཐོང་ཐོས་མེད་པར་རང་ཡིད་ཆེས།། འགྱུར་བ་མེད་པའི་གདེང་དང་ལྡན། ། སངས་རྒྱས་དགོངས་པ་ཐུགས་ལ་འཆར།། མ་བསམས་པ་ཡི་རིག་པ་ལས།། སྐྱེ་འགགས་མེད་པའི་ཏིང་འཛིན་གསལ།། ཉམས་མྱོང་ངེས་པར་རྒྱུན་མི་འཆད།། དེ་ཙམ་ཉིད་ནས་ད་ལྟའི་ཐུགས། ། ཕྱི་ཡི་འདོད་ཡོན་ཅིར་སྣང་ཡང།། རོ་མཆོག་མེད་པར་ཉམས་སུ་མྱོང།། འདུས་བྱས་མེད་པར་རྟག་ཏུ་གནས།། དེ་ལ་ཞེན་པའི་བློ་མི་འཇུག། ལུས་ལ་མ་བརྟེན་དགའ་བ་ལས།། ཆགས་པ་མེད་པའི་བདེ་བ་ཤར། ། དེ་ཉིད་དུ་ན་འཕོ་འགྱུར་མེད།། ཉམས་ཀྱི་ནང་ནས་དམ་པའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རྩ་བ་མདོར་བསྡུ་ན།། རྟེན་བཅས་ཤེས་པ་འདི་ཉིད་ལ།། ལུང་ལྡན་བསྟན་པས་རང་རིག་གོ། ། དེ་ཉིད་འབྲལ་མེད་རྒྱུན་དུ་གནས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཉམས་སུ་མྱོང་བའི་བཀའ་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་དགོངས་དོན་འདི་སྐད་གསོལ།། ཕྱི་ནང་སྤྱོད་པ་ལ་ཟློས་པ། ། དེ་ཡི་ཡོན་ཏན་ཇི་ལྟར་ལགས།། མཐར་ཕྱིན་ཉམས་རིམ་ཇི་ལྟར་འབྱུང།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལ་ཟློས་སྤྱོད་པའི་བཀའ་རྟགས་ནི། ། བཀའ་དང་མི་འགལ་མཐུན་པར་ནི།། སྣོད་ལྡན་བློ་ལ་འཆར་བའི་ཕྱིར།། ངེས་པར་གཏན་ལ་དབབ་པར་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་རྐྱེན་ཡེ་ཤེས་རང་ཤར་བས།། དངོས་པོ་མ་འཁྲུལ་ཤེས་པ་ལ། ། ཚོར་བ་བདེ་སྡུག་གང་ཡང་རུང།། ཉམས་སུ་མྱོང་ཙམ་ཉིད་ནས་ནི།། ལུས་དང་འབྲེལ་མེད་ཤེས་པའི་ཕྱིར།། ཅི་སྤྱོད་ཡེ་ཤེས་ཆེན་པོར་ཤར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཁ་དོག་དབྱིབས་སུ་མ་བསམ་པའི། ། དངོས་པོ་མ་འཁྲུལ་འཇམ་དང་ཞིམ།། དགའ་བདེ་ཉམས་སུ་མྱོང་བ་ནི།། ད་ཙམ་ཉིད་ནས་འབྲེལ་མེད་ཤེས།། དེ་ཕྱིར་རང་རིག་ཡེ་ཤེས་ཤར།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཡུལ་མེད་ཤེས་པ་མ་འཁྲུལ་པས།། ན་ཚ་མི་ཞིམ་མི་དགའ་སོགས།། ཡུལ་དང་མ་བྲལ་ཉམས་མྱོང་བ།། ཡེ་ཤེས་རང་ཤར་དགོངས་པ་ཡིན།། དེ་དག་སྡུག་བསྔལ་རྣམ་དྲུག་གིས།། དོན་གྱི་དབྱེ་བའི་དོན་ཤེས་ན། ། གང་གིས་རྐྱེན་དང་ཕྲད་པའི་ཚེ།། ཡུལ་དང་འབྲལ་མེད་ཉམས་སུ་མྱོང།། དེ་ཙམ་ཉིད་ན་ཆོས་སྐུར་ཤར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དུག་ནི་ཧ་ལ་ནག་པོ་ལ།། མ་གི་རྩི་ཡིས་ཐེབ་གྱུར་ན།། དུག་དེ་སྨན་དུ་འགྱུར་བ་བཞིན། ། དེ་བཞིན་ཚོར་བ་བདེ་སྡུག་ནི།། གང་གིས་རྐྱེན་དང་ཕྲད་པའི་དུས།། ལུང་བསྟན་གདམས་ངག་དྲན་ཤེས་ཕྱིར།། བདེ་སྡུག་ཆོས་སྐུར་ཉམས་སུ་མྱོང།། ཅི་དྲན་གང་ཕྲད་ཡེ་ཤེས་ཤར།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཕྱི་རྐྱེན་ཡེ་ཤེས་རང་ཤར་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།།།། དེ་ནས་འདུས་པའི་སྙིང་པོ་ཉོན། ། ནང་གི་ཡེ་ཤེས་རང་ཤར་དོན།། གཞན་དུ་གོལ་མེད་ཆོས་སྐུ་ནི།། ལྟ་སྒོམ་སྤྱོད་པའི་འབྲས་བུ་ཡིས།། གོལ་ས་མེད་པར་དོན་བརྒྱད་ལྡན།། འབྲལ་མེད་ཆོས་སྐུ་ཉམས་སུ་མྱོང།། སེང་གེའི་འོ་མ་འཐུང་བ་བཞིན། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟག་པར་མ་སོང་དངོས་པོ་མེད།། ཆད་པར་མ་སོང་རྒྱུན་མི་ཆད།། བྱིང་བར་མ་བསྒྲིབས་ཤེས་པ་གསལ།། རྒོད་པར་མི་འཕྲོ་དྲན་མི་རྒྱུ།། བླང་དུ་མེད་པས་འདོད་པ་སྟོར། ། དོར་དུ་མེད་པས་རྩོལ་བ་བྲལ།། སྤང་དུ་མེད་པས་གང་ཡང་ཡིན།། ཐོབ་ཏུ་མེད་པས་རེ་བ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་རྟག་པས་གཞི་དང་མཐུན།། མ་རིག་ཆད་པས་འཁོར་བ་སྟོངས། ། རྣམ་རྟོག་བྱིང་བས་བག་ཆགས་བརླག། ཆོས་ཉིད་འཕྲོ་བས་ཐམས་ཅད་མཁྱེན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གདམས་ངག་བླང་བས་རང་སེམས་རྟོགས།། ཉོན་མོངས་དོར་བས་སྒྲིབ་པ་དག། ཉམས་སུ་བླངས་པས་བདེན་པ་མཐོང།། གོལ་ས་བཅད་པས་ཆོས་སྐུ་རྙེད།། མན་ངག་ཐོབ་པས་སངས་རྒྱས་འབྱུང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེང་གེའི་འོ་མ་གང་འཐུང་པ།། མེ་ཆུ་དུག་མཚོན་ལ་སོགས་པའི། ། གནོད་པ་གང་གིས་མི་ཚུགས་ལྟར།། དེ་ཡི་ཡོན་ཏན་བརྒྱད་ལྡན་ལ།། གོལ་སྒྲིབ་སྐྱོན་གྱིས་མི་གོས་ཏེ།། མི་ཡི་ལུས་ལ་བུདྡྷའི་ཐུགས།། ཕྱི་མ་མ་ཡིན་ད་ལྟ་ཉིད།། ངེས་དོན་བཀའ་ལས་དེ་སྐད་གསུངས། ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ནང་གོལ་མེད་ཡེ་ཤེས་རང་ཤར་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། གཞི་ཤེས་གཞི་མཐུན་བརྟུལ་ཞུགས་ཅན།། བགེགས་མེད་སྤྱོད་པ་བཤད་ཀྱིས་ཉོན།། གདམས་ངག་མ་ནོར་གཞི་ཤེས་པས། ། ལྟ་བ་ངེས་པའི་གདེང་ལྡན་ཕྱིར།། གང་ཡང་ཆོས་སྐུ་རང་གསལ་བས།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། དུས་དང་རྣམ་པ་ཐམས་ཅད་དུ།། གོམས་པ་གདེང་དུ་མ་གྱུར་པར།། གདམས་ངག་རྒྱུན་དུ་དྲན་པར་བྱ། ། དྲན་པ་མི་དགོས་རྟག་ཏུ་ནི།། གཞི་དང་མཐུན་པར་བསྟན་ཡོད་ན།། ལྟ་བ་གདེང་གིས་ཟིན་པ་ཡིན།། དེ་ལ་སྒོ་གསུམ་བཅོས་མི་དགོས།། མ་བཅོས་པ་ཡི་ཆོས་ཉིད་ལ།། གང་མཐོང་ཉིང་འཁྲུལ་མེད་པའི་ཕྱིར། ། ཡིད་ལ་གང་དྲན་ཆོས་སྐུར་གཅིག། སྨིག་རྒྱུ་ནམ་མཁར་ཤེས་པ་འདྲ།། བརྟུལ་ཞུགས་མཆོག་གིས་ལ་ཟློས་ན།། མཚམས་མེད་ལྔ་དང་མི་དགེ་བཅུ།། ཆགས་སྡང་ལྔ་ལ་ལོངས་སྤྱོད་ཀྱང།། བལྟ་བ་རྟོགས་པའི་གྲོགས་སུ་འགྱུར། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་གདམས་ངག་ཡོད་པ་ལ།། མ་རིག་གཏི་མུག་མེད་པའི་ཕྱིར།། ཡུལ་མེད་རིག་པ་ཀུན་འཕྱོ་ཡང།། གང་ལ་ཞེན་མེད་ནམ་མཁའ་འདྲ།། སྲུང་མ་ལྔ་ཡིས་མ་བསྲུངས་པའི། ། ཕོ་མོ་ཆགས་པ་ཅི་སྤྱོད་ཀྱང།། དོན་ཟིན་ཉེས་མེད་བདེ་བའི་ལམ།། འཁོར་བ་མི་སྨིན་གོས་པ་མེད།། པདྨ་འདམ་གྱིས་མ་གོས་འདྲ།། ཞེ་སྡང་ཅི་སྤྱོད་སྡུག་བསྔལ་ཡང།། དགྲ་གཉེན་གཞི་ལ་མེད་པའི་ཕྱིར། ། དེ་ཚེ་ཞེ་སྡང་མཐའ་གསུམ་བྲལ།། སྦྲུལ་གྱི་མདུད་པ་རང་གྲོལ་འདྲ།། དུས་གསུམ་རྩ་བ་ངེས་པའི་ཕྱིར།། དེ་བཞིན་ང་རྒྱལ་ཕྲག་དོག་ཀྱང།། རང་བྱུང་རང་སྟོང་རང་ཞིའི་ཕྱིར།། བཙོན་ཤོར་རང་ཡུལ་སླེབས་པ་འདྲ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་རྟོགས་པའི་རྣལ་འབྱོར་པས།། རྐྱེན་བྱས་གཞན་གྱིས་སེམས་དཀྲུགས་ཀྱང།། ཉེས་པའི་སྐྱོན་གྱིས་མི་གོས་ཏེ།། གཞན་གྱི་ཉོན་མོངས་ཉམས་མྱོང་ཕྱིར། ། གཞན་གྱི་སྡིག་པ་བསགས་གྱུར་ཀྱང།། རྟོགས་ལྡན་རྣམས་ལ་བསྒྲིབ་མི་ནུས།། ཤེལ་དཀར་གཡའ་ཡིས་མི་གོས་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུང་རིགས་མི་འགལ་དཀའ་ལས་ནི།། འབོལ་ཞིང་ཆགས་ཆུང་ཚུལ་འཆོས་པ། ། ངེས་པའི་གདམས་ངག་མ་གོ་ན།། མཁས་ཀྱང་རྨོངས་པས་ཐར་མི་ཐོབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བགེགས་མེད་ཡེ་ཤེས་སྤྱོད་པ་ནི།། རང་གི་རྣམ་རྟོག་ཡོད་ཀྱི་བར།། བགེགས་ཀྱི་གྲངས་ལ་ཟད་པ་མེད། ། དངོས་སུ་མེད་ཕྱིར་འཁྲུལ་པའི་བློ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མུ་སྟེགས་ཅན་ལ་འདྲེ་ཡོད་པས།། འདྲེ་འཛིན་སྐྱེ་བ་མ་རིག་པ།། མོ་མའི་རྫུན་ལ་རེ་བས་བསླུ།། གདེང་ལྡན་ཀུན་གྱིས་སུ་སྟོན་པ། ། ཡུལ་དང་གོལ་ས་ཆོད་པ་ལ།། འདྲེ་མེད་རིག་པ་ཆོས་སྐུར་ཤེས།། གཞི་ལ་ལྷ་འདྲེ་མེད་པའི་ཕྱིར།། ཕན་གནོད་བྱ་བ་རྡུལ་ཙམ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཡེ་ཤེས་རང་ཤར་བས། ། ཀུན་བརྟགས་མེད་ཕྱིར་འདྲེ་ཡང་སྟོངས།། དེ་ཕྱིར་འཁྲུལ་པའི་འདྲེ་འཛིན་ཕྱིར།། རི་བོང་རྭ་ལ་རྟོག་དཔྱོད་འདྲ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། རང་ཤར་སྤྱོད་པའི་དཔེ་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། ལ་བཟླ་ཡེ་ཤེས་རང་ཤར་བ།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། དབུལ་པོས་རིན་ཆེན་རྙེད་གྱུར་ན།། སོ་ནམ་མི་དགོས་ཅི་འདོད་འབྱུང།། དེ་བཞིན་ཆོས་སྐུ་རང་ཤར་ན།། ཆོས་བྱ་མི་དགོས་རྟོགས་པས་ཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་རྟོགས་པའི་རང་བྱུང་ལ། ། བསྒོམ་བསྒྲུབ་བྱ་བ་རྡུལ་ཙམ་མེད།། མ་བསྒོམས་ཐ་མལ་གོལ་ས་མེད།། རང་རིག་ཡེ་ཤེས་ཀུན་ཏུ་འཕྱོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བདེ་སྡུག་གང་གི་རྐྱེན་ཕྲད་ན།། དེ་དུས་ཉིད་ནས་ཆོས་སྐུར་ཤེས། ། བདེ་དང་མི་བདེ་ཐམས་ཅད་ཀུན།། འཁྲུལ་པའི་བློ་ལ་ཡོད་པ་ལས།། རྟོགས་པའི་དོན་ལ་གང་ཡང་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མེ་བསད་དུ་བས་མི་གནོད་ལྟར།། མ་བསྒོམས་བལྟ་བ་ཐག་ཆོད་ཕྱིར། ། སྔ་ཕྱི་དུག་ལྔ་གང་སྐྱེས་ཀྱང།། གཞི་ལ་མེད་ཤེས་ཆོས་སྐུ་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གོལ་ས་ཆོས་ཉིད་ལ་བཟླ་བ།། ཡེངས་པ་བསྒོམ་པ་ཡིན་ཤེས་ན།། མ་ཡེངས་མཚམས་བཅད་བསྒོམ་མི་དགོས། ། ཡེངས་དང་མ་ཡེངས་དོན་ལ་མེད།། རང་ཡུལ་སླེབས་ན་འཇིགས་མེད་འདྲ།། རྟོག་པ་ཆོས་ཉིད་ཡིན་ཤེས་ན།། མི་རྟོག་རྩེ་གཅིག་བསྒོམ་མི་དགོས།། རྟོག་པ་རང་སྟོང་ཡེ་ཤེས་ཤར།། གསེར་འགྱུར་རྩི་ཡིས་ཐེབས་པ་འདྲ། ། དུག་ལྔ་ཡེ་ཤེས་ཡིན་ཤེས་ན།། འགྱོད་ཚངས་བཤགས་པ་བྱ་མི་དགོས།། ཉོན་མོངས་ཡེ་ཤེས་རང་སར་དག། དུག་ཉིད་སྨན་དུ་སྦྱོར་ཤེས་འདྲ།། ཞེན་པ་ཆོས་སྐུ་ཡིན་ཤེས་ན།། འཇིག་རྟེན་ཆོས་བརྒྱད་བྲལ་མི་དགོས། ། མ་ཞེན་བློ་ལ་བརྟེན་མི་དགོས།། ནམ་ལངས་ཉི་མ་ཤར་བ་འདྲ།། འཁོར་བ་ཆོས་ཉིད་ཡིན་ཤེས་ན།། མྱ་ངན་འདས་པ་བསྒྲུབ་མི་དགོས།། རེ་དོགས་མེད་པའི་གདེང་ལྡན་ན།། ཤི་བ་མི་ལྡོག་ཡིད་ཆེས་འདྲ། ། སེམས་ཅན་སངས་རྒྱས་ཡིན་ཤེས་ན།། ཚོགས་བསགས་བསྙེན་བསྒྲུབ་བྱ་མི་དགོས།། གཏེར་ཆེན་རྙེད་པས་སོ་ནམ་མི་དགོས་འདྲ།། མ་བསྒོམས་ཆོས་ཉིད་ཡིན་ཤེས་ན།། རྩེ་གཅིག་བསྒོམ་ན་དོན་དང་བྲལ། ། མ་བསྒོམས་ཆོས་སྐུ་གཞི་དང་མཐུན།། དོན་མི་གཉེར་ལ་དགྲ་མེད་འདྲ།། གཉེན་པོ་མི་མཐུན་གྲངས་མང་ཡང།། རྩ་བ་རང་རིག་ཆོས་སྐུར་གཅིག། དེ་ལས་གཞན་པའི་གདམས་ངག་མེད།། ངེས་དོན་རྒྱུད་ནས་དེ་སྐད་གསུངས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་ལ་ཟློས་འདི་ཤེས་པས།། གང་ཡང་མ་ཡིན་ཆོས་སྐུར་གསལ།། དེ་ཙམ་ཉིད་ན་དམིགས་འཛིན་མེད།། རང་ཡིན་གང་དགར་ཡེ་ཤེས་ཤར། ། ཉི་ཤར་མུན་གྲིབ་བརླག་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཉེན་པོ་དང་ནི་མི་མཐུན་པ།། སྙིང་རྗེ་ཞེ་སྡང་གཉིས་ཀ་ལ།། ཆོས་ཉིད་ཁྱབ་པར་གཅིག་པའི་ཕྱིར།། བླང་དོར་མེད་པའི་དོན་ཤེས་ན། ། དུག་སྤངས་པ་དང་སྤྱོད་པ་ཀུན།། ཆོད་སྐུ་སྤྱོད་པའི་གདེང་ལྡན་པས།། གང་ལྟར་བྱས་ཀྱང་གཞི་དང་མཐུན།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ལ་ཟློའི་ཡེ་ཤེས་རང་ཤར་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།།།། རང་ཤར་ཡོན་ཏན་བཀའ་སྩལ་པ།། ཕྱི་རྐྱེན་ཡེ་ཤེས་རང་ཤར་བས།། འཇུག་པ་ཀུན་ཏུ་ཚེར་བ་མེད། ། ནང་དུ་གོལ་མེད་རང་ཤར་བས།། མངལ་དུ་མི་འཇུག་ལུས་མི་ལེན།། རང་ཤར་སྤྱོད་པ་ཕྱེ་བ་ཡིན།། རྣམ་རྟོག་ཐམས་ཅད་དུས་གཅིག་ཆོམས།། ལ་ཟློའི་ཡེ་ཤེས་རང་ཤར་བས།། ཕྱི་ཡི་ཀུན་བརྟགས་མ་སྤངས་དག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་བརྟགས་དེ་དག་རང་སྟོང་ཕྱིར།། འཁོར་བའི་སྐྱེ་བ་ལེན་མི་སྲིད།། མ་བསླད་རིག་པ་ཆོས་ཀྱི་སྐུ།། དུས་གསུམ་འགྱུར་མེད་རང་བྱུང་ལ།། ཅི་ཡང་མཁྱེན་པ་རང་བྱུང་སྐུ།། ངོ་སྤྲོད་རང་ཤར་རྣམ་པ་གཉིས།། རྩ་བ་བཞི་ཤེས་ཆོས་སྐུར་གཅིག། དེ་དྲུག་དབྱེ་བས་གོལ་ས་ཆོད།། སངས་རྒྱས་ཐུགས་དང་རྣལ་འབྱོར་སེམས།། གཅིག་ཏུ་ཤེས་པས་གཉིས་སུ་མེད།། ཀུན་བརྟགས་མ་རིག་གཏན་སྟོང་ཕྱིར། ། ཉམ་པ་མེད་པས་ལྟུང་མི་སྲིད།། ལུས་དང་མ་བྲལ་བུདྡྷར་འགྱུར།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཡེ་ཤེས་རང་ཤར་གྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།།།། དེ་ནས་ཀུན་རིག་སྟོན་པས་ཡིས།། ཡེ་ཤེས་རང་ཤར་རྟོགས་པ་ཡི།། ཉམས་ཀྱི་རིམ་པ་བཀའ་སྩལ་པ།། མཐའ་དབུས་མེད་པའི་རིག་པ་ཡིས། ། བློ་ཡི་གཏིང་གདེང་དེ་རྙེད་ཕྱིར།། མཐའ་ནི་ཡོད་མེད་རྟག་ཆད་དང།། ཡིན་དང་མིན་དང་དག་མ་དག། ཕྱི་དང་ནང་དང་སྣོད་བཅུད་དང།། སངས་རྒྱས་དང་ནི་སེམས་ཅན་དང།། མཐོ་རིས་ངན་སོང་དགེ་དང་སྡིག། འཁོར་བ་མྱ་ངན་བདེ་དང་སྡུག། བཟང་ངན་ཆེ་ཆུང་མཐོ་དམན་དང།། བསྒོམ་དང་མ་བསྒོམས་ཞེན་མ་ཞེན།། ཡོན་ཏན་སྐྱོན་དང་འགྲིབ་མི་འགྲིབ།། ཕན་དང་གནོད་པ་ལ་སོགས་པའི།། ཐ་སྙད་གཉིས་གཉིས་བསྡུས་པ་ཀུན། ། མཐའ་བསལ་དབུ་མ་མི་འགྲུབ་པས།། ཕྱོགས་རེའི་ཞེན་པ་གཞི་ལ་མེད།། མ་ཞེན་བློ་ཡི་འཛིན་པ་བྲལ།། དེ་ཕྱིར་ཆོས་དབྱིངས་མཐའ་དབུས་བྲལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཡེ་ནས་མེད་པའི་ཆོས་ཉིད་ལ།། སྒྲོ་དང་སྐུར་བ་གང་ལ་གདབ།། གང་ཡང་ཆོས་ཉིད་ཡིན་ཤེས་ན།། ཞེན་དང་མ་ཞེན་ལ་སོགས་བྲལ།། གང་དྲན་གཞི་དང་མི་འགལ་ན།། བསྒོམ་དུ་མེད་པའི་གཞི་དང་ཕྲད། ། ཞེ་འདོད་མེད་པས་སངས་རྒྱས་ས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ད་ལྟའི་ཤེས་པ་འདི་ཉིད་ལ།། དཔག་དང་གཞལ་ལས་འདས་པའི་ཕྱིར།། ཅི་ལའང་མི་གནས་ནམ་མཁའ་འདྲ།། ངེས་ལུང་ལྡན་པས་དེ་ལྟར་གོ། ། མཐའ་རྣམས་གཞི་ལ་མེད་པའི་ཕྱིར།། གང་ཡང་མི་སྤངས་སྒྲོ་མི་གདགས།། ཞེན་མེད་སྟོང་པར་སྐུར་མི་གདབ།། གང་ཡང་རང་རིག་ཆོས་སྐུ་ལ།། གདམས་ངག་མེད་པའི་མི་རྣམས་ཀྱིས།། མནོས་ཤིང་བྱས་པ་ཐམས་ཅད་གོལ། ། མ་མནོས་དྲན་པ་གོལ་བ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཐའ་ཡི་འཛིན་པ་སྣ་ཚོགས་ཀྱིས།། མཚན་ཉིད་ཤེས་པ་ཉམས་ཀྱི་མཆོག། ཆེད་དུ་མ་བསྒོམས་དོན་དུ་ཟབ། ། བསྒོམ་པའི་ཤེས་པ་དཔག་པའི་ཕྱིར།། ཞེ་ལ་མ་མནོས་སྡུག་བསྔལ་བྲལ།། ཚིག་ཏུ་མ་སྨྲས་བརྗོད་ལས་འདས།། དེ་དོན་གོལ་བར་མིང་འདོགས་བཞིན།། རྟོགས་པ་ཤར་ནས་བསྒོམ་མི་དགོས།། ཤེས་པ་གསལ་ལ་ཁ་དོག་མེད། ། རང་ཡན་བཞག་པས་མཐའ་དབུས་མེད།། གྱི་ནར་བཞག་པས་ཆོས་སྐུར་གསལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྡེ་སྣོད་ཆོས་ལ་མཉན་མི་ལངས།། ཐ་སྙད་ཆོས་ལ་བཤད་མཐའ་ཟད། ། ཚིག་གི་ན་ཡམ་བྲིས་མི་ཟིན།། འཇིག་རྟེན་གཏམ་ལ་ཟད་པ་མེད།། ངེས་པ་དོན་གྱི་རིག་པ་ནི།། རིགས་དང་བཤལ་དང་འོས་པ་དང།། འཐད་དང་མ་ནོར་དོན་དང་ལྡན།། ངེས་དོན་བཀའ་ནི་ཡིད་ཆེས་ཁུངས། ། རིག་པ་ཉམས་མྱོང་གདེང་གིས་ཟིན།། ལུང་རིགས་གཉིས་འཛོམས་རྟོགས་པས་ཆོག། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མཐའ་དབུས་མེད་པའི་ཉམས་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།།།། དེ་ནས་འདུས་པའི་སྙིང་པོ་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། མ་བསྒོམས་གོལ་མེད་བཀའ་སྩལ་པ།། ལུང་ལྡན་ངེས་པའི་གདམས་ངག་གིས། ། ད་ལྟའི་ཤེས་པ་འདི་ཉིད་ལ།། གང་ཡང་མ་བསམས་མ་དཔྱད་པ།། དོན་གྱི་གནས་ལུགས་ཆོས་སྐུ་ནི།། ཡེ་ནས་གནས་པའི་གཞི་ཉིད་ལ།། འདི་ཡིན་རྩེ་གཅིག་མི་བསྒོམ་པས།། མ་བསྒོམས་རང་ཡན་བཞག་གྱུར་ཀྱང། ། ལྟ་བའི་གདེང་གིས་ཟིན་པའི་ཕྱིར།། རང་སེམས་འཁྲུལ་པར་གོལ་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངོ་སྤྲོད་རང་ཤར་རྐྱེན་ཐུབ་ཀྱང།། ངེས་པར་གཞི་དང་གཅིག་ཤེས་ན། ། རང་སེམས་སྙིང་པོ་རྟོགས་པའི་ཕྱིར།། དེ་ལ་ཆེད་དུ་བསྒོམ་མི་དགོས།། ཡོད་མེད་ལ་སོགས་གང་རུང་གི།། མཐའ་རྣམས་ཆོས་ཉིད་ཡིན་ཤེས་ན།། མ་ཞེན་བློ་ལ་བརྟེན་དུ་མེད།། ཞེན་པ་དགག་ཅིང་སྤང་མི་དགོས། ། དེ་ལྟར་རྟོགས་པའི་དད་ལྡན་གྱིས།། མ་བསྒོམས་གང་དགར་བཞག་གྱུར་ཀྱང།། ཡུལ་དང་གོལ་ས་ཆོད་པའི་ཕྱིར།། ཐ་མལ་གོལ་ས་འབྱུང་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལས་ལྷག་པའི་བོགས་འདོན་ནི། ། རེ་བ་ཡོད་ཕྱིར་གཞི་མི་ཤེས།། དེ་ཕྱིར་བོགས་འདོན་ཐམས་ཅད་ནོར།། ཡུལ་མེད་རང་གསལ་བསྒོམ་མི་དགོས།། དེ་དོན་ངེས་པར་དོན་གོ་ན།། གཞི་ལས་ལྷག་པ་རྡུལ་ཙམ་མེད། ། དེ་ཕྱིར་བྱ་བཙལ་ཡེ་བྲལ་བས།། གང་ལྟར་བྱས་ཀྱང་ཆོས་སྐུར་རྟོགས།། དེ་ལས་ལྷག་པའི་ཆོས་གཞན་མེད།། དེ་ཕྱིར་ཚེགས་མེད་དོན་པོ་ཆེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་གཞི་ཉིད་ནི། ། ད་ལྟའི་རིག་པ་འདི་ཤེས་པས།། གཞན་ནས་བཙལ་དུ་རྡུལ་ཙམ་མེད།། རེ་དོགས་མེད་ཕྱིར་གཞི་དང་བྲལ།། འགྱུར་བ་མེད་པས་ཀུན་གྱི་གཞི།། དེ་རྟོགས་སངས་རྒྱས་ཀུན་དང་བྲལ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སངས་རྒྱས་དགོངས་པ་ཐམས་ཅད་ནི།། ད་ལྟའི་དུས་འདིར་དོན་གོ་བས།། ཕྱི་མར་དགེ་བའི་སྟེགས་མི་དགོས།། དེ་ཕྱིར་དགོངས་པའི་འདུ་ཤེས་མེད།། ཉམ་ང་ཡིད་གཉིས་རྟག་བྲལ་བས།། རུང་དང་མི་རུང་ཐ་སྙད་བྲལ། ། དེ་ཕྱིར་ཀུན་བཟང་ཐུགས་དང་མཉམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུད་ལུང་མན་ངག་ལྟ་སྒོམ་དེ།། རིག་མེད་འབྱུང་བ་རྣམ་ལྔ་ཡང།། སྤྲེ་འདྲེའི་ལུང་གིས་ལོག་བསྟན་པས།། རང་འཁྲུལ་སེམས་ཀྱི་རྩོལ་བ་ཡིས། ། སྤང་སྦྱང་བསྒྱུར་འཇིག་ལ་སོགས་པ།། ཐབས་མང་དཀའ་བ་སྣ་ཚོགས་ཀྱིས།། གཉེན་པོ་བསྐྱེད་དང་རྫོགས་པ་ཡིས།། ལྷག་པར་ཏིང་འཛིན་ཅི་བསྒོམས་ཀྱང།། ཡུལ་དང་འབྲེལ་བ་མ་ཆོད་ཕྱིར། ། རྟགས་དང་ཉམས་ནི་ཅི་བྱུང་ཡང།། བེམ་རིག་ཤན་འདི་མ་ཕྱེད་ན།། ཉམས་མྱོང་བཟང་ཡང་འཁྲུལ་པ་ཡིན།། དེ་ཕྱིར་ཡུལ་སེམས་གཅིག་ཟེར་པ།། དེ་ལྟར་མཁས་ཀྱང་སངས་མི་རྒྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དག་གཞི་དེ་རྟོགས་པ་དང།། མ་རྟོགས་རྒྱུད་པ་མ་ཆོད་ཀྱང།། འཁྲུལ་དང་མ་འཁྲུལ་ཕྱེ་བ་ལས།། དོན་ལ་རྒྱུད་ལུང་ཆོས་མི་དགོས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མ་བསྒོམས་གོལ་ས་མེད་པར་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། གནས་ལུགས་ཉམས་ནི་བཀའ་སྩལ་པ། ། ཆོས་རྣམས་ཀུན་གྱི་རྩ་བ་ནི།། རང་བྱུང་ཡེ་ཤེས་རྟོགས་པའི་དོན།། ད་ལྟ་ཉིད་དུ་ཉམས་སུ་མྱོང།། བདེ་ལྡན་སངས་རྒྱས་ཀུན་དང་མཉམ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ནས་གནས་པར་དོན་གོ་བས། ། སྒྲིབ་སྦྱོང་ཚོགས་བསགས་བྱ་མི་དགོས།། རང་བཞིན་གཞི་ཡི་གནས་ལུགས་ལ།། བྱར་མེད་བསྒྲུབ་མེད་དོན་ཤེས་པས།། བསྙེན་བསྒྲུབ་ཆོས་ལ་རྩོལ་མི་དགོས།། གཞན་ནས་མི་འབྱུང་རང་རིག་པས། ། མ་རིག་མུན་པ་གདོད་ནས་དག། རང་རིག་ཤེས་པ་གཉུག་མ་འདི།། རྒྱུ་དང་རྐྱེན་ལས་མ་བསྐྱེད་ཕྱིར།། འདུས་བྱས་ཆོས་ལ་རག་མ་ལུས།། ངེས་ལུང་བཀའ་ཡི་དགོངས་པ་འདིས།། མ་ནོར་མ་བཅོས་དོན་གོའི་ཕྱིར། ། ཚུལ་འཆོས་སྤྱོད་པ་བྱ་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ནས་གནས་པའི་གཞི་ཤེས་པས།། ཇི་བཞིན་དོན་ལ་རང་གསལ་བས།། སྣང་བའི་སྒྲོན་མ་འདེགས་མི་དགོས།། ནམ་མཁའ་དང་ནི་དུས་མཉམ་ཕྱིར། ། མ་སྐྱེས་མི་ནུབ་རང་འབྱུང་ཕྱིར།། གཞན་ནས་བཙལ་དུ་རྡུལ་ཙམ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ནས་གནས་པའི་གཞི་ཤེས་པས།། ཀུན་ཁྱབ་ཡེ་ནས་ཆོས་སྐུ་ལ།། འཕོ་འགྱུར་བྱ་བ་རྡུལ་ཙམ་མེད། ། དེ་ཕྱིར་གཞི་ངེས་ཆོས་སྐུ་ལ།། ཚིག་གི་ཐ་སྙད་བསླབ་མི་དགོས།། བལྟ་རུ་མེད་པའི་རིག་པ་ལ།། མདོག་དབྱིབས་སུ་ནི་མཐོང་བ་མེད།། གལ་ཏེ་ཡོད་ན་འཁྲུལ་པ་ཡིན།། བསམ་དུ་མེད་པའི་ཆོས་ཉིད་ལ། ། རྟོག་དཔྱོད་བྱེད་ན་མ་རིག་སེམས།། བསྟན་དུ་ཡོད་ན་མཚོན་པ་དཀའ།། རྟག་ཆད་ཡེ་ནས་མེད་པ་ལ།། མཐའ་རུ་ལྟུང་བ་ཡོད་མི་སྲིད།། དེ་ཕྱིར་སྤྲོས་བྲལ་མཐའ་དབུས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། ཡང་དག་མ་ནོར་དགོངས་པ་ནི།། ཞེ་ལ་འདོད་པ་ཁར་མི་ཐོན།། རང་གི་ཉམས་ལ་གསལ་བ་ལས།། ཚིག་གི་མཚོན་དུ་སྨྲར་མི་ཤེས།། དེ་ཕྱིར་བརྗོད་དུ་མེད་ཅེས་བྱ།། སུས་ཀྱང་མ་བྱས་མ་བཅོས་པར། ། ཕྱོགས་མེད་པ་ལ་ཆོས་སྐུ་གསལ།། བྱེང་རྨུགས་བྱ་བའི་མིང་ཡང་མེད།། དངོས་པོ་མེད་པའི་གསལ་དོན་གྱིས།། བཏང་སྙོམས་ལྟེང་པོའི་མུན་པ་མེད།། འཇིག་རྟེན་ཆོས་ཀྱིས་ཡེངས་པ་མེད།། ཆོས་ཉིད་དོན་ལ་མ་ཡེངས་མཆོག། དེ་ཕྱིར་དོན་གྱི་གདེང་ལྡན་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་གི་མནོ་བསམ་མ་བཏང་བར།། དེ་ཉིད་ཆོས་ཉིད་ཡིན་ཤེས་ན།། གོལ་སྒྲིབ་སྡུག་བསྔལ་འབྱུང་མི་སྲིད།། ཆེ་ཆུང་གཉེན་པོ་བསྒོམ་མི་དགོས། ། ད་ལྟའི་ཤེས་པ་འདི་ཉིད་ལས།། དོན་གྱི་གནས་ལུགས་གཅིག་ཤེས་ན།། རྒྱུད་དག་རང་བྱུང་ཆོས་ཀྱི་སྐུ།། ཐ་མ་རང་རིག་དུས་དེར་སངས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། གནས་ལུགས་དོན་གྱི་ཉམས་མྱོང་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ། །། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། དེ་ལྟར་མ་རྟོགས་བློ་དམན་གྱིས།། རྒྱུན་དུ་འབྲལ་མེད་བྱ་བའི་ཕྱིར།། དོན་ཟིན་སྤྱོད་པ་རྐྱེན་ཐུབ་པས།། རྒྱུ་དང་གོལ་ས་གདམས་ངག་དང།། ཉམས་མྱོང་ལ་བཟླ་བལྟ་བ་སྟེ། ། རེ་རེ་ལ་ནི་དྲུག་དྲུག་ཏུ།། ཕྱེ་ལ་བསྟན་གྱི་ཡིད་ཀྱིས་ཉོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བདེ་བ་ཡེ་ཤེས་རྣམ་གསུམ་གྱིས།། ནང་གི་བདེ་བ་རྐྱེན་ཐུབ་པས།། བལྟ་མེད་ཞི་གནས་འགོག་པ་ལ། ། བདག་མེད་མི་གཡོ་རྣམ་པ་གསུམ།། རང་ཡན་ལྷག་མཐོང་མི་བརྗེད་བཟུང།། མཐའ་བྲལ་ཤེས་གསལ་གདེང་གིས་ཟིན།། བདག་ཉིད་དོན་ལ་མེད་པར་ཤེས།། དེ་ཉིད་བདེ་གསལ་ཡེ་ཤེས་སྐུ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འཛི་ལོངས་སྤྱོད་འཕེལ་བ་ཡིས།། ཡོ་བྱད་རྣམ་གསུམ་ལྡན་པ་དེ།། འདོད་ཡོན་ལྔ་ལ་རང་རྒྱུད་ཞེན།། གང་འཁྲུལ་མ་མཐོང་དོན་ཤེས་པས།། གང་ཡང་མྱོང་བར་རིག་པས་ཤེས། ། བདག་གཞན་གཞི་ལ་མ་གྲུབ་པས།། བདེ་བ་ལོངས་སྤྱོད་ཆོས་ཉིད་རྒྱན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕོ་མོ་བདེ་བའི་རྐྱེན་ཐུབ་པ།། འགྲོ་བ་བཟང་པོར་ཡིད་ཆགས་པས།། ཐབས་དང་རང་རྒྱུད་ཆགས་སྤྱོད་གོལ། ། སྔ་ཕྱི་མ་སོང་དོན་ཟིན་པའི།། དེ་ཚེ་བདེ་བ་མཐར་མ་ལྟུང།། ཕོ་མོ་གཞི་ལ་གྲུབ་པ་མེད།། ལུས་བདེ་ལོངས་སྤྱོད་རིག་པའི་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་བདེ་བ་རྣམ་གསུམ་ཡང། ། ཞེན་མེད་དོན་ཟིན་དངོས་སྤྱོད་ཀྱང།། གནས་སྐབས་འབྲེལ་ཡོད་མཐར་ཐུག་མེད།། དེ་ཕྱིར་གདེང་ཟིན་རྣམས་ཀྱིས་སྤྱོད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། བདེ་བ་ཡེ་ཤེས་སུ་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།།།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཕྱི་ཡི་ལུས་ཀྱི་སྡུག་བསྔལ་གྱི།། ནད་ནི་བཞི་བརྒྱ་རྩ་གཅིག་ལས། ། ཡེ་འདྲོག་ཁོད་པ་རྣམ་གསུམ་ཡིན།། གང་ན་ལྷག་མཐོང་དོན་གྱིས་ཟིན།། དེ་ཚེ་མཐའ་བྲལ་ཆོས་སྐུར་མྱོང།། ལུས་དང་ན་ཚ་གཞི་ལ་མེད།། སྡུག་བསྔལ་དེ་ཉིད་སྤྲུལ་སྐུར་ཤར།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། སེམས་ཀྱི་སྡུག་བསྔལ་རྐྱེན་ཐུབ་པས།། ཆགས་སྡང་རྣམ་གཉིས་ཡིན་པའི་ཕྱིར།། བྱམས་སྡང་གཞི་ལ་དམ་པར་ཞེན།། མི་གཞིག་མི་བསམ་དྲན་པས་ཟིན།། གང་ལ་ཞེན་འཛིན་བདེ་ཟིན་ཉམས། ། དེ་ཉིད་བསམ་པ་གཞི་ལ་མེད།། དེ་ཚེ་སྡུག་བསྔལ་བདེ་བར་ཤར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་སྡུག་བསྔལ་རྣམ་བཞི་ཡང།། མ་རིག་རྐྱེན་བཞིས་བསྐྱེད་པའི་རྒྱུ།། ཉོན་མོངས་བག་ཆགས་བསགས་པས་གོལ། ། སྔ་ཕྱི་མེད་ཤེས་གདམས་ངག་གིས།། ཆོས་ཉིད་གཞི་ལྡན་ཉམས་སུ་མྱོང།། གཞི་ལ་སྔ་ཕྱི་དོན་ལ་མེད།། དེ་ཕྱིར་འབྲས་བུ་ཆོས་ཀྱི་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྡུག་བསྔལ་ཉིད་དང་བདེ་བའི་ཀློང། ། དོན་ལ་ཡེ་ཤེས་འབྲལ་བ་མེད།། ད་ལྟའི་རིག་པ་འདི་ཉིད་ཡིན།། དེ་ཕྱིར་སྡུག་བསྔལ་བདེ་བའི་ངང།། དེ་ལ་ཞེན་མེད་ཡེ་ཤེས་སྐུ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སྡུག་བསྔལ་ཞི་བྱེད་ཆོས་སྐུར་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།།།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བཏང་སྙོམས་ཤེས་ཤིང་རྐྱེན་ཐུབ་པ། ། ལེ་ལོ་སྙོམས་ལས་ལུང་མ་བསྟན།། བཏང་སྙོམས་མུན་པས་རང་རིག་བསྒྲིབས།། ཤན་ཕྱེད་ངོས་ཟིན་ཡིད་ཆེས་ལ།། རང་རིག་འབྲེལ་མེད་ཉམས་དང་ལྡན།། མ་རིག་མེད་ཕྱིར་བཏང་སྙོམས་མེད། ། ལྷག་མཐོང་འབྲས་བུ་བདེ་བ་མཐོང།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་གཞི་ལུང་མ་བསྟན་པ་ཡིས།། བསྒྲིབས་པ་ལུང་མ་བསྟན་པའི་ཕྱིར།། དང་པོ་ཡིད་ཙམ་བསྒྲིབས་པ་ཡིས། ། མ་རིག་རྒྱུ་ལས་ལུས་བསྐྱེད་པས།། བརྒྱལ་དང་མངལ་དུ་ཆགས་ཙམ་ན།། བརྗེད་དང་མ་དྲན་ཧད་དེ་བ།། དྲན་མེད་དྲུག་གིས་ལུང་མ་བསྟན།། དྲན་མེད་ལུང་ལས་མ་གཡོས་པའི།། ངེས་དོན་གདམས་ངག་སྔོན་བསྟན་ནས། ། ལུང་མ་བསྟན་པར་རང་སྟོང་ནས།། གཞི་ཉིད་དོན་ཕྲད་ཆོས་ཀྱི་སྐུ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། བཏང་སྙོམས་ལྷག་མཐོང་རིག་པ་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ཀུན་རིག་སྟོན་པས་བཀའ་སྩལ་པ།། གཉིད་ཀྱི་རྣམ་གྲངས་དབྱེ་བ་ནི། ། དགེ་སྡིག་ལུང་མ་བསྟན་པའི་གཉིད།། བག་ཆགས་བཟང་ངན་གཉིས་ལས་བྱུང།། དང་པོ་ལུང་མ་བསྟན་པའི་གཉིད།། རྨི་ལམ་མེད་པའི་ལམ་མེད་པ།། དེ་ལ་དགེ་སྡིག་རྨི་ལམ་བྱུང།། བག་ཆགས་མཚམས་སྦྱོར་ལྷས་བསྟན་པ། ། འཁྲུལ་པ་བཟང་ངན་དམ་པར་འཛིན།། དེ་ཕྱིར་མ་རིག་རྨོངས་པར་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཉིད་ལོག་ཚོགས་དྲུག་བག་ལ་ཉལ།། བུམ་ནང་སྦྲང་བུ་བརྒྱལ་བ་བཞིན།། རང་དབང་མེད་པར་སེམས་སྡུད་པ། ། གཏི་མུག་མུན་པར་ཆོས་སྐུ་དབྱིངས།། དེ་མ་བསལ་བར་སངས་མི་རྒྱ།། དེ་ཕྱིར་ངེས་པའི་ལུང་འདི་ལ།། ཡིད་ཆེས་རིག་པའི་ཀློང་དུ་ཞོག། དེར་བཞག་ས་ལེར་དྲན་མི་རྒྱུ།། ཆོས་ཉིད་གནས་ལུགས་དེ་ཡིན་པས། ། གཉིད་ནི་ཆོས་སྐུའི་ཀློང་དུ་ཐིམ།། བག་ཉལ་གཞི་གནས་རིག་མ་རིག། རྨི་ལམ་རྣམ་གསུམ་གང་བྱུང་ཡང།། གཞན་གྱི་བར་ནི་མ་ཆོད་པར།། སད་དུས་གདམས་ངག་འདི་དྲན་པས། ། གཉིད་དེ་ཆོས་སྐུར་རང་ཤེས་ཕྱིར།། དོན་ཙམ་ཉིད་ན་ཉམས་སུ་མྱོང།། དེ་ལ་རྨི་ལམ་གྲུབ་པ་མེད།། འབྲས་བུ་མི་རྟོག་ཆོས་སྐུར་ཤར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དང་པོ་རང་བཞིན་ལུས་གཞི་ཡིས། ། ཀུན་གཞི་ལུང་མ་བསྟན་དུས་ན།། མངལ་གྱིས་བསྒྲིབས་གཡོག་ལུས་འདིས་ནི།། རྐྱེན་བྱས་གཉིད་དུ་སོང་བའི་ཚེ།། རང་ཉིད་མལ་ལ་གཉིད་དེ་ནི།། ལུང་ལྡན་གདམས་ངག་སྔོན་ཕོག་པས།། འཁོར་འདས་མ་རིག་གཞི་དེ་ཉིད། ། མི་དྲན་གཉིད་དེ་ཆོས་སྐུར་དྲན།། རིན་ཆེན་ག་འུར་བཅུག་པ་བཞིན།། བྱིང་ཡང་སད་དུས་གདམས་ངག་གིས།། རྨི་ལམ་གང་ཡང་མི་བསམ་པར།། དྲན་དུ་མི་གཞུག་རྗེས་མི་བཅད།། གདམས་ངག་དྲན་པས་བག་ཉལ་མེད། ། དེ་ཤེས་རང་བྱུང་ཀློང་ཐིམ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྨི་ལམ་བཟང་ངན་སྤྲིན་བཞིན་དུ།། ཆོས་ཉིད་སྟོང་པའི་ངང་དུ་སངས།། བརྗེད་དྲན་ནོར་ནི་རྙེད་པ་འདྲ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་ཡི་མངལ་དུ་གནས་དུས་ན།། འཆི་ཀར་དྲན་པ་མུན་སོང་དང།། བརྒྱལ་དང་མ་དྲན་བརྗེད་པའི་དུས།། གདམས་ངག་དྲན་པ་མེད་ཀྱང་ནི།། གཞན་གྱི་བར་ནི་མ་ཆོད་པར། ། དེ་ཚེ་དྲན་རྙེད་ལྷག་མཐོང་ཤར།། དེ་ལྟར་ཉམས་སུ་མྱོང་བའི་ཕྱིར།། བར་དོར་མངོན་སངས་རྒྱས་པར་ངེས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། གཉིད་ཡེ་ཤེས་ཀློང་ཐིམ་དུ་བསྟན་པའི་ལེའུ་སྟེ་ང་བཞི་པའོ།།།། ཀུན་རིག་སྟོན་པས་ཡང་གསུངས་པ།། གཏི་མུག་རང་གྲོལ་རྐྱེན་ཐུབ་པས།། མ་རིག་ཤེས་བཞིན་ལུང་མ་བསྟན། ། གང་ཡང་མི་སེམས་གཏི་མུག་སེམས།། ལུང་ལྡན་སྒྲོན་མའི་དོན་བསྟན་པས།། རང་རིག་ཆོས་སྐུ་ཡིད་ལ་ཤར།། གཞི་དང་ཕྲད་པས་མུན་པ་བརླག། འབྲས་བུ་ཆོས་སྐུ་ཐམས་ཅད་མཁྱེན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཞེ་སྡང་རང་གྲོལ་རྐྱེན་ཐུབ་པས།། ཡུལ་ངན་ཁ་དོག་སྨྲ་བ་ལ།། ཞེ་སྡང་སེམས་འཁྲུགས་བཟོད་པ་ཉམས།། མི་བསམ་ཡུལ་གྱི་རྗེས་མི་བཅད།། དེ་དུས་རྟག་ཆད་མཐའ་བྲལ་ཉམས།། རང་གཞན་གཞི་ལ་གྲུབ་པ་མེད། ། འབྲས་བུ་རང་རིག་སྤྲུལ་པར་ཤར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ང་རྒྱལ་རེད་བྱེད་རྐྱེན་ཐུབ་པས།། གཞན་དག་ལྡེམ་པོས་སྨྲ་བ་ལ།། ང་བདེན་རྨོངས་པ་ཆེད་དུ་བྱེད།། གང་ཡང་དོན་མེད་དོན་དྲན་པས། ། དེ་ཉིད་རིག་པའི་ཤེས་པ་ཉམས།། ཚིག་གི་ཆེ་ཆུང་གཞི་ལ་མེད།། དོན་ལྡན་ང་རྒྱལ་ཆོས་སྐུར་འཆར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྲག་དོག་རང་གྲོལ་རྐྱེན་ཐུབ་པས།། གཞན་གྱི་ཕུན་སུམ་ཚོགས་པ་ལ། ། གཡོ་སྒྱུའི་ཐབས་ཀྱིས་གཞན་ལ་སྨོན།། བདག་གཞན་མེད་ཤེས་ཆོས་ཀྱི་སྐུ།། ཕྲག་དོག་ཡེ་ཤེས་ཉམས་སུ་མྱོང།། དེ་ཙམ་ཉིད་ན་བདག་གཞན་མེད།། གཡོ་སྒྱུའི་དོན་ཤེས་ལོངས་སྤྱོད་རྒྱན།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དངོས་པོར་མ་འཁྲུལ་རང་ལུགས་ལ།། རྐྱེན་གྱི་ཉོན་མོངས་གང་སྐྱེས་ཀྱང།། དེ་དུས་ཆོས་སྐུ་ཉམས་སུ་མྱོང།། དེ་ཚེ་ཡུལ་དང་འབྲེལ་པ་མེད།། དེ་ཕྱིར་རྐྱེན་ཐུབ་བསྒོམ་མི་དགོས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་སྟོན་པས་ཡང་གསུངས་པ།། རིག་འཛིན་སེམས་དཔའ་སྤྲུལ་པའི་སྐུ།། སངས་རྒྱས་དགོངས་པ་ངེས་པའི་དོན།། ཐུགས་ནས་སྙན་དུ་བརྒྱུད་པ་ཡི།། སྣོད་ལྡན་གདམས་ངག་སྔོན་བསྟན་ནས། ། ཏིང་འཛིན་བརྟན་པར་མ་གྱུར་ཀྱང།། སྔ་ཕྱི་མི་རྟོག་ཙམ་བསྒོམ་ལ།། ཚེ་འཕོས་མི་ལུས་གཅིག་ཐོབ་ནས།། འཁོར་བར་མི་ལྡོག་བདེན་པ་མཐོང།། དེ་བས་མི་གཡོ་གཏན་གོམས་ན། ། ལུས་ཀྱི་འབྱུང་བ་ཞིག་པའི་དུས།། ལྷ་ཡི་རིག་འཛིན་མངོན་ཐོབ་ནས།། དུས་དེ་ཉིད་དུ་མངོན་སངས་རྒྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐིག་ལེ་ཉག་གཅིག་མངོན་རྟོགས་པའི།། རྣམ་སྨིན་ལུས་དང་མ་བྲལ་བར། ། ཐོག་མ་མེད་པར་སངས་རྒྱས་ཚེ།། སྐད་ཅིག་ཙམ་ལ་མ་རིག་སངས།། ལུས་མེད་རིག་པ་ཡེ་ཤེས་རྒྱས།། རང་བྱུང་ཐུགས་ལ་སྐྱེ་ཤི་མེད།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྡན།། ནམ་མཁའ་ཉི་མའི་སྙིང་པོ་འདྲ། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ནས་དག་པའི་གཞི་ཉིད་ནི།། ཆོས་སྐུར་ངོ་སྤྲོད་དོན་ཤེས་ན།། ཆོས་སྐུ་གཟུགས་སྐུ་རྣམ་པ་གཉིས།། སོ་སོར་སྣང་བ་མ་ཡིན་ཏེ།། ཆོས་ཀྱི་སྐུ་ལས་གཟུགས་སྐུ་འཆར། ། དཔེར་ན་སྣུམ་དང་མར་བཞིན་ནོ།། རིན་ཆེན་ལུས་ནང་ཆོས་སྐུ་ལ།། སྣང་བ་གཟུགས་མེད་ལོངས་སྤྱོད་སྐུ།། སྣང་དག་ས་བཅུའི་སེམས་དཔས་མཐོང།། ལས་དག་ལྷ་མི་ཀུན་སྣང་ལ།། གཟུགས་ཅན་ཐུབ་དྲུག་སྤྲུལ་སྐུར་མཐོང། ། གཅིག་ལ་གཅིག་ཚང་ཡེ་ནས་ཡོད།། གསེར་དང་སེར་པོ་ཇི་བཞིན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་ལུས་ཅན་སངས་རྒྱས་ལ།། སེམས་ཅན་མེད་ཕྱིར་དོར་མི་དགོས།། རང་ལ་ཡོད་པ་ངོ་ཤེས་ཕྱིར། ། ཆེད་དུ་རྩོལ་བས་བསྒྲུབ་མི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་རིག་པ་ཆོས་སྐུ་ལ།། དུས་གསུམ་འཁྲུལ་དང་འཕོ་འགྱུར་མེད།། སྟོང་གསུམ་ཞིག་ཀྱང་ཉམ་མི་ང།། དངོས་མེད་རང་བྱུང་རིག་པའི་སྐུ། ། ཡེ་ཤེས་གཟུགས་ཅན་ཁ་མིག་ཅན།། དེ་ཡི་གཟུགས་བརྙན་གཟུགས་སྐུ་འབྱུང།། མ་བཙལ་རང་བྱུང་ཆོས་ཀྱི་སྐུ།། ཐབས་ལ་མི་བརྟེན་ཡོན་ཏན་རྫོགས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སྲིད་པ་བར་དོ་ལ་སྐྱེ་བ་ཕྱིས་མི་ལེན་པར་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།།།། དེ་ནས་ཀུན་རིག་སྟོན་པ་ལ། ། ལྷ་དབང་བརྒྱ་བྱིན་དོན་ཞུས་པ།། དོན་ཉིད་རྟོགས་པའི་རྣལ་འབྱོར་པས།། ངེས་དོན་མཐར་ཕྱིན་བཀའ་སྩལ་པ།། རྩོལ་སྤྱོད་རྟག་ཏུ་དགོས་མི་དགོས།། ཞུས་པའི་དོན་ལ་བཀའ་སྩལ་པ། ། ཆོས་སྐུ་གདོད་ནས་དག་པ་ལ།། ཆོས་སྤྱོད་བཅུ་ཡིས་སངས་མི་རྒྱ།། མ་བཙལ་ལྷུན་གྱིས་གྲུབ་པ་ལ།། ཡོན་ཏན་བཅུ་ཡིས་བསྒྲུབ་ཏུ་མེད། ཀུན་བཟང་ཆོས་བས་ང་སྔའི་ཕྱིར།། མདོ་རྒྱུད་ཀུན་གྱི་ཕྱི་མོར་བཤད། ། ཐོས་པས་ཤེས་རབ་བསྐྱེད་དུ་མེད།། སངས་རྒྱས་སེམས་ལས་མ་བྱུང་ཕྱིར།། རྒྱུད་ལུང་མན་ངག་གྲོགས་མི་དགོས། ཀུན་གྱི་གཞི་ཉིད་ང་ཉིད་ཡིན།། ང་ལ་དང་པོ་རྒྱུ་མེད་པས།། ཐ་མ་རྐྱེན་གྱིས་གཞིག་ཏུ་མེད། ། ང་ལ་བསྒྲུབ་པའི་ཐབས་མེད་པས།། དངོས་གྲུབ་གཞན་ནས་རེ་བ་མེད།། ང་ལ་བསྟན་པའི་ཚིག་མེད་པས།། རྟོག་པའི་སྨྲ་བསམ་ཡུལ་ལས་འདས།། ང་ལ་གོང་ན་རྗེ་མེད་པས།། ཡེ་ཤེས་ཀུན་ལས་ཁྱད་པར་འཕགས། ། ང་ལ་འོག་ན་འབངས་མེད་ཕྱིར།། སྙིང་རྗེ་ཆེན་པོ་སྤྱིར་མི་མཛད།། ང་ཉིད་ཡེ་ཤེས་རང་བཞིན་ལ།། ཐབས་ཀྱི་ངོ་བོ་དབྱིངས་ན་གསལ།། ཉི་མའི་སྙིང་པོ་རང་ཤར་བས།། འབྱུང་བ་ལྔ་ལ་ཁྱབ་པ་བཞིན། ། ཆོས་སྐུ་རིག་པ་དངོས་མེད་ལ།། བཙལ་བ་མེད་པར་ཡེ་གནས་ཕྱིར།། ནམ་མཁའ་ལྟ་བུར་རང་གསལ་བས།། བག་ཆགས་སྐྱོན་གྱིས་བསྒྱུར་དུ་མེད།། རིན་ཆེན་ལྟ་བུའི་ཡོན་ཏན་ལ།། ཆོས་སྐུའི་གཟུགས་བརྙན་གཟུགས་སྐུ་འབྱུང། ། ཕྱི་ནང་མེད་པར་ཡེ་ཤེས་སྐུ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ལྷ་དབང་གི་ཐེ་ཚོམ་གྱི་གེགས་བསལ་བའི་ལེའུ་སྟེ་ང་བདུན་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལུང་ལྡན་ངེས་པའི་རྒྱུད་ཆེན་འདི།། དད་ལྡན་ཀུན་ལ་འདི་ཡོད་ན། ། རྣམ་སྨིན་ལུས་དང་མ་བྲལ་བར།། སངས་རྒྱས་ད་ལྟ་དགོངས་པ་ཉིད།། གཞི་དང་ཤེས་པ་གཅིག་ཏུ་རྟོགས།། འཁྲུལ་པ་མེད་པར་རང་ཡིད་ཆེས།། འདུ་ཤེས་བསྐུམ་དང་རྒྱ་བསྐྱེད་མེད།། གང་ལྟར་གནས་པ་ཆོས་སྐུར་ཡོད། ། བྱ་དང་མི་བྱའི་རྩོལ་བ་བྲལ།། དེ་དོན་གདེང་ཟིན་རྣལ་འབྱོར་པས།། གང་ལྟར་བྱས་པ་ཐམས་ཅད་ཀུན།། རང་བྱུང་ཆོས་སྐུར་འབྲལ་མེད་ཤེས།། ངེས་དོན་འདི་རྟོགས་རྣལ་འབྱོར་པས།། འཁྲུལ་པ་བྱ་བའི་མིང་ཡང་མེད། ། ཐམས་ཅད་རང་བྱུང་ཆོས་སྐུ་ཉིད།། དེ་ཡང་འཁོར་རྣམས་ལེགས་པར་ཉོན།། ལོག་རྟོགས་སྒྱུ་མའི་སེམས་ཅན་དང།། ཡེ་ཤེས་སྒྱུ་མའི་སངས་རྒྱས་གཉིས།། དྲང་དོན་བསྟན་པས་སེམས་མ་རྟོགས། ། སེམས་ཅན་སངས་རྒྱས་བཏགས་པ་ཙམ།། གདག་རྒྱུ་གང་ཡང་གཞི་ལ་མེད།། དྲང་དོན་ཆོས་ཀྱིས་བདག་གཞན་ཕུང།། ཕན་གནོད་མེད་ཕྱིར་དྲང་དོན་རྫུན།། རྡོ་རྗེ་སེམས་དཔས་དེ་སྐད་གསུངས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། དུས་ད་ལྟ་ཉིད་དུ་རྟོགས་པར་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།།།། དེ་ཚེ་ལྷའི་བུ་སེམས་ལྷག་གིས། ། ཡིད་ཀྱི་ཐེ་ཚོམ་བསལ་བའི་ཕྱིར།། རྡོ་རྗེ་སེམས་ལ་དོན་ཞུས་པ།། གཞི་ལ་འབྱུང་བ་མེད་པས་ན།། སངས་རྒྱས་སེམས་ཅན་མེད་པའི་ཕྱིར།། ཐུགས་རྗེ་རྒྱུན་ཆད་འགྲོ་དོན་མེད།། ཆད་དང་ཁྱད་མེད་མི་འགལ་ལམ། ། དེ་སྐད་ཞུས་པའི་དོན་གསན་ནས།། རིག་འཛིན་འཁོར་ལ་བཀའ་སྩལ་པ།། ཡེ་ནས་དག་པའི་གཞི་ཉིད་ལ།། དུས་གསུམ་དག་ཏུ་འགྱུར་མེད་པས།། ཆད་པའི་སྐྱོན་དུ་ཅི་ལ་ཆེ།། ཆོས་སྐུ་སེམས་ཅན་ཀུན་ཁྱབ་པས། ། ཐུགས་རྗེའི་རྒྱུན་ནི་ཅི་ལ་འཆད།། ཡོད་ལས་མེད་སོང་མ་ཡིན་པས།། ཆད་པའི་སྐུར་པ་གང་ལ་འདེབས།། དོན་ལ་སངས་རྒྱས་སེམས་ཅན་མེད།། གཞི་ཤེས་འབྲལ་མེད་གཅིག་པུས་ཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་རིག་རྨོངས་པའི་ལོག་ལྟ་ཅན།། འདུས་མ་བྱས་པའི་ཆོས་ཉིད་ལ།། འབྱུང་གཞི་ཐབས་ཀྱིས་ཚང་གོས་ཟེར།། རང་ཡིད་ཁྲ་བོར་ཡོད་པ་ལ།། རང་རིག་ཡིན་འདོད་རྨོངས་པ་ཀུན། ། འབྱུང་བ་དངས་སྙིགས་གཞིར་ཕྱེ་ན།། འདུས་བྱས་འབྱུང་བའི་ཁ་དོག་ལས།། ཡེ་ཤེས་ལྔ་དང་འོད་ལྔར་འདོད།། ཕྱི་ནང་ཕུང་ཁམས་སྐྱེ་མཆེད་ཀུན།། ནན་གྱིས་གཟུགས་སྐུར་བློས་བསྒྱུར་ཀྱང། ། ཡུལ་གྱི་འབྲེལ་པ་མ་ཆོད་ཕྱིར།། སངས་རྒྱས་མི་འབྱུང་ཤིན་ཏུ་གོལ།། རུས་སྦལ་སྤུ་ལ་གོས་བྱེད་འདྲ།། ཕྱི་སྣོད་མི་འགྱུར་བཅུད་འགྱུར་ཟེར།། གཞི་ལ་འབྱུང་བ་མེད་པའི་ཕྱིར།། ཁ་དོག་ལྔ་དང་འོད་ལྔ་ནི།། གཞི་མི་ཤེས་ལ་སྣང་བ་ལས།། དོན་ལྡན་ཀུན་ལ་གདོད་ནས་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཅིག་ལ་ཡོན་ཏན་ཀུན་སྣང་སྟེ།། གང་ཡང་མི་འགལ་ཆོས་སྐུ་ནི།། རང་རང་མཐོང་སྣང་སོ་སོ་ལ།། བཟང་རྟོག་གཟུགས་སྐུ་རྣམ་གཉིས་འབྱུང། ། ངན་རྟོག་འགྲོ་དྲུག་ལུས་སྣང་བ།། གཞི་ལ་གཉིས་ཀ་མེད་ལས་བྱུང།། བྱུང་ཡང་ཕན་གནོད་གཉིས་ཀ་མེད།། དེ་ཕྱིར་འཁོར་འདས་མ་རིག་ཆོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་གྱི་ས་བཅུའི་སེམས་དཔའ་ཡིས།། རང་ལ་ཡོད་པ་མ་རྟོགས་པས།། འགྲོ་དོན་ཆེད་དུ་རྩོལ་བ་བྱེད།། ཡེ་ཤེས་སྒྱུ་མའི་སངས་རྒྱས་འདོད།། གླེན་པས་ལྷ་ཁང་བལྟ་བ་བཞིན།། ལྡེམ་དགོངས་བསྒོམ་དང་སེམས་བསྐྱེད་དང། ། སྐུ་མདོག་འོད་དང་དཔེ་བྱད་དང།། ཞིང་ཁམས་བརྒྱན་པ་མངོན་དུ་འདོད།། སྒྱུ་མའི་གཟུགས་སྐུ་བཟང་པོར་མཐོང།། ཆོས་སྐུ་མ་ཤེས་ཡུལ་དུ་བཟུང།། དེ་ཕྱིར་ཤེས་བྱའི་སྒྲིབ་པས་བསྒྲིབས།། གནས་ལུགས་ཆོས་སྐུའི་སངས་རྒྱས་མིན། ། དེ་ཡང་འཁོར་རྣམས་ད་ཉོན་ཅིག། ཡེ་ནས་གནས་པའི་སེམས་ཉིད་དེ།། ཉན་ཐོས་རང་རྒྱལ་རང་དག་འཁོར།། ཤེས་རབ་དམན་ལ་ཚོགས་བསགས་པས།། མེ་ལོང་གཞི་ལ་རང་བྱད་འཛིན། ། དེ་ནི་སྤྲུལ་སྐུར་མཐོང་བའི་ཚེ།། ཆོས་སྐུའི་གཟུགས་བརྙན་མ་ཤེས་ཕྱིར།། ངན་རྟོགས་སྦྱང་ཕྱིར་མོས་གུས་བྱེད།། ཆོས་སྐུར་མ་ཤེས་ཐུབ་དྲུག་མཐོང།། བག་ཉལ་ཉོན་མོངས་སྒྲིབ་པ་ཡོད།། དེ་ཕྱིར་ཡེ་ཡོད་གཞི་མ་ཤེས། ། སྨིག་རྒྱུར་ཆུ་མཐོང་སྙེགས་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འགྲོ་དྲུག་སེམས་ཅན་མ་ལུས་ཀུན།། དུག་ལྔ་རང་ལ་སྐྱེས་ཙམ་ན།། ཆོས་སྐུར་མ་ཤེས་གཏི་མུག་པས།། མེད་པའི་ཡུལ་ལ་ཆགས་སྡང་སྐྱེས། ། འཁོར་བའི་མཐའ་ལ་ཟད་པ་མེད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས་ལྷའི་བུའི་སེམས་ཀྱི་རྟོག་པ་བསལ་བའི་ལེའུ་སྟེ་ང་དགུ་པའོ། །།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། རྒྱུད་བདག་རྡོ་རྗེ་སེམས་དཔའ་ལ།། རང་རིག་རྟོགས་དོན་འདི་སྐད་གསོལ།། ཀུན་བཟང་གདམས་ངག་འདི་ཕོག་པས། ། བདག་དོན་རྟོགས་པ་འདི་ལྟར་ཤར།། ཡུལ་དང་སེམས་ནི་ཅིར་སྣང་ཡང།། འཁྲུལ་པའི་ཡིད་ཀྱིས་བརྟགས་པ་ལས།། དོན་ལ་མེད་པར་རང་ཡིད་ཆེས།། ལུང་ལྡན་གདམས་ངག་ཟིན་ཙམ་ན།། གང་ཡང་མི་འགལ་ཆོས་སྐུར་ཤེས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཇི་བཞིན་པ་ལ་དོན་གྱིས་ཟིན།། མ་བཅོས་པ་ལ་དྲན་པ་གསལ།། ཡིད་ཆེས་དོན་ལ་འགྱུར་བ་མེད།། མ་འགགས་པ་ལ་བཟུང་རྒྱུ་མེད།། འགྲོ་འོང་མེད་པར་རང་སར་གནས། ། ཤེས་པ་གསལ་ལ་མནོ་བསམ་བྲལ།། དེ་ཙམ་ཉིད་ན་བསྒོམ་དུ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉི་ཤར་མུན་གྲིབ་མེད་པ་བཞིན།། གནས་ལུགས་གཞི་དང་ཕྲད་པའི་ཚེ།། འཁྲུལ་མེད་ཤེས་པ་ཡུལ་དང་བྲལ། ། བསམས་ནས་མེད་པ་མ་ཡིན་ཏེ།། གདོད་ནས་མེད་པ་ཀུན་གྱི་གཞི།། དེ་ཉིད་རྟོགས་པས་ཀུན་བཟང་ཐུགས།། དུས་གསུམ་རྒྱལ་བའི་དགོངས་པ་གཅིག། དེ་ཕྱིར་ཐིག་ལེ་ཉག་གཅིག་ཡིན།། འཕོ་འགྱུར་མེད་པ་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་ཡེ་ཤེས་རྟོགས་ཙམ་ན།། ད་ལྟའི་ཤེས་པ་འདི་ཉིད་ལ།། བཟང་པོར་སོང་བ་མེད་པའི་ཕྱིར།། བསྒོམ་དང་མི་བསྒོམ་ཐ་སྙད་བྲལ།། བྱིང་རྒོད་གཉིས་ཀྱང་རང་བྱུང་ཀློང། ། མ་རིག་མེད་པས་ཡེ་ཤེས་ཀློང།། དེ་ཕྱིར་རང་བྱུང་ཤེས་རབ་གསལ།། བཞག་དང་ལངས་པ་མེད་པའི་ཕྱིར།། བདེ་དང་མི་བདེ་ཐམས་ཅད་ཀུན།། དོན་ལ་རང་རིག་ཆོས་སྐུར་གཅིག། གསལ་དང་མི་གསལ་གང་ཡང་རུང།། འཛིན་མེད་རང་བྱུང་ཆོས་སྐུ་ལ།། དྲན་དང་མ་དྲན་གང་ཤར་ཡང།། གང་གི་གཉེན་པོ་བརྟེན་མི་དགོས།། གང་ཡང་ཆོས་སྐུར་ཤེས་པའི་ཕྱིར།། ཡེངས་དང་མ་ཡེངས་གདོད་ནས་མེད། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟ་བུ་ཡི་སེམས་ཅན་ཀུན།། ལུང་ལྡན་མ་ཕྲད་ཕུགས་མ་དག། གཞི་ཉིད་མ་ཤེས་བར་དུ་ཡང།། ཡུལ་སེམས་གཉིས་ཀྱི་འཁྲུལ་པ་ཡོད། དེ་ཕྱིར་དད་པས་ཅི་བསྒོམ་ཡང། ། བྱིང་རྒོད་ཡེངས་དང་མ་ཡེངས་འབྱུང།། རང་བློ་ཞེན་པ་སྣ་ཚོགས་བྱེད།། ཀུན་ཀྱང་ང་དང་འདྲ་སྙམ་ནས།། གདམས་ངག་ཅན་ལ་སྒྲོ་སྐུར་འདེབས།། དེ་ཉིད་གཞི་ཉིད་མ་ཤེས་ན།། ཆོས་སྤྱོད་བརྩོན་ཡང་རྣལ་འབྱོར་མིན། ། བསྐལ་པར་བསྒོམས་ཀྱང་སངས་མི་རྒྱ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་གཞི་ཕྲད་པའི་རྟོགས་པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་ཏུ་བཟང་ལ་འདི་སྐད་གསོལ།། ཐིག་ལེ་ཉག་གཅིག་ཆོས་སྐུ་ལ། ། ས་བཅུ་རྫོགས་པའི་ཡོན་ཏན་གང།། སངས་རྒྱས་དགོངས་པ་ཇི་ལྟར་འདུས།། གཞན་གྱི་འགྲོ་དོན་ཇི་ལྟར་བྱེད།། གཞི་ལམ་འབྲས་བུར་ཇི་ལྟར་གཅིག། ཀུན་རིག་རྒྱལ་པོས་བཤད་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ངེས་པའི་ས་རྣམས་རྫོགས་པ་ནི།། གྲངས་དང་མིང་དང་རྟེན་དང་དཔེ།། ཡོན་ཏན་འབྲས་བུ་དྲུག་དྲུག་ཏུ།། ངེས་དོན་བསྟན་གྱིས་ཡིད་ལ་ཟུང། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་བར་མི་ལྡོག་རབ་ཏུ་དགའ།། རྟེན་ནི་སྦྱིན་པ་རིན་ཆེན་གཏེར།། མ་རིག་ཆ་ཕྲ་ཟིལ་གྱིས་གནན།། མངོན་རྒྱུའི་ཉོན་མོངས་འབྱུང་མི་སྲིད།། ས་ནི་གཉིས་པ་དྲི་མེད་ལ། ། རྟེན་ནི་ཚུལ་ཁྲིམས་རིན་ཆེན་མྱུག། བག་ཉལ་མི་གནོད་འགྱུར་བ་མེད།། སྒྲིབ་མེད་རང་རིག་ཆོས་སྐུར་གསལ།། ས་ནི་གསུམ་པ་འོད་འཕྲོ་ལ།། རྟེན་ནི་བཟོད་པ་རྒྱ་མཚོ་འདྲ།། ཞེན་པའི་ཉམས་ནི་གཏིང་ནས་ཆོམས། ། ཡེ་ཤེས་ངང་ལ་རྗེས་ཐོབ་མེད།། ས་ནི་བཞི་པ་འོད་བྱེད་ལ།། རྟེན་ནི་བརྩོན་འགྲུས་རི་རབ་འདྲ།། ཞེན་པའི་བག་ཆགས་དྲན་མི་སྲིད།། འཇིག་རྟེན་མཆོད་ཀྱང་ཞེན་པ་བྲལ།། ས་ནི་ལྔ་པ་སྦྱངས་དཀའ་ལ། ། རྟེན་ནི་བསམ་གཏན་རྡོ་རྗེ་འདྲ།། རྩལ་ནི་བྱིང་རྒོད་རྐྱེན་མི་འབྱུང།། དགོངས་པའི་དོན་ལ་འབྱུང་འཇུག་མེད།། ས་ནི་དྲུག་པ་མངོན་གྱུར་ལ།། རྟེན་ནི་ཤེས་རབ་སྨན་དང་འདྲ།། སྐྱེ་ཤི་མེད་པའི་ལམ་ཡང་སྟོན། ། ཐམས་ཅད་རིག་པ་ཆོས་སྐུར་མཁྱེན།། ས་ནི་བདུན་པ་རིང་སོང་ལ།། རྟེན་ནི་དགེ་བའི་བཤེས་གཉེན་འདྲ།། རྩལ་ནི་དུག་ལ་སྨན་དུ་འགྱུར།། འཁོར་བའི་སྐྱོན་གྱིས་གོས་པ་མེད།། ས་ནི་བརྒྱད་པ་མི་གཡོ་བ། ། རྟེན་ནི་སྨོན་ལམ་རིན་ཆེན་འདྲ།། ཤེས་བྱའི་སྒྲིབ་པ་རྩད་ནས་དག། དམ་པར་བལྟ་བ་གང་ཡང་མེད།། དགུ་པ་ལེགས་པའི་བློ་གྲོས་ལ།། རྟེན་ནི་སྟོབས་ཆེན་ཉི་མ་འདྲ།། རྩལ་ནི་ལོག་པ་དབྱིངས་སུ་སྒྲོལ།། སངས་རྒྱས་ས་ལ་ངེས་པར་འགྲོ།། རང་སེམས་ས་ནི་བཅུ་པར་འགྲོ།། རྟེན་ནི་ཡེ་ཤེས་དབྱིངས་དང་འདྲ།། རྩལ་ནི་སྒྲིབ་དག་ཐམས་ཅད་མཁྱེན།། དེ་ལས་བགྲོད་མེད་སངས་རྒྱས་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དག་ས་བཅུའི་རྟེན་ལ་སོགས།། ངོ་བོ་རང་བྱུང་ཆོས་སྐུར་འདུས།། གདུལ་བྱའི་རིམ་པས་བཅུར་བསྟན་ཡང།། ཡང་དག་ཡེ་ཤེས་ངོ་བོ་ཉིད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ས་བཅུ་རྫོགས་པར་བསྟན་པའི་ལེའུ་སྟེ་རེ་གཅིག་པའོ།།།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་ཐམས་ཅད་ཀུན་གྱི་དགོངས་པའི་དོན། ། ངེས་དོན་མ་ནོར་འདི་རྟོགས་པས།། གདམས་ངག་ཁྱད་པར་ཅན་དུ་འདུས།། དཔེ་དོན་རྟགས་དང་གསུམ་ཀར་འདུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་བ་འཕོ་འགྱུར་མེད་པ་ལ།། སྐྱེ་འགགས་མེད་པའི་རིག་པ་ཤར། ། མ་བཅོས་རང་ལུགས་སྤྱོད་པ་བདེ།། རེ་དོགས་མེད་པའི་འབྲས་བུར་གནས། ཀུན་ཏུ་བཟང་པོའི་དགོངས་པར་གནས།། དཔེ་ནི་ཉི་མའི་སྙིང་པོ་ལ།། འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ། ། འཆར་ནུབ་ལྡོག་པ་གྲངས་མང་ཡང།། ཉི་མ་འདི་ཉིད་གཅིག་པུར་འདུས།། དེ་བཞིན་སངས་རྒྱས་ཐམས་ཅད་ཀྱང།། མཚན་དང་སྐུ་མདོག་ཕྱག་མཚན་སོགས།། ཆེ་བའི་ཡོན་ཏན་བསམ་ཡས་ཀྱང།། རིགས་ལྔའི་སངས་རྒྱས་དགོངས་པར་འདུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་རིག་པ་སྐྱེ་མེད་འདི།། མི་འགྱུར་འགགས་མེད་རང་གསལ་བ།། ཡེ་ནས་གནས་པའི་དོན་ཤེས་ཕྱིར།། དེ་ཡང་རྒྱུན་དུ་མི་འབྲལ་བ། ། དེ་བཞིན་རིགས་ཀྱི་དགོངས་པ་ཡིན།། ཡང་དག་སངས་རྒྱས་དགོངས་པའི་དོན།། མི་འགྱུར་མི་ཤིགས་རྡོ་རྗེའི་སྐུ།། ཆོས་ཉིད་མ་བཅོས་མ་བསླད་པ།། མི་ཟད་གཏེར་གྱི་དགོངས་པ་སྟེ།། རྡོ་རྗེ་རིགས་ཀྱི་དགོངས་པ་ཡིན། ། འདུ་འབྲལ་མེད་པའི་ཡེ་ཤེས་ཐུགས།། ད་ལྟའི་ཤེས་པའི་འདི་ཉིད་ལ།། འགྱུར་མེད་ཡེ་ནས་གནས་པ་ནི།། རང་བྱུང་ཡིད་ཆེས་ཀུན་གྱི་གཏེར།། རིན་ཆེན་རིགས་ཀྱི་དགོངས་པ་ཡིན།། ཆོས་སྐུ་མཐའ་ཡས་ཀུན་ཁྱབ་པས། ། མ་བྱུང་མ་སྐྱེས་ད་ལྟ་ཉིད།། འཕེལ་འགྲིབ་མེད་པར་རང་གསལ་བ།། པདྨ་རིགས་ཀྱི་དགོངས་པ་ཡིན།། ལུས་ཀྱི་ནང་ན་རང་རིག་པ།། ཆོས་སྐུ་བཞི་ལྡན་རིག་པ་ལ།། དེ་རུ་མ་འདུས་གང་ཡང་མེད། ། དེ་ཕྱིར་ཡེ་ཤེས་རྒྱུན་མི་འཆད།། ལས་ཀྱི་རིགས་ཀྱི་དགོངས་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྟེན་གྱི་རྣལ་འབྱོར་རྟོགས་པའི་དོན།། བྱང་ཆུབ་སེམས་དཔའ་མན་ཆད་ནས།། ཕྱི་རབས་དད་ལྡན་ཡན་ཆད་དུ། ། ངེས་ལུང་གདམས་ངག་འདི་ཐོས་པས།། སངས་རྒྱས་ཀུན་དང་དགོངས་པ་མཉམ།། དེ་ཕྱིར་མི་ལུས་སངས་རྒྱས་ཐུགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་མར་མེ་སྟོང་བལྟམ་ཡང།། འོད་ཀྱི་ངོ་བོ་གཅིག་ཏུ་འདུས།། དེ་བཞིན་འཇུག་སྒོ་ཐ་དད་ཀྱང།། ངེས་དོན་རང་བྱུང་ཆོས་སྐུ་ལ།། གཞན་ནི་ཁྱད་པར་རྡུལ་ཙམ་མེད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདིར་འདུས་པར་བསྟན་པའི་ལེའུ་སྟེ་རེ་གཉིས་པའོ།།།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཆོས་སྐུ་མེ་ལོང་ལྟ་བུ་ལ། ། གཟུགས་བརྙན་ཡེ་ཤེས་སྐུ་གསུམ་འབྱུང།། ང་ཡི་སྤྲུལ་པ་འགྲོ་དོན་དུ།། ཕྱི་ནང་ལ་ཟློས་རྣམ་གསུམ་ཡིན།། ང་ཡི་སྐུ་ཡི་སྤྲུལ་པ་ལས།། ཡེ་ཤེས་སྒྱུ་མའི་སངས་རྒྱས་ནི།། འོད་དཔག་མེད་དང་འོད་མི་འགྱུར། ། མར་མེ་མཛད་ལ་སོགས་པ་ཡིས།། སྔོན་གྱི་དེ་བཞིན་གཤེགས་པ་ཡང།། གྲངས་ཀྱི་མི་ལངས་བརྗོད་ལས་འདས།། དེ་རྣམས་བཀའ་ཡི་དོན་བཤད་པས།། སྔོན་གྱི་སེམས་ཅན་གྲངས་མེད་ཀུན།། མ་ལུས་སངས། བ་རྒྱས་འཁོར་སྟོངས།། དེ་ཕྱིར་འདས་པའི་སངས་རྒྱས་བྱུང།། ང་ཡི་གསུང་གི་སྤྲུལ་པ་ལས།། བསྐལ་བཟང་བྱང་ཆུབ་སྟོང་ལ་སོགས།། ད་ལྟའི་སངས་རྒྱས་གྲངས་མེད་ཀྱིས།། བཀའ་ཡི་དྲང་དོན་གསུངས་པ་ཡིས། ། ད་ལྟའི་ལྷ་མི་སེམས་དཔའ་ཡིས།། དེ་ཕྱིར་ས་ལམ་རིམ་པ་བྱུང།། དུས་ཀྱི་མཐའ་ལ་ངེས་པ་མེད།། ང་ཡི་ཐུགས་ཀྱི་སྤྲུལ་པ་ལས།། ཞི་ཁྲོའི་སངས་རྒྱས་བསམ་མི་ཁྱབ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། ། སེམས་ཅན་བྱ་བའི་མིང་ཡང་མེད།། རྟོག་པ་ལྷ་རུ་གནས་འགྱུར་ཕྱིར།། འཁྲུལ་བའི་སྣང་བ་རྡུལ་ཙམ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ནང་གི་སྤྲུལ་པ་རྣམ་གསུམ་ནི།། གསུང་གི་སྤྲུལ་སྐུ་འབྱུང་བ་ནི།། མཛད་པ་བཅུ་གཉིས་ཚུལ་དུ་ནི།། ཤཱཀ་ཐུབ་ལྷ་མིའི་སྟོན་པ་དེས།། མདོ་སྡེ་འདུལ་བ་མངོན་པའི་ཆོས།། དྲང་དོན་གང་མོས་ལམ་དུ་བྱས།། འབྲས་བུ་ངན་སོང་མི་ལྟུང་ཙམ།། སངས་རྒྱས་བྱང་ཆུབ་ཐོབ་ལ་རེ། ། མོས་པའི་སངས་རྒྱས་འབྱུང་བར་འདོད།། ང་ཡི་སྐུ་ཡི་སྤྲུལ་པ་ལས།། རྣམ་པར་སྣང་མཛད་ལོངས་སྐུར་བཞེངས།། ཕྱི་ནང་རིགས་གསུམ་མགོན་པོ་ལ།། ཕྱི་རྒྱུད་ཏནྟྲ་མང་དུ་གསུངས།། དེ་ལྟར་ཚོགས་བསགས་སྒྲིབ་སྦྱང་ཕྱིར། ། དམ་ཚིག་ཡེ་ཤེས་མཆོད་ལ་སོགས།། གཞུང་དུ་བྱས་ནས་དངོས་གྲུབ་རེ།། ཐུན་མོངས་སངས་རྒྱས་འབྱུང་བར་འདོད།། ང་ཡི་ཐུགས་ཀྱི་སྤྲུལ་པ་ལས།། གཞི་ཉིད་རྟོགས་པའི་སངས་རྒྱས་ནི། ། སྐུ་ནི་རང་རིག་ཆོས་ཀྱི་སྐུ།། གསུང་ནི་བརྗོད་མེད་ཚངས་པའི་གསུང།། ཐུགས་ནི་ཐིག་ལེ་ཉག་གཅིག་གོ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལ་ཟློས་སྤྲུལ་སྐུ་རྣམ་གསུམ་ནི།། སྐུ་ཡི་སྤྲུལ་པ་རང་ལུགས་ལ། ། རྟོགས་ལྡན་ལུས་ལ་ཡེ་ཤེས་ཡོད།། རིན་ཆེན་ག་འུར་བཅུག་པ་བཞིན།། ལུས་ཀྱི་ནང་ན་ཆོས་སྐུ་གནས།། གསང་བའི་གསུང་ནི་བརྗོད་པ་ཡིན།། དོན་ལྡན་ཚིག་ཏུ་སྨྲ་མི་ཤེས།། དེ་དོན་བརྗོད་པས་བརྗོད་མེད་ཕྱིར། ། སྨྲས་ཀྱང་རང་བྱུང་ཉིད་ཀྱི་གསུང།། གསང་བའི་ཐུགས་ནི་རང་བྱུང་ལ།། བེམ་རིག་ཤན་ཕྱེ་ཆོས་ཀྱི་སྐུ།། དེ་ཡང་ཡིད་ཆེས་གདེང་གིས་ཟིན།། དེ་དོན་རྒྱུན་དུ་སྐྱེ་འགགས་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཕྱི་ནང་དགུ་རུ་ཕྱེ་བ་ཡང།། གདུལ་བྱའི་འཁོར་ལ་ཐ་དད་པས།། དོན་ལ་དབྱེར་མེད་གཅིག་གི་ངང།། རྩ་བ་ཆོས་སྐུ་རྟོགས་པར་གྱིས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཆོས་ཀྱི་སྐུའི་སྤྲུལ་པ་གཟུགས་སྐུ་རྣམ་གཉིས་ཀྱིས་གཞན་དོན་བྱེད་པར་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། འབྲས་བུ་ལྷུན་གྲུབ་བཀའ་སྩལ་པ།། པ་ན་སེ་ཡི་ཤིང་ཐོག་བཞིན།། རྒྱུ་རྐྱེན་འབྲས་བུ་ཐ་དད་མེད།། དེ་བཞིན་གཞི་ལམ་འབྲས་བུ་ཡང།། ངོ་བོ་གཅིག་ཕྱིར་དབྱེ་རུ་མེད།། དེ་ཕྱིར་རིན་ཆེན་ལྷུན་རྫོགས་ཡིན། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུང་ལྡན་ངེས་པའི་གདམས་ངག་གིས།། རྟོག་པ་བཞག་པས་མངོན་སངས་རྒྱས།། མ་རིག་མེད་པའི་ཡེ་ཤེས་ལ།། སྐྱེ་བའི་ཕུང་པོ་ལེན་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ། གོང་དུ་བསྟན་པའི་གཞི་ཉིད་དང།། ཉམས་སུ་བླངས་པའི་ཉམས་དང་ནི།། འབྲས་བུ་མཐར་ཐུག་ཡིན་པའི་ཕྱིར།། ལམ་ཉིད་ལམ་ལ་ལམ་ཉིད་གཞི།། དེ་ཉིད་གཅིག་ཤེས་འབྲས་བུ་མཆོག། དེ་ཉིད་རྒྱུ་འབྲས་རོ་གཅིག་པས།། དམན་པའི་ལུས་ལ་སངས་རྒྱས་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་རྟོགས་པའི་རྣལ་འབྱོར་པས།། དུས་འདིར་ཆོས་ཉིད་བདེན་པ་མཐོང།། སྤྱན་ལྔ་རིམ་གྱིས་ཅིག་ཅར་དུ། ། སྔར་མ་མཐོང་བའི་ཞིང་ཁམས་གསུམ།། ཡེ་ཤེས་མིག་གིས་དུས་གཅིག་མཐོང།། ལུས་དང་མ་བྲལ་རིག་པ་ལ།། འཆར་ནུབ་མེད་པའི་ཡེ་ཤེས་ཤར།། མ་བསམས་པ་ཡི་ལྷག་མཐོང་ལ།། མི་བརྗེད་པ་ཡི་གཟུངས་ཀྱིས་ཟིན། ། མ་ཐོས་པ་ཡི་བདུད་རྩི་མྱང།། མ་བསྒྲུབས་པ་ཡི་འབྲས་བུ་ཐོང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་ཉིད་གར་འདུག་ཆོས་ཀྱི་དབྱིངས།། སུ་དང་འགྲོགས་ཀྱང་རྒྱལ་བའི་སྲས། ། གང་དུ་འགྲོ་བ་བྱང་ཆུབ་ལམ།། ཐུན་མོང་དངོས་གྲུབ་ཅི་བསམ་འགྲུབ།། ཕྱི་མར་སངས་རྒྱས་སྨོས་ཅི་དགོས།། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། གཞི་ལམ་གཅིག་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་རྒྱུད་གཏད་པ།། མཐར་ཐུག་ཆོས་ཉིད་ལྷུན་རྫོགས་འདི།། ཐོག་མའི་ཆོས་སྐུ་རྟོགས་པ་ཡིས།། རིག་འཛིན་གྲུབ་པ་ཐོབ་པ་ཡིས།། བཀའ་རྟགས་གདམས་ངག་མ་ཆད་དོན།། ད་ལྟ་མི་བརྗེད་གཟུངས་ཐོབ་ལ།། འཁོར་འདས་མ་རིག་ལྟ་བ་ཡིས། ། ཡེ་ནས་ཆོས་ཉིད་རང་ཆས་ལ།། ངེས་པའི་བྱིན་རླབས་རིག་པ་ཡིས།། བསྟན་པས་ཆོས་སྐུ་བཞི་ལྡན་ཕྲད།། ཀུན་གཞི་གཞི་ཆ་རང་གསལ་ལ།། རང་རིག་ཆོས་སྐུར་ངོ་སྤྲོད་པས།། མ་རིག་ཀུན་བརྟགས་མུན་པ་སངས། ། རང་གསལ་ཆོས་སྐུ་འགྱུར་བ་མེད།། ཕྱི་ནང་རང་ཤར་བལྟ་སྤྱོད་བསྟན།། ཡུལ་དང་འབྲེལ་ཆོད་གོལ་སྒྲིབ་མེད།། རྐྱེན་གྱིས་མི་ཚུགས་ཆོས་ཉིད་གྲོལ།། དེ་ཕྱིར་འབྲལ་མེད་རྒྱུན་དུ་གནས།། འབྲས་བུ་མངོན་གྱུར་བར་དོ་བྱང། ། བར་མ་ཆོད་པར་སངས་རྒྱས་པས།། སྐུ་གསུམ་དུས་གཅིག་རང་ལ་རྫོགས།། དེ་ཕྱིར་གཞི་རྟོགས་འགྱུར་བ་མེད།། ཡང་དག་རིག་པའི་འཁོར་དོན་ནི།། སྐལ་ལྡན་འདུས་པ་ཁྱེད་ཀྱི་ཀྱང།། ངེས་དོན་རྒྱུད་འདི་ཡིད་ལ་ཆོངས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། ནོར་ཕོང་ཆོས་འདོད་ཐབས་ཀྱིས་བསླུར།། ངེས་དོན་བཀའ་བགྲོས་རྒྱུད་ཆེན་འདི།། ནམ་ཡང་བསྟན་པར་མ་གསུངས་སོ། ། བསྟན་པ་འཇིག་ཀའི་དུས་དེ་རུ།། ཡང་ཏི་སྙིང་པོའི་ཆོས་འདི་འབྱུང།། དེ་ཚེ་སྐལ་ལྡན་འགའ་འགའ་ལ།། ངེས་དོན་རྒྱུད་འདི་གཏད་པ་ལས།། དོན་མེད་སྣ་ཚོགས་སྤྱོད་ཡུལ་མིན།། ཀུན་གྱིས་ངེས་པ་དེ་ལྟར་ཞོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་གིས་དད་ལྡན་རྒྱུད་འདི་ལ།། མོས་ཤིང་གུས་པར་བྱེད་པའི་མི།། དཀའ་དགུ་བསྡོས་ནས་འཚོལ་བ་ལ།། སྦ་བསྲི་མི་བྱ་ཆོས་འདི་བསྟན།། སྙིང་པོའི་ནང་ནས་ཡང་སྙིང་འདི། ། གདམས་ངག་མ་ཆད་ངས་ལུང་རྒྱུད།། བདེ་གཤེགས་རྣམས་ཀྱི་ཐུགས་དམ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཅིག་དང་གཉིས་ལ་སྟོན་སྲིད་ན།། བདེན་པའི་མཚམས་ལས་མི་འདའ་བར། ། མཁའ་འགྲོ་ཆོས་སྐྱོང་མཆོད་བྱས་ནས།། གསང་ཐུབ་ཤེས་རབ་ལྡན་པ་ལ།། ཚིག་ཉུང་དོན་འདྲིལ་གདམས་ངག་སྟོན།། དེ་དང་མི་ལྡན་བློ་ངན་ནི།། བླ་མ་ལུང་ལྡན་རྫུན་གྱིས་འབྲིད།། ཐབས་ཀྱིས་ཆོས་ཕྲལ་ཟོང་དུ་འཚོང། ། བླ་མ་སྨོད་ཅིང་རང་ཆེ་འབྱིན།། བཀའ་རྐུན་བྱས་ནས་མཁས་སུ་རེ།། སློབ་དཔོན་གསང་ནས་རང་ཆེ་འབྱིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་གདམས་ངག་མ་ཐོབ་པས།། བསྒོམ་པ་ཉམས་སུ་མྱོང་མི་སྲིད།། འདུས་བྱས་ཆོས་སྤང་ཡལ་བར་འཇོག། བསོད་ནམས་འདོད་ཕྱིར་ཀུན་ལ་བཤད།། མི་ཡིས་སྨོན་འདོད་ཁ་གསག་ཅན།། ཆགས་ཚུལ་ཚུལ་འཆོས་སྣ་ཚོགས་བྱེད།། ཐབས་ཀྱིས་ནོར་འཚོལ་སྐྱོན་སྣ་ཚོགས། ། གདམས་ངག་མེད་པར་གསང་བ་སྐད།། ཕག་ཏུ་རྫུན་གྱི་དཔེའུ་ཆུང་འདྲི།། རང་གི་ཆོས་ལ་སྐྱོན་ཡོད་ཕྱིར།། གཞན་ལ་སྐུར་འདེབས་མཐུ་སྡིག་བྱེད།། འབྱོར་ཚད་མ་ཕུལ་མི་རུང་ཟར།། དེ་ཕྱིར་ཟོག་པོས་མི་རྣམས་བསླུ། ། ཕྱི་མ་དམྱལ་བར་ངེས་པར་འགྲོ།། དེ་འདྲའི་དམ་ཉམས་མཐོང་ཐོས་ན།། ནམ་ཡང་འཕྲད་པར་མི་བྱའོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟའི་དམ་ཉམས་མི་ངན་ལ།། སློབ་མ་བྱས་ནས་ཆོས་བསྟན་ན། ། མཁའ་འགྲོ་ཆོས་སྐྱོང་ཀུན་ཁྲོས་ནས།། རྒྱལ་ཆེན་རིགས་བཞི་ཐོག་ལྟར་བརྡེག། གཙང་རིགས་མགོན་པོ་རླུང་ལྟར་འཚུབས།། མ་མོ་མཁའ་འགྲོ་ཁྱི་ལྟར་ཟུག། རྒྱལ་འགོང་ཆགས་ནས་གནས་མི་རྙེད། ། རི་ཙམ་ཟོས་ཀྱང་འགྲང་པ་མེད།། མཚོ་ཙམ་འཐུང་ཀྱང་ངོམ་མེད་འགྱུར།། ཟས་སྐོམ་བཅུད་མེད་ཁ་བ་འདྲ།། འཇིག་རྟེན་ནོར་བཙལ་རང་བརླག་སྟོང།། སློབ་མ་སྡང་ཞིང་མི་རྣམས་འཕྱ།། དེ་ཚེ་ཀུན་ལ་ཞེ་སྡང་འགྱུར། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཞན་གྱི་ལན་པ་མ་ཡིན་ཏེ།། ཐུགས་ཀྱི་དམ་ཚིག་ཉམས་པ་ཡིན།། ཅི་བསམ་མི་འགྲུབ་དགྲ་རྐུན་མང།། འགོ་བའི་ནད་ཀྱིས་ཐེབས་འགྱུར་ནས།། ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང། ། གལ་ཏེ་འགྱོད་དེ་ཐར་འདོད་ན།། གཡོ་སྒྱུ་ཁ་བསགས་རྣམས་སྤངས་ནས།། ཞེན་མེད་རང་གི་བླ་མ་ལ།། མོས་གུས་དད་པས་ཡོན་ཕུལ་ནས།། དམ་སྐོངས་འབྲས་བུ་ཅི་བསམ་འགྲུབ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་རེ་ལྔ་པའོ།།།། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། དྷརྨྨ་ཀཱ་ཡ་ས་མཱ་དྷི་པ་ས། གུ་རུ་ཏེ་ཙུ་ཛྙཱ་ན་ཀེ་ཏུ་ཙིཏྟ་ས་མ་ཡ་གྷུ་ཧྱ་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང། ཞུས་ཆེན་གྱི་ལོཙྪ་བ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། སནྟི་མ་ཧཱ་ཨ་ཏི་ཡོ་ག་བུདྡྷ་སརྦོ་ད་ཡ་ཏན་ཏྲ། ཛྙཱ་ན་དྷརྨྨ་ཀཱ་ཡཱརྠ་ས་མུདཱ་ཡ་བིདྱཱ་ཝཱཀྲ། གུཧྱ་ཙིཏྟ་ས་མཱ་དྷི་སྭ་ཡཾ་བྷུ་སུ་ཁ་ཙཀྲཱནྟ་ག་ཏ་ཕ་ལནྟནྟྲནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད། ཡེ་ཤེས་ཆོས་ཀྱི་སྐུ་དོན་འདུས་རིག་པའི་གསུང། གསང་བ་ཐུགས་ཀྱི་ཏིང་ངེ་འཛིན། རང་བྱུང་བདེ་བ་འཁོར་ལོ་མཐར་ཕྱིན་འབྲས་བུའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན། ། ངོ་བོ་ཉིད་རྟོགས་ཀུན་བཟང་དེ།། བདེ་གཤེགས་འོག་མིན་གནས་མཆོག་ན།། རིགས་ལྔ་ལ་སོགས་འཁོར་རྣམས་དང།། འབྲལ་མེད་དགོངས་པ་ལ་བཞུགས་སོ།། དེ་ཚེ་སེམས་དག་དོན་ཆེད་དུ། ། ཡེ་ཤེས་ལྷ་ཡི་རྨི་ལམ་གསུམ།། དེ་ཡི་བརྡའ་ཡི་དོན་བཀྲོལ་ནས།། ལྷ་དབང་གིས་ནི་དོན་བསྐུལ་བ།། དུས་གསུམ་སངས་རྒྱས་མ་ལུས་ཀུན།། གསུང་གི་མངའ་བདག་ཁྱོད་ཡིན་པས།། རྩོལ་བཅས་ཐེག་པ་མཐར་བསྟན་ན། ། རྩོལ་མེད་ཐེག་པ་མི་གསུང་བ།། ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི།། སྐལ་ལྡན་གདུལ་བྱ་མ་མཆིས་སམ།། ལྷུན་གྲུབ་ཐེག་པ་བཤད་དུ་གསོལ།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། རྡོ་རྗེ་སེམས་དཔའ་ཁྱེད་ཡིན་པས། ། ཚིག་གཅིག་དོན་ཀུན་རྟོགས་པའི་ཆོས།། བཙལ་མེད་དོན་དང་ཕྲད་པར་ནི།། ཆོས་ཉིད་གནས་ལུགས་ཇི་ལྟ་བ།། སེམས་ཅན་བློ་ཡིས་རྟོགས་པའི་ཐབས།། ངེས་དོན་ཀུན་བཟང་ཆོས་སྐུ་ཡིས། འཛམ་གླིང་ནམ་མཁའ་ཀུན་ལ་ཁྱབ།། དེ་ཕྱིར་རིན་ཆེན་སྙིང་པོ་བླངས།། ཆོས་ཉིད་སྙིང་པོ་དེ་བཞིན་ནོ།། པདྨ་སྐྱེ་ས་འདམ་ཡིན་ཀྱང།། ཁ་དོག་དབྱིབས་ནི་ཇི་ལྟར་ཡང།། ཉེས་པས་མི་གོས་གསལ་ལ་འཚེར།། ཆོས་ཉིད་ངོ་བོ་དེ་བཞིན་ནོ། ། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཏིལ་ལ་མར་གྱི་རྒྱུན་གནས་ཁྱབ།། རྩོལ་བའི་རྐྱེན་གྱིས་མར་ཁུ་འབྱུང།། སེམས་ཅན་ཀུན་ལ་གནས་པ་ཡིན།། རང་བྱུང་ཆོས་ཉིད་དེ་བཞིན་ནོ།། མེ་ལོང་བྱད་གཟུགས་འབྱུང་བ་ཡང། ། གཟུགས་བརྙན་བྱད་ནི་དངོས་མ་ཡིན།། དོན་ལ་མེད་ཀྱང་སྣང་དུ་རུང།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། སྒྲོན་མེ་ཇི་ལྟར་མུན་སེལ་བ།། སྐྱེས་བུའི་ཐབས་ཀྱི་རྐྱེན་གྱིས་ནི།། མར་མེ་ལ་སོགས་འོད་ཀྱིས་སེལ། ། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། རིན་ཆེན་ཡོན་ཏན་ཀུན་འབྱུང་ཡང།། བསོད་ནམས་ཅན་ལ་འབྱུང་བ་ལས།། ཚོགས་མ་བསགས་ལ་འབྱུང་བ་མིན།། ཆོས་ཉིད་ངོ་བོ་དེ་བཞིན་ནོ། ། སྨན་མཆོག་རྒྱལ་པོ་མ་གི་ཏ།། དུག་རྣམས་སྨན་དུ་འགྱུར་བ་དེ།། ཐབས་མཁས་བཟའ་ལེགས་ཀུན་གྱི་སྨན།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། གསེར་ནི་ས་ཡི་གསེབ་ནས་འབྱུང།། ཐུན་མོང་རིན་ཆེན་ཀུན་གྱི་གཏེར། ། རྩོལ་བས་བསོད་ནམས་ལྡན་པས་རྙེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། དཔེ་ཡིས་དབྱེ་བ་རྣམས་མང་ཡང།། རེ་ཞིག་མཚོན་ཚིག་ཙམ་དུ་བས།། དེ་ཉིད་ཤེས་ན་དཔེ་མི་དགོས།། དེ་ཕྱིར་དཔེ་དོན་དབྱེ་བ་གཅེས། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཁྱད་པར་གྱི་དཔེ་མཚོན་ཚིག་སྟོན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས། ། འདུས་པའི་དད་ལྡན་འཁོར་རྣམས་ལ།། དཔེ་ལས་དོན་ནི་འཕགས་པར་ནི།། ཆད་དུ་དགོངས་ཏེ་བཀའ་སྩལ་པ།། ནམ་མཁའ་ཡངས་མཐོ་འདུས་མ་བྱས།། རིས་མེད་འཕྱལ་བ་སྟོང་པ་ཡིན། ། ཆོས་སྐུ་རིག་པ་འབྲལ་མེད་ཀློང།། དེ་ཕྱིར་ཆོས་ཉིད་ཁྱད་པར་འཕགས།། ཉི་མ་རང་གསལ་ཀུན་དྲོ་ཡང།། འཆར་ནུབ་ཡོད་ཕྱིར་འདུས་བྱས་ཡིན།། ཡེ་ཤེས་རིག་པ་རྒྱུན་དུ་གནས།། དེ་ཕྱིར་ཆོས་ཉིད་ཁྱད་པར་འཕགས། ། ཟླ་བ་གསལ་ཞིང་བསིལ་ཀྱང་ནི།། འཕེལ་འགྲིབ་ཡོད་ཕྱིར་མི་རྟག་པ།། རང་བྱུང་ཡེ་ཤེས་འགྱུར་མེད་ཕྱིར།། ཆོས་སྐུའི་ངོ་བོ་ཁྱད་པར་འཕགས།། སྐར་མ་མ་འདྲེས་ཡོངས་རྫོགས་ཀྱང།། རི་རབ་འཁོར་ཕྱིར་ཆོས་ཉིད་མིན། ། རང་རིག་འགྲོ་འོང་མེད་པར་གནས།། དེ་ཕྱིར་ཆོས་སྐུ་ཁྱད་པར་འཕགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱ་མཚོ་བྱིངས་མང་ནོར་ཡོད་ཀྱང།། འདུས་བྱས་ལས་ལས་བསྐྱེད་པ་ཡིན། ། རང་བྱུང་རིག་པ་འདུས་མ་བྱས།། བག་ཆགས་འཛིན་མེད་ཁྱད་པར་འཕགས།། རི་བོ་མི་འགྱུར་ཀུན་རྟེན་ཡང།། རྡུལ་ཕྲན་རྒྱུ་ལས་སྐྱེས་པ་ཡིན།། རྒྱུ་དང་རྐྱེན་ལས་མ་བྱུང་བས།། རང་གསལ་རིག་པ་ཁྱད་པར་འཕགས། ། ཨུ་དུམ་ཝ་ར་མཚོ་ལ་གནས།། ཙལ་གྱིས་མི་རྙེད་ཤིན་ཏུ་དཀའ།། རང་ལ་གནས་པའི་ཆོས་སྐུ་ནི།། ལུང་ལྡན་སྟོན་ཡོད་ཁྱད་པར་འཕགས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ས་གཞི་ཀུན་བསྐྱེད་རྟེན་བྱེད་ཀྱང། ། འཇིག་ཆགས་སྟོང་པ་ཡོད་པ་ཡིན།། ཡེ་ཤེས་དུས་གསུམ་འགྱུར་བ་མེད།། ཆོས་སྐུ་རིག་པ་ཁྱད་པར་འཕགས།། ཆུ་བོ་རྒྱུན་དུ་འབབ་འགྱུར་ཡང།། འགྲོ་འོང་ཡོད་ལ་རིག་པ་མེད།། ཡེ་ཤེས་རིག་པའི་ཆོས་སྐུ་ནི། ། གར་ཡང་མི་འགྲོ་ཁྱད་པར་འཕགས།། དུས་ཀྱིས་འབྲུག་ཀྱང་རྐྱེན་ལས་བྱུང།། དུས་བཞི་ཉལ་ལངས་འཁྲུལ་པའི་བློ།། ཡེ་ཤེས་འཁོར་འདས་ཐིག་ལེ་གཅིག། དབྱེར་མེད་ཆོས་སྐུ་ཁྱད་པར་འཕགས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཆོས་སྐྱོང་དད་ལྡན་ཚོགས་གསོག་ཀྱང།། དྲང་དོན་ཆོས་ལ་སྤྱོད་པ་ཡིན།། ངེས་དོན་ཡང་ཏི་རྫོགས་པ་ལ།། ཚོགས་གཉིས་ཆིག་རྫོགས་ཁྱད་པར་འཕགས།། གྱད་ལ་མི་འཚུགས་ཀུན་འཇོམས་ཀྱང། ། ཆོས་བརྒྱད་ཡོད་ཕྱིར་འཁོར་བར་ལྟུང།། རང་རིག་ཡེ་ཤེས་གྱད་ཆེན་ནི།། འཁོར་འདས་རྫོགས་ཕྱིར་ཁྱད་པར་འཕགས།། དེད་དཔོན་ས་མཁན་ཚོང་པ་ཡང།། ཞེན་པའི་ཆགས་པས་ཡེ་ཤེས་མེད།། ལུང་ལྡན་བླ་མས་དོན་བསྟན་ན།། ཞེན་པའི་དོན་ཞེས་ཁྱད་པར་འཕགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་ཤེལ་གཟུགས་བརྙན་གསལ་གྱུར་ཀྱང།། ཁ་དོག་རྐྱེན་གྱིས་འགྱུར་ཕྱིར་འཁྲུལ།། ཆོས་སྐུ་ཕྱི་ནང་མེད་པར་ནི། ། འགྱུར་མེད་གསལ་བས་ཁྱད་པར་འཕགས།། བཻཌཱུར་ཁ་དོག་གསལ་དངས་ཡང།། འཁྲུལ་བློ་ཡིན་ཕྱིར་བརྟགས་པ་ཙམ།། རིག་པ་གསལ་དང་དངོས་པོ་མེད།། ལྷག་མཐོང་དོན་ནི་ཁྱད་པར་འཕགས། ། པདྨ་སྐྱོན་གྱིས་མ་གོས་པར།། དུས་ཟད་རྐྱེན་གྱིས་རང་བརླག་ཀྱང།། རང་རིག་ཆོས་སྐུ་གོལ་སྒྲིབ་མེད།། དུས་དང་རྐྱེན་མེད་ཁྱད་པར་འཕགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཏིལ་འབྲུ་མར་གྱིས་ཁྱབ་ཀྱང་ནི། ། རྐྱེན་གྱིས་བསྐྱེད་ཕྱིར་ཆོས་སྐུ་མིན།། རང་རིག་ཡེ་ཤེས་གདམས་ངག་ལ།། རྩོལ་བ་མི་དགོས་ཁྱད་པར་འཕགས།། མེ་ལོང་གཟུགས་བརྙན་དངོས་མེད་བཞིན།། སྣང་ལ་དོན་མེད་འཁྲུལ་པ་ཡིན།། གཞི་ཉིད་རང་གསལ་རིག་པར་ཤེས། ། དེ་ཕྱིར་ཆོས་སྐུ་ཁྱད་པར་འཕགས།། སྒྲོན་མས་འཇིག་རྟེན་མུན་སེལ་ཀྱང།། མ་རིག་མུན་པ་སེལ་མི་ནུས།། རང་རིག་ལུང་གི་སྒྲོན་མ་ཡིས།། ཆོས་སྐུའི་རྟོགས་པ་ཁྱད་པར་འཕགས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། རིན་ཆེན་ཡོན་ཏན་ཀུན་ལྡན་ཡང།། སྤྲུལ་པའི་སྐུ་མིན་ཡོད་མེད་སྲིད།། ངེས་དོན་གདམས་ངག་ཁྱད་པར་འཕགས།། སྐལ་ལྡན་ཅན་ལ་ཁྱད་པར་འཕགས།། མ་གི་ཏ་ཡིས་དུག་འཇོམས་ཀྱང། ། མ་རིག་སྒྲིབ་པ་འཇོམས་མི་ནུས།། བླ་མ་ལུང་ལྡན་སྨན་མཆོག་གིས།། དུག་ལྔའི་ནད་འཇོམས་ཁྱད་པར་འཕགས།། གསེར་ནི་རྩོལ་བས་རྙེད་འགྱུར་ཀྱང།། བེམ་པོའི་ནོར་ལ་བྱང་ཆུབ་མེད། ། ཀུན་གཞི་མུན་གསེབ་དོན་རྙེད་ན།། རྟོགས་མ་ཐག་ཏུ་སངས་རྒྱས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེ་ལས་དོན་གྱི་ཁྱད་པར་འཕགས།། བེམ་རིག་ཤན་འབྱེད་ཡེ་ཤེས་ཡིན།། བེམ་པོ་བྱ་བའི་མིང་མེད་དོ། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐུན་མོང་དཔེ་ལས་དོན་ཁྱད་པར་དུ་འཕགས་པར་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་པའོ། །།། དེ་ནས་འདུས་པའི་སྙིང་པོ་ཡི།། དད་ལྡན་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་དོན་ནི་འདི་སྐད་གསོལ།། སངས་རྒྱས་དགོངས་པ་གང་དུ་ཡང།། རྒྱུ་འབྲས་ངེས་ཚིག་ཇི་ལྟར་འདུས། ། ཤེས་རབ་རྣམ་གསུམ་ཇི་ལྟར་དབྱེ།། དཔེ་དང་དོན་དུ་ཇི་ལྟར་འདུས།། རྫོགས་ཆེན་རང་གཞུང་ཇི་ལྟར་འདུས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་ཀུན་གྱི་དགོངས་པའི་ཆོས།། ངེས་དོན་བླ་མ་དམ་པ་ཡི།། གདམས་ངག་ཁྱད་པར་ཅན་དུ་འདུས།། དཔེ་ཡིས་འདུས་ལ་དོན་གྱིས་འདུས།། རྟོགས་དང་གཏན་ཚིགས་འདུས་པ་ཡི། ། དོན་ནི་རང་བྱུང་ཆོས་སྐུར་འདུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་ཀུན་གྱི་དགོངས་པ་ནི། ཀུན་ཏུ་བཟང་པོའི་དགོངས་པར་འདུས།། འཕོ་འགྱུར་མེད་པའི་བལྟ་བ་ལ།། སྐྱེ་དགག་མེད་པའི་བསྒོམ་པ་ཤར། ། བླང་དོར་མེད་པའི་སྤྱོད་པ་ལ།། རེ་དོགས་མེད་པའི་འབྲས་བུ་གནས།། རིགས་ལྔའི་སངས་རྒྱས་དགོངས་འདུས་པ།། རང་བྱུང་སྐྱེ་མེད་རང་གསལ་བ།། འགག་མེད་མི་འགྱུར་རིག་པ་དེ། ། དེ་ཡང་གནས་པའི་དོན་ཤེས་པས།། རྡོ་རྗེ་སེམས་དཔའི་དགོངས་པ་ཡིན།། མི་ཤིགས་ཡེ་ཤེས་རྡོ་རྗེའི་སྐུ།། ཆོས་ཉིད་མ་བཅོས་མ་བསླད་པ།། མི་ཟད་གཏེར་གྱིས་དགོངས་པ་དེ།། འདུལ་འབྲལ་མེད་པའི་ཡེ་ཤེས་ཐུགས། ། རིན་ཆེན་འབྱུང་ལྡན་དགོངས་པར་འདུས།། ཆོས་ཉིད་མཐའ་ཡས་ཁྱབ་གདལ་ལ།། མ་བྱུང་མ་སྐྱེས་ཆོས་ཉིད་ལ།། འཕེལ་འགྲིབ་མེད་པར་རང་སྣང་བ།། སྣང་བ་མཐའ་ཡས་དགོངས་པར་འདུས། ། སངས་རྒྱས་ཡེ་ཤེས་ད་ལྟ་ཉིད།། དེ་རྟོགས་རང་བྱུང་ཆོས་ཉིད་གསལ།། དོན་ཡོད་གྲུབ་པའི་དགོངས་པ་སྟེ།། དེ་ལས་འགྱུར་མེད་སངས་རྒྱས་ཐུགས།། ཡེ་ཤེས་ལུས་ཅན་ཆོས་ཀྱི་སྐུ།། དེ་ལྡན་སྣང་བ་ཡུལ་རྣམས་ལ། ། ཞེན་མེད་རང་བྱུང་ཡེ་ཤེས་གསལ།། རྣམ་པར་སྣང་མཛད་དགོངས་པར་འདུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེ་ནི་ཀུན་དཔེ་ནམ་མཁར་འདུས།། དོན་ནི་ཀུན་འདུས་ཆོས་སྐུར་འདུས། ། རྟགས་ནི་བྱང་ཆུབ་སེམས་སུ་འདུས།། གཏན་ཚིགས་རང་བྱུང་སྙིང་པོར་འདུས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དུས་གསུམ་སངས་རྒྱས་དགོངས་འདུས་པ།། འདུས་མ་བྱས་པའི་ཡེ་ཤེས་ཏེ།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར། ། ཆོས་རྣམས་ཀུན་གྱི་སྙིང་པོ་རུ།། རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས།། དགོངས་པ་དེ་དག་མཚོན་པའི་ཕྱིར།། རང་སེམས་བླ་མར་གསུངས་པ་ལ།། དབྱེ་བ་རྣམ་པ་གསུམ་ཡོད་དེ།། སེམས་ཉིད་རྒྱུ་ཡི་བླ་མ་དང།། འབྲས་བུ་ཡེ་ཤེས་བླ་མ་དང།། སྣང་བ་ཆོས་དབྱིངས་བླ་མའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཉིད་རྒྱུ་ཡི་བླ་མ་ནི།། ལོག་སྲེད་ཅན་ནི་མ་ཡིན་ཏེ། ། ལུང་རིགས་ལྡན་པའི་གང་ཟག་གིས།། སེམས་ཅན་ཆོས་ལ་བློ་གཏད་པས།། བདེ་དང་སྡུག་བསྔལ་གཉིས་སུ་མཐོང།། བདེ་སྡུག་གཉིས་ཀྱིས་དོན་བརྟགས་པས།། དགེ་སྡིག་གཉིས་ལས་བྱུང་བར་ངེས།། དད་པ་བརྩོན་འགྲུབ་ཤེས་རབ་སྐྱེས།། རྣམ་པར་རྟོག་པའི་བློ་སྦྱངས་ཕྱིར།། དྲང་བའི་དོན་ལ་དགོངས་ནས་ནི།། སྒྲིབ་སྦྱངས་ཚོགས་རྫོགས་བྱེད་པར་གསུངས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། འབྲས་བུ་ཡེ་ཤེས་བླ་མ་ནི། ། ངེས་པའི་དོན་ལ་དགོངས་པའི་ཕྱིར།། འཁོར་འདས་འབྱུང་བས་མ་རེག་ཀྱང།། ཤེས་པ་ངོས་ཟིན་མ་བཅོས་པ།། རང་རིག་ཆོས་སྐུ་ད་ལྟའི་ཐུགས།། ངོ་བོ་ལོངས་སྤྱོད་རྫོགས་སྐུར་སྣང།། ཐུགས་རྗེ་སྤྲུལ་པའི་སྐུ་རུ་བྱུང། ། གཞི་ཡི་ཆོས་སྐུ་གཅིག་པ་ལ།། གདུལ་བྱ་ཡོན་ཏན་གསུམ་དུ་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྣང་བ་ཆོས་དབྱིངས་བླ་མ་ནི།། འབྱུང་ཆེན་ལྔ་ཡིས་བླ་མ་སྟེ།། འདོད་ཡོན་ལ་སོགས་རྣམ་ལྔ་ནི། དང་ཡི་གེར་མི་མཚོན་པ།། ལྡེམ་དགོངས་རང་གི་ངོ་བོ་ནི།། སྣང་བ་ཆོས་ཀྱི་དབྱིངས་སུ་བསྟན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མམ་པའི་རྒྱུད་ལས། སངས་རྒྱས་ཀྱི་དགོངས་པ་ཆོས་ཀུན་བླ་མ་དམ་པའི་གདམས་ངག་ཏུ་འདུས་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་འདས་གཞི་ནི་གཅིག་མོད་ཀྱང། ། སེམས་ནི་སྣང་བ་མི་འདྲ་བས།། སྣོད་ནི་བྱེ་བྲག་དབྱེ་བ་བསྟན།། དབང་པོ་རབ་འབྲིང་གསུམ་དུ་བསྟན།། ད་ཡང་འདུས་པའི་སྙིང་པོ་ཉོན།། དབང་པོ་ཐ་མའི་དོན་དུ་ནི།། དགེ་བའི་ལས་དད་རྒྱུ་འབྲས་ཀྱི། ། འབྲས་བུ་བདེ་དང་སྡུག་བསྔལ་ལ།། གཉེན་པོ་དགེ་བ་ཅི་བྱས་ཀྱང།། ཆོས་སྤྱོད་ལམ་དུ་འཁྱེར་བའི་མི།། སྡེ་སྣོད་གསུམ་གྱི་ཆོས་བསྟན་པས།། རྒྱུ་ཡི་འཁོར་ལོར་བསྟན་ཅིང་འདུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དབང་པོ་འབྲིང་གི་དོན་དུ་ནི།། འབྲས་བུ་རྡོ་རྗེ་ཐེག་པ་སྟེ།། ཀྲི་ཡོག་རྒྱུད་ལུང་མན་ཆད་ཆོས།། ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས།། འབྲས་བུ་དེ་ཉིད་ཡེ་ཤེས་གསུང།། རང་གི་ལུས་ངག་ཡིད་གསུམ་ནི། ། སྐུ་གསུང་ཐུགས་སུ་སྦྱར་བའི་ཕྱིར།། རྡོ་རྗེ་ཐེག་པར་གདགས་ཤིང་འདུས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དབང་པོ་རབ་ཀྱི་བསྒོམ་པ་ནི།། བསྟན་པ་ཙམ་གྱིས་ཆོག་པའི་ཆོས།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། ། ཤེས་པ་ཙམ་གྱིས་སངས་རྒྱས་ངེས།། པ་ན་སེ་ཡི་འབྲས་བུ་བཞིན།། རྒྱུ་འབྲས་རོ་གཅིག་ཐེག་པར་འདུས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུ་འབྲས་བསྡུས་པའི་ངེས་ཚིག་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།།།། དེ་ནས་ཀུན་རིག་སྟོན་པ་དེས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཀུན་གྱི་གཞི་ནི་ནམ་མཁའ་ལ།། མུན་པ་ནམ་ལངས་ཉི་ཤར་བཞིན། ། གཞི་སེམས་རིག་པའི་ཡེ་ཤེས་ནི།། གཅིག་པ་མ་ཡིན་ཁྱད་པར་ཆེ།། དེ་དོན་ངས་བཤད་ལེགས་པར་ཉོན།། འཁོར་འདས་གཉིས་ཀྱི་ངོ་བོ་དང། དེ་ལས་བསྐྱེད་པའི་ཆོས་རྣམས་ནི།། དེ་ཙམ་ཉིད་ན་ངང་གིས་སྟོང། ། གཞི་ལ་གཉིས་མེད་ནམ་མཁའ་འདྲ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། མ་རིག་སྐྱེད་པ་གཏི་མུག་ཡིན།། དེ་ཕྱིར་འཁོར་བའི་རྩ་བ་སྟེ།། ཉོན་མོངས་བག་ཆགས་སྐྱེད་པའི་ཕྱིར།། སེམས་ནི་ཚོགས་བརྒྱད་མུན་པ་འདྲ། ། སྤྲེའུ་འདྲ་ལུང་གི་སློབ་མ་ཡིས།། རིག་པའི་གཏན་ཚིགས་རྣམ་བཞི་ནི།། ཡུལ་གྱི་སྣང་བ་འདི་ཉིད་ལ།། རིག་པ་རང་བཞིན་མེད་པར་ཤེས།། གསལ་ལ་མེ་ཏོག་གང་བསྒོམས་པ།། ཐོས་པའི་ཤེས་རབ་ཡིན་པའི་ཕྱིར། ། རིག་པ་ཡིན་ཏེ་ཡེ་ཤེས་མིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་དང་རིག་པའི་བར་དུ་ནི།། ལུང་ལྡན་ངེས་པའི་གདམས་ངག་གིས།། སྣང་བའི་གཏན་ཚིགས་མ་གཞིག་པར།། འཁོར་འདས་མ་རིག་ཆོས་ཀྱི་སྐུ། ། གཞི་ཞེས་རང་གི་རིག་པ་སྟེ།། བསམ་པའི་ཤེས་རབ་ཡིན་པའི་ཕྱིར།། རང་བྱུང་ཡིན་ལ་ཡེ་ཤེས་མིན།། ནམ་ལངས་མུན་པ་མེད་པ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་སྐུ་ཡི་བར་དོ་ནི། ། རྣལ་འབྱོར་རིག་པའི་བློ་ལྡན་པས།། སེམས་ལ་རྒྱུ་བ་རྒྱུན་བཅད་ནས།། ཡེ་ཤེས་འགག་པ་མེད་པར་གསལ།། བསྒོམ་པའི་ཤེས་རབ་ཡིན་པའི་ཕྱིར།། མཉམ་བཞག་ངང་ལ་གཡེང་བ་མེད།། རྗེས་ཐོབ་མ་ཡེངས་གཏེར་བཞིན་དུ།། ཡེ་ཤེས་ངང་ལ་ཆོས་སྐུ་བཙལ།། ངེས་ཤེས་གདེང་གིས་ཟིན་པ་ནི།། ཉི་ཤར་མུན་གྲིབ་མེད་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཤེས་རབ་རྣམ་གསུམ་མདོར་བསྡུ་ན།། ཐོས་བསམ་བསྒོམ་པ་ཡིད་ཆེས་པས།། འབྲལ་མེད་རྒྱུན་གྱི་ཏིང་འཛིན་གྱིས།། འབྲས་བུ་དུས་འདིར་མངོན་སངས་རྒྱས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཤེས་རབ་རྣམ་གསུམ་འདུས་པར་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དཔེ་དང་དོན་དུ་བཀའ་སྩལ་པ།། དཔེར་ན་ཝཱ་ར་ཎ་སིའི་རས། ། མཚོན་གྱིས་སོ་སོར་བསྒྱུར་བྱས་པར།། ཁ་དོག་སྣ་ཚོགས་ཅིར་ཡང་སྣང།། རས་སུ་དབྱེར་མེད་ངོ་བོ་གཅིག། དེ་བཞིན་སེམས་ཀྱི་རྣམ་རྟོག་པ།། ཡུལ་དབང་རྐྱེན་གྱིས་སོ་སོར་སྣང།། སྣང་ཡུལ་འཁྲུལ་པའི་སེམས་སུ་འདུས། ། དེ་ཕྱིར་སྣང་བ་ངེས་མེད་ཡིན།། ཤེལ་སྒོང་དག་གི་མདུན་དུ་ནི།། ཁ་དོག་སྣ་ཚོགས་རས་བཞག་པས།། ཤེལ་སྒོང་ཉིད་ཀྱང་དེ་ལྟར་སྣང།། སྣང་ཡང་ཤེལ་ལས་གཡོས་པ་མེད།། དེ་ཕྱིར་རང་བྱུང་ངོ་བོ་ལ། ། གཟུང་འཛིན་རྐྱེན་གྱིས་རིགས་དྲུག་བྱུང།། འཁྲུལ་པའི་ངོ་བོ་ཅིར་སྣང་ཡང།། སྣང་ཡང་གཞི་ལས་འགྱུར་བ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། གསེར་བཟང་ལག་གིས་བསྒྱུར་ཙམ་ན།། ཆོལ་ཟངས་དྲི་ཆུའི་སྣོད་བྱས་ན།། གསེར་ཡང་ངན་པའི་རྫས་སུ་སྣང།། དེ་བཞིན་འཁྲུལ་པས་བརྟགས་ཙ་ན།། ཡུལ་ཡང་མ་དག་འཇིག་རྟེན་ཁམས།། ངམ་གྲོག་གཡང་ས་ཚེར་དོང་མཐོང།། གསེར་སྐུ་མཆོད་རྟེན་བྱས་ཙ་ན། ། ཚོགས་བསགས་རྟེན་དུ་འགྱུར་བའི་ཕྱིར།། གསེར་ཡང་བཟང་པོའི་རྫས་སུ་མཐོང།། ཡེ་ཤེས་ཅན་གྱི་ངོ་གང་ལ།། ཡུལ་ཡང་ཞིང་ཁམས་རྣམ་པར་དག། རིན་ཆེན་གསེར་གྱི་ངོ་བོ་ལ།། གསེར་གྱི་རྒྱུ་ལ་བཟང་ངན་མེད། ། དེ་བཞིན་ཆོས་སྐུའི་ངོ་གང་ལ།། སྣང་དང་མི་སྣང་གཞི་ལ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྣ་ཚོགས་དར་གྱི་རྣམ་པ་ལ།། ཟ་འོག་སྣམ་བུ་བྱས་ཙམ་ན།། སྣ་ཚོགས་དར་གྱི་མིང་དང་བྲལ།། ཟ་འོག་སྣམ་བུར་གཅིག་པའི་ཕྱིར།། ཆོས་སྐུ་རང་རིག་སེམས་ཡིན་ཀྱང།། ལུང་ལྡན་རྐྱེན་གྱིས་བསྟན་ཙམ་ན།། སྣ་ཚོགས་འཛིན་པའི་སེམས་དང་བྲལ།། ཐིག་ལེ་ཉག་གཅིག་ཆེན་པོར་འདུས།། དཔེར་ན་སྨན་དུག་གཞི་གཅིག་ལ། ། ལ་ལའི་སྨན་དེ་ལ་ལའི་དུག། དེ་ཕྱིར་ངེས་དོན་ཆོས་འདི་ལ།། ལ་ལའི་བྱང་ཆུབ་ལ་ལའི་དམྱལ།། ཧ་ལ་ནག་པོའི་དུག་དང་འདྲ།། ཐབས་མཁས་བཟའ་ལེགས་སྨན་གྱི་མཆོག། དེ་བཞིན་འདོད་ཆགས་ཞེ་སྡང་ཡང། ། ཉོན་མོངས་རང་སར་གྲོལ་ཙམ་ན།། དེ་ནི་རང་བྱུང་ཡེ་ཤེས་ཡིན།། སྨན་གྱི་རྒྱལ་པོ་བཅུད་ལེན་བཞིན།། ཐབས་ལ་མི་མཁས་བཟའ་ཉེས་ན།། ཧ་ལ་ནག་པོའི་དུག་དང་འདྲ།། རང་ལ་གནས་པའི་ཆོས་ཀྱིས་ཀྱང། ། ལུང་དུ་མེད་པའི་དབང་ཡོད་ཚེ།། འདོད་ཆགས་ལ་སོགས་དུག་ལྔ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་འོག་གནས་པའི་རིན་ཆེན་གསེར།། ངོ་མ་ཤེས་ན་རྡོ་དང་འདྲ།། དེ་བཞིན་རང་ལ་ཡོད་པའི་དོན། ། རྟོགས་པ་མེད་ན་འཁྲུལ་རྟོག་སེམས།། ངོ་ཤེས་འཕྲད་ན་མི་ཟད་གཏེར། དགོས་འདོད་རེ་བ་རང་ལས་འབྱུང།། ངོས་དོན་ཆོས་སྐུ་རྟོགས་ཙམ་ན།། བྱིན་རླབས་ནོར་བུའི་ཚུལ་དུ་འབྱུང། ། ད་ཡང་འདུས་པའི་སྙིང་པོ་ཉོན།། མཁལ་ལ་ནམ་མཁའི་གཟའ་སྐར་དང།། ཆུ་ནང་དག་གི་གཟུགས་བརྙན་བཞིན།། གཅིག་པ་མ་ཡིན་སོ་སོར་མེད།། དེ་བཞིན་རིག་པའི་རྒྱལ་པོ་དང།། རིག་པ་རྩལ་དུ་སྣང་བ་གཉིས། ། ལྡོག་པ་ཐ་དད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ངེས་དོན་འདུས་པར་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། རྫོགས་ཆེན་རང་གཞུང་གསུངས་པའི་དོན།། ཆེད་དུ་དགོངས་ཏེ་བཀའ་སྩལ་པ།། ང་ཡི་རང་བཞིན་བརྟགས་དཀའ་སྟེ།། འཇུག་སྒོ་ལྟ་བ་བསྒོམ་པ་དང། ། དམ་ཚིག་སྤྱོད་པ་ཕྲིན་ལས་དང།། ལམ་དང་གནས་དང་ཡེ་ཤེས་ཆོས།། རྣམ་པ་བཅུ་ནི་ངས་བཤད་ཉོན།། འཇུག་སྒོ་བཙལ་དུ་མེད་པ་ཡི།། ལུང་ལྡན་གདམས་ངག་རྗེས་སུ་འཇུག། དེ་ཕྱིར་ཡུལ་ལ་རག་མ་ལུས། ། སྣང་མེད་ཆོས་ལ་ངེས་ཤེས་སྐྱེས།། ལྟ་བ་གཞི་ངེས་རང་བྱུང་ལ།། རིག་པ་ཁྱབ་གདལ་འགྱུར་བ་མེད།། དེ་ཕྱིར་རང་རིག་ཆོས་ཀྱི་སྐུ།། དེ་ལ་གོལ་སྒྲིབ་སྐྱོན་མི་གོལ།། བསྒོམ་པ་རང་གསལ་རྟོག་པ་མེད།། བྱིང་རྒོད་མེད་པའི་ཏིང་འཛིན་གསལ། ། ཆེད་དུ་མི་བསྒོམ་རང་ལུགས་ཙམ།། དེ་ཕྱིར་ཡེངས་མེད་ཉམས་དང་ལྡན།། མ་བསྲུངས་འབྲལ་མེད་དམ་པའི་མཆོག། མི་འདའ་ཆོས་ཉིད་དམ་ཚིག་སྟེ།། སངས་རྒྱས་ཀུན་གྱི་ཐུགས་དམ་ཡིན། ། ཕྲིན་ལས་རྩོལ་དུ་མེད་པ་སྟེ།། གང་ཡང་རུང་བ་ཅི་ལ་ཡང།། མ་ཆགས་མི་གཡོ་ཕྲིན་ལས་ཡིན།། ལུས་ངག་བྱ་བའི་ལས་མི་དགོས།། སྤྱོད་པ་བླང་དོར་མེད་པར་སྤྱོད།། གང་ཡང་མི་རྒྱུ་རྒྱུན་དུ་ནི།། ཆེད་དུ་བྱར་མེད་ཡང་བྱ་ལ།། དེ་ཕྱིར་སྤྱོད་པ་མ་བཅོས་མཆོག། ལམ་ལ་བགྲོད་དུ་མི་ཡོད་སྟེ།། ས་ལ་སྦྱང་མེད་མཐར་མི་ལྟུང།། དེ་ཕྱིར་ས་དང་ལམ་མེད་ཕྱིར།། ཡེ་ཤེས་ཆེན་པོའི་ཀློང་ནི་ལམ།། གནས་ལ་མཐོ་དམན་མེད་པ་སྟེ། ། སྟེང་འོག་མཐའ་དབུས་མེད་པ་ཡི།། རང་བྱུང་ཆོས་སྐུ་གནས་ཀྱི་མཆོག། དེ་ཕྱིར་ཡེ་ཤེས་རང་གནས་ཡིན།། ཡེ་ཤེས་མི་རྟོག་སྐྱེ་མེད་པ།། སེམས་ཅན་ཀུན་གྱི་རྒྱུད་ལ་གནས།། དེ་རྟོགས་ཡེ་ཤེས་ཆོས་ཀྱི་སྐུ།། དེ་ཕྱིར་སངས་རྒྱས་དགོངས་པ་ཡིན།། ཆོས་ནི་ཇི་བཞིན་རྒྱལ་བའི་བཀའ།། དྲི་མེད་ཚིག་ནི་གསུང་སྙན་གྱིས།། མ་རིག་མུན་སེལ་ཆོས་ཀྱི་མཆོག། དེ་ཕྱིར་ངེས་དོན་ཆོས་འདི་གཅེས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་རང་གཞུང་དབྱེ་བ་ཡང།། གདུལ་བྱའི་འཁོར་ལ་བསྟན་པ་ལས།། དོན་དུ་ཆོས་སྐུ་གཅིག་ལས་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡང་ཏིའི་རང་གཞུང་འདུས་པར་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་གཅིག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡི།། འདུས་པའི་འཁོར་ལ་ཕན་དོན་དུ། ། སངས་རྒྱས་ཀུན་རིག་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། འཁོར་འདས་བར་དོའི་ལུས་ནི་གང།། སྐྱེ་ཤི་བར་དོའི་གདམས་ངག་གང།། ཡུལ་སེམས་བར་དོ་ཅིས་མི་འགལ།། ཏིང་འཛིན་བར་དོ་འབྲལ་མེད་གང། ། སྲིད་པ་བར་དོ་འབྲས་བུ་ཅི།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དང་པོ་འཁོར་འདས་བར་དོ་ལ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ། ། རང་བྱུང་ལུས་ལ་རིག་པའི་ཐུགས།། འཁོར་འདས་མེད་ཕྱིར་གཞི་ཉིད་མིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཞི་ལ་སངས་རྒྱས་མེད་པའི་ཕྱིར།། ལུང་ལྡན་གདམས་ངག་བསྟན་པ་མེད།། དེ་ཕྱིར་རྟོགས་པ་མངོན་གྱུར་མིན། ། སངས་རྒྱས་སྒམ་པོས་མ་མཛད་པས།། ཐེག་པ་རིམ་དགུར་དབྱེ་བ་མེད།། དེ་ཕྱིར་མྱ་ངན་འདས་མ་རིག། རང་བཞིན་གཞི་ཡི་ངོ་བོ་ལ།། མ་རིག་བག་ཆགས་མ་གཡོས་ཤིང།། ཞེན་པའི་རྟོག་པ་མེད་པའི་ཕྱིར། ། སེམས་ཅན་སྒྲིན་པོས་མ་བཅོས་པས། ཉོན་མོངས་དུག་ལྔ་མེད་པའི་ཕྱིར།། འཁོར་བའི་མཐའ་ཡིས་སྐྱོན་མ་གོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ངོ་བོ་གཞི་ཉིད་ལས།། རྡུལ་ཕྲན་དག་གི་རྒྱུས་མ་སྐྱེད། ། འབྱུང་བ་ལྔ་ལ་རག་མ་ལུས།། དེ་ཕྱིར་གཉེན་པོ་ཅིས་མི་ཚུགས།། སྣང་བ་གཞི་ལ་མེད་ཅེས་བྱ།། ཡང་དག་ཆོས་སྐུ་ངེས་པར་ཡོད།། སེམས་ཉིད་སྐྱེ་ཤི་མེད་པའི་ཕྱིར།། ཐོག་མ་ཐ་མ་མེད་པར་གནས། ། དེ་ཕྱིར་དུས་གསུམ་མི་འགྱུར་བས།། དངོས་མེད་ཁྱབ་པས་ནམ་མཁའ་འདྲ།། མཐའ་ནི་སྒྲོ་སྐུར་བྲལ་བ་དང།། ཡོད་པ་བྲལ་ཕྱིར་རྟག་པ་མེད།། མེད་པ་མ་ཡིན་ཆད་པ་མིན།། ཡོད་མེད་མཐར་བྲལ་རང་བྱུང་གཞི། ། རིག་པ་རང་གི་ངོ་བོ་ལ།། སྐྱེ་འགག་མེད་ཕྱིར་རང་གསལ་སྐུ།། ས་ལེ་སིང་ངེ་ཕྱི་ནང་མེད།། དེ་ཕྱིར་རང་རིག་ཆོས་སྐུ་ཉིད།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ངོ་བོ་ཉིད་སྐུ་ནི།། འདུ་འབྲལ་མེད་ཕྱིར་མྱང་འདས་གཞི། ། ཆོས་རྣམས་ཀུན་གྱི་རྩ་བ་ནི།། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བཞིན་ལུས་ཞེས་བྱ་བ་ནི།། འཁྲུལ་མ་མྱོང་བས་མ་རིག་མེད།། རྟོགས་མ་མྱོང་བས་ཡེ་ཤེས་མེད།། དེ་ཕྱིར་ཡུལ་ལ་ཡེངས་པ་དང།། མ་ཡེངས་རང་དུ་ཤན་མ་ཕྱེད།། གང་གི་མཐས་ཀྱང་མ་རེག་ཕྱིར།། འཁོར་འདས་གཞི་ཞེས་དེ་ལ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁྲུལ་པའི་གཞི་ཞེས་ལུང་མ་བསྟན། ། གང་ལ་མི་རྟོག་དོན་མ་ཟིན།། ཡིད་ཙམ་དྲན་ཀྱང་རིམ་གྱིས་འགྲིབས།། མུན་དཀྱིལ་སོང་ཕྱིར་དྲན་པ་ཆུང།། ཐིབས་ཀྱིས་འཐིབ་པས་ལུང་མ་བསྟན།། རྐྱེན་དབང་འགྱུར་ཕྱིར་འཁོར་བའི་གཞི། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཁོར་འདས་བར་དོ་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། སྐྱེ་ཤི་བར་དོ་བཀའ་སྩལ་པ།། དང་པོ་ཤི་བའི་དུས་བྱུང་ཚེ།། གདམས་ངག་མེད་པའི་སྐྱེ་བོ་དང།། ལྟ་མེད་སྔགས་བཙུན་གང་ལའང་རུང།། འཆི་ལྟས་རིམ་པར་འབྱུང་བ་ནི།། ས་ནི་ཆུ་ལ་ཐིམ་པ་ཡིས། ། ཕུང་པོའི་ཟུངས་ནི་མི་ཐུབ་ལྕི།། ལུས་ཀྱི་བཀྲག་ཉམས་མོག་པོར་འགྱུར།། ཆུ་ནི་མེ་ལ་ཐིམ་འགྱུར་ཚེ།། ཁ་སྐོམ་མཆུ་དང་ལྕེ་རྡིབ་འོང།། ཉམ་ཆུང་སྨྲ་ནི་མི་ནུས་འབྱུང།། དེ་ནས་མེ་ལ་རླུང་ཐིམ་ཚེ།། ལུས་ཀྱི་དྲོད་ཤེར་གྲང་བར་འབྱུང།། འཆི་ལྟས་མིག་ལྡོག་ཤི་འབྲས་གདོན།། རླུང་ནི་རྣམ་ཤེས་ཐིམ་འགྱུར་ཚེ།། དབུག་བརྩེགས་ཐུམ་ཐུམ་བྱེད་པ་འབྱུང།། དེ་ཚེ་མི་མནོ་དགུ་ཅིག་བསམ།། སྡུག་བསྔལ་དྲགས་ནས་དྲན་པ་ཉམས། ། གནད་གཅོད་དྲགས་ནས་བག་ཆགས་སོག། དེ་དག་སེམས་ཅན་འཆི་ལྟས་ཡིན།། འཆི་ལྟས་ཕྱི་མ་གསལ་བའི་ཚེ།། སྣང་བ་སྐྱེ་དང་མཆེད་འགྱུར་ནས།། རང་གིས་རང་བསྒྲིབ་འཁོར་བར་འཁྱམས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བར་དོ་ལུས་གསུམ་ལེན་འགྱུར་ཏེ།། ཐ་མ་གནས་ངན་ལུས་ལེན་པ།། དང་པོ་རང་བྱུང་རྣམ་ཤེས་དེ།། ཕོ་མོའི་རྐྱེན་གྱིས་ལུས་འཇུག་ཚེ།། རླུང་གཡོས་བག་ཙམ་བྱུང་བའི་དུས།། ཉེར་ལེན་འདུ་བྱེད་བག་ཙམ་བྱུང། ། དྲོད་ཙམ་གྱིས་ནི་མེ་བྱུང་བས།། འདུ་ཤེས་ཕོ་མོ་བསྐྱེད་པའི་ཚེ།། རླན་ཙམ་གྱིས་ནི་ཆུ་བྱུང་བས།། ཉེར་ལེན་གྱི་ནི་ཚོར་བ་དྲན།། ནུར་ནུར་པོ་ལ་སྲ་བ་ཡིས།། དེ་ལ་གཟུགས་ཆགས་མ་རིག་པས། ། ནང་ནི་ཀུན་བརྟགས་རྒྱུ་བ་དེས།། སྒོ་ལྔའི་རྣམ་ཤེས་ཤུགས་ལས་བྱུང།། མངལ་དུ་ཆུད་དང་རགས་སྐྱེས་པས།། འབྱུང་བ་བཞི་དུས་སྨིན་པའི་ཕྱིར།། ལུགས་ནས་བྱུང་བས་ཀུན་བརྟགས་པས།། སྣང་བ་ལུགས་ལ་ངན་རྟོག་ཞུགས། ། ཕ་མས་ངན་བརླག་ངན་རྟོག་ཞེན།། ཆོས་བརྒྱད་དམ་པར་བརྟས་ནས་ནི།། མངོན་རྒྱུད་བག་ཆགས་གཉིས་ཚང་ནས།། རྐྱེན་བཞི་ཚང་ཕྱིར་འཁོར་བར་སྨིན།། ད་ཡང་འདུས་པའི་སྙིང་པོ་ཉོན། ། སྐྱེ་ཤི་གཉིས་ཀྱི་བར་དོ་ལ།། ཐར་བར་འདོད་པའི་དད་ལྡན་གྱིས།། ལས་དང་ཐུགས་རྗེ་འཛོམ་པ་ཡི།། ལུང་ལྡན་ངེས་པའི་གདམས་ངག་གིས།། ལུང་ལྡན་ངེས་པའི་བླ་མ་ལ།། ངེས་དོན་རྒྱུད་འདི་ངོ་སྤྲད་ཕྱིར། ། གདམས་ངག་ཞུ་ཕྱིར་ཆགས་མེད་པས།། ལུས་སྲོག་རྫས་ལ་མི་ལྟོས་པས།། བླ་མ་མཉེས་པར་བྱས་གྱུར་ན།། གདམས་ངག་ཅན་ཀུན་རང་སེམས་རྟོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་ཤི་མ་སྐྱེས་བར་དོ་ནི། ། ད་ལྟ་ལུས་འདི་བླང་བའི་ཚེ།། ངེས་དོན་ཆོས་འདི་འཕྲད་གྱུར་ན།། སྐྱེ་བ་འདི་ཡིས་སངས་རྒྱས་འགྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྐྱེ་ཤི་བར་དོ་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།།།། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཡུལ་སེམས་གཉིས་ཀྱི་བར་དོ་ལ།། ཕྱི་ཡི་གོལ་ས་བཅད་པའི་ཕྱིར། ། ཡུལ་གྱི་སྣང་བ་ཅིར་སྣང་ཡང།། སྣང་བ་མི་འགོག་ཞེན་པ་འགེག། དེ་ཕྱིར་ཞེན་མེད་ཆོས་ཀྱི་དབྱིངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྤང་སྡུད་མེད་ཕྱིར་ཅིར་སྣང་ཡང།། དགག་གཞི་ཀུན་དང་བྲལ་བའི་ཕྱིར། ། དབང་པོ་རང་ཡན་བཏང་གྱུར་ཀྱང།། སྒྲོ་སྐུར་མེད་ཕྱིར་གནས་ལུགས་ཡིན།། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང།། དབང་པོ་རང་ཡན་མ་བརྟུལ་ཀྱང།། ནམ་མཁའ་འདྲ་སྟེ་མཐར་མ་ལྷུང།། དེ་ཕྱིར་གཞི་ལ་སྣང་བ་མེད། ། སྣང་མེད་ཆོས་ལ་བསྒོམ་དུ་མེད།། མ་བསྒོམས་གོལ་ས་མེད་པའི་ཕྱིར།། ཅིར་སྣང་གང་ཡང་གྲུབ་པ་མེད།། འཁྲུལ་ངོར་ཡོད་ཀྱང་དོན་མི་འཛིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་སེམས་བར་གྱི་རྟོག་པ་འདི། ། རང་ཡན་བཞག་ཀྱང་ཡེངས་མི་སྲིད།། ལུང་ལྡན་ངེས་པའི་གདམས་ངག་གིས།། གོལ་ས་ཆོད་ཕྱིར་སྐྱོན་མི་གོས།། རང་རིག་ཤེས་པ་ཀུན་ཏུ་གཅེས།། དེ་ཙམ་ཉིད་ན་དོན་ཀྱིས་ཟིན།། ལྷག་མཐོང་འབྲལ་མེད་ཡེ་ཤེས་གསལ། ། དགག་གཞི་བྲལ་བའི་སྣང་བ་ལ།། ཤེས་པ་མ་ཞེན་རང་གསལ་བ།། ཆོས་སྐུ་ཆོས་དབྱིངས་འཛོམ་ཞེས་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ལྟ་ཡུལ་སེམས་བར་དོ་ལ།། རང་རིག་རྒྱལ་པོ་ཡེ་ཤེས་འཕྱོ། ། འདུ་ཤེས་མ་བཟུང་རིག་པ་འཆར།། དེ་ཙམ་ཉིད་ན་ཆོས་སྐུ་གསལ།། ད་ལྟ་ཉིད་ན་ཡུལ་མེད་ཤེས།། ཆད་ནས་མེད་པ་མ་ཡིན་ཏེ།། སྒྲོ་སྐུར་མིང་ནི་མི་རྟོག་པས།། ཞེན་འཛིན་སྤྲོས་པ་བྲལ་བ་ཡིན། ། ཐེག་བརྒྱད་ཡུལ་ནི་གཞིར་བྱེད་ཀྱང།། ཡང་ཏིར་ཡུལ་འདི་ཡོད་ཀྱི་བར།། དེ་ཚེ་གོལ་བའི་སྒྲོ་སྐུར་ཡོད།། དེ་ཕྱིར་ཡེ་མེད་ཤེས་གྱུར་ན།། སྣང་བ་དག་ཕྱིར་གོལ་ས་ཆོད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་གདམས་ངག་མདོར་བསྡུ་ན།། ཡུལ་ནི་འཁྲུལ་པའི་བག་ཆགས་བརྟས།། སེམས་ནི་མ་རིག་ཡིད་ལ་རྒྱུ།། དེ་གཉིས་བར་ན་རང་རིག་གནས།། དེ་ཉིད་ལུང་ལྡན་གདམས་ངག་གིས།། ངེས་དོན་ཤེས་པས་ཡུལ་སེམས་སྟོར། ། དེ་ཕྱིར་ཆོས་སྐུ་སྐྱེ་འགག་མེད།། དེ་དོན་ངེས་ཤེས་གོལ་ས་ཆོད།། དེ་ཉིད་ཆོས་ཉིད་གཞི་དང་མཐུན།། དེ་ཕྱིར་གོལ་མེད་ཆོས་ཀྱི་སྐུ།། དེ་ལ་བཙལ་དུ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོའི་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡུལ་སེམས་བར་དོ་བསྟན་པའི་ལེའུ་སྟེ་ང་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས། ། ཏིང་འཛིན་བར་དོ་བཀའ་སྩལ་པ།། ཤེས་རབ་རྣམས་ཀྱིས་བར་དོར་དཔྱོད་པ་ནི།། རིག་དཔྱོད་ལྟ་བའི་གཟུང་ཆེན་ནི།། རྒྱུན་དུ་མི་བརྗེད་འབྲལ་མེད་ཀྱིས།། ངེས་དོན་རིག་པའི་རྣལ་འབྱོར་པས།། མཉམ་བཞག་རྗེས་ཐོབ་གདམས་ངག་སྐྱེ།། མངལ་ཉིད་བར་དོ་དུས་ཀྱི་ཚེ།། རིག་པའི་ཡེ་ཤེས་གདམས་ངག་གིས།། ནང་གི་སེམས་ལ་བརྟེན་ནས་ནི།། མཉམ་ཉིད་ཡེ་ཤེས་ཀློང་དུ་ཐིམ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། སངས་རྒྱས་སེམས་ཅན་དུས་དང་ནི།། གཉིས་ཀ་མ་ཡིན་གང་གི་དུས།། དེ་དོན་ལུང་ལྡན་དམ་ཚིག་གི།། གཅིག་ཏུ་གསལ་ཐེབ་གདམས་ངག་གིས།། རིག་དཔྱོད་དུས་གསུམ་ངེས་པ་ཡིན།། ཆོས་སྐུ་ཐིག་ལེ་མངོན་སངས་རྒྱས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་གསང་བའི་རིག་དཔྱོད་ནི།། དུས་དང་རྣམ་པ་ཐམས་ཅད་དུ།། ལྟ་བ་ངེས་པའི་དོན་གྱིས་བཟུང།། མ་བརྗེད་འབྲལ་མེད་གདམས་ངག་དོན།། ཡིད་ལ་དྲན་པ་ལྷག་མཐོང་ལ། ། ཞེན་པ་མེད་པ་ཆོས་ཀྱི་སྐུ།། དེ་དོན་སངས་རྒྱས་ཆོས་ཀྱི་མཆོག། ལུས་འདི་མ་བྲལ་དུས་འདིར་གྲུབ།། དེ་ཕྱིར་ཏིང་འཛིན་བར་དོ་ལ།། རྒྱུན་དུ་མི་འབྲལ་ཏིང་འཛིན་འགྲུབ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། རྗེས་ལ་ཐོབ་པའི་དུས་དག་ཏུ།། མཉམ་བཞག་དོན་ལ་རིག་པས་ལྟོས།། དེ་ཕྱིར་སྐྱོན་གྱིས་མ་གོས་ན།། ལྷག་མཐོང་དོན་གྱི་གདེང་གིས་ཟིན།། དེ་ཕྱིར་སྲིད་པའི་བར་དོ་ལ།། སངས་རྒྱས་ངེས་པར་འབྱུང་བའི་དོན། ། འབྲས་བུའི་སྐབས་སུ་ངས་བཤད་ཀྱི།། ཕྱི་རབས་རྣལ་འབྱོར་རྟོགས་པར་གྱིས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཏིང་འཛིན་བར་དོ་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་གཉིས་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ཆེད།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པས། ། ལྟ་སྒོམ་སྤྱོད་པ་འབྲས་བུ་འདི།། རྩ་བ་མདོར་ནི་ཇི་ལྟར་འདུས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དངོས་མེད་རིག་པའི་ལྟ་བ་ནི། ། རང་བྱུང་སྐུ་ཉིད་ཡིན་པའི་ཕྱིར།། དེ་རྟོགས་དོན་དུ་གང་གནས་པ།། ལྟ་བའི་ནང་ནས་དམ་པའི་མཆོག། དེ་ཕྱིར་དོན་ལ་རིག་པ་ལྟ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཤེས་པ་རང་གསལ་ལྟ་བ་ནི།། ངོ་བོ་དབྱེ་བ་རྣམ་དྲུག་གིས། ། རང་གི་མཚན་ཉིད་དེ་བཞིན་ནོ།། དེ་ཉིད་དུས་མེད་ཆོས་ཀྱི་སྐུ།། ཕྱི་ནང་མེད་པའི་རྣམ་དག་དབྱིངས།། དེ་ཉིད་མཐོང་མེད་ལྟད་མོར་ཆེ།། ཉི་མ་ཤར་ནས་མུན་མེད་ལྟར།། རང་བྱུང་ངོ་བོ་རིག་པ་ཤར། ། དེ་ཙམ་ཉིད་ན་ད་ལྟའི་ཐུགས།། གསང་བ་དམ་པ་ལྟ་བའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་རིག་པའི་ལྟ་བ་ལ།། དེ་ལ་མ་ནོར་ངེས་ཤེས་སྐྱེས།། སྐྱེས་ཀྱང་དམ་པར་མི་འཛིན་པ། ། འདི་ལྟར་འཛིན་པ་མེད་པར་གསལ།། ཡང་དག་དོན་ལ་གོལ་ས་མེད།། དེ་ཕྱིར་དངོས་མེད་འཛིན་བྲལ་གྱིས།། ཡང་དག་ལྟ་བའི་དགོངས་པ་འདི།། ངེས་པའི་ལུང་དང་མཐུན་གྱུར་ན།། ཀུན་བཟང་ང་དང་ལྟ་བ་མཐུན། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཞི་ངེས་སྣང་བ་མ་ངེས་པ།། གར་མཁན་ལག་པ་ཇི་བཞིན་དུ།། སྣ་ཚོགས་སྣང་ཡང་ངོས་གཟུང་མེད།། དེ་ཙམ་ཉིད་ན་གཞི་མི་འགྱུར།། དེ་དོན་མ་ནོར་རྟོགས་པའི་ཚེ། ། རང་གི་མཚན་ཉིད་འགྱུར་བ་མེད།། ཇི་སྐད་བཏགས་ཀྱང་དོན་དང་མཐུན།། རང་བྱུང་ངེས་པའི་ལྟ་བ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟ་བ་ངེས་པ་མདོར་བསྡུས་བསྟན་པའི་ལེའུ་སྟེ་ང་དགུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། རང་རིག་ཡེ་ཤེས་གསལ་བ་ཡི།། དོན་དང་མི་འབྲལ་ཏིང་འཛིན་ནི། ། གསལ་ལ་མི་རྟོག་མི་གཡོ་བའི།། ངོ་བོ་ལ་སོགས་དབྱེ་བ་ཡི།། བརྒྱད་མཚན་གསུམ་གྱི་མན་ངག་གིས།། གཉིད་གསུམ་བསྲེས་པའི་ཆོས་ཉིད་འདི།། ཡེ་ཤེས་རང་བྱུང་ཆེན་པོའི་དོན།། མི་རྟོག་ཡེ་ཤེས་ལྷུན་གྲུབ་སྟེ། ། རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས།། གཟུང་འཛིན་མེད་པའི་ཆོས་སྐུ་ལ།། གསལ་ཙམ་ཉིད་ན་དམིགས་པ་མེད།། དེ་བཞིན་ཉིད་དུ་ཀུན་རིག་པས།། དེ་ཁྱབ་གར་གནས་སངས་རྒྱས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ནམ་མཁའི་ངང་དུ་སྤྲིན་སངས་ལྟར།། ང་ཡི་ཆོས་སྐུ་ངོས་ཟིན་ན།། ཐོག་མ་མེད་ནས་བསགས་པ་ཡི།། རྣམ་རྟོག་སྤྲིན་ནི་དཔག་ཏུ་མེད།། དངོས་མེད་ཆོས་སྐུ་རིག་པ་ཡིས།། རྣམ་རྟོག་སྟོང་པའི་ངང་དུ་སངས། ། འདི་ཤེས་རང་རིག་བསྒོམ་པའི་མཆོག། ཆོས་སྐུ་སྙིང་པོ་བྱང་ཆུབ་ལ།། མཚོན་དུ་མེད་པའི་རྐྱེན་དང་བྲལ།། དེ་བཞིན་ཉིད་དུ་ཀུན་རིག་པས།། དེས་ཁྱབ་ཆོས་སྐུ་ཀུན་གསལ་བའི།། ཀུན་ལ་དབང་བསྒྱུར་ཐོབ་པ་ཡིན། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ངེས་དོན་བསྒོམ་པ་མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། ཀུན་རིག་སྟོན་པས་བཀའ་སྩལ་པ།། བྱ་བ་མེད་པའི་སྤྱོད་པ་ནི།། ད་ལྟའི་ལུས་འདི་བླང་བའི་ཚེ།། སྤྱོད་པའི་དབྱེ་བ་རྣམ་དྲུག་གིས།། དོན་རྟོགས་སྤངས་པ་མེད་པ་ཡིས།། ཐིག་པ་ཀུན་ལས་ཁྱད་པར་འཕགས། ། དེ་ཡང་རང་སེམས་རྟོགས་པའི་ཚེ།། དུས་དང་རྣམ་པ་ཐམས་ཅད་དུ།། རང་གསལ་རིག་པ་འདི་ཉིད་ལས།། དེ་ལས་གཞན་དུ་བོག་མི་འདོན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ད་ལྟ་ལུས་ངག་ཡིད་ཀྱིས་ཀྱང།། གཞན་ནས་མ་ཚོལ་དུས་འདི་ལ།། མ་ཡེངས་རིག་སྤྱོད་དོན་དྲན་ན།། འཁོར་བ་མེད་པའི་མཛད་སྤྱོད་ཡིན།། གང་ཡང་རུང་བ་ཅི་ལ་ཡང།། སྐྱོན་ཡོན་དགག་སྒྲུབ་མེད་རྟོགས་ནས། ། འཇིག་རྟེན་ཐ་སྙད་མེད་རྟོགས་པས།། འཇིག་རྟེན་ཐ་སྙད་འཛིན་པ་ནུབ།། དོན་གསལ་བརྗེད་ངས་ཆགས་པ་ཆུང།། རྩིང་ཆོས་ང་རྒྱལ་ཆོས་མི་འབྱུང།། དེ་ཕྱིར་སྤྱོད་པའི་གདེངས་སུ་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཤེས་རབ་ལྟ་བའི་གདེང་སྤྱོད་ཀྱིས།། དུག་ལྔ་རང་གྲོལ་ཡེ་ཤེས་ནི།། གང་དུ་སྐྱེས་ཚེ་དེ་ཉིད་གསལ།། རང་བྱུང་རིག་པའི་གོལ་ས་མེད།། དེ་ཕྱིར་རྣལ་འབྱོར་སྤྱོད་པ་སྟེ།། འདུ་ཤེས་རྟོགས་པའི་ཐབས་ཀྱིས་ཀྱང། ། དོན་ཟིན་ངེས་པའི་གདེང་ལན་ཞིང།། རྐྱང་པ་དུས་མཉམ་ཡུལ་སྣང་ལ།། ཉི་ཟླ་གཟས་ཟིན་ཇི་བཞིན་དུ།། ཡེ་ཤེས་སྤྱོད་པ་མཆོག་ཏུ་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པ་མདོར་བསྡུས་བསྟན་པའི་ལེའུ་སྟེ་རེ་གཅིག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ངེས་པའི་དོན་ལ་ཡིད་ཆེས་པའི།། དབྱེ་བ་རྣམ་པ་དྲུག་གིས་ནི།། ཕྱི་མ་མ་ཡིན་དུས་འདི་རུ།། ཡེ་ཤེས་མངོན་འགྱུར་འབྲས་བུ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་ཆུ་དངས་རྙོག་མེད་ལྟར།། རེ་དོགས་མེད་པའི་འབྲས་བུ་ལ། ། གོལ་སྒྲིབ་བྱ་བའི་མིང་ཡང་མེད།། ཉམ་ང་མེད་པའི་གདེང་གིས་ཟིན།། ཞེན་འདོད་མེད་པའི་ཉམས་ཞིག་འབྱུང།། ཉམས་མེད་རིག་པ་ཉམས་ཀྱི་མཆོག། དེ་དོན་ཡིད་ཆེས་འབྲས་བུ་མཆོག། དཔེར་ན་བརྩི་འཚལ་ཡོད་པའི་ཕྱིར།། འབྲས་བུ་གསེར་ལ་སྨོས་ཅི་དགོས།། དེ་ཕྱིར་ངེས་པའི་གདེང་ལྡན་པས།། འབྲས་བུ་སངས་རྒྱས་སྨོས་ཅི་དགོས།། ངེས་དོན་བྱང་ཆུབ་དུས་འདིར་འགྲུབ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཆོས་སྐུ་གཟུགས་བརྙན་འབྱུང་བའི་དཔེ།། ཉི་ཟླ་གཟའ་སྐར་བཙལ་མེད་པས།། རྒྱ་མཚོར་གཟུགས་བརྙན་འཆར་བ་ལྟར།། ཆོས་སྐུ་རྟོགས་པའི་འབྲས་བུ་ལ།། སེམས་ཅན་མོས་པ་ཐ་དད་པ།། གཟུགས་སྐུ་རྣམ་གཉིས་དུས་གཅིག་འབྱུང།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྲས་བུ་ངེས་པར་བསྡུས་པ་བསྟན་པའི་ལེའུ་སྟེ་རེ་གཉིས་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་གསུམ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འཁོར་གྱི་དོན་དུ་ཡང་ཞུས་པ།། མཚན་མ་ཟིལ་གྱིས་ཅི་ལྟར་མནན།། འགྲོ་དྲུག་གཡང་ས་ཇི་ལྟར་བཅད།། ཡེ་ཤེས་འབྲལ་མེད་ཅི་ལྟར་བསྒོམ། ། ཉམས་ཀྱི་གོ་རིམ་ཇི་ལྟར་འབྱུང།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མཚན་མ་ཟིལ་གྱིས་མནན་པའི་ཕྱིར། ། མ་རིག་མུན་པ་ལྟ་བུ་ལ།། རིག་པའི་དབང་ཆེན་བཀའ་སྩལ་པ།། དེ་ཡང་དབང་པོའི་དཔེས་བསྟན་པ།། བྲམ་ཟེ་གཙང་མས་ཁྲུས་གསོལ་ཏེ།། རྒྱལ་སྲིད་དག་ལ་དབང་བསྐུར་ཞིང།། དོན་གྱི་ཟིལ་མནན་རང་བྱུང་འཚལ། ། དེ་དོན་ཤེས་པ་དྲང་འཐད་ཀྱི།། འདུས་མ་བྱས་ཀྱི་ནམ་མཁའ་ལ།། རང་གི་ཚད་དང་ལྡན་པ་ལ།། སེམས་ནི་དྲག་ཏུ་གཏད་པར་བྱ།། དཔེར་ན་གྱི་ལིང་རྟ་འདུལ་བཞིན།། རང་གི་ཤེས་པ་མ་ཡེངས་བཞིན། ། དྲག་ཞན་བར་ནས་རྩོལ་བ་འདོན།། ཆད་ཟིན་དོན་ལ་གནས་པར་བྱ།། དེ་ཡང་ཁམས་དང་སྦྱར་བྱས་ནས།། ཁམས་བདེ་ཐུན་ནི་རིང་བར་བྱ།། མི་བདེ་ཐུན་ནི་ཐུང་བར་བྱ།། ཡང་ན་ལངས་ལ་ཅུང་ཟད་བཅག། རྟགས་ནི་ལུས་སེམས་གཉིས་འབྱུང་སྟེ།། ལུས་ནི་འདར་ཞིང་མཆི་མ་འབྱུང།། སེམས་ནི་བདེ་ཞིང་དངས་དགའ་སྟེ།། ཏིང་འཛིན་རྩལ་གྱིས་རྟགས་རྣམས་འབྱུང།། རྟོག་པ་མེད་པར་གནས་པ་ནི།། བྱ་བ་བཏང་བའི་སྐྱེས་བུ་བཞིན།། མ་ཡེངས་གསལ་ལ་ལྷུག་པར་བཞག། རྒོད་ན་ནམ་མཁའི་སྤྲིན་བཞིན་དུ།། བྱུང་ཡང་གཞི་ལ་གནོད་མེད་ལྟར།། སེམས་ཀྱི་ཚོལ་བ་ཚད་ཟིན་ན།། རྟོག་པ་མི་བསྒྲིམ་བཅོས་མི་དགོས། ། དེ་ཡིས་བསྒོམ་ཉམས་བསྟན་པ་ནི།། དམིགས་པའི་དོན་ལ་སེམས་གནས་ཀྱང།། ཤེས་པ་གཏད་དུ་མི་ཆུད་པས།། ཡུལ་ལ་མི་རྟོག་བདེ་བར་གནས།། ཞེན་པའི་རྟོག་པ་སྐྱེས་ན་ཡང།། བ་མོ་ལ་ནི་ཉི་ཤར་བཞིན། ། རྗེས་སུ་མི་འབྲིང་ལྷན་གྱིས་འགྲོ།། དེ་ཚེ་གཞི་ལ་ཡིད་ཆེས་འབྱུང།། དེ་དུས་ཉིད་དུ་སེམས་ཉམས་ནི།། སྣང་མེད་འཁྲུལ་སྣང་ལོག་ཙ་ན།། སྣང་བཅས་ཏིང་འཛིན་དོན་ཟིན་ཉམས།། དེ་ཉིད་གོམས་པའི་ལམ་དུ་བདེ། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཚན་མ་ཟིལ་གྱིས་གནོན་པའི་བསྒོམས་པའི་ལེའུ་སྟེ་རེ་གསུམ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས། ། འགྲོ་དྲུག་གཡང་ས་གཅད་པའི་ཕྱིར།། རྩ་བ་སེམས་ལས་འདས་པའི་ཕྱིར།། ཡེ་ཤེས་ངོས་བཟུང་བཀའ་སྩལ་པ།། ཀུན་གཞི་གཞི་ཆ་ངོ་བོ་ལ།། ཆོས་སྐུ་ངོས་བཟུང་མཐུན་དཔེ་ནི།། རྩ་ཆུ་བརྟགས་ནས་ངོས་བཟུང་པའི། ། སྨན་པ་མཁས་པའི་དཔེ་བཞིན་དང།། ནོར་བུ་ཆུ་དངས་དཔེ་བཞིན་ནོ།། བྱང་ཆུབ་སེམས་ཀྱི་རིག་པའི་དོན།། སྔ་མ་འཕྲོ་བ་ཡིད་ཡིན་ཏེ།། ཕྱི་མ་སྐྱེས་པ་ཉོན་མོངས་ཡིན།། སྒོ་ལྔ་སྐྱེས་པ་རྟོག་པའི་ཡིད། ། དམིགས་འཛིན་མེད་པ་ངང་གིས་གསལ།། གཉུག་མར་གནས་ལ་འཕེལ་འགྲིབ་མེད།། ཡེ་ཤེས་ཟང་ཐལ་འདི་ཡིན་ཏེ།། རང་གི་ངོ་བོ་ཆོས་ཀྱི་སྐུ།། ཤེས་པ་བཅོས་མེད་དྲང་པོར་གནས།། དཔེར་ན་ཐི་བྱ་ཚང་འཇུག་བཞིན། ། རང་གི་ཤེས་པ་ཆོས་སྐུ་ལ།། བསྒོམ་དུ་མེད་པའི་དགོངས་བྱའོ།། དེ་དོན་རྟོགས་ན་དངས་ཤིང་བདེ།། ཤེས་པ་མི་འགྱུར་དཀྲིར་མི་འདོད།། ཆུ་ལས་མི་འདའ་ཉ་བཞིན་དུ།། དོན་ལས་མི་འདའ་ཆོས་ཉིད་རྟགས། ། དེ་རྟགས་ལྡན་པས་རྣལ་འབྱོར་པས།། རྒྱལ་པོའི་མངའ་བྱེད་བཙུན་མོ་བཞིན།། སྔ་ཕྱི་གཉིས་པོ་སྐྱེས་པའི་ཚེ།། དེ་རྗེས་མི་གཅོད་ཆོས་ཀྱི་སྐུ།། འཕྲོ་ན་རྐུན་པོ་ཚོར་མ་ཐག། མ་བསྐྲད་རང་བཞིན་བྲོས་པ་ལྟར། ། རང་བྱུང་རྩོལ་བ་མེད་པ་ལ།། མི་གཡོ་མཉམ་པའི་དོན་ལ་བཞག། དེ་དོན་རྟོགས་པའི་རྣལ་འབྱོར་པས།། ཤིང་བལ་ལྟ་བུར་ལུས་ཡང་ཞིང།། ཕྱི་ནང་འབྱུང་འཇུག་དབུགས་རྣམས་སྙོམས།། ཆོས་རྣམས་བདེ་ཆེན་གསང་བའི་ཉམས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྲོ་དྲུག་གཡང་ས་བཅད་པའི་བསྒོམ་པ་བསྟན་པའི་ལེའུ་སྟེ་རེ་བཞི་པའོ། །།། དེ་ནས་ཀུན་རིག་སྟོན་པ་ཡིས།། བསྒོམ་པ་རྒྱུན་གྱི་རྩ་བའི་དོན།། རང་བྱུང་ཆོས་སྐུ་གསལ་བའི་དོན།། ཡེ་ཤེས་འབྲལ་མེད་བཀའ་སྩལ་པ།། ཐིག་ལེ་གཅིག་ཏུ་རྫོགས་པ་ཡི།། ཡེ་ཤེས་ཆེན་པོའི་མཐུན་དཔེ་ནི། ། རང་བྱུང་ངོ་བོ་ཉིད་ཁྱབ་ཕྱིར།། མཐའ་དབུས་མེད་པས་ནམ་མཁའ་འདྲ།། དེ་དོན་རང་བྱུང་ཡེ་ཤེས་གསལ།། སྣང་སྲིད་གསལ་བའི་སྒོ་ལྔ་ནི།། རྟོག་པ་གསལ་བ་ཆོས་ཀྱི་སྐུ།། འཛིན་པ་མེད་པར་ལྷུན་གྱིས་གྲུབ། ། ཁྱུང་ཆེན་ནམ་མཁར་ལྡིང་བའི་ཚེ།། འཕུར་རླབས་འོག་ཏུ་ཀུན་ཚུད་ལྟར།། ངེས་དོན་རྟོགས་པས་སྐུ་གསུམ་རྫོགས།། འབྱུང་འཇུག་མེད་པར་གནས་པར་བྱ།། ཇི་བཞིན་ཉམས་ཀྱི་གནས་ལུགས་ནི།། རྣམ་པར་མི་རྟོགས་ས་ལེ་བ། ། ས་ལེ་གསལ་ལ་རྟོག་པ་མེད།། དེ་ནི་རང་བྱུང་ཡེ་ཤེས་ཡིན།། ནོར་བུ་རིན་ཆེན་ཡོན་ཏན་ལ།། དགོས་འདོད་ཐམས་ཅད་ཤུགས་ཀྱིས་འབྱུང།། དེ་བཞིན་ཡེ་ཤེས་ངོས་ཟིན་ན།། བྱིང་རྒོད་མི་འབྱུང་ཆོས་ཉིད་གསལ། ། དཔེར་ན་དུག་ལ་སྔགས་བཏབ་པས།། ནད་རྣམས་སེལ་ཞིང་སྨན་འགྱུར་ལྟར།། ཆགས་སྡང་དུག་སོགས་དུག་རྣམས་ལ།། ཆོས་ཉིད་གསལ་ཐེབས་རང་སར་གྲོལ།། དེ་རྟགས་སྒྲ་ཐོས་རྨི་ལམ་བཟང། ། གཟུགས་རྣམས་མཐོང་ཞིང་བསྐོར་བ་བྱེད།། བདུད་རྩི་འདྲེན་ཞིང་ཆོས་སྟོན་པ།། བདུད་ཀྱི་ཆོ་འཕྲུལ་བཅོ་བརྒྱད་འབྱུང།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་འབྲལ་མེད་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་རེ་ལྔ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། བསྒོམ་ཉམས་རིམ་པར་འབྱུང་བ་ནི།། འདུས་པའི་འཁོར་ལ་བཀའ་སྩལ་པ།། གནས་དང་མི་གཡོ་མཉམ་པ་ཉིད། ། འབྲས་བུ་ཡེ་ཤེས་ཡོན་ཏན་ནི།། ང་ཡིས་བསྟན་གྱིས་ལེགས་པར་ཉོན།། དང་པོ་གནས་པའི་ཏིང་འཛིན་ནི།། གོལ་སྒྲིབ་རྟོག་ཞེན་སྤང་ནས་ནི།། ལུས་ཀྱི་དགོན་པར་སེམས་བཞག་པས། རང་རིག་ཡེ་ཤེས་ངང་དུ་གནས།། དཔེར་ན་འཇིགས་མེད་ལམ་བགྲོད་ཀྱང།། རང་ལུས་དང་འདྲ་ཉམ་ང་མེད།། དེ་བཞིན་ཆོས་ཉིད་རང་གནས་པས།། རེ་དོགས་གོལ་སྒྲིབ་མེད་པར་གནས།། ཕྱི་དྲོད་ཡུལ་དང་ཁ་དོག་རྫོགས། ། མཚན་མའི་ཞེན་པ་མི་སྐྱེ་ན།། ཆགས་བྲལ་ཆོས་དབྱིངས་དྲོད་ཅེས་བྱ།། ཕྱི་རྟགས་ཡུལ་དྲུག་མ་ཞེན་པར།། ཞིང་ཁམས་མཐོང་དང་དབང་བསྐུར་དང།། མཆོད་བརྟེན་འོད་ཀྱི་གང་བར་འབྱུང། ། དེ་ཚེ་འཁོར་བའི་ཞེན་པ་ལྡོག། འབྲས་བུ་རྣལ་འབྱོར་ཚེ་འཕོས་ཏེ།། རིག་བཙུན་མི་ལུས་ཐོབ་ནས་ནི།། ལུང་ལྡན་རྐྱེན་འཕྲད་ཤེས་པ་འཆར།། དེ་ཚེ་ཆོས་སྐུའི་བདེན་པ་མཐོང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ལྷག་མཐོང་རིག་པའི་ངང་བཞག་ཚེ།། སྔ་ཕྱི་གོལ་སྒྲིབ་རང་དེངས་ནས།། ཡེ་ཤེས་རང་ཤར་དོན་དང་ལྡན།། ཉིན་མཚན་འདས་ཀྱི་བར་དོར་གནས།། ངང་ལ་གནས་པའི་མཐུན་དཔེ་ནི།། མ་བསྐྱོད་རྒྱ་མཚོ་དངས་པ་དང། ། གསལ་ལ་མི་གཡོ་མར་མེ་འདྲ།། རང་བྱུང་རིག་པའི་ཆོས་ཉིད་གསལ།། ནང་དྲོད་ཡེ་ཤེས་རང་སར་གནས།། ཐེ་ཚོམ་བྱུང་ཚོར་རྐྱེན་དང་བྲལ།། དེ་ཡི་ངང་དུ་ཉོན་མོངས་དེངས།། ཉིན་མཚན་འདས་པའི་རྟོག་པ་མེད། ། ནང་རྟགས་མངོན་ཤེས་དྲུག་འབྱུང་ནས།། ཟས་ནོར་ཆགས་ཆུང་ཉོན་མོངས་མེད།། སྙིང་རྗེ་ཕན་སེམས་རབ་ཏུ་ལྡན།། ལྷས་བསྟན་རྨི་ལམ་བཟང་པོ་འབྱུང།། རྣལ་འབྱོར་ཆོས་ཉིད་དབང་ཐོབ་མི། འབྱུང་བ་རིམ་ཐིམ་ཤི་བའི་ཚེ།། ཚེ་སྟོད་ཚངས་རིས་ལྷར་སྐྱེས་ནས།། ཚེ་དེ་ཉིད་ལ་མངོན་འཚང་རྒྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་བ་མྱ་ངན་འདས་པའི་ཆོས།། ཇི་ལྟ་བུར་ཀྱང་མི་གཟིགས་ཏེ།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ། ། ལོ་ཟླ་ཐུན་མཚམས་མེད་པར་གནས།། རང་རིག་ཆོས་སྐུ་བལྟ་རུ་ཡོད།། གཟུང་དུ་མེད་པས་ཆུ་ཟླ་འདྲ།། ཆོས་སྐུ་མཉམ་པ་ཉིད་དེ་ནི།། ཁྱུང་ལྡིང་ཉམ་ང་མེད་པ་འདྲ།། གསང་བའི་དྲོད་ནི་ཡེ་ཤེས་སྟེ། ། གཅིག་པུར་འདུག་ཀྱང་སྐྱོ་བ་མེད།། ཆོས་བརྒྱད་ཆོས་སྐུར་ཤེས་པའི་ཕྱིར།། འཇིག་རྟེན་འདྲེ་ཡིས་གནོད་མི་ནུས།། གསང་བའི་རྟགས་ནི་མ་འཁྲུལ་པ།། ཚོར་བ་བདེ་སྡུག་བཏང་སྙོམས་ལ།། རྐྱེན་ནི་གར་བྱུང་ཆོས་སྐུར་ཤེས། ། དེ་ཕྱིར་ཡེ་ཤེས་གཏང་བཞག་མེད།། འབྲས་བུ་རང་གི་ངོ་བོ་ལ།། ས་ལམ་མ་བགྲོད་སྒྲིབ་པ་དག། རྟོགས་པ་མངོན་གྱུར་ཡེ་ཤེས་ཀྱི།། བར་དོར་ཐོགས་མེད་མངོན་སངས་རྒྱས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། སངས་རྒྱས་ས་ཡིས་བཅིངས་ན་ནི།། རྣམ་སྨིན་ལུས་མེད་ཡེ་ཤེས་སྐུ།། ཡེ་ཤེས་རིག་པ་ཁ་མིག་ཅན།། ཐམས་ཅད་མཁྱེན་པའི་ཆོས་སྐུ་གནས།། མཐུན་དཔེ་གཟའ་སྐར་ཤར་བ་ནི།། རྒྱ་མཚོའི་ནང་དུ་གཟུགས་བརྙན་འབྱུང། ། དེ་བཞིན་ཆོས་སྐུ་གཅིག་པུ་ལ།། དྲོད་རྟགས་གཟུགས་སྐུ་རྣམ་གཉིས་འབྱུང།། འབྲས་བུ་སངས་རྒྱས་ཡོན་ཏན་ནི།། བརྗོད་དུ་མེད་ལ་བསམ་མི་ཁྱབ།། གཞི་དང་འཕྲད་པས་སྐྱེ་འཆི་མེད། ། དེ་ཕྱིར་སངས་རྒྱས་ཡང་དག་ཡོད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྒོམ་པའི་ཉམས་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་བཞི་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ངེས་དོན་རྟོགས་པའི་རྣལ་འབྱོར་པས། ། དེ་ཁོ་ན་ཉིད་ཇི་ལྟར་སྤྱོད།། ཕྱི་ནང་སྒྲོ་འདོགས་ཆོས་སྤྱོད་གང།། རྣམ་པར་རྟོག་པ་ཇི་ལྟར་གཞོམ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལ་ཟློ་སྤྱོད་པ་བཀའ་སྩལ་པ།། ཡིད་ལ་ཟུང་ལ་ངེས་པར་སྤྱོད།། དེ་དོན་ངེས་པར་དབྱེ་བ་ནི།། ལུས་ངག་ཡིད་ཀྱིས་ཆོས་ཀྱི་ནི།། དེ་ཁོ་ན་ཉིད་ལ་དམིགས་པའོ།། སྤྱོད་པ་ལ་ཟློ་ཡིན་པར་གསུངས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ལུས་ངག་རིག་པ་བཟོ་ཐུབ་ལ།། སྒོ་ལྔ་ཡུལ་ལ་མི་འཇུག་སྟེ།། རང་རིག་དགོན་པར་གསལ་བ་ཡིས།། རྒྱུན་དུ་འབྲལ་མེད་གནས་དེ་ན།། ལུས་ཀྱི་སྐྱོན་གསུམ་རང་སར་གྲོལ། ། དེ་ཚེ་གཡེངས་པ་མི་འབྱུང་བར།། གོལ་མེད་ཆོས་སྐུ་ཡེ་ཤེས་ལྡན།། རང་ཉིད་གར་འདུག་དགོན་པར་ཤེས།། རྒྱལ་པོས་གདན་ས་འཛིན་པ་འདྲ།། གང་ན་གནས་པ་ཆོས་དབྱིངས་ལ།། ཞེན་ཆགས་ཀྱིས་ནི་བདུད་དང་བྲལ། ། མཚམས་གཅོད་མེད་པས་ནམ་མཁའ་འདྲ།། ལུས་ཀྱི་དེ་ཉིད་སྤྱོད་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་ལུང་གདམས་ངག་ཁོང་ཆུད་ནས།། ངག་གི་སྨྲ་བ་ཉུང་བྱས་ཏེ།། འཇིག་རྟེན་གཏམ་ལ་མ་གཡེངས་པར།། ངག་གི་སྐྱོན་བཞི་རང་སར་གྲོལ།། མི་སྨྲ་དགོས་པ་གསུམ་ཡོད་ཕྱིར།། ངག་གི་དེ་ཉིད་སྤྱོད་པ་སྟེ།། སྡིག་པ་བཞིན་དུ་སྨྲ་མི་བྱ།། སྨྲ་བཅད་མཚམས་ཀྱི་དམ་པར་གསུངས།། ཞུས་འཆད་དོན་བསྟན་མི་འགལ་བར།། ཆོས་དང་མཐུན་པར་བླ་མས་གསུངས།། སྐབས་ལ་ཕོག་པའི་དུས་དག་ལས།། གཞན་དུ་སྨྲ་བར་མི་བྱའོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་ངེས་པའི་གདེང་གིས་ནི། ། ཤེས་རབ་རྣམ་གསུམ་ཡིད་ཆེས་པས།། རྣམ་རྟོག་ཐ་མལ་རྒྱུ་མེད་པས།། ཡིད་ལ་གང་དྲན་ཆོས་སྐུར་ཤེས།། ལྷག་མཐོང་རིག་པས་རང་བལྟས་པས།། འབྲལ་མེད་མི་བརྗེད་གཟུངས་དང་ལྡན།། སྐྱོན་ཡོན་གསུམ་ནི་རང་སར་གྲོལ། ། ནགས་ཀྱི་རི་དགས་བག་ཕེབ་འདྲ།། དེ་ཚེ་འཇིག་རྟེན་འཁྲུལ་མེད་འདྲ།། ཆོས་ཉིད་ཆོས་སྐུ་རིག་པ་གསལ།། མ་རིག་བྲལ་བའི་ལྷག་མཐོང་ལ།། ཡིད་དེ་ཁོ་ནར་སྤྱོད་པར་བཤད།། ད་ཡང་འཁོར་གྱི་སྙིང་པོ་ཉོན། ། ངེས་པའི་རྒྱུད་ལུང་མན་ངག་ཆོས།། གདེང་ལྡན་ཉམས་སུ་ལེན་པ་ཡི།། སངས་རྒྱས་དངོས་ཡིན་ང་ཡི་བཀའ།། ཆོས་ཀྱི་མཁའ་ལ་སྤྱོད་པ་ཡིན།། མི་མ་ཡིན་དང་ལྷ་ཀུན་གྱིས།། ཡིད་བཞིན་རིན་ཆེན་ལྟ་བུར་མཐོང། ། དེ་བཞིན་བླ་མའི་གདམས་ངག་འདི།། སྣོད་མེད་ཀུན་ལ་མི་སྦྱིན་ནོ།། རིན་ཆེན་ནོར་རྙེད་གསང་བ་བཞིན།། ཆོས་ཀྱི་སྐུ་ཉིད་སྙིང་པོ་འདི།། ཤིན་ཏུ་སྦས་ན་དངོས་གྲུབ་ཐོབ།། རིག་འཛིན་གོང་མས་བྱིན་གྱིས་རློབས། ། མཁའ་འགྲོས་ལས་བྱེད་ཅི་བསམ་གྲུབ།། ཆོས་ལ་དམིགས་པའི་སྤྱོད་པ་ཡིས།། རྒྱལ་བ་ཀུན་དང་དགོངས་པ་གཅིག། དེ་ཕྱིར་ལ་ཟློའི་སྤྱོད་པར་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དེ་ཁོ་ན་ཉིད་དམིགས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་རེ་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ། ། སྒྲོ་འདོགས་སྤྱོད་པ་ཆེན་པོ་ནི།། ཕྱི་ནང་གཉིས་མེད་ལུང་གིས་ནི།། སྒྲོ་འདོགས་གཅོད་པའི་ཐབས་ཀྱི་དོན།། ལུང་ལྡན་ཆོས་འདི་ངེས་པར་སྤྱོད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་སྒྲོ་འདོགས་སྤྱོད་པའི་ཕྱིར། ། སྣང་བའི་ཡུལ་ལ་བློས་བརྟགས་པས།། མ་རིག་བག་ཆགས་བརྟས་པ་ལ།། གཞི་ལ་ཡུལ་ནི་གྲུབ་པ་མེད།། དེ་ཕྱིར་ལུང་ལྡན་གདམས་ངག་གིས།། མ་རིག་མེད་པར་ཐག་ཆོད་པས།། ཡུལ་གྱི་ཞེན་པ་དང་བྲལ་ན། ། གང་ལ་འཛིན་པའི་བློ་མི་འཇུག། དྲེད་མོང་འདོས་ཐག་བཅད་པ་འདྲ།། ཡུལ་ནི་ཡོད་མེད་མཐའ་དབུས་བྲལ།། དེ་ཡིས་ཉམས་སུ་མྱོང་བ་བཞིན།། ཆུ་ནང་གཟུགས་བརྙན་སྨིག་རྒྱུ་བཞིན།། སྣང་ཡང་ཞེན་པའི་བློ་མི་འཇུག། རྣལ་འབྱོར་ཡུལ་གྱི་སྒྲོས་མི་གདགས།། གང་ལྟར་ཡོད་ཀྱང་དབྱིངས་ལ་སྦྱོར།། དེ་ཕྱིར་གོལ་མེད་ཀློང་ན་འཕྱོ།། ཕྱི་ཡིས་སྒྲོ་འདོགས་ཆོད་ཅེས་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་གི་ཡིད་ཀྱིས་སེམས་བཙལ་བས། ། ཡང་དག་ཡིད་ཀྱིས་མཐོང་བ་མེད།། ཅི་ཡང་ཆ་མེད་ལུང་མ་བསྟན།། ཚོགས་བརྒྱད་མེད་ཅེས་སྒྲོ་འདོགས་ཆོད།། མི་ཤི་སླར་ལ་མི་ལྡོག་འདྲ།། དེ་ཉིད་ལུང་ལྡན་བསྟན་ཙམ་ན།། ཆོས་ཉིད་ཡིན་ཕྱིར་ལྟུང་མི་སྲིད། ། དེ་ཕྱིར་སེམས་ཀྱི་ཡུལ་ལས་འདས།། དེ་དོན་རང་བྱུང་རིག་པ་འདི།། ཆོས་སྐུར་གཞན་ལ་ཞེན་མེད་པས།། ནང་གི་སྒྲོ་འདོགས་ཆོད་པའི་ཕྱིར།། སྤྱོད་པ་ཀུན་གྱི་མཆོག་ཏུ་གསུངས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཡུལ་སེམས་གཉིས་མེད་སྤྱོད་པ་ནི།། གཞི་ཉིད་ལུང་ལྡན་ངེས་པ་ཡིས།། རང་བྱུང་ཆོས་སྐུའི་དོན་ཤེས་པས།། ཀུན་བརྟགས་མ་རིག་མེད་པ་ཡིས།། ཡུལ་སེམས་གཉིས་ལ་བརྟགས་པ་ལས། ། ཞེན་པའི་བག་ཆགས་རྟེན་མེད་སྟོང།། འཁོར་འདས་ཀ་ནས་མེད་རྟོགས་ཕྱིར།། འཇིགས་པའི་རྨི་ལམ་སད་པ་འདྲ།། ལྷན་ཅིག་མ་རིག་མེད་པའི་ཕྱིར།། ཀུན་གཞི་བསྐྱེད་པའི་སེམས་དང་བྲལ།། སེམས་མེད་ཡུལ་འདི་གཏན་དུ་སྟོངས། ། མེ་མེད་དུ་བ་མེད་པ་འདྲ།། ངོ་བོ་ཉིད་ཀྱི་གཞི་རྟོགས་ན།། ཡུལ་སེམས་དུས་གསུམ་མེད་པ་སྟེ།། གང་ཡང་མེད་པའི་མངོན་དུ་བྱུང།། རང་བྱུང་སྒྲོ་འདོགས་ཆོད་པ་ཡིས།། ཡེ་ཤེས་ཆེན་པོ་སྤྱོད་པར་གསུངས། ། ད་ཡང་འཁོར་རྣམས་ཡིད་ཀྱིས་ཉོན།། ངེས་ལུང་བཀའ་ལས་གསུངས་པ་ཡི།། དྲང་དོན་ལུང་གི་དགེ་སྡིག་གཉིས།། བསྐྱེད་རིམ་ལྷ་བསྒོམ་དྲང་དོན་ཏེ།། དྲང་དོན་མདོ་རྒྱུད་ལྡེམ་དགོངས་ཀྱིས། ། དོན་ལ་སྒྲོ་བཏགས་ཆོས་ཉིད་མིན།། ངེས་དོན་ལུང་གིས་སུན་བཏོན་ཕྱིར།། གོལ་སྒྲིབ་མེད་པར་ཐེ་ཚོམ་ཆོད།། ངེས་དོན་ལུང་གིས་གཏན་ཕབས་པས།། མ་རིག་མེད་ཕྱིར་རྒྱུ་འབྲས་མེད།། མ་རིག་ཀུན་གཞིའི་མུན་གསེབ་ནས། ། ཆོས་སྐུ་རྙེད་པས་མུན་པ་སངས།། རྟོགས་པ་མངོན་འགྱུར་སངས་རྒྱས་འབྱུང།། རིན་ཆེན་སྟོར་བ་སླར་རྙེད་འདྲ།། དེ་ཕྱིར་རང་ལ་དད་པ་སྐྱེས།། དུས་དང་རྣམ་པ་ཐམས་ཅད་དུ།། ཆོས་ཀྱི་སྐུ་དང་འབྲལ་མེད་པས། ། མཚན་མ་ལུང་གི་སྒྲོ་འདོགས་ཆོད།། ལུང་དང་རིགས་པ་མཐུན་པར་སྤྱོད།། རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྒྲོ་འདོགས་གཅོད་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་རེ་བརྒྱད་པའོ། །།། དེ་ནས་ཀུན་རིག་སྟོན་པ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ།། རྣལ་འབྱོར་ཞེན་པ་ལྡོག་པའི་ཕྱིར།། རྟོག་འཇོམས་སྤྱོད་པ་བཀའ་སྩལ་པ།། ཟས་གོས་དགྲ་གཉེན་འཁོར་བའི་ཆོས། ། དེ་ལ་ཞེན་ལོག་བྱ་བའི་ཕྱིར།། སྤྱོད་པ་མ་ཆགས་བརྟུལ་ཞུགས་ཀྱིས།། རྟོག་མེད་སྤྱོད་པ་ཆེད་དུ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཟས་ཀྱི་རྟོག་པ་གཞོམ་པའི་ཕྱིར།། གཙང་དང་མི་གཙང་མེད་པར་ཡང། ། བབ་འབགས་སྨེ་གཙང་མ་སྨེ་རུ།། ཁྱི་བོང་ཤ་དང་མཛེ་ཤ་དང།། རུལ་དང་བཤང་གཅི་ལ་སོགས་པ།། ཚམ་ཚོམ་རྟོག་པ་མེད་བཞིན་ཟ།། ངན་རྟོག་སྐྱུག་བྲོ་སྙམ་བྱེད་ན།། བརྟུལ་ཞུགས་བསྐྱེད་ལ་ཆེད་དུ་བཟའ། ། དེ་ཟོས་ཡོན་ཏན་དྲུག་འབྱུང་ཞིང།། ཟས་ཀྱི་རྣམ་རྟོག་ཆེད་དུ་གཞོམ།། མདོར་ན་ཞིམ་དང་མི་ཞིམ་དང།། གང་ལ་རྟོག་མེད་གོམས་པར་བྱ།། དེ་གོམས་བླང་དོར་མེད་ངོས་ཀྱིས།། ཟས་ཀྱི་རྟོག་པ་གཞོམ་པར་བྱ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། གོས་ཀྱི་རྟོག་པ་གཞོམ་པའི་ཕྱིར།། ཁྱི་ཐུལ་རྩི་བེར་ཕྱག་དར་ཁྲོད།། རད་རོད་ཤིང་ཤུན་ལ་སོགས་པའི།། ཁ་དོག་དབྱིབས་ནི་མི་སྡུག་པ།། ཞེན་པ་བཟློག་ཕྱིར་སྣ་ཚོགས་གོས། ། ངོ་ཚ་ཡ་ང་མེད་པར་ནི།། མི་སྡུག་བགོ་བས་བརྒྱན་པར་བྱ།། སྨྱོན་པ་བཞིན་དུ་རྟོག་པ་གཞོམ།། བླང་དོར་མེད་པའི་གོས་གོན་ན།། ཡོན་ཏན་ལྔ་ཡོད་ཏིང་འཛིན་གྲོགས།། དེ་སྤྱོད་གོས་ཀྱི་རྟོག་པ་ཆོམས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དགྲ་གཉེན་རྟོག་པ་གཞོམ་པའི་ཕྱིར།། མ་དང་སྲིང་མོ་གང་ལ་ཡང།། ངོ་ཚ་མེད་པར་ཆགས་སྤྱོད་པས།། གཉེན་ཀུན་བླ་འཚོང་ངོ་ཚར་སེམས།། འདི་ཀ་མེད་ན་ཤིར་རུང་སྙམ།། གཉེན་ཀུན་འཁོར་ངན་བདུད་ཀུན་ཆོམས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དགྲ་ཀུན་སྙིང་རྗེའི་སར་མཐོང་བས།། ཕྲད་ཀྱང་མི་བརྡེག་གསོད་དང་བྲལ།། གྲི་བོ་གཤེད་ལ་འཁོར་བ་བཞིན།། སྤྱོད་པ་བྱེད་ཀྱང་ངན་ཐེག་འདྲ། ། དེ་བྱས་དགྲ་གཉེན་ཉེ་རིང་མེད།། ཐམས་ཅད་བླང་དོར་མི་ཤེས་པས།། དགྲ་གཉེན་གཉིས་ཀྱི་ཆགས་སྡང་བྲལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་སྤྱོད་པ་ཆེད་བྱེད་པ།། མ་ཧཱ་མན་ཆད་སྤྱོད་པ་ཡིན། ། རྟོག་པ་ཆེད་དུ་འཇོམས་པ་དེ།། རྫོགས་ཆེན་ཡང་ཏིའི་གོལ་སར་གསུངས།། དེ་སྤྱོད་ཚུལ་འཆོས་དོན་དང་ལྡན།། དེ་ཕྱིར་ཆེད་བྱ་མེད་པའི་མཆོག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྟོག་པ་འཇོམས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་རེ་དགུ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅོ་ལྔ་པའོ།།།། དེ་ནས་འཁོར་གྱི་དོན་ཆེད་དུ།། རྡོ་རྗེ་སེམས་དཔས་དོན་ཞུས་པ། ། ཏིང་འཛིན་ཉམས་དང་ལྡན་པ་ཡི།། ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། རྣལ་འབྱོར་པ་ལ་འབྱུང་ལུགས་ནི།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། མཉམ་བཞག་རྗེས་ཐོབ་བར་དོ་ལ།། སྣང་བ་འོད་དང་གྲགས་པ་སྒྲ།། འཇིགས་པ་གཟུགས་དང་བསླུ་བ་རྫུན།། རེ་རེ་ལ་ནི་དྲུག་དྲུག་ཏུ།། རྒྱུ་དང་ཞུགས་པ་ཉེས་དམིགས་རྣམས།། ཟིལ་གནོན་རྟོགས་དང་འབྲས་བུ་རྣམས། ། ལྟ་བ་མ་ཤེས་བདུད་དུ་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྣང་བ་འོད་ཀྱི་བདུད་བྱུང་ན།། ལྟ་མེད་མུན་ལས་འོད་བྱུང་བས།། དགེ་སྡིག་མཐོང་བས་སྙིང་རྗེ་ཞུགས།། འགྲོ་དོན་བྱ་མནོ་ཏིང་འཛིན་བཏང།། དངོས་མེད་ལྷག་མཐོང་ཡོ་ག་དྲན།། གཞི་ལ་མེད་པའི་གཞའ་ཚོན་འདྲ།། དམྱལ་བའི་གནས་ཀྱང་སངས་རྒྱས་ཞིང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་རྣམ་པ་མཉམ་བཞག་ཚེ། ། མཚན་མོ་མུན་ནག་སྤྲིན་རུམ་ནས།། ནམ་ལངས་ཉི་ཤར་ཤིན་ཏུ་གསལ།། ཉམ་ཆུང་འོད་གསལ་ཡིན་སྙམ་ནས།། རྣལ་འབྱོར་པ་ནི་ངར་འཕང་སྐྱེས།། དེ་ཚེ་འགྲོ་དྲུག་སེམས་ཅན་གྱིས།། དགེ་སྡིག་མ་ལུས་སྔ་ཕྱི་ཤེས། ། འཁྲུལ་པའི་སྡུག་བསྔལ་སྣ་ཚོགས་མཐོང།། དེ་ཚེ་སྙིང་རྗེའི་བདུད་ཞུགས་ཏེ།། སེམས་ཅན་སྙིང་རྗེ་གདུང་སེམས་སྐྱེ།། བྱམས་དང་སྙིང་རྗེ་བྱ་མནོ་ནས།། ཏིང་འཛིན་བཏང་ནས་གཞན་དོན་བྱེད། ། དེ་ཕྱིར་གདེང་ལྡན་ཤེས་པ་དེས།། མཆི་མ་འདོན་ཅིང་སེམས་མི་དགའ།། ཏིང་འཛིན་བྲལ་ནས་ཤེས་པ་འཕྱོ།། དེ་ཕྱིར་བདུད་ཀྱི་དབང་གྱུར་ལྷུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གྲག་པ་སྒྲ་ཡི་བདུད་བྱུང་གང། ། མཁའ་ལ་སྒྲ་དང་ཆོས་སྟོན་འབྱུང།། དགའ་བས་ངོམས་ཤིང་ཏིང་འཛིན་བཏང།། བཀའ་འགལ་ཆོས་བརྒྱད་འཁོར་བར་ལྟུང།། ལྟ་བའི་རྩིས་ཟིན་སྒྲ་དང་བྲལ།། སྒྲ་བརྙན་བརྟག་མེད་རྗེས་མི་འབྲངས།། སྒྲ་གྲགས་གསུང་གི་འཁོར་ལོ་བདེ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་དོན་ལ་གནས་པའི་ཚེ།། ནམ་མཁའ་སྟོང་པར་སྒྲ་བྱུང་ནས།། བདེ་གཤེགས་ཆོས་རྣམས་སྣ་ཚོགས་སྟོན།། ཞིང་ཁམས་རྒྱན་གྱིས་བརྒྱན་པ་དང། ། ཡིད་དུ་འོང་བའི་སྒྲ་ཐོས་འགྱུར།། དེ་ཚེ་དགའ་བའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གླུ་གར་བྱེད།། ངོམ་ཞིང་ངོ་མཚར་དགའ་སེམས་སྐྱེས།། མངོན་ཤེས་ཡོད་ཟེར་གཞན་ལ་སྨྲ། ། དེ་ལ་ཞེན་པས་ཏིང་འཛིན་བྲལ།། དགའ་བའི་བདུད་ཀྱིས་བསླུས་པར་འགྱུར།། འཇིག་རྟེན་ཆོས་ལ་དམ་པར་གཟུང།། བཀའ་དང་འགལ་ཀྱང་བདེན་པར་བྱེད།། གེགས་ཞུགས་ཕྱི་མ་འཁོར་བར་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། འཇིགས་པ་གཟུགས་ཀྱི་བདུད་བྱུང་གང།། རྨི་ལམ་དངོས་སུ་འཇིགས་པའི་གཟུགས།། མི་དགའ་དོན་བྲལ་མོ་ཆོག་བྱེད།། སེམས་ངན་ཚེ་ཐུང་ཡིད་ཆད་ལྟུང།། སྣང་གཟུགས་གཞི་ལ་མེད་པར་ཤེས། ། སྙིང་པོ་མེད་ཅེས་ཉམ་མི་ང།། དེ་ཉིད་ཐུབ་དྲུག་སྐུར་ཡང་མཐོང།། ད་ཡང་འདུས་པའི་སྙིང་པོ་ཉོན།། བསྒོམ་ཉམས་རྨི་ལམ་གང་ཡང་རུང།། ལྷ་བདུད་ལྟས་ངན་འབྱུང་གྱུར་ནས།། འཇིགས་པའི་གཟུགས་སོགས་མི་དགེ་བས། ། རང་ལ་གནས་ནས་སྡིག་གྱུར་ཚེ།། མྱ་ངན་བདུད་ནི་ཁྱིམ་ཞུགས་ཏེ།། ཏིང་འཛིན་བཏང་ནས་མོ་ཆོག་བྱེད།། མི་དགའ་འཆི་བའི་སྡུག་བསྔལ་སྐྱེ།། དེ་བཞིན་ཆོས་ལ་ཡིད་ཆེས་འབྱུང།། ལྟ་དམན་གཅེར་བུར་ཕག་ཏུ་རྒྱུག། ལྕེབས་དང་བསམ་ངན་སྣ་ཚོགས་ཀྱིས།། མི་དགེ་ལྟས་ངན་སྣ་ཚོགས་འོང།། དེ་ཕྱིར་ཚེ་ཐུང་ངན་སོང་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བསླུ་བ་རྫུན་གྱི་བདུད་བྱུང་གྲང།། དུས་གསུམ་ཉེས་ལེགས་སྟོན་པ་འབྱུང།། བདེན་དང་མི་བདེན་ཐ་མ་རྫུན།། མངོན་ཤེས་རྡུགས་པས་ཞེ་སྡང་སྐྱེ།། ཚིག་ལས་འདས་ཕྱིར་རྫུན་མ་གྲུབ།། རྨི་ལམ་བཞིན་དུ་འཁྲུལ་པར་ཤེས།། དོན་རྟོགས་མི་མངའ་རྒྱལ་བའི་བཀའ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་དང་རྨི་ལམ་གང་ཡང་རུང།། ཡིད་དུ་འོང་བའི་བདེན་ཚིག་གིས།། དུས་གསུམ་ཉེས་ལེགས་ཐམས་ཅད་སྟོན།། གཞན་ལ་སྨྲས་པས་བདེན་པ་འབྱུང།། དེ་ཚེ་བསླུ་བའི་བདུད་ཞུགས་ཏེ། ། ལྷ་ཡིས་ལུང་བསྟན་ཡིན་སྙམས་ནས།། ཏིང་འཛིན་བཏང་ནས་གྲོང་ཁར་ཡན།། ཆོས་ཉིད་བྲལ་བས་རང་རྒྱུད་གོལ།། ཉམས་ཀྱིས་བསླུས་པ་ཕྱིར་གྱེས་ནས།། བར་དུ་ཕྱེད་བདེན་ཕྱེད་མི་བདེན། ། ཐ་མར་སྨྲ་བ་ཐམས་ཅད་རྫུན།། དེ་ཕྱིར་གེགས་ཡིན་ངན་སོང་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྷ་ཡི་བདུད་ནི་དེ་དག་ཀྱང།། ཡུལ་འདི་གོལ་སར་མ་ཤེས་ཕྱིར།། སྣང་བ་གཟུགས་སོགས་ཞེན་པ་སྟེ།། ཡུལ་ལ་སེམས་ཞུགས་ཅི་སྤྱད་བདུད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟ་བའི་བདུད་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། སྒོ་ལྔ་བྱིང་བ་གསལ་བའི་བདུད།། དྲན་མེད་རྨུགས་པ་བདེ་བའི་བདུད།། རྐྱེན་གྱིས་དགོས་པ་མི་རྟོག་བདུད།། འཕྲོ་བ་མི་གཡོའི་བདུད་རྣམས་བྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱིང་བ་གསལ་བའི་བདུད་བྱུང་གང། ། དོན་མེད་ནན་ཏན་འབད་ནས་བསྒོམ།། མོས་པའི་དབང་གིས་གསལ་བར་བྱིང།། གཉེན་པོ་གསལ་བའི་དོན་དང་བྲལ།། གཉིད་གསུམ་བསྲེས་པས་གཏི་མུག་རླག། ཆོས་ཉིད་ཀློང་དུ་གཉིད་ཐིམ་ཞེས།། སངས་རྒྱས་ཡེ་ཤེས་ཀློང་དུ་ཐིམ།། ད་ཡང་འདུས་པའི་སྙིང་པོ་ཉོན།། གདམས་ངག་མེད་པའི་དད་ལྡན་གྱིས།། ཏིང་འཛིན་མྱུར་དུ་འགྲུབ་འདོད་ནས།། ཡུན་རིང་བསྒོམ་པས་ཚོད་མ་ཟིན། ། འབྱུང་བ་ཁམས་ཀྱི་སྐྱོན་བྱུང་སྟེ།། མོས་པའི་བདུད་ཞུགས་གསལ་བར་བྱིང།། མ་རིག་དབང་གིས་གཉིད་བྱུང་སྟེ།། ཐ་མར་རྨི་ལམ་བཟང་ངན་བྱུང།། རེ་དོགས་མཐར་ལྷུང་འཁོར་བར་འཁྱམས།། དེ་ལ་གཉེན་པོའི་ཆེད་བྱས་ནས། ། གསལ་བར་འདོད་ན་བྱིང་བ་བསལ།། ཆེད་དུ་བྱས་པའི་ཏིང་འཛིན་ཉམས།། མོས་པའི་དབང་གྱུར་བྱོལ་སོང་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྨུགས་པ་བདེ་བའི་བདུད་བྱུང་ན། ། ལུང་ལྡན་ཆོས་སྐུ་ངོས་མ་ཟིན།། ཤེས་པ་མུན་པ་ལྷག་མཐོང་མིན།། བསྒོམ་པར་བྱས་ཀྱང་གཏི་མུག་འཕེལ།། རང་རིག་དྲན་པའི་ཡེ་ཤེས་གསལ།། ལྟ་བས་ཟིན་ཕྱིར་བདེན་པར་ཤར།། འབྲས་བུ་ཡེ་ཤེས་འགྱུར་མེད་ཀློང། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་རིག་ཆོས་སྐུ་ངོས་མ་ཟིན།། ཡེ་ཤེས་ཆོས་སྐུ་མ་མཐོང་ཕྱིར།། མ་རིག་དབང་གིས་ཡེ་ཤེས་བསྒྲིབས།། དེ་ཕྱིར་ཀུན་གཞི་ལུང་མ་བསྟན།། དེ་ཚེ་དྲན་མེད་བདུད་ཞུགས་ཏེ། ། ངང་བསྒོམ་རྨུགས་པས་བདེ་བ་ཉམས།། ཤེས་པ་མུན་ལོང་ལྷག་མཐོང་བྲལ།། རང་རིག་མེད་པས་ཞི་གནས་བྱིང།། ཇི་ཙམ་བསྒོམ་ཀྱང་དོན་དང་བྲལ།། སྡུག་བསྔལ་ཉིད་ལས་བདེ་བ་མེད།། མ་རིག་རྨོངས་པའི་བློ་ཡིས་ནི། ། བསྒོམ་ཀྱང་དོན་མེད་བདུད་ཀྱིས་བསླུས།། དེ་ཕྱིར་ལུང་ལྡན་གདམས་ངག་གཅེས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒོད་པ་མི་རྟོག་བདུད་བྱུང་ན།། གདམས་ངག་མེད་ཕྱིར་འདུ་སར་དགའ། ། རང་དོན་བཏང་ནས་མི་ཆོས་བྱེད།། སྤང་སྡུད་ཞེན་པ་སྣ་ཚོགས་བྱེད།། སྔ་ཕྱི་རིག་པས་དོན་ཟིན་བྱེད།། བ་མོར་ཉི་ཤར་བཞིན་དུ་བཏང།། གདེང་ཟིན་ཆོས་དབྱིངས་གནས་ཀྱི་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། རྣལ་འབྱོར་དམ་པར་ཁས་འཆེས་ནས།། གཅིག་པུར་མི་དགའ་འདུ་ལ་དགའ།། ཆོས་བརྒྱད་དམ་པར་གཉེར་བའི་མི།། ཁ་ཚིག་ཙམ་ལ་ངེས་ཤེས་སྐྱེ།། གཞན་གྱིས་རྐྱེན་བྱས་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་ཡིད་མིན་གྱི། ། ཡུལ་ལ་ཤེས་པ་སྣ་ཚོགས་ཞེན།། མི་རྟོག་མེད་པས་ཉོན་མོངས་རྒོད།། ཆོས་ལ་མི་ལྟ་གྲགས་པ་བསྒྲུབ།། སྤང་སྡུད་ཞེན་པས་རང་རྒྱུད་བྱེད།། ཏིང་ངེ་འཛིན་ལ་གོལ་བའི་ཕྱིར།། དེ་ཕྱིར་གཡེང་བའི་བདུད་ཀྱིས་བསླུས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཕྲོ་བ་མང་པོའི་བདུད་བྱུང་གང།། དོན་ལ་གོམས་པར་མ་བྱས་པས།། རིག་ཚོར་དྲན་པ་ཕྲ་མོ་རྒྱུ།། དེ་དོན་རྐུན་བུ་ཡང་ཡང་སྡང།། མི་བརྗེད་དྲན་པའི་གཟུངས་ཀྱིས་ཟིན། ། རྣམ་རྟོག་རང་བཞིན་རིག་པ་གསལ།། ཐམས་ཅད་ཆོས་སྐུ་འབྲས་བུ་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལས་ནི་དང་པོའི་རྣལ་འབྱོར་པས།། ཡང་ཡང་གོམས་པར་མ་བྱས་ཤིང། ། ཞི་གནས་ལས་སུ་མ་རུང་པས།། ཞེན་པ་རང་ལོག་ཉམས་དང་བྲལ།། འཕྲོ་བ་རྐུན་བུའི་བདུད་ཞུགས་ཏེ།། གང་ཡང་རུང་བའི་ཚིག་རེ་ཙམ།། ཡིད་ལ་བྱས་པས་མི་གཡོ་བྲལ།། དེ་ཕྱིར་རང་རྒྱུད་སེམས་སུ་གོལ། ། དད་པ་ཆུང་བས་གདམས་ངག་མེད།། ནན་ཏན་ཆུང་བས་ཉམས་དང་བྲལ།། མང་ཆད་རྐུན་བུ་ཡང་ཡང་ལྡང།། ངེས་པའི་གདེང་དང་མ་ལྡན་ཕྱིར།། ཕྲ་མོའི་བདུད་ཀྱིས་བསླུས་པས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། བསྒོམ་པའི་བདུད་ནི་དེ་དག་ཀྱང།། ངེས་དོན་མེད་པ་རྣམས་ལ་འབྱུང།། ལུང་ལྡན་རྣམས་ལ་གནོད་མི་ཚུག། མ་རྟོགས་ཅི་བསྒོམས་བདུད་དུ་འགྱུར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྒོམ་པའི་བདུད་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།།།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱ་བ་འདུ་འཛི་ལོངས་སྤྱོད་བདུད།། ཉམས་དགའ་ཞེན་པ་གནས་ཀྱི་བདུད།། བསླབ་པ་ཡོན་ཏན་གཡེང་བའི་བདུད།། འཁོར་ངན་སེམས་འཁྲུལ་བདུད་རྣམས་འབྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདུ་འཛི་ལོངས་སྤྱོད་བདུད་བྱུང་ན།། མན་ངག་མེད་པར་ཚུལ་འཆོས་བྱེད། ། མི་རྣམས་སྨོན་འདོད་གཞན་སེམས་འཛིན།། དོན་བྲལ་བདག་འཛིན་ཕྲག་དོག་ལྟུང།། དེ་དག་དགྲ་ཞེས་ཞེན་པ་ཆུང།། བུ་བཞིན་ཆགས་མེད་དོན་གྱིས་ཟིན།། ལོངས་སྤྱོད་རང་གྲོལ་རོལ་པར་རྟོགས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་རང་བྱུང་ངེས་པ་སྟེ།། དགོན་པར་གནས་ན་དད་ལྡན་འདུས།། ཚུལ་འཆོས་ཁ་གསག་མི་རྣམས་བརྟེན།། ཁ་ལན་པས་ནི་ཀུན་ལ་བསྟན།། འདུ་འཛི་ལོངས་སྤྱོད་བདུད་ཞུགས་ནས། ། ཏིང་འཛིན་བཏང་ནས་གཞན་སེམས་འཛིན།། ཕུལ་དུ་རེ་བས་མཐོ་ལ་འཐམས།། ཆོས་པ་ཡིན་ཟེར་སྨོན་འདོད་ནས།། འདོན་ཀློག་མཚན་མའི་ཆོས་ལ་དགའ།། བསྒོམས་པའི་དོན་བོར་གཡེང་བའི་བདུད། ། ཡོན་བདག་རྣམས་ལ་ང་བདག་འཛིན།། འདུ་འཛི་ཆེ་བས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞེན་ཆགས་གནས་བདུད་དབྱེ་བ་ནི།། ཐོས་ཆུང་མཁས་ཆེས་ཉམས་དགའ་རྩིགས། ། བཀྲ་ཤིས་ཉམས་དགའ་འདྲེ་མེད་ཕྱིར།། འདྲེ་བསྟེན་མཐུ་ཡོད་གཞན་ལ་བསྡིགས།། གནས་ལ་མ་ཆགས་ཞེན་མེད་ཤེས།། བདག་གཞན་གཞི་ལ་མེད་ཤེས་པས།། གང་ལ་འདུག་པ་འོག་མིན་གནས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དབེན་པ་འདོད་པའི་རྣལ་འབྱོར་པས།། རང་འཐད་པ་ཡི་གནས་ལ་ནི།། དབང་པོ་ཡུལ་ལ་བདག་ཏུ་འཛིན།། བཀྲ་ཤིས་འདྲེ་མེད་ལྷ་གཉན་པོ།། རང་བསྟོད་ཞེན་པའི་བདུད་ཞུགས་ཏེ། ཏིང་འཛིན་བཏང་ནས་ཉམས་དགའ་བརྩིགས།། བསྲུང་མས་བསྲུངས་ནས་འགྲོ་དབང་མེད།། ཟེར་ཞིང་བདག་བསྟོད་དོན་མི་ལྡན།། དེ་ཕྱིར་འབྲས་བུ་དོན་མེད་པས།། རང་ཉམས་བདེ་བའི་བདུད་དུ་ལངས། ། འཁོར་བའི་མཐར་ལྷུང་ཐར་བ་མེད།། གནས་ཀྱི་བདུད་ཀྱིས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོན་ཏན་གཡེངས་འདུད་དབྱེ་བ་ནི།། རིག་པ་ལྔ་ལྡན་བཀུར་སྟི་དྲན།། དོན་བོར་གཞན་དོན་རང་རྒྱུད་གོལ། ། ཞེན་ལོག་དོན་དྲན་ཟིལ་གྱིས་གནོན།། བདུད་མེད་ཡེ་ཤེས་སྐུལ་མར་ཤེས།། གཡེང་བ་བདག་གཞན་ཆོས་སྐུར་གྲུབ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་ཆོས་ལ་མོས་ལྡན་པས།། ཡོན་ཏན་སྣ་ཚོགས་ཤེས་པའི་མི།། རིག་པ་རྣམ་ལྔ་ལྡན་པས་ཀྱང།། ཆེད་དུ་བྱས་པས་གཞན་དོན་བྱེད།། གཡེང་བའི་བདུད་ནི་ཁོང་དུ་ཞུགས།། གཞན་གྱིས་བསྟོད་པས་ཏིང་འཛིན་བཏང།། ཆོས་འཆད་སྨན་དང་བཟོ་རྣམས་བྱེད། ། འདོད་པའི་རྫས་ལ་ཞེན་པ་སྐྱེས།། བྱ་བའི་ལས་ཀུན་ཆེད་དུ་བྱས།། གཡེང་བས་རང་སེམས་བདུད་དུ་ལངས།། དོན་དང་བྲལ་བས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་ངན་སེམས་འཁྲུག་བདུད་བྱུང་ན། ། བལྟ་དམན་འཁོར་ངན་སེམས་གདུང་དྲགས།། འགྲན་སེམས་ཆོག་ཤེས་མེད་པར་གནས།། དད་ལོག་སྒྲོ་སྐུར་ཞེ་སྡང་སྐྱེས།། གདུང་སེམས་བསྐྱུངས་པས་འབྲེལ་པ་བཅད།། བདུད་ཉིད་ཆོས་སྐུར་ཤེས་པ་ལས། ། སྤངས་ཤིང་དོར་དུ་རྡུལ་ཙམ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐོས་ཆུང་རྣལ་འབྱོར་ཞེན་པ་ཅན།། འཁོར་ངན་གཉེན་ལ་གདུང་དྲགས་པས།། གཟུང་འཛིན་ཞེན་པས་རང་རྒྱུད་བྱེད། ། ཕག་ཏུ་བསགས་ནས་ནོར་རྣམས་སྟེར།། དེ་ཚེ་སེམས་འཁྲུལ་བདུད་ཞུགས་ཏེ།། གསང་ཞིང་ཉེ་འཁོར་རྣམས་ལ་བྱིན།། འཁོར་ངན་གཅིག་ལ་གཅིག་འགྲན་ནས།། ཆོག་ཤེས་མེད་པར་རྟག་ཏུ་འདོད།། དེ་ཚེ་ཡོན་ཏན་དད་པ་ལྡོག། སྒྲོ་སྐུར་འདེབས་པས་ཞེ་སྡང་སྐྱེས།། དྲིན་དུ་མི་བཟོ་འཕྱར་ཀ་གཏོང།། འཁོར་ངན་བདུད་ཀྱིས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྤྱོད་པའི་བདུད་ནི་དེ་དག་ཀྱང།། འཇིག་རྟེན་ཆོས་བརྒྱད་ཞེན་ལས་འབྱུང། ། དེ་ཕྱིར་གཡེང་བ་དོན་དུ་གཉེར།། འཁོར་བ་དང་བླངས་རང་བསླུས་ལྟུང།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པའི་བདུད་བསྟན་པའི་ལེའུ་སྟེ་དོན་གཉིས་པའོ། །།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་མཁའ་འགྲོའི་ལུང་བསྟན་བདུད།། ཉམས་སུ་མྱོང་བ་ཞེན་པའི་བདུད།། ཞེན་འདོད་ཚུལ་འཆོས་བདུད་དང་ནི། ། བརྐམ་ཆགས་བདེ་བ་བོག་འདོན་བདུད།། གདེང་མེད་སྐུར་འདེབས་ཞེ་སྡང་བདུད།། ང་རྒྱལ་སྒྲོ་འདོགས་བདུད་རྣམས་འབྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཁའ་འགྲོའི་ལུང་བསྟན་བདུད་བྱུང་ཚེ།། ཁྱོད་ནི་མ་འདུག་ཕན་གདགས་ཟེར།། འདོད་པ་སྙིང་ཞུགས་ཞེན་པ་ཚོལ།། མི་འགྲུབ་དཀའ་བ་སྣ་ཚོགས་བྱེད།། ཞེན་པ་ཉིད་ན་འདོད་པ་སྟོངས།། ལུང་སྟོན་བསླུ་བ་རྫུན་དུ་ཤེས།། གཞི་ལ་ངེས་མེད་རེ་དོགས་བྲལ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་དམ་པ་མཉམ་བཞག་ཚེ།། མཁའ་འགྲོའི་ལུས་སུ་མངོན་འབྱུང་སྟེ།། ཕུག་ཏུ་མ་འདུག་འགྲོ་དོན་གྱིས།། གཞན་དོན་བྱས་པའི་ཡོན་ཏན་བརྗོད།། དེ་ཚེ་མཁའ་འགྲོ་བདུད་ཞུགས་སྟེ། ། ཏིང་འཛིན་བཏང་ནས་གཞན་དོན་བརྩམ།། གཡེང་བའི་ལས་སྤྱོད་ང་རྒྱལ་ཅན།། ཆོས་སུ་མིང་བཏགས་ཅི་ཡང་བྱེད།། དེ་ཕྱིར་ལུང་སྟོན་བདུད་མ་ཤེས།། རྫུན་ལ་བདེན་འཛིན་རྨོངས་པའི་མི། ། རང་གིས་རང་བསླུས་སྙིང་རེ་རྗེ།། དོན་བྲལ་ཕྱིར་ན་བདུད་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་མྱོང་ཞེན་པའི་བདུད་བྱུང་ཚེ།། མི་རྟོག་ཞེན་པའི་བདེ་བ་འབྱུང།། འཕེལ་འགྲིབ་ཡོད་པས་མ་ངེས་པ། ། ངོས་མ་ཟིན་པས་ལུང་མ་བསྟན།། ལྷག་མཐོང་དྲན་པའི་གདེང་དང་ལྡན།། དོན་ལ་འགྱུར་མེད་ནམ་མཁའ་བཞིན།། དེ་ལྟར་ལྷག་མེད་སྒྲིབ་གཉིས་དག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་དད་ལྡན་བསྒོམ་པར་བྱ། ། གང་ལ་རྣམ་པར་མི་རྟོག་པའི།། ཟབ་ཅིང་ཆ་ཕྲ་ཉམས་མྱོང་ཡང།། ལྟ་བའི་དོན་ཆེན་མ་ཟིན་པས།། གཞི་གནས་ཞེན་པའི་བདུད་ཞུགས་པས།། བསམ་གཏན་རོ་ལ་ཞེན་ཆགས་ཕྱིར། བག་ལ་ཉལ་གྱི་མ་རིག་པས།། རྐྱེན་མི་ཐུབ་ཕྱིར་འཕེལ་འགྲིབ་མེད།། ཀུན་གཞི་ལུང་མ་བསྟན་ཡིན་ཕྱིར།། རང་གི་ཆོས་སྐུ་ངོ་མ་ཤེས།། དེ་ཕྱིར་བཏང་སྙོམས་རྙོག་པ་ཅན།། ལྟ་མེད་ཞེན་པས་བདུད་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཞེན་འདོད་ཚུལ་འཆོས་བདུད་བྱུང་ཚེ།། གདམས་ངག་མེད་པར་བསྒོམ་ཚུལ་སྟོན།། དད་ཅན་གླེན་པ་ཐབས་ཀྱིས་བསླུས།། ཆགས་ཆུང་ཚུལ་འཆོས་ཆོས་པར་འཆོས།། གཞི་ཉིད་མ་བཅོས་དྲན་པ་གཅེས། ། ཞེ་འདོད་མེད་ན་ཚུལ་འཆོས་བྲལ།། འདོད་མེད་གདེང་ལྡན་འབྲས་བུའི་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དོན་མེད་བསྒོམ་པའི་གང་ཟག་ཀུན།། ངེས་པའི་གདམས་ངག་མེད་པར་ནི། ། གདེང་མེད་ཚུལ་འཆོས་གཡོན་ཅན་དེ།། གཡོ་སྒྱུ་ཅན་ལ་འཕགས་ལམ་རིང།། ཁ་གསགས་དོན་འཁྲིའི་བདུད་ཞུགས་ཏེ།། དད་ལྡན་གླེན་པ་ངང་བཟང་ལ།། ཚུལ་འཆོས་བྱེད་ཅིང་ཆོས་པར་འཆོས།། མན་ངག་མེད་པར་གསང་བར་སྐད། ། བསྟན་རྒྱུ་ཡོད་ཀྱིས་ཕྱི་ནས་བྱ།། ཟེར་ཞིང་ཟས་ནོར་སྲེད་པ་ཆེ།། རང་གིས་རང་བསླུ་སྙིང་རེ་རྗེ།། ཕྱི་མ་ཡི་དགས་ལྟོ་འཕྱེར་སྐྱེ།། ད་ཡང་འདུས་པའི་སྙིང་པོ་ཉོན།། བརྐམ་ཆགས་བདེ་བའི་བདུད་བྱུང་ཚེ། ། འདོད་ཆགས་དབང་ལ་བྱང་ཆུབ་རེ།། རང་གི་ཞེན་པ་འདོད་ཆགས་སྲེད།། དོན་དུ་མི་ཤེས་བྱང་མི་ཆུབ།། རང་རིག་དོན་ལྡན་དབང་མི་དགོས།། འདོད་སྤྱད་རྐྱེན་ཐུབ་ཆོས་སྐུར་ཤེས།། བོག་མེད་ཡེ་ཤེས་སངས་རྒྱས་ཡིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་མེད་ཐབས་ཀྱི་བདེ་བ་ལ།། ཞེན་པའི་རྣལ་འབྱོར་པ་ཡིས་ནི།། དབང་གསུམ་པ་ཡི་བདེ་བ་ལ།། དགའ་བ་བཞི་རུ་མིང་བཏགས་ཏེ།། འདོད་ཆགས་སྲེད་པའི་བདུད་ཞུགས་ནས།། བྱི་ཤུགས་ཕོ་མོ་ཀུན་འདུས་ནས།། ཐབས་ཀྱི་བདེ་བ་སྣ་ཚོགས་བྱེད།། ཞེན་པའི་ཆོས་ལ་དམ་པར་བལྟ།། ཐབས་ལམ་འདོད་ཆགས་མེ་ལྟར་སྐྱེ།། ཆགས་སྤྱོད་ཏིང་འཛིན་འཕེལ་སྙམ་ནས། ། དེ་ཕྱིར་དབང་རྟེན་དགོས་ཟེར་བ།། འདོད་ཆགས་བདུད་ཀྱིས་རང་བསླུས་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་ལུང་མེད་རྣལ་འབྱོར་པས།། ཡོན་ཏན་བརྗོད་པ་སྙིང་ལ་གནས།། ཐོས་བསམ་མ་བྱས་ང་རྒྱལ་གྱིས།། མཉམ་དུ་རེ་ནས་འགྲན་དོན་ཕྱིར།། སྨད་སེམས་ཞེ་སྡང་བདུད་ཞུགས་ཏེ།། རང་ཉམས་ངན་པས་གཞན་དག་གིས།། གདམས་ངག་ཅན་ལ་སྐུར་པ་འདེབས།། དེ་ཕྱིར་རང་ཕུང་དམ་ཚིག་ཉམས། ། དོན་དང་ལྡན་ལ་གནོད་མི་ཚུག། དེ་ཕྱིར་དམ་ཉམས་ཞེ་སྡང་ཅན།། མི་སྡུག་ལས་ཀྱིས་མནར་ནས་ནི།། ཕྱི་མར་དམྱལ་བ་ཆེན་པོར་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ང་རྒྱལ་སྒྲོ་འདོགས་བདུད་བྱུང་ཚེ། ། གང་ཟག་སྨད་ཕྱིར་ཆོས་ལ་སྨོད།། ཆེས་ཆུང་བྱེད་ཅིང་བཀའ་རྐུན་བྱེད།། བསོད་ནམས་ཆེ་ཆུང་དམྱལ་བར་ལྟུང།། མན་ངག་གསང་ཐུབ་ཟིལ་གྱིས་གནོན།། ཡིད་ཆེས་རང་རིག་དོན་གྱིས་ཟིན།། ད་ལྟ་ཉིད་དུ་བདེན་པ་ཐོབ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་མི་ལྡན་རྣལ་འབྱོར་པས།། ཡང་དག་ངེས་པའི་བཀའ་འདི་ལ།། གང་ཟག་སྨོད་ཕྱིར་སྒྲོ་བཏགས་ཏེ།། མི་ཚིག་བསླད་ཟེར་འཕྱར་ཀ་བཏང།། ང་རྒྱལ་བདུད་ནི་ཁོང་ཞུགས་ཏེ། ། བཀའ་རྐུན་དྷརྨ་འོག་བྲུས་བྱེད།། སློབ་དཔོན་མ་བསྟེན་ཆོས་ཤེས་འདོད།། ཆེ་ཆུང་བྱེད་ཅིང་ཐབས་ཀྱིས་འཚོལ།། ངེས་དོན་རྒྱུད་པའི་བླ་མ་ལས།། ཤིན་ཏུ་འགལ་ཕྱིར་དམ་ཚིག་ཉམས།། བྱིན་རླབས་མི་འབྱུང་བསོད་ནམས་ཆུང།། ཕྱི་མར་དམྱལ་བར་ཤིན་ཏུ་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། བདུད་ཀྱི་སྤྱོད་པ་བཅོ་བརྒྱད་ཀྱང།། སོ་སོར་སྣང་བ་མ་ཡིན་ཏེ།། ལྷ་ཡི་བུའི་བདུད་གཅིག་པུ་ཡིན།། དེ་ཕྱིར་ལྟ་མེད་རྣམས་ཀྱི་བདུད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་དོན་གསུམ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་དྲུག་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། དེ་དག་ཟིལ་གྱིས་ཇི་ལྟར་མནན།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ། ། ཆོས་རྣམས་ཕྱི་ནང་རང་བྱུང་སྐུ།། བདུད་ཉིད་རྟོགས་པ་ཆོས་ཉིད་རང།། དེ་ཕྱིར་ལུང་ལྡན་བསྟེན་ཞུས་དང།། རང་སེམས་རྟོགས་ན་བདུད་མེད་དོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་ནོར་དོན་ལ་བསྒོམ་པའི་ཚེ། ། སྣང་བ་འོད་ཀྱི་བདུད་བྱུང་ན།། ཆོས་སྐུ་ཁ་དོག་བྲལ་བའི་ཕྱིར།། གསལ་ལ་མི་རྟོག་ཟིལ་གྱིས་མནན།། གྲག་པ་སྒྲ་ཡི་བདུད་བྱུང་ན།། ཆོས་ཉིད་སྒྲ་དང་བྲལ་བའི་ཕྱིར།། རྗེས་སུ་འབྲངས་མེད་རང་བཞིན་དུ། ། ལྟ་བའི་རིག་པས་ཟིལ་གྱིས་མནན།། འཇིགས་པ་བདུད་ཀྱི་གཟུགས་བྱུང་ན།། གཞི་ལས་སྣང་བ་མེད་པའི་ཕྱེར།། དངོས་མེད་རྟོགས་པའི་ཤེས་པ་ཡིས།། གཟུགས་ཅན་མཚན་མ་ཟིལ་གྱིས་མནན།། སླུ་བ་རྫུན་གྱི་བདུད་བྱུང་ན། ། ཆོས་ཉིད་ཚིག་ལས་འདས་པས་ན།། བདེན་པར་འཛིན་པའི་སྐྱོན་དང་བྲལ།། བརྫུན་ལ་བདེན་མེད་ཟིལ་གྱིས་མནན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱིང་བ་གསལ་བའི་བདུད་བྱུང་ན།། གཉིད་གསུམ་བསྲེས་པའི་གདམས་ངག་གིས།། གཏི་མུག་ཆོས་སྐུར་རང་བརླག་པའི།། ཡེ་ཤེས་ལྟ་བས་ཟིལ་གྱིས་མནན།། རྨུགས་པ་བདེ་བའི་བདུད་བྱུང་ན།། འཕེལ་འགྲིབ་མེད་པའི་དོན་ཤེས་ཕྱིར།། རང་བྱུང་རིག་པའི་བལྟ་བ་ལ། ། མཉམ་ཉིད་དྲན་པས་ཟིལ་གྱིས་མནན།། རྒོད་པ་མི་རྟོག་བདུད་བྱུང་ན།། སྣང་བ་བག་ཆགས་བརྟས་པ་ལ།། རང་རིག་བག་ཆགས་མེད་པའི་ཕྱིར།། སྤང་སྡུད་ཞེན་མེད་ཟིལ་གྱིས་མནན།། འཕྲོ་བ་མི་གཡོའི་བདུད་བྱུང་ན། ། ཡེ་ནས་མི་འགྱུར་རང་བྱུང་ལ།། གོམས་པའི་དབང་གིས་ཏིང་འཛིན་གསལ།། མི་བརྗེད་གཟུངས་ཀྱི་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་སྒོམ་བདུད་ནི་དེ་དག་ཀྱང།། རང་བྱུང་ཆོས་སྐུའི་དོན་རྟོགས་པས།། རང་བྱུང་ཟིལ་གནོན་རང་བརླག་པས།། འབྲས་བུ་ཡེ་ཤེས་ལྷུན་གྱིས་གྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟ་སྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་དོན་བཞི་པའོ།།།། ད་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འཛི་གཡེང་བའི་བདུད་བྱུང་ན།། ཏིང་འཛིན་དགྲ་རུ་ཤེས་པའི་སེམས།། འདོད་ཆུང་ཆོག་ཤེས་ཟིལ་གྱིས་མནན། ། ཞེན་པ་གནས་ཀྱི་བདུད་བྱུང་ན།། ཡུལ་ལ་ངེས་མེད་ཆགས་པ་ཡི།། ལྟ་བ་རང་རིག་ཡུལ་མེད་ཕྱིར།། ཞེན་པ་མེད་པས་ཟིལ་གྱིས་མནན།། ཡོན་ཏན་གཡེངས་བའི་བདུད་བྱུང་ན།། བདག་དོན་མ་གྲུབ་བར་དུ་ཡང། ། མི་དབང་མི་བཏང་དོན་དྲན་པས།། གཞན་དོན་མི་བྱ་ཟིལ་གྱིས་མནན།། འཁོར་ངན་སེམས་འཁྲུག་བདུད་བྱུང་ན།། མཐའ་ཐུག་འབྲེལ་པ་མེད་པའི་ཕྱིར།། གནས་སྐབས་འབྲེལ་བ་ཏིང་འཛིན་དགྲ།། གདུང་སེམས་བསྐྱུངས་ལ་ཟིལ་གྱིས་མནན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཁའ་འགྲོའི་ལུང་བསྟན་བདུད་བྱུང་ན།། རང་རིག་མི་འགྱུར་རྟོགས་པ་ལ།། གཞན་དུ་ལུང་བསྟན་བསླུ་བར་ཤེས།། རེ་དོགས་མེད་པ་ཟིལ་གྱིས་མནན། ། ཉམས་མྱོང་ཞེན་པའི་བདུད་བྱུང་ན།། སྔ་ཕྱི་མེད་པའི་ཆོས་སྐུ་ནི།། ཏིང་འཛིན་རྐྱེན་གྱིས་མི་འགྱུར་ཕྱིར།། ཞེན་མེད་ལྟ་བས་ཟིལ་གྱིས་མནན།། ཞེ་འདོད་ཚུལ་འཆོས་བདུད་བྱུང་ན།། གང་ཡང་མ་བཅོས་དོན་དྲན་པས། ། རང་བྱུང་ཆོས་སྐུ་དོན་དྲན་པའི།། རྟོགས་པ་དྲང་པོའི་ཟིལ་གྱིས་མནན།། བདེ་བ་དགོས་འདོད་བདུད་བྱུང་ན།། རང་བྱུང་ཡེ་ཤེས་རྟེན་མེད་ཕྱིར།། དབང་ལ་མི་ལྟོས་འཕེལ་འགྲིབ་མེད། ། རྒྱུ་རྐྱེན་འབྱུང་འདོད་ཟིལ་གྱིས་མནན།། གདེང་མེད་སྐུར་འདེབས་བདུད་བྱུང་ན།། ཆོས་སྐུ་སྒྲོ་སྐུར་བྲལ་བའི་ཕྱིར།། ལུང་ལྡན་ཅན་ལ་གནོད་མི་ཚུགས།། ལྟ་སྤྱོད་ལམ་གྱི་ཟིལ་གྱིས་མནན།། ང་རྒྱལ་སྒྲོ་འདོགས་བདུད་བྱུང་ན། ། རང་བྱུང་དོན་ནི་སྐྱོན་བྲལ་བས།། དེ་དོན་ངེས་པའི་གདམས་ངག་གིས།། སྣོད་ངན་གསང་ལ་ཟིལ་གྱིས་གནོན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཟིལ་གྱིས་གནོན་ཐབས་དེ་དག་ཀྱང།། སྤང་ལེན་དགག་བསྒྲུབ་མེད་པར་འདུས།། དེ་ཕྱིར་དོན་འདུས་དམ་པའི་ལམ།། དེར་གནས་སངས་རྒྱས་དགོངས་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པ་ཉམས་ཀྱྀ་བདུད་ཟིལ་གྱིས་གནོན་པ་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་བདུན་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དད་ལྡན་འདུས་པའི་དོན་ཆེད་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། སེམས་ཅན་སེམས་ཀྱི་སྙིང་པོ་དང།། སངས་རྒྱས་དགོངས་པའི་སྙིང་པོ་དང།། འཁོར་འདས་གཞི་ཡི་སྙིང་པོ་དང།། འབྱུང་བའི་གནས་པའི་སྙིང་པོ་དང། ། ཆོས་ཀྱི་སྙིང་པོ་ངེས་དོན་རྣམས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྙིང་པོ་རྣམ་ལྔ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང། ། སེམས་ཀྱི་སྙིང་པོ་རིག་པ་ཡིན།། སངས་རྒྱས་སྙིང་པོ་ཡེ་ཤེས་ཡིན།། འཁོར་འདས་སྙིང་པོ་ངོ་བོ་ཡིན།། འབྱུང་བའི་སྙིང་པོ་ཉི་ཟླ་ཡིན།། ཆོས་ཀྱི་སྙིང་པོ་རྫོགས་ཆེན་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། མ་རིག་གཏི་མུག་ལས་བྱུང་བའི།། ཀུན་གཞི་ཚོགས་བརྒྱད་འཁྲུལ་པའི་སེམས།། ཚོར་བ་བདེ་སྡུག་སྣ་ཚོགས་པ།། བག་ཆགས་བརྟས་པས་སེམས་ཞེས་བྱ།། ཉིད་ལས་ཉིད་འཁྲུལ་འཁོར་བའི་ཆོས།། ཕྱི་ནང་སྣོད་བཅུད་བཟང་ངན་ཆོས། ། ཅི་འཕྲད་ཅི་མཐོང་ཅི་བསྟན་པ།། འཁྲུལ་པ་ཡིན་པར་ཐེ་ཚོམ་མེད།། དེ་ཕྱིར་སེམས་ནི་ཡང་དག་མིན།། དཔེར་ན་རྨི་ལམ་བདེ་སྡུག་ནི།། སད་པ་ཙམ་གྱིས་འཁྲུལ་པ་ཡི།། རྨི་ལམ་བཟང་ངན་དམ་པར་འཛིན། ། དེ་བཞིན་རང་བཞིན་སྣ་ཚོགས་པ།། རྨོངས་པ་རྣམས་ནི་དམ་པར་བལྟ།། མེད་པའི་ཡུལ་ལ་དངོས་པོར་ཞེན།། དེ་ཕྱིར་སེམས་ནི་སྒྱུ་མ་འདྲ།། སྒྱུ་མ་དེ་ལ་དངོས་གཞི་མེད།། མེད་ལ་ཡོད་འཛིན་འཁོར་བའི་གཞི། ། དེ་ཕྱིར་སེམས་ནི་ཡང་དག་མིན།། སེམས་སུ་བྱས་པ་ཐམས་ཅད་གོལ།། གང་ཡང་རུང་བ་ཅི་ལ་ཡང།། འཛིན་ཅིང་ཞེན་ཕྱིར་སེམས་འདིས་ཕུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཚན་ཉིད་སེམས་ཀྱི་རིག་པ་འདི། ། ཉན་ཐོས་རིག་པ་སྐད་ཅིག་དེ།། ལམ་སྲང་མི་རེངས་རྒྱུ་བ་བཞིན།། རིག་པ་ཕོ་རེངས་རང་རེ་འདོད།། འབྲེལ་པ་མེད་ཕྱིར་དོན་ལ་གོལ།། ཕྱི་ཡི་སེམས་ཙམ་རིག་པ་དེ།། ཆུ་བོ་རང་གཞུང་དང་འདྲ་སྟེ། ། རིག་པ་ང་རྒྱལ་འགྲོ་འོང་ཅན།། དེ་ཕྱིར་འབྲས་མེད་དོན་ལས་གོལ།། སྣང་བའི་ཡུལ་འདི་རིག་པ་ཡིས།། གཞིག་ན་རིགས་པས་མ་གྲུབ་པ།། དབུ་མའི་དོན་དང་འགལ་བ་སྟེ།། གཞི་ལ་སྐུར་བཏབ་གྲོལ་བའོ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གསང་སྔགས་ཕྱི་ནང་རིག་པ་དེ།། རང་སེམས་དབྱེར་མེད་སྣང་སྟོང་ལ།། འདྲ་སྣང་ངང་དུ་ཤེས་པར་བྱ།། ཀུན་བརྟགས་ཡིན་ཕྱིར་ངེས་དོན་མིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཡང་ཏི་རྫོགས་ཆེན་རིག་པ་ནི།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། ཆོས་སྐུ་རིག་པ་རང་གསལ་དེ།། འགྲོ་འོང་མེད་ཕྱིར་དུས་གསུམ་དུ།། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྐུ།། ཡང་དག་ཡོད་ཕྱིར་ཤེས་ཤིང་རིག། སྐྱེ་འགག་མེད་ཕྱིར་རྒྱུན་དུ་གནས།། དཔེར་ན་མིག་དང་འབྲས་བུ་བཞིན།། སང་ངེ་རིག་གེ་བརྟག་པ་དཀའ།། དེ་དོན་ཡེ་ཡོད་བལྟ་མི་ཤེས།། དེ་ཕྱིར་དྲན་མེད་རིག་པས་གསུངས།། སེམས་ཀྱི་མུན་སེལ་རིག་པ་དེ། ། སྤྲིན་གསེབ་ཉི་མའི་སྙིང་པོ་འདྲ།། དེ་དོན་རིག་པ་ངོས་བཟུང་བསྒོམས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཀྱི་སྙིང་པོ་ངོས་བཟུང་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། སངས་རྒྱས་སྙིང་པོས་བཀའ་སྩལ་པ།། སངས་རྒྱས་བྱ་བའི་དོན་བསྟན་ན།། རང་བཞིན་ལྷུན་གྲུབ་ཇི་བཞིན་པ། ། སེམས་ཅན་ཀུན་ལ་ཡེ་ནས་ཡོད།། ཡོད་ཀྱང་མ་ཤེས་སེམས་ཅན་ལ།། ལུང་ལྡན་མེད་ཕྱིར་མ་རྟོགས་འཁོར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟོགས་པ་མངོན་འགྱུར་སངས་རྒྱས་ཡིན།། མ་རིག་སངས་རྒྱས་ཆོས་ཀྱི་སྐུ། ། དེ་ཕྱིར་སངས་རྒྱས་ཆོས་ཀྱི་སྐུ།། རང་ལ་ཡེ་ནས་ངོ་བོ་དེ།། ལུང་ལྡན་རྐྱེན་གྱིས་དོན་རྟོགས་པས།། དྲན་མེད་ཚོར་བ་ཡེ་ཤེས་ཡིན།། ཡིད་ཀྱིས་མ་ནོར་རང་གསལ་བ།། ངོས་བཟུང་མེད་པར་ཡིད་ཆེས་པས། ། ཡེ་ཤེས་ཞེས་ནི་དེ་ལ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སྙིང་པོ་ཡེ་ཤེས་ནི།། ཡེ་ནས་གནས་པའི་ཆོས་ཉིད་དེ།། རིག་པས་ཤེས་པས་ཡེ་ཤེས་ཡིན།། ཀུན་བཟང་ང་ཡིས་བཤད་པ་ཡིན། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་རིག་པའི་ཡེ་ཤེས་དེ།། འདུ་འབྲལ་མེད་པར་བྱེད་པའི་གཟུགས།། དང་པོར་རྒྱུད་དང་ལུང་ལས་བྱུང།། བར་དུ་སེམས་རྟོགས་རྣལ་འབྱོར་ཀུན།། ཐ་མ་སངས་རྒྱས་ཉིད་དུ་འགྲོ། ། དེ་ཕྱིར་ལུང་ལྡན་ཡེ་ཤེས་རྐྱེན།། ཡེ་ནས་ཡོད་ཀྱང་ངོ་སྤྲོད་པས།། རང་བྱུང་ཡེ་ཤེས་དམ་པ་ཡིན།། དེ་ཕྱིར་རང་བྱུང་ལྷུན་གྲུབ་ནི།། སྙིང་པོ་ཡེ་ཤེས་ཡིན་པར་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སངས་རྒྱས་སྙིང་པོ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་དོན་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། ། འཁོར་བ་མ་རིག་ལས་སྐྱེས་པའི།། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཏེ།། མྱང་འདས་ལམ་གྱི་འབད་རྩོལ་གྱིས།། སྡུག་བསྔལ་མེད་པར་བདེ་བ་འདོད།། མ་རིག་ཡོད་ཕྱིར་ངེས་དོན་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་འདས་སྙིང་པོ་ངེས་པ་ནི།། ངེས་འབྱུང་རྒྱུ་མེད་འབྲས་བུ་ནི།། ཡང་དག་སྙིང་པོ་ཡེ་ཤེས་ཏེ།། ཀུན་ཁྱབ་མི་འགྱུར་རིག་པའི་སྐུ།། དཔེར་ན་ནོར་བུ་རིན་ཆེན་བཞིན།། ཡེ་ནས་གནས་པའི་རིག་པའི་དོན། ། འཕེལ་འགྲིབ་མེད་པར་རྒྱུན་དུ་ཡོད།། དེ་ལ་ཅིས་ཀྱང་བསྐྱོད་མི་ནུས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དུས་དང་རྣམ་པ་ཐམས་ཅད་དུ།། འཕོ་འགྱུར་མེད་པར་ཐམས་ཅད་སྐྱེ།། དེ་ཉིད་རང་བྱུང་ཡེ་ཤེས་དོན། ། དེ་ཕྱིར་ཀུན་གྱི་གཞིར་ནི་གསུངས།། རང་བྱུང་སྙིང་པོ་དེ་ཉིད་ནི། ཆོས་རྣམས་ཀྱི་ནི་རྩ་བ་སྟེ།། དེ་དོན་མ་གཏོགས་སངས་རྒྱས་མེད།། དེ་ཉིད་མ་འཁྲུལ་སེམས་ཅན་མེད།། བག་ཆགས་མ་བརྟགས་འབྱུང་བ་མེད། ། གང་ཡང་མེད་པའི་སྔོན་རོལ་དུ།། རང་བྱུང་རིག་པའི་རྒྱལ་པོ་དེ།། འདུས་མ་བྱས་ཀྱི་ཀློང་དཀྱིལ་ན།། རང་བྱུང་རང་གསལ་འོད་པོ་ཆེ།། དེ་ཉིད་རྟོགས་པས་ཀུན་ཏུ་བཟང།། དེ་ཕྱིར་ཀུན་གྱི་ཡང་མེས་པོ། ། འཁོར་འདས་མེད་པའི་དོན་འདི་ཡོད།། དེ་ཕྱིར་རང་བྱུང་ངོ་བོ་ཉིད།། འཁོར་འདས་ཀུན་གྱི་སྙིང་པོར་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཁོར་འདས་ཀྱི་སྙིང་པོ་ངོས་བཟུང་བར་བསྟན་པའི་ལེའུ་སྟེ་དོན་བརྒྱད་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། འབྱུང་བའི་སྙིང་པོ་བཀའ་སྩལ་པ།། ས་ཡི་སྙིང་པོ་གསེར་ཡིན་ཏེ།། ས་ཞེས་མིང་དུ་བཏགས་པ་ནི། ། བཟུང་བ་བརྟས་པས་སྲ་ཞིང་བརྟན།། དེ་ལ་རྩི་ཐོག་ཐམས་ཅད་སྐྱེ།། སྙིང་པོར་གསེར་འོང་འདོད་དགུ་འབྱུང།། འབྱུང་ཡང་རང་བྱུང་ཆོས་སྐུ་མིན།། དེ་ཕྱིར་མཚོན་པའི་དཔེ་ཟབ་ཀྱང།། ངེས་དོན་སྙིང་པོ་མ་ཡིན་ནོ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་ཡི་སྙིང་པོ་ག་པུར་ཤེལ།། ཆུ་ཤེལ་མིང་དུ་བཏགས་པ་ཡང།། འཛིན་པ་བརྟས་པས་གཤེར་བ་སྡུད།། དེ་བཞིན་ཐམས་ཅད་དག་པར་བྱེད།། ག་པུར་ཤེལ་ཚྭ་སྨན་བཞིན་དུ། ། གང་ལ་ཕན་པའི་སྨན་ཡིན་ཏེ།། མཚོན་པའི་དཔེ་ནི་དེ་ཟབ་ཀྱང།། ངེས་དོན་འབྲས་བུ་ཆུ་ལ་མེད།། རླུང་གི་སྙིང་པོ་དངས་སྙིགས་འབྱེད།། རླུང་ཞེས་མིང་དུ་བཏགས་པ་ཡང།། ཞེན་པའི་བག་ཆགས་བརྟས་པ་ལས། ། ཡང་ཞིང་འདེགས་པའི་སྟོབས་ལྡན་དེ།། མཚོན་པའི་དཔེ་རུ་ཟབ་གྱུར་ཀྱང།། རླུང་ནི་རྐྱེན་ལས་འབྱུང་བ་སྟེ།། གཡོ་བསྐྱོད་སྐྱེ་འགག་བྱེད་པའི་ཕྱིར།། འབྱུང་བ་རླུང་ལ་བྱང་ཆུབ་མེ་དང་ཟིལ།། མེ་ཞེས་མིང་དུ་བཏགས་པ་ཡང།། ཀུན་སློང་ཞེ་སྡང་བརྟས་པ་ཡིན།། རྡོ་སྟག་འཕྲོས་པས་དུས་ཀྱི་མེས།། འཇིག་རྟེན་མ་ལུས་ཀུན་བསྲེགས་ཀྱང།། དཔེ་རུ་ཟབ་ཀྱང་དོན་དུ་མེད།། ཐབས་སྲིད་ཕྱིར་ནི་འདུས་བྱས་ཏེ། ། ངེས་དོན་སྙིང་པོ་མེ་ལ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའ་ཞེས་ནི་བཏགས་པ་ཡང།། ནམ་མཁའི་སྙིང་པོ་ཉི་ཟླ་ཡིན།། ནམ་མཁའ་ཞེས་ནི་བཏགས་པ་ཡང།། རྒྱ་དང་རིས་སུ་མ་ཆད་པར། ། དངོས་མེད་ཀུན་ཁྱབ་མཐའ་དབུས་མེད།། འབྱུང་བཞིའི་སྣོད་དུ་དེ་ཟབ་ཀྱང།། དཔེ་རུ་ཟབ་ཀྱང་དོན་དུ་མེད།། ཉི་ཟླ་འཆར་ནུབ་རྐྱེན་གྱིས་གོས།། དེ་ཕྱིར་རྐྱེན་ལས་བྱུང་བའི་ཕྱིར།། ནམ་མཁའ་རིས་མེད་ཆོས་སྐུ་མིན། ། སྙིང་པོ་ལྔ་ཡང་རྟོགས་པའི་ཐབས།། དེ་ཡོད་དགོངས་པའི་ངེས་དོན་འདི།། ཚིག་མེད་གོལ་ས་ཤུགས་ལས་ཆོད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྱུང་བའི་སྙིང་པོ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་དོན་དགུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཆོས་ཀྱི་སྙིང་པོ་བཀའ་སྩལ་པ།། ཉན་ཐོས་རང་རྒྱལ་མདོ་སྡེ་དང།། ཀྲི་ཡ་ཡོ་ག་ཨུ་པ་རྣམས། ། དྲང་དོན་བསླུ་བྲིད་ཆོས་ཡིན་ཕྱིར།། ཐེག་བརྒྱད་ཐབས་ནི་ཆེ་ཡང་ནི།། ངེས་དོན་ཆོས་ཀྱི་སྙིང་པོ་མིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཀྱི་སྙིང་པོ་རྫོགས་ཆེན་ནི།། རྒྱུ་རྐྱེན་མ་བསྐྱེད་འདུས་བྱས་མིན། ། དེ་ཕྱིར་རང་བྱུང་སྙིང་པོ་འདི།། སུས་ཀྱང་མ་བྱས་མཛད་བཅོས་མིན།། རང་བྱུང་རིག་པའི་རྒྱལ་པོ་ཡིན།། དེ་ཕྱིར་འདུས་མ་བྱས་པའི་ཐུགས།། དེ་ལ་གཉེན་པོས་མི་ཤིགས་ཕྱིར།། བཞག་ཅིང་བླང་བར་ནུས་པ་མེད། ། དེ་དོན་རྟོགས་པའི་རྣལ་འབྱོར་དེ།། མི་ཡིས་ལུས་ལ་སངས་རྒྱས་ཐུགས།། རང་བྱུང་སྐུ་ལ་ཚངས་པའི་གསུང།། དེ་མ་ཐག་ཏུ་ཀུན་བཟང་ཉིད།། ཐེག་པ་ཀུན་གྱི་ཡང་སྙིང་ཆོས།། ཡང་དག་རྒྱལ་བའི་དགོངས་པ་ཡིན། ། ངོ་བོ་ཉིད་ཀྱི་སྐུ་མཆོག་ཀྱང།། དུས་འདིར་ཤེས་པའི་ཆོས་ཀྱི་སྐུ།། དཔེ་ནི་སྡིག་ལས་བྱས་གྱུར་ཀྱང།། ངེས་པར་མི་འགྱུར་དཔལ་དུ་ཆེ།། ངེས་དོན་རང་བྱུང་རྒྱལ་བའི་བཀའ།། དེ་ལས་ཞེན་པའི་སྙིང་པོ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྙིང་པོ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་པའོ།།།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅོ་བརྒྱད་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ལྟ་བའི་རྣམ་གྲངས་གོལ་ས་དུ།། སྣང་བ་ཆོས་དབྱིངས་གོལ་ས་གང། ། སྒོམ་པའི་གོལ་ས་སྐྱོན་ནི་ཅི།། སྤྱོད་པ་རྩིང་བའི་ཉེས་པ་ཅི།། འབྲས་བུ་གོལ་བའི་ཉེས་པ་ཅི།། དེ་དག་ལྷུང་བའི་གོལ་ས་གང།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལྟ་བའི་གོལ་ས་རྣམ་གྲངས་ནི།། གཞི་བསམ་ལྷུན་གྲུབ་ངེས་མེད་དང།། སེམས་ཡིན་སྤྲོས་མེད་ཐལ་དྲག་བསྒྲུབ།། རྣམ་དག་དགོས་མེད་གོལ་སར་གསུངས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་འདས་ཀུན་ཁྱབ་ལྷུན་གྲུབ་དེ།། བདེ་གཤེགས་སྙིང་པོ་ཆོས་སྐུ་སྟེ།། རང་ཆས་ཡོད་ཕྱིར་ཡེ་སངས་རྒྱས།། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི།། བསམ་པ་ཡིད་སྨོན་ལྷུན་གྲུབ་འདོད། ། ས་རྡོ་གསེར་དུ་བསྒྱུར་བ་བཞིན།། གནས་འགྱུར་ལྷར་འདོད་ཀུན་ཏུ་བརྟགས།། སྣང་བ་མ་བཅོས་མ་བསྒྱུར་ཡང།། མ་ཤེས་མ་ཕན་ཞེན་ཕྱིར་འཁོར།། མཐུན་སྣང་ཡུལ་ལ་ནན་བརྟགས་ཏེ། ། སྣང་བ་ཝ་ལེ་འདུག་པ་ལ།། ཇི་བཞིན་ཆོས་ཉིད་ཡིན་ཟེར་བ།། གཞི་ནི་མ་བྱུང་འདོད་པ་འཁྲུལ།། ངེས་མེད་ལྷུན་གྲུབ་ཡིན་ཟེར་ནས།། གཞི་ནི་ངེས་མེད་ས་མ་ཟིན།། སྣ་ཚོགས་ཕྱིར་ན་ཆོས་ཉིད་མིན།། དེ་ཕྱིར་རིག་བྱེད་ལྟ་བ་གོལ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། གང་ཡང་སེམས་ཡིན་འདོད་པ་དེ།། ཕྱི་ནང་ཆོས་རྣམས་སེམས་སུ་འདུས།། ཡུལ་ལ་ཞེན་ཕྱིར་རང་སེམས་འཁྲུལ།། ཀ་ཏ་རི་པའི་ལྟ་བར་གོལ།། རྒྱུན་ཆད་སྤྲོས་མེད་འདོད་པ་དེ། ། ཤིང་ཟད་མེ་བཞིན་འདོད་པ་དེ།། གཉིས་ཀ་མེད་ཕྱིར་ཆད་པ་སྟེ།། གཉེན་པོ་ཡེ་ཤེས་མེད་པའི་ཕྱིར།། ཆོས་སྐུ་མེད་ཕྱིར་ཤིན་ཏུ་གོལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐལ་དྲགས་གང་ལྟར་འདོད་པ་དེ། ། ཆོས་ཅན་ཁ་ཡར་གཅིག་གཅིག་ལ།། དུས་གསུམ་ཚང་ཕྱིར་འདོད་པ་འདོད།། གཅིག་ལ་གཅིག་མེད་གྲངས་ཅན་གོལ།། གྲུབ་པ་པོ་ནི་གྲུབ་ཟིན་འདོད།། སངས་རྒྱས་ཡོན་ཏན་སེམས་ཅན་སྐྱོན། ། རང་ངོར་ལྷུན་གྲུབ་མེད་པའི་ཕྱིར།། ཐ་དད་གཉིས་འཛིན་དོན་ལ་གོལ།། སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ།། ཡེ་ནས་བདེ་བ་ཆེན་པོར་དག། རང་གི་སེམས་ཉིད་ཀློང་ན་གསལ།། དེ་རུ་མ་འདུས་རྡུལ་ཙམ་མེད། ། གོས་པ་མེད་པའི་ལྷུན་གྲུབ་དེ།། རང་སེམས་སྙིང་པོ་མ་རྟོགས་པར།། རྐྱེན་ཙམ་ཐུན་མོངས་མངོན་གྱུར་ཀྱང།། སྡིག་ཅན་ཚོགས་སུ་མི་འགྱུར་གོལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་ལྷུན་གྲུབ་བཅུར་གསུངས་པ། ། ངེས་དོན་ལྷུན་གྲུབ་མེད་པའི་ཕྱིར།། ནན་བརྟགས་བྱེད་ཕྱིར་ལྟ་ལོག་པ།། ལུང་མེད་བློ་བྱས་ཤིན་ཏུ་གོལ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟ་བའི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་གཅིག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། སྣང་བ་ཆོས་དབྱིངས་གོལ་ས་ནི།། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་བའི་རྒྱུ་ནི་ཞེན་རྟོག་སྟེ།། ལུང་ལྡན་གྲུབ་མཐའ་བློས་མ་བསྒྱུར།། དབང་པོ་ཡུལ་ལ་རྟག་ཏུ་ཡེངས།། ཆོས་བརྒྱད་ཡུལ་ལ་རྟག་པར་ཞེན།། ཆུ་བོ་བཞི་ཡི་མཐའ་ལ་ཚུད།། འཁོར་བར་འཁྱམས་པའི་རྟེན་གཞི་ཡིན།། ཕྲ་རགས་ཡུལ་ནི་གཉེན་པོས་སྤོངས། ། རིས་སུ་འབྱེད་བའི་དབྱེ་བ་སྤང།། ཡོད་མེད་འཇལ་བའི་རྒྱུ་འབྲས་སྤང།། བློ་ཡིས་གཞི་ཉིད་འཆོས་པའི་ཕྱིར།། ཉན་ཐོས་རང་རྒྱལ་གོལ་སར་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་རྣམས་སེམས་སུ་སྡུད་པའི་ཕྱིར།། ཡུལ་སེམས་གཉིས་མེད་འདོད་པ་དང།། སེམས་ཉིད་རང་སྣང་འདོད་པ་དང།། ཡུལ་སེམས་སྟོང་པར་འདོད་པ་དང།། ཅིར་ཡང་ཁས་མི་ལེན་པའི་ཕྱིར།། དབུ་མ་སེམས་ཙམ་ལྟ་བ་ཡི། ། སྡུག་པའི་རྟོག་པ་གོལ་བར་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་འབྱུང་བ་རྣམ་ལྔ་ནི།། རྒྱུ་དང་རྐྱེན་ལས་འབྱུང་བའི་ཕྱིར།། གཞན་འབྱུང་ཡིན་ཕྱིར་ཡེ་ཤེས་མིན།། དེ་ཕྱིར་ཆོས་དབྱིངས་གོལ་སར་གསུངས། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྣང་བ་ཆོས་དབྱིངས་ཀྱི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་གཉིས་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། བསྒོམ་པའི་གོལ་ས་བཀའ་སྩལ་པ།། གང་ཟག་བདག་མེད་མི་གཡོ་དང།། ཆོས་ལ་བདག་མེད་མི་གཡོ་དང།། འཇིག་རྟེན་དགའ་བདེ་མི་གཡོ་དང།། ཏིང་འཛིན་ཆོས་སྐུའི་གོལ་སར་གསུངས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། གང་ཟག་བདག་མེད་མི་གཡོ་བ།། ཚོགས་དྲུག་འགགས་ཀྱང་སྐད་ཅིག་མ།། ང་རྒྱལ་ཡིན་ཕྱིར་དོན་མ་རེག། སྒོ་ལྔ་བཀག་པ་དོན་ཡིན་ན།། ཉན་ཐོས་བསྒོམ་པས་རྫོགས་ཆེན་འགྱུར། ། བྱུང་ཚོར་བཀག་པས་དོན་ཡིན་ན།། རང་རྒྱལ་བསྒོམ་པས་རྫོགས་ཆེན་འགྱུར།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ལ་བདག་མེད་མི་གཡོ་བ།། རང་བཞིན་མེད་ཕྱིར་ཡིད་ལ་དྲན། ། ཞི་གནས་བསམ་གཏན་དོན་ཡིན་ན།། ལྷག་མཐོང་བཀའ་ལ་དོན་མེད་འགྱུར།། འདུ་ཤེས་བཟུང་བ་དོན་ཡིན་ན།། སྐྱེ་མཆེད་མུ་བཞི་ཅི་ལས་གོལ།། སེམས་ཀྱི་བཞག་ཐབས་བློ་འཇུག་ན།། འབྱུང་འཇུག་ཡོད་ཕྱིར་ཅི་ལ་རྫོགས། ། རྟོགས་དང་མི་རྟོགས་འདྲེས་གྱུར་ན།། འཁོར་འདས་གཉིས་བསྒོམ་ཅི་ལ་རིག། རྟག་ཆད་གཉིས་ལ་མི་རྟོག་པས།། མ་ནོར་དོན་ལ་རེག་གྱུར་ན།། དབུ་མ་རྫོགས་ཆེན་ཅི་ལ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན། ། འཇིག་རྟེན་དགའ་བདེ་མི་གཡོ་བ།། འཁོར་འདས་མི་རྟོག་རྒྱུ་མེད་ན།། ས་རྡོ་ཤིང་ཡང་རྟོག་པར་འགྱུར།། རྟོག་དཔྱོད་འདས་པས་དོན་རེག་ན།། བསམ་གཏན་གསུམ་སོགས་ཅི་ལ་གོལ།། སྣང་བ་འདི་ལ་མི་རྟོག་ཙམ། ། དེས་ནི་རྣལ་འབྱོར་དོན་རེག་ན། ཡུལ་འདི་འཁྲུལ་པར་ཅི་ལ་འཇོག། སྟོང་པས་དོན་ལ་རེག་གྱུར་ན།། རྒྱུ་དང་འབྲས་བུ་སྟོང་པའི་ཕྱིར།། ཆད་པ་ཡིན་ཕྱིར་གོལ་སར་བཤད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཕྱོགས་མཐུན་བདུད་དང་འདྲ་བ་ལས།། ཞེན་པ་སྤངས་ཕྱིར་བསྒོམ་པ་མིན།། དེ་ཕྱིར་མཚོ་དབུས་གྲུ་ཞིག་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྒོམ་པའི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། སྤྱོད་རྩིང་ཉེས་དམིགས་བཀའ་སྩལ་པ། ། གསང་སྔགས་གསང་བའི་སྒོར་ཞུགས་ནས།། རང་གིས་མ་རྟོགས་གཞན་ལ་འཆད།། མཁས་པ་སྨོད་ཅིང་མཉམ་ལ་འགྲན།། དྲེགས་ཤིང་ང་རྒྱལ་མཁས་འདོད་ནས།། ཚིག་ཙམ་ཆོས་ལ་ཁུངས་ཕྱུང་སྟེ།། རྩལ་བཤད་ཐེ་ཚོམ་གཞུང་ཉམས་བྱེད། ། ཕྱི་མ་དམྱལ་བ་ཆེན་པོར་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྩལ་དང་སྟོབས་ནི་ཡོད་གྱུར་ཀྱང།། ལུས་ཀྱི་སྤྱོད་པ་མ་བསྲུངས་པས།། ཐོ་ཆོ་སྤྱོད་པའི་ལས་བྱས་ན།། འབྲས་བུ་སྡུག་བསྔལ་རྐྱེན་དུ་འགྱུར། ། ཡིད་ཀྱི་དྲན་པས་མ་བཟུང་བས།། ངག་གི་འཆལ་པ་སྨྲས་གྱུར་པས།། གཞན་གྱིས་ཆོས་ལ་སྒྲོ་སྐུར་འབྱུང།། ཕྱི་མར་ཚ་བའི་དམྱལ་བར་སྐྱེ།། ལྟ་བའི་དྲན་པས་གཟུང་མེད་པར།། ཡིད་ཀྱི་སྤྱོད་པ་མ་བསྲུངས་པར། ། བདག་ཏུ་རྟོག་པའི་གཟུང་འཛིན་གྱིས།། ཕྱི་མར་མུན་པའི་སྐྱེ་མཆེད་ལྟུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་བཞིན་ལུས་ངག་ཡིད་ཀྱིས་ཀྱང།། དོན་མ་གོ་བར་སྤྱོད་གཟབ་སྟེ།། བྲན་མོའི་ཚུལ་དུ་བྱས་གྱུར་ཀྱང། ། ཚུལ་འཆོས་ཡིན་ཕྱིར་དོན་ལས་གོལ།། དེ་ཕྱིར་ངེས་དོན་མ་རྟོགས་ན།། ཅི་སྤྱོད་ནོར་ཕྱིར་སྐྱོན་ཆེ་བས།། མ་རྟོགས་དགེ་སྡིག་གང་སྤྱོད་ཀྱང།། འཁོར་བའི་མཐར་ནི་ལྟུང་བར་ངེས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། བྱ་བ་མ་ལུས་ཐམས་ཅད་ནི།། གང་བྱས་རེ་དོགས་ཡོད་པའི་ཕྱིར།། ཅི་སྤྱོད་བདུད་དུ་འགྲོ་བར་ངེས།། དེ་ཕྱིར་སྤྱོད་པ་ཆེད་དུ་འགལ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པའི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་བཞི་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། འབྲས་བུའི་གོལ་ས་བཀའ་སྩལ་པ།། ལྷ་དང་མི་ཡི་འབྲས་བུ་དེ། ། བསྙེན་གནས་སྡོམ་པ་ལ་བརྟེན་ནས།། བསོད་ནམས་ཚོགས་ནི་བསགས་གྱུར་ཀྱང།། ཡིད་སྨོན་བྱེད་ཕྱིར་དོན་ལས་གོལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། མུ་སྟེགས་རྟག་པའི་འབྲས་བུ་ཡང།། མཐུ་ཆེན་མངོན་ཤེས་རྣོ་མྱུར་ཀྱང། ། བདག་ཏུ་ལྟ་ཕྱིར་འཁོར་བའི་རྒྱུ།། སྡུག་བསྔལ་འབའ་ཞིག་ཐར་པ་མེད།། ཉན་ཐོས་རང་རྒྱལ་འབྲས་བུ་ཡང།། དཀའ་ཐུབ་མཐར་ཕྱིན་བདེན་སྤྱོད་ཀྱང།། ཆོས་ལ་བདག་མེད་ཞེན་པའི་ཕྱིར། ། འབྲས་བུ་ཅི་ཐོབ་ལྷ་མི་ཙམ།། མཚན་ཉིད་ཐེག་པ་རྣམ་གཉིས་ཀྱང།། མཐའ་བྲལ་ཞེན་འདོད་དོན་ལ་གོལ།། དུས་ལ་ལྟོས་ཕྱིར་སྒྲིབ་སྦྱངས་པས།། འབྲས་བུ་མི་ཐོབ་སྙིང་རྗེའི་གནས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཕྱི་རྒྱུད་རྣམ་གསུམ་འབྲས་བུ་ཡང།། རང་བྱུང་སྙིང་པོ་མ་ཤེས་པས།། དངོས་གྲུབ་གཞན་ནས་རེ་བའི་ཕྱིར།། སངས་རྒྱས་མི་འབྱུང་རེ་དོགས་མཐའ།། བསྐྱེད་རྫོགས་རྣམ་གཉིས་འབྲས་བུ་ཡང།། འདོད་པ་དབྱེར་མེད་འདོད་པ་དེས། ། རྩོལ་སྒྲུབ་ཏིང་འཛིན་ཅི་བསྒོམ་ཀྱང།། རིན་འཛིན་མི་ཐོབ་རུ་དྲར་སྐྱེ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། དེ་དག་བརྟགས་པའི་འབྲས་བུ་ཀུན།། རྣམ་པ་དུ་མ་ཡོད་གྱུར་ཀྱང། ། མི་རྟོག་ཆོས་སྤྱོད་ཅི་བྱས་ཀྱང།། མི་གྲོལ་འཆིང་བའི་རྒྱུ་རུ་འགྱུར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྲས་བུའི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། དམ་ཚིག་ཉམས་པའི་དབྱེ་བ་ནི།། ཆེད་དུ་དགོངས་ནས་བཀའ་སྩལ་པ།། ཉམས་པའི་ཉེས་དམིག་རྣམ་དྲུག་ནི།། ཁྱོད་ལ་བཤད་ཀྱིས་ཡིད་ཀྱིས་ཉོན།། ཉན་པའི་དབང་ནི་མ་མནོས་པར།། གསང་སྔགས་རྒྱུད་ནི་ཉན་པ་ན།། ཚེ་ཐུང་བར་ཆད་སྣ་ཚོགས་འོང།། ནལ་བུས་བློན་གྲལ་མི་ཟིན་འདྲ། ། ལུང་ལྡན་འཆད་པའི་དབང་མེད་པར།། གསང་སྔགས་ཐེ་ཚོམ་བཤད་གྱུར་ན།། སྨྱོ་དང་འབོགས་པའི་ནད་ཟིན་ནས།། ཕྱི་མ་ལྕེ་རྨོ་དམྱལ་བར་ལྟུང།། བསྒོམ་བསྒྲུབ་དབང་ནི་མ་མནོས་པར།། དམ་རྫས་བསོགས་ནས་སྒྲུབ་བྱེད་པ། ། ཡི་དྭགས་འདྲེ་བཀྲེན་མྱོང་བར་འགྱུར།། གདོལ་པས་རྒྱལ་ས་མི་ཟིན་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་ངེས་པའི་བླ་མ་ལ།། དབང་མ་མནོས་པར་མཁས་སུ་རེ།། ངེས་དོན་རྒྱུད་ཀྱི་མན་ངག་ནི། ། མཁྱེན་དུ་རེ་བས་ཁ་ཚབས་བྱེད།། ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང།། དབང་མེད་སྔགས་སྤྱོད་སྡིག་པ་ཆེ།། དེ་ཕྱིར་བཀའ་ལ་དམ་པར་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དབང་མ་མནོས་པའི་ཉེས་དམིགས་བསྟན་པའི་ལེའུ་སྟེ་གྱ་དྲུག་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། རྟོགས་ཐབས་མེད་པའི་ཉེས་དམིགས་ནི།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་ལ་ཡོད་བར་གཞན་བཙལ་ན།། མཐའ་ལས་འདས་པའི་སྐྱོན་དུ་འགྱུར།། སྡུག་བསྔལ་འབའ་ཞིག་བདེ་བ་མེད།། ཁྱུང་ཕྲུག་ནམ་མཁའི་མཐའ་འཚོལ་འདྲ། ། འཁྲུལ་གཞི་ངོ་ནི་མ་ཤེས་པར།། དུག་ལྔ་སྤང་ནས་བདེ་ཚོལ་བ།། འཁྲུལ་པ་ཡིན་ཕྱིར་རྙེད་མི་འགྱུར།། ཆུར་འཁྲུལ་སྨིག་རྒྱུ་རྙོག་པ་འདྲ།། མ་རིག་རྩ་བ་མ་ཆོད་པར།། དུག་ལྔ་ཆོས་ཉིད་ཡིན་ཟེར་བ། ། ཕོ་ཚོད་བལྟ་བ་བདུད་ཡིན་ཕྱིར།། དུག་ཉིད་སྨན་དུ་བྱེད་པ་འདྲ།། གཞི་ལ་འཁོར་མེད་མ་ཤེས་པར།། རྩོལ་སྒྲུབ་དད་པ་ཆེར་བསྐྱེད་དང།། གཉེན་པོས་དུག་ལྔ་གྲོལ་འདོད་ནི།། རྭ་ལ་འོ་མ་འཇོ་བ་འདྲ། ། ལུང་ལྡན་ངེས་པའི་དོན་མེད་པར།། བསྒོམ་མེད་བྱས་པའི་ང་རྒྱལ་ཅན།། ལྷག་མཐོང་མེད་ཕྱིར་དོན་ལས་གོལ།། ཞ་བོས་རི་རྩེ་བསྙེག་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྟོགས་པར་བྱ་བའི་དམ་ཚིག་ཉམས་པའི་ཉེས་དམིག་བསྟན་པའི་ལེའུ་སྟེ་གྱ་བདུན་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ། ། ཆེད་དུ་བྱས་པའི་དམ་ཚིག་ནི།། ལུང་ལྡན་བླ་མ་དྲིན་ཆེན་ལ།། བརྙས་ཤིང་ངན་སེམས་བསྐྱེད་བྱས་ན།། རྡོ་རྗེ་དམྱལ་བར་ཐར་མེད་ལྟུང།། ཆ་མེད་དུག་ནི་འཐུང་བ་འདྲ།། གྲོགས་ལ་ཕྲག་དོག་གདུག་བྱེད་པ། ། མཆེད་ལྕམ་ཐུགས་དཀྲུག་ཉེས་བྱས་ཏེ།། ཅི་བསམ་མི་འགྲུབ་བསྲེག་ཅིང་སྒྲིབས།། རྒྱབ་བརྟེན་མེད་པའི་མི་དང་འདྲ།། སྦས་པ་གཞན་ལ་བཤད་པ་ན།། ཡུན་རིང་ནད་ཐེབས་རྫས་དང་བྲལ།། ཕྱི་མ་ན་རག་དམྱལ་བར་ལྟུང། ། ངོ་མ་ཤེས་པར་གཉེན་གསོད་འདྲ།། རྣལ་འབྱོར་ཁས་འཆེས་ལེ་ལོ་ཅན།། དབང་པོ་ཡུལ་ལ་ཡེངས་པའི་ཕྱིར།། ཞི་གནས་ལྷག་མཐོང་གང་ཡང་མེད།། བྱིའུ་ཕྲ་སྙི་ལ་ཟིན་པ་འདྲ།། ངེས་པའི་གདམས་ངག་ཁྱད་བསད་ནས། ། བསྒྲུབས་རྟགས་ཕྲ་མོ་དམ་པར་བལྟ།། རང་གིས་རང་ཕུང་བྱེད་པའི་མི།། ཉེས་མེད་རྒྱལ་པོས་ཆབ་བསྩལ་འདྲ།། དོན་བོར་འཁོར་ལ་གདུང་དྲག་པ།། ཞེན་པའི་ཆོས་ལ་དམ་པར་འཛིན། ། གཉེན་པོ་མེད་ཕྱིར་རང་རྒྱུད་གོལ།། བོང་རྒན་རྫབས་སུ་ཚུད་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དམ་ཚིག་ཆེད་དུ་མ་བྱས་པའི་སྐྱོན་བསྟན་པའི་ལེའུ་སྟེ་གྱ་བརྒྱད་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། བསྲུང་བའི་དམ་ཚིག་བཀའ་སྩལ་པ།། སློབ་དཔོན་སྐུ་དགྲར་འདྲིས་བཤེས་ན།། རིག་འཛིན་ཐམས་ཅད་ཁྲོས་འགྱུར་ནས། ། ཐར་བའི་སྲོག་གཅོད་དམྱལ་བར་ལྟུང།། རང་གིས་རང་མིག་བཏོན་པ་འདྲ།། དམ་ཉམས་འཐབ་སྡུམ་བྱས་འགྱུར་ན།། རྒྱལ་སྲས་གཙང་རིས་ཀུན་ཁྲོས་ནས།། ལྷ་དང་བྲལ་བས་གོལ་ཁ་འབྱུང། ། སྐྱེལ་མ་མེད་པའི་ཚོང་པ་འདྲ།། གཙང་སྨེ་མེད་པར་བཟའ་ཟེར་ནས།། མིག་ཟླུམ་ཤ་ནི་ཡོགས་སྤྱད་ན།། དགྲ་རྐུན་བར་ཆད་བསོད་ནམས་འགྲིབ།། སད་སེར་ཁྱེར་བའི་ལོ་ཏོག་འདྲ།། རྒྱུད་དྲུག་གཞན་ལ་སྤེལ་བྱས་ན། ། མཁའ་འགྲོའི་ནད་ཀྱིས་ཐེབས་འགྱུར་ཏེ།། ཡུན་རིང་སྡུག་བསྔལ་ཐམས་ཅད་འོངས།། ཕྱི་མར་ལྐུགས་པའི་དམྱལ་བར་ལྟུང།། བཙོན་ནི་ལྕགས་འོག་ཤི་བ་འདྲ།། ནལ་བསད་ངོ་ནག་ལ་སྤྱད་ན། ། འགོ་བའི་ནད་ཀྱིས་ཐེབས་གྱུར་ནས།། ཕྱི་མ་དུད་འགྲོ་སྦུར་བར་སྐྱེ།། རིན་ཆེན་འདམ་དུ་བྱིང་བ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྲུང་བར་བྱ་བའི་དམ་ཚིག་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། སྤང་བའི་དམ་ཚིག་བཀའ་སྩལ་པ།། ཐ་མལ་སེམས་ཅན་སྲོག་བཅད་ན། ། སྐྱབས་འགྲོ་ཉམས་ཤིང་སྙིང་རྗེ་བྲལ།། སྐྱེ་བོ་བདུད་འགྱུར་སྡིག་པ་ཆེ།། སྲིན་པོའི་ལག་ཏུ་བུ་ཁྱེར་འདྲ།། རྣལ་འབྱོར་མ་བྱིན་བླང་གྱུར་ན།། ཡི་དྭགས་གནས་སུ་སྐྱེ་བ་དང།། སྐྱེ་བོ་ཀུན་གྱིས་སྤྱད་གྱུར་ན། ། རབ་ཏུ་ཚ་བའི་དམྱལ་བར་སྐྱེ།། སྲུང་མ་ལྔ་ལྡན་ཆགས་སྤྱད་ན།། དགའ་བྲལ་སྲོག་གི་བར་ཆད་འོང།། ཕྱི་མ་ངུ་འབོད་སྲིན་བུར་སྐྱེ།། སྲིན་པོ་བྱི་ལའི་མངལ་དང་འདྲ།། རང་འདོད་བློ་བསྒྱུར་རྫུན་སྨྲས་ན། ། འདི་རུ་ཡིད་ཆེས་བློ་མི་འཇོག། ཕྱི་མ་ལྕེ་འབིགས་དིག་པར་སྐྱེ།། ཁ་མེད་ལྟོ་འཕྱེ་ཉམས་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཉམས་པའི་ཉེས་དམིགས་དེ་དག་ཀྱང།། རྩ་བ་མ་རིག་འཁྲུལ་པས་བསྐྱེད། ། དེ་ཕྱིར་ལུང་ལྡན་མེད་པའི་སྐྱོན།། འཁོར་བའི་མཐའ་ལ་ཟད་པ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤང་བར་བྱ་བའི་དམ་ཚིག་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་དགུ་བཅུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། དབང་དམ་ཉམས་པའི་ཉེས་པ་ནི།། ལྟུང་བའི་སྒོ་དག་བཀའ་སྩལ་པ།། རང་སེམས་ཆོས་སྐུ་མ་རྟོགས་པར།། མདོ་རྒྱུད་མང་པོ་ཤེས་བཤད་ཀྱང།། བདག་བསྟོད་གཞན་ལ་སྨོད་པའི་ཕྱིར།། ངན་སོང་གསུམ་གྱི་སྒོར་ལྟུང་འཁོར།། གཞན་གྱི་བསམ་སྦྱོར་བཟང་པོ་ལ།། བར་ཆད་བྱེད་པ་བདུད་ཡིན་ཏེ།། གཞན་གྱི་རྫས་ལ་སེར་སྣ་བྱེད། ། མ་རྟོགས་བདུད་ཀྱི་སྒོར་ལྟུང་འཁྱམས།། མ་རྟོགས་མཐུ་ཆེ་ཚད་མེད་ཀྱང།། ང་རྒྱལ་དྲེགས་པའི་ཉོན་མོངས་ཅན།། འཇིག་རྟེན་འདི་རུ་བཙན་ཕྱུག་ཀྱང།། གནོད་སྦྱིན་སྒོར་ལྟུང་རྟག་ཏུ་འཁྱམས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མཉམ་ཉིད་ཆོས་སྐུ་མ་རྟོགས་པར།། རང་རྒྱུད་ཆགས་སྡང་ཕོ་ཚོད་སྤྱོད།། སྙིང་རྗེ་མེད་པར་གསོད་ལ་དགའ།། སྲིན་པོའི་སྒོར་ལྟུང་དམྱལ་བར་སྐྱེ།། རང་དབང་ཏིང་འཛིན་མ་ཐོབ་པར།། སྡིག་པས་འཁོར་དང་རིས་སུ་བཅད།། བདག་ཉིད་ཆེ་འདོད་འཁོར་སྡུད་པ།། གཅན་ཆེན་ཤོ་གམ་རྟག་ཏུ་འཁོར།། ཇི་བཞིན་མ་ནོར་མ་རྟོགས་པར།། ལོག་རྟོགས་སྤྱོད་རྩིང་སྣ་ཚོགས་སྤྱོད།། རང་གིས་མི་ཤེས་གཞན་བགྲོ་བ། ། རུ་ཏྲའི་སྒོར་ལྟུང་དམྱལ་བར་སྐྱེ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རྟོགས་ཕྲིན་ལས་ཅི་མཁས་ཀྱང།། ཚིག་ལ་དངོས་པོར་འཛིན་པ་ཡིན།། བགེགས་དང་བྱ་རོག་སྒོར་ལྟུང་འཁོར།། ཐབས་ལམ་དབང་ལ་ཁུངས་ཕྱུང་སྟེ། ། འདོད་ཆགས་རང་དགར་རྟག་སྤྱོད་པ།། ལྟ་བས་མ་ཟིན་བདེ་ལ་ཞེན།། ལྷ་ཆེན་འདོད་ཆགས་མངལ་སྒོར་ལྟུང།། མ་རྟོགས་ང་དང་བདག་འཛིན་པས།། གསང་སྔགས་ལྟ་སྤྱོད་ལོག་པའི་ཕྱིར།། བརྩེ་མེད་སྡིག་པ་ཀུན་སྤྱད་པ།། མུ་སྟེགས་སྒྲོ་སྐུར་རྟག་ཏུ་འཁྱམས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རྟོགས་དབང་གིས་རྩིང་སྤྱོད་པ།། ལུས་ངག་ཡིད་ཀྱིས་ལེན་པའི་ཕྱིར།། ལས་ངན་དགུ་པོ་ཀུན་སྤྱད་པས།། དམྱལ་བར་ངན་འགྲོ་རྟག་ཏུ་འཁྱམས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟུང་བའི་སྒོ་དགུ་བསྟན་པའི་ལེའུ་སྟེ་གོ་གཅིག་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་དགུ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ཀྱིས།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ལམ་གྱི་དབྱེ་བ་ཞུ་བའི་ཕྱིར།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཡེ་ཤེས་མེད་པའི་རང་བྱུང་གང། ། གཉིས་ཀ་མེད་པ་གང་གི་བློ།། རང་བྱུང་ཡཻ་ཤེས་འཛོམ་པ་གང།། དེ་སྐད་ཅེས་ནི་ཞུས་པ་ཡིས།། དོན་གསན་འཁོར་ལ་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་ཆེན་པོ་ཡིས།། ཡིན་མིན་དབྱེ་བ་ངས་བཤད་ཀྱི། ། ཡིད་ཀྱིས་ཉོན་ལ་ལེགས་པར་ཟུང།། ཡེ་ཤེས་མེད་པས་རང་བྱུང་དེས།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པ།། རང་བཞིན་ལུས་ལ་མཛད་སྤྱོད་མེད།། སྟོང་གསལ་རིག་པ་ཁྱབ་གདལ་དེ།། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྟེ། ། རིག་དང་མ་རིག་ཡེངས་མ་ཡེངས།། གང་དུ་ཡང་ནི་ངོས་མ་ཟིན།། ལུང་ལྡན་མེད་ཕྱིར་ཡེ་ཤེས་ལ།། འཁོར་འདས་བར་དོར་རང་འབྱུང་སྟེ།། གང་ཡིན་ཆ་མེད་ཤེས་པ་གཅིག། ཤན་མ་ཕྱེད་ཅིང་ངོས་མ་ཟིན། ། རང་ལ་རང་གི་དོན་མ་རྟོགས།། སྔོན་གྱི་ལྷུན་གྲུབ་དོན་གྱི་གཞི།། ཆོས་རྣམས་ཀུན་གྱི་རྩ་བ་སྟེ།། རང་ལ་ཡེ་ཤེས་ཡོད་མོད་ཀྱང།། མ་རྟོགས་ཕྱིར་ན་ཡེ་ཤེས་མེད།། མ་རིག་མ་གོལ་སེམས་ཅན་མིན།། གཉིས་ཀ་མེད་པའི་དྲན་པ་དེ།། ཤེས་པ་ཧད་དེ་ཡོད་པ་ལ།། ཚོར་དང་མ་ཚོར་དྲན་པས་ཟིན།། སེམས་ཅན་ཀུན་ལ་གནས་གྱུར་ཀྱང།། མ་བསྟན་ཕྱིར་ན་ཡེ་ཤེས་མིན།། ལོང་བ་མིག་མཁན་མ་རྙེད་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བྱུང་ཡིན་ཏེ་ཡེ་ཤེས་མིན་པར་བསྟན་པའི་ལེའུ་སྟེ་གོ་གཉིས་པའོ།།།། དེ་ནས་འཁོར་གྱི་སྙིང་པོ་ཉོན།། རང་བྱུང་མེད་པའི་ཡེ་ཤེས་ནི། ། ཆེད་དུ་དགོངས་ཏེ་བཀའ་སྩལ་པ།། རང་བྱུང་མེད་པའི་ཡེ་ཤེས་དེ།། ཚོགས་བརྒྱད་གནས་འགྱུར་ཡེ་ཤེས་ལྔ།། བསྐྱེད་པའི་རྐྱེན་ལས་བྱུང་བའི་ཕྱིར།། ཡེ་ནས་གནས་པའི་རང་བྱུང་མིན།། ད་ཡང་འཁོར་གྱི་སྙིང་པོ་ཉོན། ། ལུང་མ་བསྟན་གྱི་དུས་ཙམ་ལ།། ཡེ་ཤེས་བྱ་བའི་མིང་ཡང་མེད།། སྐྱེ་ཤི་གཉིས་ཀྱི་བར་དོ་ལ།། ངེས་ལུང་ལྡན་པའི་ཡེ་ཤེས་དེ།། ཐོག་མ་མེད་པ་ཐ་མ་ཡོད།། མེ་ལོང་ཡེ་ཤེས་བྱ་བ་ནི།། མ་རྟོགས་མེད་ལ་རྟོགས་ན་ཡོད།། རྐྱེན་ལས་བྱུང་ན་རང་བྱུང་མིན།། དེ་ཕྱིར་མེ་ལོང་ཡེ་ཤེས་ཀྱང།། གློ་བུར་བྱུང་ཡང་ཡེ་ཤེས་མིན།། མཉམ་ཉིད་སོ་སོར་རྟོགས་པ་དང།། བྱ་བ་གྲུབ་པའི་ཡེ་ཤེས་བཞི།། ཉི་མ་དང་ནི་ཟེར་བཞིན་དུ། ། ཆོས་དབྱིངས་ཡེ་ཤེས་མངོན་གྱུར་པའི།། རྩལ་དུ་ཡེ་ཤེས་བཞི་པོ་བྱུང།། གཞི་ལ་ཡེ་ཤེས་རྣམ་ལྔ་མེད།། དེ་ཕྱིར་རང་བྱུང་རིག་པ་མིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་མོས་པ་དྲན་པ་ལས། ། གྲངས་ཀྱི་ཡེ་ཤེས་རྣམ་ལྔ་ནི།། ཚིག་ཏུ་ཡོད་དེ་དོན་ལ་མེད།། གཞི་ཡི་ཡེ་ཤེས་མ་ཤེས་ན།། ར་གན་གསེར་དུ་འཛིན་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བྱུང་མེད་པའི་ཡེ་ཤེས་བསྟན་པའི་ལེའུ་སྟེ་གོ་གསུམ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། ཡེ་ཤེས་རང་བྱུང་གཉིས་ཀ་མིན།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། ཐོག་མ་ཤེས་གཞི་ལུང་མ་བསྟན།། དེ་ལས་མ་རིག་རྐྱེན་བཞིས་བསྐྱེད།། ལུང་ལྡན་མེད་ཕྱིར་ཡེ་ཤེས་མིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྐྱེ་ཤི་བར་དོ་དོན་མ་ཤེས།། ཀུན་གཞི་ལས་བྱུང་ཡིད་གཉིས་ཀྱི།། བག་ཆགས་མི་དགེ་སྣ་ཚོགས་བསགས།། གཞི་ལ་གནོད་བྱེད་མ་ཤེས་པར།། ཡེ་ཤེས་རང་བྱུང་གཉིས་ཀ་མེད།། དེ་ལ་ངེས་པའི་སྐྱོན་ཅན་ནི།། གཞི་ལས་འཁྲུལ་ཕྱིར་གཞི་ལ་ཞེན།། མེད་པ་ལ་ནི་བདེན་པར་འཛིན།། ཆོས་བརྒྱད་ཡུལ་ལ་དམ་པར་བལྟ།། མེད་པ་ལ་ནི་ཡོད་པར་བལྟ།། རི་བོང་རྭ་ཡི་ཁ་དོག་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་བྱུང་གཉིས་ཀ་མེད་པར་བསྟན་པའི་ལེའུ་སྟེ་གོ་བཞི་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། རང་བྱུང་ཡེ་ཤེས་འཛོམ་པར་ནི།། དད་ལྡན་འཁོར་ལ་བཀའ་སྩལ་པ།། དང་པོ་ངོ་བོ་ཉིད་ཀྱི་སྐུ། ། ཀུན་ཏུ་བཟང་པོའི་ཆོས་དྲུག་གིས།། འཁྲུལ་མ་མྱོང་ལ་རྟོགས་པའི་ཕྱིར།། ཡེ་ཤེས་རང་བྱུང་དུས་མཉམ་འཛོམ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ལྟ་སྐྱེ་ཤིའི་བར་དོ་ལ།། ལུང་ལྡན་ངེས་པའི་གདམས་ངག་གིས། ། ཡུལ་སེམས་གཞི་ལ་མེད་པའི་དོན།། ཤེས་རབ་རྣམ་གསུམ་ལས་བྱུང་བའི།། ལྷག་མཐོང་རིག་པའི་ཡེ་ཤེས་ཤར།། ཡེ་ནས་རྒྱུ་དང་རྐྱེན་མེད་ཕྱིར།། རང་བྱུང་རིག་པའི་རྒྱལ་པོ་དེ།། ལུང་ལྡན་ངེས་པའི་གདམས་ངག་གིས། ། ཡེ་ནས་རང་བྱུང་རིག་པ་ལ།། ཤེས་ནས་ལུང་ལྡན་དོན་གོ་བ།། དེ་ཕྱིར་དེ་ཉིད་འཛོམ་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཞི་དང་ངེས་ལུང་འཛོམ་པ་ལ།། གོལ་དང་སྒྲིབ་པའི་སེམས་མེད་ཤེས། ། དེ་ཕྱིར་རྟོག་པ་མངོན་གྱུར་ནི།། མར་གྱི་ཡང་ཞུན་ལྟ་བུར་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བྱུང་ཡེ་ཤེས་འཛོམ་པར་བསྟན་པའི་ལེའུ་སྟེ་གོ་ལྔ་པའོ། །།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉི་ཤུ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཆེད་དུ་གསུངས་པའི་དོན་གོ་ནས།། འཁོར་རྣམས་ལ་ནི་བརྩེར་དགོངས་ཏེ།། རྫོགས་སངས་རྒྱས་ལ་འདི་སྐད་གསོལ།། གཞིའི་ངེས་དོན་གང་གིས་མཚོན།། དང་པོ་སངས་རྒྱས་ཇི་ལྟར་བྱུང།། དེ་ཡི་བྱིན་རླབས་ཇི་ལྟར་བྱུང།། ལམ་དེ་ཚིག་གིས་ཇི་ལྟར་མཚོན།། རྫོགས་སངས་རྒྱས་ཀྱིས་བཤད་དུ་གསོལ། ། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་ངེས་པའི་དོན།། མ་ནོར་ངེས་པའི་སངས་རྒྱས་བཀའ།། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། རང་བཞིན་གཞི་ཡིས་མཚོན་དཔེ་ནི། ། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། གང་ནས་མ་འོངས་ཡེ་ནས་ཡོད།། གར་ཡང་མི་འགྲོ་དུས་གསུམ་གཅིག། ད་ལྟ་ཀུན་ཁྱབ་ངོས་བཟུང་བྲལ།། ཐོག་མཐའ་མེད་པའི་ནམ་མཁའ་ལ།། རིག་མེད་སྟོང་པ་ཡིན་པའི་ཕྱིར། ། དཔེ་རུ་ཟབ་སྟེ་དོན་དུ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་བཞིན་ངོ་བོའི་གནས་ལུགས་ནི།། འཁོར་འདས་མ་རེག་སྔར་བཞིན་འདུས།། སངས་རྒྱས་གཉིས་སུ་མེད་པ་ཡི།། འཁོར་འདས་གཉིས་ཀྱི་གཞི་གྱུར་པ། ། མ་ཡེངས་པར་ནི་ཡོད་གྱུར་ཀྱང།། དོན་གྱིས་མ་ཟིན་རང་སྣང་སེམས།། ངོས་མ་ཟིན་ཞིང་ཤན་མ་ཕྱེད།། འགྲོ་འོང་མེད་པར་རྒྱུན་དུ་གནས།། ཐོག་མཐའ་མེད་ཕྱིར་ངོ་མ་ཤེས།། ད་ལྟ་ཀུན་གཞི་སེམས་ལ་གནས། ། འདུས་མ་བྱས་ཕྱིར་སྐྱེ་འཇིག་མེད།། སེམས་ཅན་ཀུན་གྱི་རྟེན་གནས་གཞི།། མོས་གུས་མེད་ཕྱིར་རྟོགས་པར་དཀའ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་ཡི་དཔེ་དོན་བསྟན་པའི་ལེའུ་སྟེ་གོ་དྲུག་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། དང་པོ་སངས་རྒྱས་རྟོགས་ཚུལ་ནི།། དད་ལྡན་འདུས་པའི་འཁོར་རྣམས་ལ།། ང་ཡིས་རྟོགས་ཉམས་བཀའ་སྩལ་པ། ། འཁོར་འདས་མེད་པའི་གོང་རོལ་དུ།། ས་ཆུ་མེ་རླུང་གང་ཡང་མེད།། སྲིད་པ་མ་ཆགས་སྟོང་པ་ཉིད།། དེ་ཚེ་རང་བཞིན་ལུས་དེ་ནི།། ཡེ་ནས་ཡོད་པའི་ཆོས་ཉིད་དེ།། དེ་དོན་མ་འཁྲུལ་རིག་པ་ཡིས། ། ད་ལྟ་མ་འཁྲུལ་ངེས་བསྟན་ཕྱིར།། གཞི་དང་རིག་པ་གཅིག་ཏུ་ཤེས།། རྟོགས་དང་སངས་རྒྱས་དུས་མཉམ་བྱུང།། ནམ་ལངས་ཉི་ཤར་དུས་མཉམ་པ།། རི་བོ་ཏ་ལའི་དཔེ་བཞིན་དུ།། འཁོར་འདས་ཐོག་མཐའ་དུས་གཅིག་ཆོད། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་རྒྱལ་བའི་དགོངས་པ་དེ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། རྒྱུ་རྐྱེན་མ་བསྐྱེད་འདུས་མ་བྱས།། ཀུན་ལ་ཁྱབ་པ་ཆོས་ཀྱི་སྐུ།། རང་གི་རིག་པ་ཡེ་ཤེས་ཐུགས། ། དེ་ཉིད་ཡིན་པར་ངོ་ཤེས་པས།། ལྷག་མཐོང་ཡེ་ཤེས་རང་ཤར་ཕྱིར།། ཡོད་མེད་གཉིས་ཀྱི་སྐུ་བྲལ་བས།། དུས་གསུམ་མི་འགྱུར་ངས་བསྟན་པ།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ།། དེ་ལས་སངས་རྒྱས་ཆོས་རྣམས་འབྱུང། ། དེ་ཕྱིར་ཀུན་ཏུ་བཟང་ཞེས་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང་པོའི་རྟོགས་ཚུལ་བསྟན་པའི་ལེའུ་སྟེ་གོ་བདུན་པའོ། །།། ཀུན་རིག་སྟོན་པས་ཡང་གསུངས་པ།། འོག་མིན་ཆོས་དབྱིངས་གནས་དེ་རུ།། ཇི་བཞིན་རྡོ་རྗེ་སེམས་དཔའ་དེས།། མ་འཁྲུལ་རིག་པ་གསལ་བ་ནི།། རང་ལ་ཡེ་ནས་ཡོད་མོད་ཀྱང།། གཞི་ནི་མི་འགྱུར་ངེས་པ་ནི། ། འདི་ཉིད་ཁོ་ན་ཡིན་ནམ་མིན།། ཡིད་ལ་ཐེ་ཚོམ་ཆ་ཕྲ་ཡོད།། དེ་དག་གསལ་ཕྱིར་མོས་གུས་སྤྱོད།། དེ་ཕྱིར་ཀུན་བཟང་དེ་ཆེད་དུ།། མཉམ་བཞག་དགོངས་པ་ཐུགས་གཏད་ནས།། ཐེ་ཚོམ་མེད་པར་ཆོས་ཉིད་རྟོགས།། དེ་ཕྱིར་ཡེ་ཤེས་རྒྱུད་དག་པས།། རྡོ་རྗེ་སེམས་དཔའ་མངོན་གྱུར་གོ། ཚིག་ཏུ་མ་གོ་དོན་དུ་ཤར།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་བྱིན་གྱིས་བརླབས་ལུགས་ནི།། ཀུན་བཟང་ཐུགས་ཀྱི་ངེས་དོན་དེ། ། ཆོས་དྲུག་མིང་དང་དོན་ཤེས་པས།། དུས་གསུམ་ཅིག་ཅར་རིམ་གྱིས་ཉམས།། གང་ལ་མ་བརྟེན་ཡིད་ཀྱིས་ནི།། ལྷག་མཐོང་ཆོས་སྐུར་ད་ལྟ་ཤེས།། དེ་ཕྱིར་དགོངས་པར་བརྒྱུད་པའི་ཕྱིར། ། རྟོགས་པ་མངོན་འགྱུར་སངས་རྒྱས་པའི།། ཕྱིས་མི་ལེན་པར་རིག་པས་གོ།། ཉིད་ལས་མི་གཞན་སངས་རྒྱས་འབྱུང།། དེ་ཕྱིར་བྱིན་གྱིས་བརླབས་ཞེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྟོན་པ་ཀུན་བཟང་བྱིན་རླབས་ཀྱི། ། སྐུ་གསུང་ཐུགས་ཀྱི་སྒྲུབ་པ་གསུམ།། གཟའ་སྐར་རྒྱ་མཚོར་ཇི་བཞིན་དུ།། དེ་དོན་ཉིད་ཀྱི་རྩལ་དུ་བྱུང།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་ཀྱིས་བཤད་པའི་ལེའུ་སྟེ་གོ་བརྒྱད་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྤྲུལ་སྐུ་ལྔ་ཡི་བསྟན་པ་ཡང། ། ཚིག་གི་བརྡ་ཡི་སྒྲོན་མ་ཡིས།། མ་རིག་མུན་པ་བསལ་བའི་ཕྱིར།། ལུང་ལྡན་ངེས་པའི་གདམས་ངག་གིས།། སྙན་ནས་རྣ་བར་བརྒྱུད་ཅེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དོན་གྱི་བཀའ་ཡི་མན་ངག་གིས། ། ཡེ་ཤེས་རིག་པ་ཁོང་ནས་ཤར།། དེ་ཙམ་ཉིད་ན་སྐྱེ་འགགས་མེད།། ད་ལྟ་ཉིད་དུ་མངོན་འགྱུར་གོ།། ལུས་ཀྱི་བརྡ་ཡི་སྤྲུལ་པ་འགྱེད།། སྟོང་གསུམ་མ་ལུས་ཐམས་ཅད་དུ།། སྤྲུལ་པ་གྲངས་མེད་ཐམས་ཅད་པ། ། ལྔ་བཅུ་རྩ་བརྒྱད་བདུན་ཡང་འདུག་[>]བརྡ་ཡིས་ནི།། སྐྱོན་གྱིས་མ་གོས་འགྲོ་དོན་གྲུབ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྟགས་ཀྱི་བརྡ་ཡིས་བསྟན་པའི་ཕྱིར།། སྐུ་མདོག་ཕྱག་མཚན་སྣ་ཚོགས་པ།། བྱིན་རླབས་སངས་རྒྱས་དངོས་གྲུབ་ཐོབ། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཚིག་ལས་འདས་པ་བསྟན་པའི་ལེའུ་སྟེ་གོ་དགུ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉི་ཤུ་རྩ་གཅིག་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་དོན་དུ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། སྣང་བ་ཆོས་དབྱིངས་ཇི་ལྟར་ཡིན། ། འཁོར་འདས་གཉིས་ཀྱི་གཞི་ནི་གང།། རང་བཞིན་ལྷུན་གྲུབ་ལྟ་བ་གང།། མ་རིག་མུན་སེལ་ལྟ་བ་གང།། ཏིང་འཛིན་དབྱེ་བའི་གདམས་ངག་གང།། དོན་དམ་མི་འབྲལ་ཏིང་འཛིན་གང།། གནས་ལུགས་འགྱུར་མེད་བལྟ་བ་གང། ། ཀུན་རིག་ཆོས་རྗེས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྣང་བ་མ་བཅོས་ཆོས་དབྱིངས་ནི།། རང་བྱུང་ཆོས་སྐུ་གཅིག་གཅིག་ལ། ། ཡོན་ཏན་ཐམས་ཅད་འབྱུང་བ་ནི།། དཔེར་ན་ཡིད་བཞིན་ནོར་བུ་ལྟར།། དེ་ནི་ལྷུན་གྲུབ་ཀུན་གྱི་གཞི།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དང་པོ་གང་ལ་མ་བརྟགས་པར།། བར་དུ་བཟུང་བའི་ཡུལ་མ་ཞེན། ། ཐ་མ་རྗེས་སུ་མ་འབྲང་ཕྱིར།། སྒོ་ལྔ་རང་ཡན་བཏང་གྱུར་ཀྱང།། ཆོས་ཉིད་ཆོས་ཀྱི་དབྱིངས་ཞེས་བྱ།། ནང་གི་རིག་པ་ཆོས་སྐུར་ཤེས།། དེ་ཕྱིར་ཡེ་ཤེས་ཕྱི་ནང་མེད།། ཆོས་ཉིད་རིག་པ་ཀུན་ཏུ་ཞལ།། གང་ལ་ཐོགས་མེད་ཆོས་སྐུར་འཕྱོ།། གནས་ནི་ཆོས་སྐུའི་ཀློང་ན་ཡོད།། རྐྱེན་གྱིས་མི་ཚུགས་ནམ་མཁའ་འདྲ།། དེ་ཕྱིར་རང་བྱུང་འདུས་མ་བྱས།། ད་ཡང་འདུས་པའི་སྙིང་པོ་ཉོན།། གང་ལ་མི་གནས་རིག་པ་འདི།། ནམ་མཁའི་དཀྱིལ་གྱི་ཉི་ཟླ་བཞིན།། སང་ངེ་ས་ལེར་མི་རྟོག་པར།། ཕྱོད་དེ་སེང་ངེ་ཡ་ལེ་བ།། ཆོས་དབྱིངས་གནས་ཀྱི་ནམ་མཁའ་སྟེ།། ཡུལ་དང་སྒོ་ལྔ་མ་འདྲེས་གསལ།། དེ་ཙམ་ཉིད་ན་མ་འདྲེས་གསལ།། སྣང་བ་མ་འགགས་ཅིར་ཡང་གསལ། ། དེ་ལྟར་རྟོག་མེད་ཆོས་ཀྱི་དབྱིངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་འབྱུང་བ་རྣམ་ལྔ་ནི།། གཞན་འབྱུང་ཡིན་ཕྱིར་ཡེ་ཤེས་མིན།། དེ་ཕྱིར་མི་སྤང་གནོད་མི་ནུས།། སེམས་སུ་མི་བསྡུ་ཕན་མི་ནུས། ། འདི་ཡི་ཁོ་ན་ཞེན་མེད་པ།། སྣང་བའི་ཡུལ་འདི་ཅིར་སྣང་ཡང།། སྒྲོ་སྐུར་མ་བཏགས་རང་གསལ་བར།། ཆོས་ཀྱི་དབྱིངས་ཞེས་དེ་ལ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གོལ་མེད་ཆོས་ཀྱི་དབྱིངས་སུ་བསྟན་པའི་ལེའུ་སྟེ་བརྒྱ་ཐམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་འདས་གཞི་ལ་མེད་པ་ཡི། ། སངས་རྒྱས་ཀུན་གྱི་ངེས་པའི་དོན།། རིག་པ་མ་བསླད་ཆོས་སྐུ་ལ།། ངོ་བོ་རྟོགས་ཚུལ་དཔེ་དང་ནི།། གཏན་ཚིགས་ལྡོག་བཅས་མཚན་ཉིད་དང།། ལ་བཟླ་བ་དང་རྣམ་པ་བདུན།། ཆོས་ཉིད་ཆོས་སྐུའི་དཔེར་ཡང་གསུངས། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངོ་བོ་གནས་ལུགས་ཆོས་སྐུ་ལ།། ཐོག་མཐའ་མེད་པར་ཡེ་ཤེས་གནས།། དེ་ཕྱིར་རྒྱུ་རྐྱེན་མ་བསྐྱེད་ཕྱིར།། གཉེན་པོ་མི་ཚུགས་ནམ་མཁའ་འདྲ།། རྟོགས་ཚུལ་སྒྲོ་སྐུར་མ་བཏབ་ཕྱིར། ། མ་བཅོས་ཆོས་སྐུ་རིག་པས་ཤེས།། མ་དཔྱད་མ་མཚོན་མ་བསམ་པར།། ཆོས་སྐུ་གསལ་བས་ཉི་ཤར་འདྲ།། རྣམ་རྟོག་འཇོམས་པས་རྡོ་རྗེ་འདྲ།། སྐྱེ་བ་མེད་པས་ཨ་དང་འདྲ།། དཔེ་རུ་ཟབ་ཏེ་དོན་དུ་མེད། ། ལུང་ཐོབ་མ་མྱོང་གཏན་ཚིགས་དེ།། གདམས་ངག་ཡིད་ཆེས་གདེང་དང་ནི།། ལྷག་མཐོང་ཆོས་སྐུ་གཞན་ན་མེད།། དེ་ཕྱིར་རལ་གྲི་རིན་ཆེན་འདྲ།། རྟོག་བཅས་ངོ་བོ་བྱང་ཆུབ་སྐུ།། མཐུན་དང་མི་མཐུན་ཡུལ་ལས་ལོག། ཞེན་པ་ལོག་ཕྱིར་ཆོས་ཀྱི་སྐུ།། དེ་ཕྱིར་རང་བྲལ་ཆོས་སྐུར་ཤེས།། མཚན་ཉིད་འདྲ་ཕྱིར་ཡིན་པ་མིན།། ད་ལྟ་འགྲོ་བ་ཀུན་ལ་གནས།། འཆར་ནུབ་མེད་ཕྱིར་ཡེ་གནས་ཕྱིར།། སྒྲོ་སྐུར་མ་བཏབ་ཡེ་ཤེས་ཀློང། ། ལ་བཟླ་སྣང་བ་མེད་པ་ལ།། ཞེན་པའི་ལོག་དོན་གདམས་ངག་གིས།། དུག་ལྔ་རང་གྲོལ་ཆོས་སྐུར་ཤེས།། རྡོ་རྗེ་སེམས་དཔའ་ད་ཉོན་ཅིག། ཡིན་པ་མི་བླང་མིན་མི་སྤངས།། མི་བསྡུ་མི་བསྲེ་མི་དབྱེ་བར། ། བསམ་པའི་ཡུལ་ལས་འདས་པས་ན།། ཕྱོད་དེ་སེང་ངེ་རང་རིག་ལ།། མཐའ་དབུས་མེད་ཕྱིར་ཀུན་ཏུ་ཁྱབ།། དེ་ཕྱིར་ཐིག་ལེ་ཉག་གཅིག་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། འཁོར་འདས་གཞི་ལ་མེད་པའི་བལྟ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོ།།།། དེ་ནས་འཁོར་གྱི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ། ། ནང་གི་རིག་པ་འགྲིབ་མེད་དོན།། ད་ལྟའི་ཆོས་སྐུ་འདི་ཉིད་ནི།། འདུས་མ་བྱས་ཕྱིར་རྟག་ཆད་མེད།། ཡེ་ཤེས་རྣལ་མ་ཉིད་ཡིན་ནོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་གྱི་མཉམ་ཉིད་རྒྱལ་བའི་ཐུགས། ། མ་ལུས་སེམས་ཅན་ཐམས་ཅད་ལ།། རྟག་མིན་བདག་བྲལ་ཆོས་སྐུར་ཤེས།། དངོས་མེད་ཁྱབ་པས་ནམ་མཁའ་འདྲ།། ཆད་པ་མ་ཡིན་གཉུག་མར་གནས།། འཛིན་མེད་ཤེས་པ་ངང་གིས་གསལ།། ངོ་བོར་མེད་ལ་ཆོས་སྐུར་ཡོད། ། རང་བྱུང་ཉི་མའི་སྙིང་པོ་འདྲ།། དབུ་མར་མི་གནས་ཡེ་ཤེས་ནི།། སྒྲོ་སྐུར་བྲལ་བས་ཉོན་མོངས་སེལ།། མཐའ་དབུས་མེད་པའི་ཆོས་ཉིད་ནི།། བརྒྱད་པ་མི་གཡོ་སེམས་དཔའ་འདྲ།། བླ་མས་དོན་བསྟན་རྣལ་འབྱོར་པས། ། ཐེ་ཚོམ་མེད་པར་རང་སེམས་རྟོགས།། ཡུལ་དང་ཆོས་སྐུར་མ་རྟོགས་པར།། ཀ་ཤིའི་རས་ཀྱིས་རིན་ཆེན་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་རྟོགས་ཕྱིར་ཡིད་ཆེས་པས།། ཆོས་སྐུ་འགྱུར་མེད་ངང་ལ་གནས།། དེ་ཙམ་ཉིད་ན་གདེང་གིས་ཟིན།། ལོང་བ་མིག་མེད་གསལ་བ་འདྲ།། དཔེར་ན་ནམ་མཁའི་ཉི་མ་བཞིན།། མ་རིག་མུན་པ་འཇོམས་པའི་ཐབས།། ལྟ་བ་གཞི་ངེས་དོན་ཉིད་ལ།། མ་ནོར་རིག་པ་གཅིག་ཡིན་ཏེ།། འབྲས་བུ་ལྷུན་གྲུབ་གཅིག་ཏུ་བསྟན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཐའ་བྲལ་ལྷུན་གྱིས་གྲུབ་པའི་ལྟ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོ། །།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། རང་བྱུང་སྙིང་པོ་ལྟ་བ་ནི།། ཉི་མ་ཤར་ནས་མུན་པ་སངས།། ངེས་ལུང་བསྟན་པས་མ་རིག་བརླག། ཐིག་ལེ་གདལ་ཁྱབ་ཆོས་སྐུ་དེ།། རིག་པ་རང་གསལ་བཅོས་པ་མེད།། དེ་དོན་ལྷུན་གྲུབ་ཡེ་ནས་གསལ།། རང་བྱུང་སྙིང་པོ་རང་གསལ་ཐུགས།། ཡེ་ནས་ཐ་སྙད་ཀུན་དང་བྲལ།། ཇི་བཞིན་གསལ་ལ་ངན་རྟོག་མེད། ། དོན་དམ་སྤྲོས་བྲལ་ལྟ་བའི་མཆོག། རྩལ་མེད་སྤྱོད་པའི་ཡུལ་ལས་འདས།། ཡང་དག་ཀློང་འགྱུར་དོན་ལ་མཁས།། དེ་ཉིད་ལས་སུ་འབྱོར་བ་ཡིས།། ཚོགས་བརྒྱད་ཅེས་པའི་ཡུལ་ལས་འདས། ། མངོན་དུ་གྱུར་པས་ཐུགས་ལ་བཀྲ།། ཀུན་གྱིས་རྟོགས་དཀའ་བྱང་ཆུབ་དེས།། མི་གཡོ་ཆོས་སྐུ་མི་རྟོག་ལམ།། རང་རིག་བདེ་བ་ཆོས་སྐུའི་ཀློང།། གཅིག་ཏུ་རྫོགས་པས་ཀུན་ལ་གསལ།། ལྟ་བ་དབུས་དང་མཐའ་མེད་པས། ། སྤང་ལེན་མ་བཙལ་ལྷུན་གྱིས་གྲུབ།། སྐྱེ་མེད་ངང་དུ་རིག་པ་འཕྱོ།། བརྟེན་མེད་ཆགས་པའི་ཡུལ་ལས་འདས།། བསྒོམ་མེད་ལྟ་བ་ངང་གིས་གསལ།། མཚོན་པའི་ཚིག་གིས་བཀྲི་དྲང་བྲལ།། སྐྱེ་མེད་གདེང་དུ་འདུ་འབྲལ་མེད། ། སྣང་མེད་རིག་པ་དངོས་པོ་བྲལ།། ཡང་དག་ཐུགས་ལ་སྤྲོ་བསྡུ་མེད།། མ་བཅོས་ལྷུན་གྲུབ་རིག་པར་ཤར།། ཀུན་ཁྱབ་དོན་བསྡུས་མཐའ་མ་རེག། ཡེ་ཤེས་སྐུ་མཆོག་ཆོས་སྐུ་གདལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འགྲོ་དྲུག་སེམས་ཅན་རང་བྱུང་སྐུ།། འདི་ལྟར་སྣང་བ་མ་ལུས་ཀུན།། གདོད་ནས་མེད་པའི་དོན་རྟོགས་ནས།། ཡེ་ཤེས་གཅིག་གི་ངང་དུ་རྫོགས།། ལུས་ངག་ཡིད་ཀྱི་བྱ་བ་རྫོགས།། བྱས་ན་འཆིང་བའི་ལས་ཡིན་ལས།། གཞི་ལ་མི་ཤེས་བཙལ་མི་དགོས།། མ་བསྒོམས་འདུ་འབྲལ་མེད་པར་བལྟ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་རིག་མུན་སེལ་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་རྗེས་བཀའ་སྩལ་པ།། རྣལ་འབྱོར་དམ་པ་མཉམ་བཞག་ཚེ།། གསལ་ལ་མི་རྟོག་མི་གཡོ་བའི། ། ངོ་བོ་རྩལ་དང་དཔེ་དང་ནི།། ཚད་དང་ངེས་ཚིག་ཡུལ་དང་བྲལ།། སྐྱོན་དང་གོལ་ས་དགུ་དགུ་བསྟན།། ཆོས་སྐུ་འབྲལ་མེད་སྡོམ་ཚིག་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངང་གིས་གསལ་བ་ཡེ་ཤེས་ཡིན། ། རང་རིག་པ་ཡི་ཡེ་ཤེས་ཡིན།། རྩལ་ནི་སྒོ་ལྔར་གསལ་བ་ཡིན།། དཔེར་ན་ཏིལ་གྱི་མར་མེ་འདྲ།། ཚད་ནི་ཤེས་པ་མ་བསྒྲིབས་པ།། ངེས་ཚིག་གདམས་ངག་མ་བརྗེད་པ།། ཡུལ་ནི་སྣང་བ་ཆོས་ཀྱི་དབྱིངས། ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།། སྐྱོན་ནི་ཡུལ་ལ་ཡན་གྲངས་པ།། གོལ་ས་བྱིང་རྨུགས་འགོག་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དམིགས་འཛིན་མེད་པའི་ངོ་བོ་ཉིད།། སྔ་ཕྱི་གང་ཡང་མ་དྲན་པ། ། རྩལ་ནི་བདེ་ལ་མ་ཞེན་པ།། ཡུལ་ནི་འཛིན་མེད་མ་འགགས་པ།། དཔེ་ནི་བྱ་བ་བཏང་བ་འདྲ།། ཚད་ནི་དྲན་བྱེད་མ་བྱིང་ལ།། ངེས་ཚིག་ཡུལ་ལ་མ་ཡེངས་ཡིན།། འབྲས་བུ་སྤྲུལ་སྐུ་ཐུབ་དྲུག་འབྱུང།། སྐྱོན་ནི་གོམས་པར་མ་བྱས་ཡིན། ། གོལ་ས་རྒོད་འཕྲོ་ཡུལ་ལ་ཞེན།། དེ་ཕྱིར་གཉིས་འཛིན་མེད་ཅེས་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཉུག་མར་གནས་པ་མི་གཡོ་བའི།། ངོ་བོ་དུས་གསུམ་མི་འགྱུར་བ།། རྩལ་ནི་ཡེ་ཤེས་འཕེལ་འགྲིབ་མེད། ། དཔེ་ནི་རྒྱ་མཚོའི་གཏིང་དང་འདྲ།། ཡུལ་ནི་རིག་པ་སོ་ཐུབ་བསྟན།། ཚད་ནི་གསལ་ལ་མི་གཡོ་བ།། ངེས་ཚིག་སྐྱོན་གྱིས་མ་གོས་པ།། འབྲས་བུ་རིག་པ་ཆོས་སྐུ་ཡིན།། སྐྱོན་ནི་ཐེ་ཚོམ་ཡིད་མ་ཆེས།། གོལ་ས་མི་གཡོ་འགོག་པ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་བསྒོམ་པའི་དབྱེ་བ་ཡང།། དད་ལྡན་དྲང་ཕྱིར་གསུངས་པ་ལས།། དོན་ལ་རང་རིག་ཆོས་སྐུ་ལ།། དབྱེ་བར་བྱ་བ་རྡུལ་ཙམ་མེད། ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་དབྱེ་བ་མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། མ་བསྒོམ་དོན་དང་མི་འབྲལ་བས།། ཐིག་ལེ་གཅིག་ཏུ་རྫོགས་པ་ཡིས།། ཀུན་གཞྀ་གཞི་ཆ་ཆོས་སྐུ་ལ།། སྣ་ཚོགས་སྣང་ཡང་འགྱུར་བ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ནི་བསྒོམ་དུ་མེད་པའི་དཔེ།། ནམ་མཁའ་བསྒོམ་དུ་སེམས་དང་བྲལ།། དེ་བཞིན་སེམས་ཀྱི་སེམས་བསྒོམ་དུ།། ཆོས་ཉིད་སེམས་ཀྱི་ཡུལ་ལས་འདས།། སྟོང་རིག་སེམས་ཀྱི་ཡུལ་ལས་འདས། ། ངེས་པར་འགྱུར་མེད་ལྟ་བའི་གཟུངས།། དོན་དུ་མི་བརྗེད་ཏིང་འཛིན་གསལ།། རང་སེམས་རྟོགས་ཕྱིར་བསྒོམ་མི་དགོས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཆོས་སྐུ་ངོས་ཟིན་ན།། ཤེས་པ་གཏད་ལ་བསྒོམ་མི་དགོས། ། དེ་ཕྱིར་རང་བྱུང་ཡེ་ནས་གསལ།། ཆོས་ཉིད་མ་བསྒོམ་འབྲལ་བ་མེད།། ཡང་དག་སངས་རྒྱས་དགོངས་པ་ལ།། འཕོ་འགྱུར་མེད་ཕྱིར་འདུས་མ་བྱས།། དེ་རྟོགས་རྣལ་འབྱོར་སྐལ་ལྡན་གྱིས། ། མ་བསྒོམས་ཆོས་ཉིད་རང་བྱུང་ཐུགས།། དེ་ལ་རྟོགས་པ་སྐྱེ་མི་ནུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་ཡེངས་པ་ཞེས་བཏགས་པ་ཙམ།། དོན་ལ་ཆོས་སྐུ་དེ་ཉིད་ཡིན།། དེ་ཕྱིར་འབྲལ་མེད་བསྒོམ་པ་མེད། ། གཞན་དུ་གཡོས་པ་རྡུལ་ཙམ་མེད།། དེ་ཕྱིར་ཆོས་ཉིད་རྒྱུན་དུ་གནས།། ཤེས་པས་ཆོག་ཕྱིར་རྩོལ་བ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལུང་ལྡན་ངེས་པའི་དོན་ཟིན་ན།། ཐམས་ཅད་རང་བྱུང་ཉིད་ཀྱི་དོན། ། མཁའ་ལྟར་ཁྱབ་ཅིང་ཉི་ལྟར་གསལ།། གསལ་ཙམ་ཉིད་ན་ནུབ་པ་མེད།། དངོས་མེད་ཀུན་ཁྱབ་ཆོས་སྐུ་དེ།། མེད་པར་མ་ཡིན་ཤེས་ཤིང་རིག། སྟོང་ཙམ་ཉིད་ན་ངང་གིས་སྟོང།། སྟོང་ཙམ་ཉིད་ན་མཐའ་དབུས་མེད། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། བྱིང་རྒོད་ཞེན་འཛིན་སྐྱོན་དང་བྲལ།། གསལ་བདེ་སྟོང་པ་ཆེན་པོ་ལ།། ངང་དུ་བཞག་པ་ཅི་ཡང་མེད།། མཉམ་བཞག་མེད་པས་རྗེས་ཐོབ་མེད། ། ཐམས་ཅད་རང་བྱུང་ཆེན་པོ་ལས།། གཞན་དུ་གཡོས་པ་རྡུལ་ཙམ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་རྟོགས་པས་རྣལ་འབྱོར་ངས།། ལམ་མེད་ལམ་ལྔ་མ་སྦྱངས་ཤིག། ས་མེད་ས་བཅུ་མ་བགྲོད་ཅིག། རྟེན་མེད་དམིགས་པ་མ་འཆང་ཞིག། སྒྲིབ་མེད་ཚོགས་གཉིས་མ་བསོགས་ཤིག། ངེས་དོན་འདི་ཉིད་བསྒྲུབ་མི་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་བསྒོམས་དོན་དང་མི་འབྲལ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་ལྔ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཀུན་ཏུ་བཟང་པོ་ཡིས།། གནས་ལུགས་འགྱུར་མེད་བཀའ་སྩལ་པ། ། ཆོས་སྐུས་ཁྱབ་པའི་ཕྱི་ནང་ཆོས།། མཐའ་དབུས་མེད་པ་ཐམས་ཅད་པའི།། གནས་དང་གཞི་ཡི་རྟེན་བྱེད་པའི།། རང་བྱུང་ཐིག་ལེ་ཉག་གཅིག་སྟེ།། འདི་ནི་བདེ་གཤེགས་ཐམས་ཅད་ཀྱི། ། ཐུགས་ཀྱི་དམ་པ་དཀྱིལ་འཁོར་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་སྙིང་པོ་འགྱུར་མེད་ལ།། བློ་ཡིས་བཅོས་པས་གཞི་མི་འགྱུར།། དེ་ཕྱིར་རྐྱེན་གྱིས་བཅོས་སུ་མེད།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ། ། ཆོས་རྣམས་ཀུན་གྱི་རྩ་བའི་གཞིར།། དུས་གསུམ་སངས་རྒྱས་ཀུན་གྱིས་གསུངས།། དེ་ཕྱིར་གཞི་ལ་འཕོ་འགྱུར་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར།། སངས་རྒྱས་ཉག་གཅིག་ཆོས་ཀྱི་སྐུ། ། འདི་ནི་འཁོར་འདས་གཉིས་ཀྱི་གཞི།། མ་རྟོགས་ཕྱིར་ན་འཁོར་བ་ལ།། རྟོགས་ན་མྱ་ངན་འདས་ཞེས་བྱ།། གཞི་ལ་སངས་རྒྱས་སེམས་ཅན་མེད།། དེ་ཕྱིར་གཉིས་མེད་གཅིག་གི་ངང།། ཐམས་ཅད་དེ་ཡི་ངོ་བོར་གནས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཉིས་པས་གཞི་སྔ་ཕྱིར།། བློ་ཡིས་མ་བཅོས་འཁོར་འདས་མེད།། བག་ཆགས་མ་བརྟས་འཁོར་བ་མེད།། གང་ཡང་མེད་ཕྱིར་ཀུན་གྱི་གཞི། ། རང་བྱུང་རྟོགས་པས་བཅོམ་ལྡན་འདས།། ས་རྣམས་མ་བགྲོད་ངང་གིས་རྫོགས།། ལམ་ལ་མི་བརྟེན་ས་ལམ་བྲལ།། མེད་པར་མ་ཡིན་ཡེ་ཤེས་ཉིད།། རྫོགས་ཆེན་མཉམ་ཉིད་ཀུན་ཏུ་ཁྱབ།། ཆོས་རྣམས་ཀུན་གྱི་ཆོས་ཆེན་པོ། ། ཐམས་ཅད་ངོ་བོར་ལྷུན་གྱིས་གྲུབ།། དེ་བསྐྱེད་ཆོས་རྣམས་ཐམས་ཅད་འབྱུང།། འཁྲུལ་པའི་རྟོག་མེད་གཞི་དང་མཐུན།། དེ་ཕྱིར་ལུང་ལྡན་རྐྱེན་གྱིས་ཀྱང།། བློ་དངོས་གཅིག་པའི་དགོངས་པ་ལ།། གཞི་ཤེས་པ་ལ་རྟོགས་ཞེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཀྱི་རྒྱལ་པོར་རབ་བསྔགས་ཕྱིར།། འཁོར་འདས་བྱུང་བ་ཐམས་ཅད་ཀྱང།། བཙལ་བ་མེད་པར་ཤུགས་ལས་བྱུང།། དེ་ཕྱིར་ཀུན་གྱི་གཞིར་གྱུར་ཞེས། ། ཀུན་བཟང་ཉིད་ཀྱིས་གསུངས་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གནས་ལུགས་འགྱུར་མེད་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་པའོ། ། སྡོམ་དུ་བསྡུས་ཏེ་བསྟན་པ་ཉེར་གསུམ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཡེ་ཤེས་མངོན་གྱུར་རྟོགས་པའི་ཕྱིར།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཆོས་རྣམས་ཀུན་གྱི་རྩ་བ་ཡི། གཞི་གསུམ་འབྲེལ་པ་ཡོད་དམ་མེད།། ཀུན་གཞྀ་སེམས་ཀྱི་མུན་གསེབ་ནས།། ཆོས་སྐུ་ངོས་ནི་ཇི་ལྟར་བཟུང།། ད་ལྟའི་གཟུགས་དང་མ་བྲལ་བར།། གཟུགས་སྐུ་མི་འབྱུང་གང་གིས་བསྒྲིབས། ། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དོན་གྱི་རྩ་བ་མདོར་བསྡུས་ན།། གཞི་གསུམ་མ་ནོར་ངེས་པ་ཡིས།། འབྲེལ་པ་ངེས་མེད་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ཀྱིས་ཟུང།། དེ་དྲུག་ཡོད་མེད་གཅིག་ཏུ་རྟོགས།། འཁོར་འདས་གཉིས་གཞི་རང་བཞིན་ལུས།། འཁོར་གྱི་ཤེས་པ་ལུང་མ་བསྟན།། གནས་སྐབས་འབྲེལ་མེད་མཐར་ཐུག་མེད། ། གནས་སྐབས་འབྲེལ་པ་ཡོད་པ་ནི།། ལུང་མ་བསྟན་པ་རྣམ་གསུམ་ལ།། རང་བཞིན་ལུས་ཀྱིས་ཁྱབ་པའི་ཕྱིར།། བདེ་གཤེགས་སྙིང་པོ་ཡོད་ཅེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མཐར་ཐུག་འབྲེལ་པ་མེད་པ་ནི།། ཤེས་བཞིན་ལུང་མ་བསྟན་པ་ལ།། ཡིད་འགྲིབས་ཡོད་ཕྱིར་མོས་གུས་བྱེད།། བྱིན་རླབས་རྟོགས་དང་ལུང་ལྡན་ཞིང།། བསྟན་ཐབས་མེད་ཕྱིར་འཁོར་བའི་རྒྱུ།། དེ་བསྐྱེད་འཁོར་བ་འབའ་ཞིག་ཡིན། ། དེས་ཕྱིར་མཐར་ཐུག་འབྲེལ་པ་མེད།། མུན་དང་ཉི་མ་དུས་མི་མཚུངས།། མ་རིག་ཡེ་ཤེས་དེ་བཞིན་ནོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། མཐར་ཐུག་འབྲེལ་པ་ཡོད་པ་ནི།། ལན་ཅིག་སྐྱེ་ཤི་བར་དོ་ལ། ། ལུང་ལྡན་གདམས་ངག་འཕྲད་སྲིད་ལ།། མོས་གུས་དད་པས་རྟོགས་འགྱུར་ཚེ།། རང་རིག་ཆོས་སྐུར་ཤེས་པའི་ཕྱིར།། ལུང་མ་བསྟན་པ་བརླག་ཅིང་སྟོང།། མཐར་ཐུག་འབྲེལ་པ་ཡོད་པ་ནི།། ནམ་ལངས་ཉི་མ་ཤར་བ་འདྲ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། མྱང་འདས་ཀུན་བཟང་གཞི་དང་ནི།། འཁོར་གཞི་ལུང་མ་བསྟན་པ་གཉིས།། ལྷན་ཅིག་མི་གནས་འགལ་བའི་ཕྱིར།། གནས་སྐབས་མཐར་ཐུག་འབྲེལ་པ་མེད། ། ཉི་མའི་དཀྱིལ་ན་མུན་མེད་ལྟར།། དེ་ཕྱིར་ཡེ་ཤེས་ཟང་ཐལ་ཉིད།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་གཞི་ལུང་མ་བསྟན་ལ་སོགས།། ཤན་དབྱེའི་སྐབས་སུ་ངསབཤད་ཀྱིས།། ལ་བཟླའི་སྐབས་སུ་ངས་མ་བཤད། ། ཕྱི་རབས་རྣལ་འབྱོར་དེ་བཞིན་ནོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་གསུམ་འབྲེལ་མེད་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་མུན་གསེབ་ནས།། འཁྲུལ་དང་མ་འཁྲུལ་བཀའ་སྩལ་པ།། འཁྲུལ་པ་རྣམ་བཞི་དབྱེ་བའི་ཕྱིར།། གསུམ་བྲལ་བཞི་ལྡན་གོལ་ས་མེད།། དེ་ཕྱིར་ཆོས་སྐུ་གཞི་དང་གཅིག། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆགས་སྡང་འབྱུང་བའི་རྒྱུར་བྱུང་བའི།། འཁྲུལ་དང་མ་འཁྲུལ་ཤན་དབྱེ་ན།། ཐོག་མེད་ལས་ཉོན་གྱིས་བསགས་པའི།། སྔར་གྱི་བག་ཆགས་བཟང་ངན་ནི། ། དུས་དང་གནས་སྐབས་འགྱུར་བའི་ཕྱིར།། ཤེས་པ་མ་འཁྲུལ་དངོས་པོ་འཁྲུལ།། ཞེན་པ་བརྟས་ཕྱིར་བག་ཆགས་སྐྱེ།། མི་ཤིའི་ཁ་དོག་དྲན་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆགས་སྡང་འབྱུང་བའི་རྒྱུར་གྱུར་པ། ། ཕྱིས་ཀྱི་ཉོན་མོངས་སྐྱེས་པ་ཡང།། དགའ་དང་མི་དགའ་ལ་སོགས་པ།། གློ་བུར་རྐྱེན་གྱིས་འབྱུང་བའི་ཕྱིར།། དངོས་པོ་མ་འཁྲུལ་ཤེས་པ་འཁྲུལ།། ཐག་པ་སྦྲུལ་དུ་འཛིན་པ་འདྲ།། ད་ཡང་འཁོར་གྱི་སེམས་དཔའ་ཉོན། ། སྣང་བ་གཞི་ལ་མེད་པ་ལ།། སྤོང་སྡུད་ཞེན་པ་བྱེད་པ་ནི།། བློ་དངོས་གཉིས་ཀ་འཁྲུལ་པའི་ཕྱིར།། མེད་པ་ལ་ནི་ཡོད་རྟོགས་པ།། རི་བོང་རྭ་ལ་ཡོད་རྟོགས་འདྲ།། ད་ཡང་འཁོར་གྱི་སེམས་དཔའ་ཉོན། ། སྐྱེ་བོ་ཐ་མལ་ཤེས་པ་ལ།། བྱ་བ་མ་འགགས་གང་བྱེད་ཀྱང།། བློ་དངོས་མ་འཁྲུལ་ཆོས་ཉིད་མིན།། ལུང་ལྡན་གདམས་ངག་མེད་པའི་ཕྱིར།། གཞི་ཉིད་མ་ཤེས་མ་རིག་ཡིན།། ཟླ་བ་དཀར་ཀྱང་མུན་པའི་བག། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རྩ་བ་མདོར་བསྡུས་ན།། འཁྲུལ་བའི་གཟུང་འཛིན་ཡ་བདུན་ཀྱང།། སྣང་བ་ཤེས་པར་མ་ཤེས་ཕྱིར།། སྒྲོ་སྐུར་ཞེན་པས་རང་བསླུས་ཏེ།། གདམས་ངག་མེད་ཕྱིར་ཆོས་སྐུ་མིན། ། དེ་ཕྱིར་གྲུབ་མཐའི་བློ་མ་བསྒྱུར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔ་ཕྱིའི་རྟོག་པ་འཁྲུལ་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། མ་རིག་སེམས་ཀྱི་མུན་གསེབ་ནས།། ཆོས་སྐུ་ངོ་སྤྲོད་དོན་འདུས་པ།། སྔ་ཕྱིའི་རྟོག་པ་གསུམ་བྲལ་བའི།། རང་རིག་ཆོས་སྐུ་ངོ་ཤེས་ན།། འཁྲུལ་མེད་ད་ལྟའི་ཤེས་པ་ལ། ། ཐ་མལ་ལུས་ཀྱི་རྟེན་བཅས་པའི།། ཤེས་པ་མ་མ་སྒྲིབས་གསལ་བ་ནི།། རང་བྱུང་ཆོས་སྐུ་ཡིན་པའི་ཕྱིར།། དེ་ལ་མ་རིག་མུན་པ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལ་ཡོན་ཏན་བཞི་ལྡན་པ། ། སྐྱེ་བོ་མུ་སྟེགས་ཡུལ་འདི་ལ།། ང་དང་བདག་ཏུ་རང་རྒྱུད་བྱེད།། ཞེན་པའི་དམིགས་འཛིན་མེད་པའི་ཕྱིར།། སྣང་བ་མེད་པའི་ཡེ་ཤེས་ནི།། གོལ་མེད་ཆོས་དབྱིངས་ནམ་མཁའ་འདྲ།། ངང་གིས་གསལ་བའི་ཡེ་ཤེས་ནི། ། ཚོགས་དྲུག་འགགས་པའི་འགོག་པ་དང།། འདུ་ཤེས་མེད་པའི་ལྷ་རུ་གོལ།། གོལ་ས་ཀ་ནས་མེད་པའི་ཕྱིར།། རིན་ཆེན་འོད་འདྲ་འཆར་ནུབ་མེད།། ད་ཡང་འདུས་པའི་སེམས་དཔའ་ཉོན།། ཡེ་ཤེས་གཉུག་མར་གནས་པ་ནི། ། དབུ་མ་སེམས་ཙམ་མཐུན་བསྒོམ་དང།། ཐབས་ཀྱི་རྩ་དང་ཐིག་ལེ་སོགས།། འབྱུང་འཇུག་ཅན་གྱི་གོལ་ས་མེད།། བསྐྱེད་རིམ་ཀུན་གཞི་ལ་སོགས་པའི།། ཞི་ཁྲོའི་ལྷ་རུ་བསྒོམ་པ་དང།། འཕེལ་འགྲིབ་ཅན་གྱི་གོལ་ས་མེད། ། དེ་ཕྱིར་རྒྱུན་དུ་འབྲལ་མེད་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཏན་ལ་འབེབས་པའི་ཡིད་ཀྱིས་ནི།། ལྷག་མཐོང་རིག་པར་རྟོགས་ཙམ་ན།། དམིགས་འཛིན་མེད་ལ་ངང་གིས་གསལ། ། གཉུག་མར་གནས་ལ་འཕེལ་འགྲིབ་མེད།། ད་ལྟའི་ཤེས་པ་འདི་ཉིད་ལ།། རང་རིག་ཆོས་སྐུ་གཅིག་ཏུ་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་སྐུ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་དགུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། རྣམ་སྨིན་ལུས་དང་བཅས་དུས་འདིར།། གཟུགས་སྐུ་མི་འགྱུར་བཀའ་སྩལ་པ།། ད་ལྟ་མངལ་གྱི་སྒྲིབ་གཡོགས་ཀྱིས།། གཟུགས་སྐུ་ངོ་སྤྲད་མི་འདོད་དེ།། ཆེ་བའི་ཡོན་ཏན་མི་འབྱུང་ཕྱིར།། ནམ་སྲོད་ཉི་མ་ནུབ་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལན་གཅིག་དུས་ཀྱི་དེང་སང་ན།། ལུང་མེད་རྨོངས་པའི་ང་རྒྱལ་ཅན།། དཔྱད་བཟོ་རིག་པ་བྱེད་པ་ཀུན།། གཟུགས་སྐུ་ད་ལྟ་ངོ་སྤྲོད་ཡོད།། ཁ་ཚབས་རྫུན་ཚིག་སྨྲ་བ་ལ།། རྨོངས་པ་བདེན་པར་འཛིན་པ་མང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མ་རིག་རྫུན་དེ་སུན་འདོན་ཏེ།། ད་ལྟ་མངལ་གྱི་སྒྲིབ་གཡོགས་པས།། ལོངས་སྐུ་དང་ནི་སྤྲུལ་པའི་སྐུ།། ཆུ་ཤེལ་སྒྲོན་མེའི་དཔེས་མཚོན་ཀྱང།། ད་ལྟ་རང་ལ་འབྱུང་མི་སྲིད།། ཁྱུང་སྒོང་རང་གིས་བཅག་མི་ནུས། ། དེ་ཕྱིར་གཟུགས་བརྙན་ཡེ་ཤེས་ནི།། རིས་སུ་བྲིས་དང་ལུགས་སུ་བླུགས།། འབུར་དུ་བཀོད་ལ་སོགས་པ་ཡིས།། གཟུགས་སྐུ་རང་ལ་བྱུང་བ་དང།། དངོས་སུ་སྤྲད་དུ་མི་འདོད་པས།། དེ་ཕྱིར་དྲང་དོན་ལྡེམ་དགོངས་སུ། ། ཞི་ཁྲོ་བསྒོམ་པ་ལྷ་ཚོགས་བསྟན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྔོན་དུ་གཟུགས་སྐུ་འབྱུང་བ་ཡང།། རང་རྒྱུད་ལུས་བཅས་མ་ཡིན་ཏེ།། རྒྱུད་དག་སྤྲུལ་པ་ཁ་ཅིག་ལས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ནི།། ཆགས་སྡང་ལྔ་དང་བཅས་པ་ཡི།། ཐ་མལ་རང་རྒྱུད་སེམས་འདི་ལ།། གཟུགས་སྐུ་ད་ལྟ་འབྱུང་མི་སྲིད།། ནམ་མཁའ་དངས་པར་ཉི་མ་འཆར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ད་ལྟ་གཟུགས་སྐུ་སྤྲོད་འདོད་ན།། མཚན་དང་དཔེ་བྱད་མ་ལུས་ཀུན།། རང་གི་ལུས་དང་ཚད་རྫོགས་པ།། ཞིང་ཁམས་ཡོན་ཏན་ཚད་མཐོང་དགོས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང།། སྐུ་གསུང་ཐུགས་ནི་མཉམ་དགོས་ན།
CLOSE WINDOW