| Wylie |
གཏེར་རྒྱ། གསང་རྒྱ། གཏད་རྒྱ། ཟབ་རྒྱ། རྒྱ་རྒྱ་རྒྱ། གསང་ངོ། ཟབ་བོ།། །། རྒྱ་གར་སྐད་དུ།། བཛྲ་ས་ཏྭ་ཤ་ཏ་ཨ་ཀྵ་ར་ཀ་ཨ་བྷི་ཥེ་ཀོཏྟ་མ་རཱ་ཛ་ཏནྟྲ་ནཱ་མ། བོད་སྐད་དུ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ཅེས་བྱ་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་ཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་འོག་མིན་རྡོ་རྗེའི་གནས་ཀྱི་དང་པོ་ན་བཞུགས་ཏེ། ཐུགས་རྡོ་རྗེ་བྱམས་པས་འགྲོ་བ་རྣམས་ལ་གཟིགས་པ་དང། བྱང་ཆུབ་ཀྱི་མྱུ་གུ་བསྐམས་པའི་སེམས་ཅན་རྣམས་གཟིགས་ཏེ། དེའི་ཚེ་དེའི་དུས་ན། ཕྱོགས་བཅུ་ཀུན་ནས་རྒྱལ་བ་འདུས།། བཀའ་བགྲོས་ཐུགས་རྗེའི་དོན་བསྒོ་བ།། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན།། འཇིག་རྟེན་འདོད་ཁམས་དམ་ཚིག་སྐྱོན།། ཉེས་བྱས་རྣམ་སྨིན་རྒྱུ་ལས་བཟློག། དེའི་གཉེན་པོ་ཁྱོད་ཉིད་ཡིན།། ཅེས་བསྒོའོ།། རྡོ་རྗེ་འཆང་བ་རྡོ་རྗེ་འཛིན།། ཉིད་དང་སྤྲུལ་པས་འདི་སྐད་གསུངས།། དུས་ལ་བབ་བམ་དེ་བཞིན་བགྱི།། ཉེས་བྱས་རྣམ་སྨིན་སྤྱད་པ་ནི།། ངན་སོང་ན་རག་གནས་ནས་དྲངས། ། དེ་ནས་སྟོན་པ་ཀུན་བཟང་དང།། ཀུན་རིག་རྣམ་པར་སྣང་མཛད་རྣམས།། མི་གཡོ་མཉམ་པའི་ངང་ལ་བཞུགས།། ཕྱོགས་བཅུའི་ཞིང་ཁམས་དེ་བཞིན་ནོ།། དེ་ནས་སྟོན་པ་རྡོ་རྗེ་སེམས།། གནས་ཀྱི་དང་པོ་འོག་མིན་དུ། ། ལག་ན་རྡོ་རྗེ་རྒྱལ་སྲས་འཁོར།། འཁོར་བ་ཐུགས་རྗེ་བཟུང་བའི་དུས།། འཁོར་བ་དོང་སྤྲུག་འགྱོད་ཚངས་གསུངས།། རྒྱུད་མཆོག་རྡོ་རྗེ་བརྒྱ་བ་དང།། དབང་མཆོག་རྒྱལ་པོའི་རྒྱུད་འདི་གསུངས། ། སློབ་དཔོན་སློབ་མས་ཉེས་བྱས་པའི།། གཅེར་བུ་ལུས་སྲུལ་ན་ར་ཀ། པྲེ་ཏ་ཀ་དང་ཏིརྱ་ཀ། རིམ་པ་བཞིན་དུ་དོན་བྱེད་དེ།། ནརྀ་དང་དེ་བ་ཨ་སུ་ར།། དྲུག་གི་གནས་ནས་དོན་བྱེད་པའི།། དབང་མཆོག་རྒྱལ་པོའི་བསྟན་པ་འབྱུང། ། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་དབང་མཆོག་རྒྱལ་པོའི་རྒྱུད་ལས། གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་དང།། སྤྲུལ་པ་ལག་ན་རྡོ་རྗེ་ཡིས། ། འཇིག་རྟེན་རྒྱལ་བ་རབ་འབྱམས་དང།། རྒྱལ་སྲས་སྤྲུལ་པ་འདུས་པ་རྣམས།། དམ་ཚིག་རྩ་བ་ཉམས་པ་ཡི།། སློབ་མས་སློབ་དཔོན་ཉེས་བྱས་དེ།། འདུལ་དང་འདྲེན་པའི་དུས་བབ་བམ།། འགྲོ་འདུལ་ཐུགས་རྗེས་གཟིགས་ལགས་ན། ། ཉེས་སྐྱོན་སྔོན་བྱུང་ཅི་ཡི་རྒྱུ།། ཞེས་མཁྱེན་བཞིན་དུ་སྨྲས་པ་དང།། ཀུན་བཟང་རྡོ་རྗེ་རྣམ་སྣང་གིས།། སྤྲུལ་པ་གཉིས་ལ་བཀའ་སྩལ་པ།། རྒྱལ་སྲས་འཁོར་འདུས་སྔོན་བྱུང་ནི། ། འཇིག་རྟེན་མི་མཇེད་ཞིངས་ཁམས་འདིར།། བྲམ་ཟེ་དུང་གི་ཕྲེང་བ་ཅན།། རྒྱལ་བ་རྣམས་ལ་སྙེན་བཀུར་བའི།། རིག་པའི་གནས་ལ་མཁས་པ་ཡི།། བྱང་ཆུབ་སེམས་དཔའི་རིགས་ཅན་གཅིག། བས་མཐའི་དུར་ཁྲོད་གནས་ན་བསྒྲུབ། ། མཁས་པ་ཀུན་གྱི་སེང་གེར་གྱུར།། ཡུལ་ཁམས་སྐྱོང་བའི་རྒྱལ་པོའི་བུས།། བསླབས་སྦྱངས་རིག་པ་རྫོགས་བྱས་པས།། རྒྱལ་བུའི་གོང་ན་བྲམ་ཟེ་གནས།། རྒྱལ་བུ་ཕྲག་དོག་སེམས་ངན་སྐྱེས། ། བླ་མ་བྲམ་ཟེ་སྒྲུབ་པ་ལ།། མཁའ་འགྲོའི་ཚོགས་ཀྱིས་བརྡའ་བསྟན་པ།། རྣལ་འབྱོར་གསེར་སྣོད་དུག་གཡོས་པ།། དུག་ཅན་སྣོད་ལ་འབྲོས་པར་འོས།། ཉེས་སྐྱོན་ལུས་སེམས་འབྲལ་བར་ངེས། ། ཞེས་བྱའི་དམ་ཚིག་བརྡའ་གཏོང་བྱས།། རྣལ་འབྱོར་པ་ནི་བསྒོམ་ལ་བཞུགས།། དེ་ནས་རྒྱལ་བུས་བྲམ་ཟེ་བོས།། མྱོས་ཆང་བླུད་ནས་རྔན་བྱས་པ།། དབང་པོའི་དངས་མ་མིག་ལ་ཡང།། ལྕགས་ཀྱི་ཐུར་མ་ཕྲ་མོས་གཙག། ཚིག་སྒོ་གསལ་བྱེད་ལྕེ་ཡང་ནི།། ལྕགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད།། ལུས་ནི་རུས་སྦལ་ཁྲག་གིས་བྱུགས།། བཙོག་ལ་སྨེ་བའི་བུད་མེད་ཀྱིས།། ལུས་ལ་བརྫི་བཅག་མཉེ་བར་བྱས།། རྐང་པའི་སྒྱིད་པ་མཚོན་གྱིས་བཅད། ། ལག་པའི་སྲན་ཚོ་དེ་བཞིན་བྲེག། དེ་ལྟ་རྔན་བྱས་བཞག་པ་ན།། བྲམ་ཟེ་དྲན་པ་སངས་པ་ལས།། མིག་མེད་སྨྲ་རུ་ལྕེ་ཡང་མེད།། འགྲོ་བའི་རྐང་མེད་ལུས་སྟོབས་བྲལ།། འགུལ་བའི་སྟོབས་མེད་བུད་མེད་བརྫིས། ། རུས་སྦལ་ཁྲག་བྱུགས་ཆུ་བུར་དང།། རྐང་པ་ལ་སོགས་ནད་རྣམས་བྱུང།། དྲན་པ་རང་ཡང་རབ་རིབ་འདུག། རྟབས་ཏེ་བྲམ་ཟེ་བསམ་པ་ལ།། འདི་ལྟར་བདག་ལ་འདི་བྱུང་བ།། སྔ་མའི་ལས་ཀྱི་རྣམ་སྨིན་ནམ། ། འོན་ཏེ་གཞན་གྱི་ཕྲག་དོག་གམ།། མཉམ་པར་བཞག་སྟེ་བལྟས་པ་ལས།། རང་གི་རྒྱལ་བུས་རྔན་བྱས་མཐོང།། དེ་ནས་བྲམ་ཟེ་དམོད་པ་བོར།། ཀྱེ་མ་ཀྱེ་ཧུད་རྒྱལ་བུ་ཁྱོད།། ལོ་དང་ཟླ་བར་བསླབས་སྦྱངས་ནས། ། རིག་པའི་གནས་ལ་མཁས་བྱས་པའི།། ལན་དུ་འདི་འདྲ་མངན་བྱེད་པ།། ཁྱོད་ཀ་སྐྱེ་བ་གཅིག་འདིར་ཡང།། ཚེ་ཐུང་ནད་ཀྱིས་ལུས་གཟིར་ལ།། སེམས་ཅན་སྲུལ་པོ་གཅིག་ཏུ་སྐྱེས།། དམུས་ལོང་ལྐུགས་པ་མཛེ་ལྷོག་དང། ། ཤབ་ཀྲ་བལ་ལྡག་ཆུ་བུར་དང།། རྐང་ལག་ཞ་འཁུམས་དབུལ་པོ་དང།། ལུས་ལ་ཤ་ཟའི་ཚང་འཆར་ཤོག། ཚེ་འཕོས་ནས་ཀྱང་ན་རག་གནས།། ཁ་འཁོར་སྡུག་བསྔལ་ཐར་མེད་ཤོག། དེ་ལས་ཐར་ནས་པྲེ་ཏ་ཀ། ཏིརྱ་ཀ་ཡི་ཁ་འཁོར་ཤོག། དུས་དང་ཚེ་རབས་ཐམས་ཅད་དུ།། འཕགས་པའི་ཞལ་ནི་མི་མཐོང་ཞིང།། བྱང་ཆུབ་མྱུ་གུ་སྔོ་བསྐམ་ཤོག། ཅེས་དམོད་པ་བོར་རོ།། ཉེས་བྱས་དམ་ཉམས་རྒྱལ་པོ་དེ། ། དེ་ནས་ཚེ་ནི་མྱུར་དུ་ཡང།། ལུས་ལ་ནད་སྣ་མང་པོས་འཕོས།། རང་གི་ཉེས་བྱས་རྣམ་སྨིན་དང།། བྲམ་ཟེའི་དམོད་པ་སྨིན་ལམ་གྱིས།། སེམས་ཅན་ལུས་སྲུལ་གཅེར་བུར་སྐྱེས།། ལུས་ལ་ནད་སྣ་སྣ་ཚོགས་བྱུང། ། ཤ་ཟ་སྟོང་གིས་ཚང་ཡང་བཅས།། བྱང་ཆུབ་མྱུ་གུ་སྔོ་བསྐམས་ནས།། ན་རག་གནས་ན་སྡུག་བསྔལ་སྤྱོད།། ཚ་གྲང་བརྡུང་བཙོག་གཤེག་གཏུབས་ལས།། དེ་བཞིན་པྲེ་ཏ་ཏིརྱ་འཁོར།། རྣམ་སྨིན་སྡུག་བསྔལ་དེ་སྤྱོད་པས། ། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན།། ཐུགས་རྗེ་ཆེན་པོ་དེ་ལས་དྲོངས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། སྔོན་བྱུང་གི་རྒྱུ་རྐྱེན་གཏམ་རྒྱུད་ཀྱི་ལེའུ་སྟེ་གཉིས་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་དང།། ལག་ན་རྡོ་རྗེ་སྟོབས་ཆེན་གྱིས།། སྐད་མཐུན་ཚིག་སྒོ་གཅིག་པ་ཡིས།། རྒྱལ་བའི་ཚོགས་ལ་འདི་སྐད་བརྗོད།། དེ་ལྟར་འདུལ་བའི་དུས་ཡིན་ན། ། ཐབས་མཆོག་གང་གིས་དྲང་བར་བྱ།། སླར་གསོལ་པ་དེ་བསྟན་དུ་གསོལ།། ཞེས་ཞུས་པ་ལས། ཀུན་བཟང་རྡོ་རྗེ་རྣམ་སྣང་གིས།། སྤྲུལ་པ་ཉིད་ལ་བཀའ་སྩལ་པ།། ལེགས་སོ་སེམས་དཔའ་རྡོ་རྗེ་འཛིན། ། མཁྱེན་པར་གྱུར་ཀྱང་ཞུས་པ་ལེགས།། རིག་པ་འཛིན་པ་རིགས་ཀྱི་བུ།། གསང་སྔགས་དམ་ཚིག་ཉམས་པ་ལ།། ན་རག་དོང་ནས་སྤྲུག་པ་ཡི།། འགྱོད་ཚངས་བཤགས་པའི་རྒྱལ་པོ་སྒྲོགས།། ཆོས་ཉིད་དོན་གྱི་སྒྲོན་མ་ཐེག། ལུས་ངག་ཡིད་ཀྱི་བརྩོན་འགྲུས་ཕྱུང།། སྐུ་གསུང་ཐུགས་ཀྱི་ཚངས་པ་ཐོབ།། ངན་སོང་དོང་སྤྲུག་སྐུ་གསུམ་མཐོང།། ཕྱི་ནང་གསང་བའི་དབང་བསྐུར་གྱིས།། རྒྱུད་དྲུག་གནས་ནས་ངེས་པར་དྲོངས། ། ཡེ་ཤེས་ལྔ་ལྡན་ཆོས་སྐུ་ཐོབ།། ཡུལ་མེད་མིང་གི་སྒྲོ་འདོགས་ཆོད།། གསང་སྔགས་བླ་མེད་རྡོ་རྗེ་ལ།། ཐབས་མཆོག་བླ་ན་མེད་པ་བཞུགས།། ཉན་ཐོས་རང་རྒྱལ་ལྟ་བུ་མིན།། དཔེར་ན་ཉན་ཐོས་འདུལ་ཁྲིམས་ནི། ། རྫ་གསར་སོ་མ་བཏང་པ་འདྲ།། ཆག་པར་གྱུར་ན་གསོ་ཐབས་མེད།། གསང་སྔགས་རྡོ་རྗེ་ཐེག་པ་འདི།། རིན་ཆེན་གསེར་འདྲ་རྒྱུ་མཆོག་བཟང།། གསེར་དངུལ་སྣོད་འདྲ་ཞོམས་ཡང་བཅོས།། སྔོན་མ་བཞིན་དུ་ལེགས་པར་སོས། ། དེ་བཞིན་གསང་སྔགས་དམ་ཚིག་གི།། ཉམས་ཆག་བྱུང་ཡང་གསོ་ཐབས་ཡོད།། སྦྱང་ཐབས་ཡངས་སོ་ཐབས་སྒོ་མང།། རྣལ་འབྱོར་སྤྱི་ཁྲུས་ངན་སོང་དོང་སྤྲུག་བརྗོད།། དབང་མཆོག་རྒྱུད་དྲུག་སྐྱེ་སྒོ་ཆོད། ། ཡུལ་མེད་སྒྲོ་འདོགས་གཉིས་མེད་ཆོད།། ཅེས་ལུང་བསྟན་ནོ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། ཉམས་པ་གསོ་ཐབས་ལུང་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་དང།། ལག་ན་རྡོ་རྗེ་འཛིན་པ་ཡིས།། སངས་རྒྱས་སྟོང་ལ་འདི་སྐད་གསོལ།། ཀྱེ་ཀྱེ་རྒྱལ་བ་རྒྱ་མཚོའི་ཚོགས།། གསང་སྔགས་བླ་མེད་རྡོ་རྗེ་ལ།། དམ་ཚིག་བསྡུས་རྒྱས་ཇི་ལྟར་ལགས། ། བསྲུང་སྡོམ་ཉམས་པ་ཇི་ལྟར་བསྐང།། ཞེས་མཁྱེན་བཞིན་དུ་ཞུས་སོ།། རྒྱལ་བ་འདུས་པས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན།། གསང་སྔགས་འབྲས་བུའི་ཐེག་པ་ལ།། དམ་ཚིག་རྩ་བ་རྣམ་པ་གསུམ། ། སྐུ་དང་གསུང་དང་ཐུགས་གསུམ་མོ།། ཡན་ལག་དམ་ཚིག་ཉི་ཤུ་ལྔ།། མི་སྤང་ལྔ་དང་བླང་བ་ལྔ།། ཤེས་པར་བྱ་བ་ལྔ་དང་ནི།། སྤྱད་བྱ་ལྔ་དང་བསྒྲུབ་བྱ་ལྔ།། གཞན་ཡང་ཉིང་ལག་བསམ་ལས་འདས། ། འབུམ་སྡེ་ལ་སོགས་དམ་ཚིག་ཀྱང།། རྩ་བ་ཡན་ལག་ཤེས་པར་བྱ།། བསྙེན་བསྒྲུབ་རྣམ་བཞིའི་སྒོར་ཞུགས་པས།། དམ་ཚིག་དེ་དག་བསྲུང་བར་བྱ།། སློབ་དཔོན་ཡི་དམ་སློབ་མ་མཆེད།། ལེགས་པར་བསྲུང་དང་བསྲུང་དུ་མེད། ། ཡན་ལག་ཉི་ཤུ་རྩ་ལྔ་ཡང།། རྩ་བའི་དམ་ཚིག་གསུམ་དུ་འདུས།། ལུས་ངག་ཡིད་གསུམ་བག་ཡོད་བྱ།། ཆག་ཉམས་ཐམས་ཅད་གསུམ་ལས་བྱུང།། སྐུ་གསུང་ཐུགས་ཀྱི་ལུས་ངག་ཡིད། ། བྱིན་བརླབ་བཤགས་སྦྱང་སྤང་བསྒྲུབ་དང།། རང་འཁྲུངས་རྡོ་རྗེ་གསེར་ཉིད་དོ།། ཡིད་ཀྱི་སྒོ་ནས་ཆག་ཉམས་བྱུང།། ཐུགས་ཀྱི་ལྟ་བས་བཤགས་པར་བྱ།། ལྟ་བ་ལོག་པ་ཉམས་པ་ཆེ།། ཡིན་པ་མེད་པ་ལྟ་བའི་མཆོག། ཡིད་ཀྱི་བཤགས་ཐབས་ཆེན་པོ་ཡིན།། ལུས་ཀྱི་སྒོ་ནས་ཆག་ཉམས་ན།། ཕྱག་རྒྱ་སྐུ་ཡི་བསྒོམས་པས་བཤགས།། ཕྱོགས་སུ་འཛིན་པ་ཉམས་པ་ཆེ།། ཡེངས་པ་མེད་པ་སྒོམ་པའི་མཆོག། དེ་ནི་ལུས་ཀྱི་བཤགས་ཐབས་ཡིན། ། ངག་གི་སྒོ་ནས་ཆག་ཉམས་ན།། སྔགས་དང་འདོན་བརྗོད་སྤྱོད་པས་བཤགས།། ཚུལ་འཆོས་སྤང་བླང་ཉམས་པ་ཆེ།། ཡིན་མིན་མེད་པ་སྤྱོད་པའི་མཆོག། མཛད་སྤྱོད་དག་གི་བཤགས་ཐབས་ཡིན། ། དེ་ལྟར་དམ་ཚིག་གསུམ་བཤགས་ན།། ཉི་ཤུ་རྩ་ལྔ་མ་བྱུང་མ་སྐྱེས་ཏེ།། ཡན་ལག་དམ་ཚིག་བཤགས་སུ་མེད།། ཅི་སྟེ་བསྲུང་བྱ་སྲུང་བྱེད་མེད།། སྐྱེ་མེད་དམ་ཚིག་ཤེས་པར་གྱིས།། ཞེས་གསུངས་སོ། ། དབང་མཆོག་རྒྱལ་པོའི་རྒྱུད་ལས། དམ་ཚིག་མཚོན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེ་སྲུལ་པོ་དེའི་གམ་དུ་བྱོན་ནས་མནར་མེད་ཉམ་ཐག་དེ་ལ་འདི་སྐད་ཅེས་བསྒྲགས་སོ། ། ན་ར་ཀ་བྷུ་ཏ་ཙཀྵུ་པྲ་བེ་ཤ་ཡ་ཨ་ཨ་ཞེས་བསྒྲགས་པས། དེ་ནས་ལས་ངན་སེམས་ཅན་དེས།། སྔོན་གྱི་ལས་ངན་དྲན་གྱུར་ཏེ།། སྡུག་བསྔལ་གནོང་ནས་འགྱོད་པ་སྐྱེས།། རྡོ་རྗེ་གཉིས་ལ་ངོ་སྨད་དེ། ། ཀྱེ་མ་ཀྱེ་ཧུད་ཀྱི་ཧུད་ནོངས།། འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག། ཐབས་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ།། སླད་ནས་མི་འཆབ་མི་བགྱིད་དོ།། ཞེས་སྨྲེ་སྔགས་ཕྱུང་བ་ལས། དེ་ནས་སངས་རྒྱས་རྡོ་རྗེ་སེམས་དཔས་སེམས་ཅན་ལས་ངན་དེའི་རྣ་ལམ་དུ་འགྱོད་ཚངས་ཀྱི་རྒྱལ་པོ་ན་རག་དོང་སྤྲུག་འདི་བཀའ་སྩལ་པ། ཉོན་ཅིག་ལས་ངན་སེམས་ཅན་ཁྱོད།། འགྱོད་སེམས་ཕྱུང་ལ་ཡིད་གཏོད་ཅིག། ངག་སྒོ་གསལ་བརྗོད་བརྐྱང་ཕྱག་འཚོལ། ། ཞེས་གསུངས་ནས་འདི་བརྗོད་དོ།། དུས་གསུམ་འཇིག་རྟེན་རབ་འབྱམས་ཀྱི།། རྒྱལ་བ་རྒྱ་མཚོ་རྣམས་ལ་ཕྱག་འཚལ་ལོ།། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང།། བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག། ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ།། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང།། གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ།། ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། ། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ།། ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ།། དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མ།། རིགས་ལྔའི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། ། རྣམ་ཤེས་དབང་པོ་དག་པའི་ཐུགས་དང་གསུང།། བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ།། སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ།། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། ། མཁའ་མཉམ་མཆོད་པས་རྒྱལ་བ་རྒྱ་མཚོ་མཆོད།། བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་ཚལ་ལོ།། མེ་ཏོག་བདུག་པ་མར་མེ་དྲི་ཆབ་ཀྱིས།། རྒྱལ་བ་རྒྱ་མཚོ་རྣམས་ལ་འཆོད་འབུལ་མ།། མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། ། དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ།། ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང།། ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ།། རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། ། རྡོ་རྗེ་སྒོ་མ་བཞི་ལ་ཕྱག་འཚལ་ལོ།། སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་འདུལ་བའི་གཙོ།། ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང།། བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། ། གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ།། མཉེན་ལྕུགས་འཁྲིམ་ལྡེམ་གཞོན་ཚུལ་ཞི་བའི་ཚོགས།། རྒྱལ་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ།། དེ་ལྟར་གུས་པས་ཕྱག་འཚོལ་ཞིག། རང་བཞིན་སྒྱུ་འཕྲུལ་ལྷ་ཚོགས་ལ། ། གང་ཞིག་གུས་པས་ཕྱག་བཙལ་ན།། ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཞི་བའི་ལེའུ་སྟེ་ལྔ་པའོ།།།། ཡང་བཀའ་སྩལ་པ། བརྩོན་འགྲུས་ཕྱུངས་ཤིག་ལས་ངན་སེམས་ཅན་ཁྱོད།། འདི་རྣམས་དཔང་དུ་གསོལ་ལ་ཕྱག། ཚིག་གསལ་ལུས་གུས་མོས་པས་འཚོལ།། སྒྱུ་འཕྲུལ་ཆེན་པོའི་དཀྱིལ་འཁོར་ནི།། ཞི་བ་ཆོས་ཉིད་ངང་ལས་མ་གཡོས་ཀྱང། ། ཕྲིན་ལས་མཐར་ཕྱིན་ཐབས་མཆོག་ཁྲོ་བོའི་ཚུལ།། འབར་བ་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ།། ཧོ་རང་རིག་ཐབས་ཀྱི་རྒྱལ་པོ་མཆོག། སངས་རྒྱས་སྤྱི་དཔལ་ཁྲོ་བོའི་རྗེ།། ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། འཇིག་རྟེན་འདས་པའི་དུས་ན་མངོན་འབྱུང་བ།། གདུག་པ་འདུལ་ཕྱིར་དུས་ལས་མི་མདའ་བའི།། དཔའ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། རང་བཞིན་དག་པའི་དབྱིངས་ཉིད་ལས།། དཔལ་འབར་རྔམ་པའི་ཆ་ལུགས་ཅན། ། ཁྲོ་མོ་གནམ་ཞལ་མ་ལ་ཕྱག་འཚལ་ལོ།། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང།། མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ།། གདུག་པ་འདུལ་མཛད་ཁྲོ་མོ་རྣམས་ལ་ཕྱག་འཚལ་ལོ།། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ན། ། ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས།། ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ།། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང།། འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་པ་མོ། ། ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོག་མ་བཞི།། ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང།། སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ།། དཔལ་གྱི་འཁོར་ཚོགས་བཛྲ་ཨ་རལླི། ། མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ།། རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ།། ཕྱོགས་བཅུའི་དྲེག་པ་བསྣོལ་བའི་གདན་སྟེང་ན།། ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང། ། བདུད་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་ལོ།། ཁྲོ་རྒྱལ་སྐུ་ལ་གཉིས་མེད་ཚུལ་འཁྲིལ་མ།། ཕ་རོལ་ཕྱིན་བཅུ་ས་ལམ་དགེ་རྫོགས་མ།། འཇིགས་བྱེད་རྔམ་པའི་ཁྲོ་མོ་བཅུ་ལ་ཕྱག་འཚལ་ལོ། ། དམིགས་མེད་ཐབས་ཀྱི་ཁྲོ་བོའི་སྐུ་གཟུགས་སྟོན།། སྐུ་མདོག་ཕྱག་མཚན་ཅིང་ཡང་སྤྲུལ་ཞིང་བསྒྱུར།། རོལ་པ་ཁྲག་འཐུང་རྣམས་ལ་ཕྱག་འཚལ་ལོ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཐབས་མཆོག་ཁྲོ་བོའི་ལེའུ་སྟེ་དྲུག་པའོ།།།། ཡང་བཀའ་སྩལ་པ། ལས་ངན་སེམས་ཅན་ཁྱོད། ལུས་ངག་ཡིད་གསུམ་བརྩོན་འགྲུས་ཕྱུང།། དཀྱིལ་འཁོར་ལྷ་རྣམས་དཔང་གསོལ་ལ།། གུས་པས་དཀྱིལ་འཁོར་ལྷ་ལ་མཐོལ། ། དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།། ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ།། ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ།། མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ།། མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། ། ཐབས་མཆོག་འཇམ་དཔལ་དམར་ནག་སྐུ་ལ་ཕྱག་འཚལ་ལོ།། སྐྱོན་མེད་སྒྲ་སྒྲོག་པདྨའི་གསུང་ལ་ཕྱག་འཚལ་ལོ།། ཉེས་པའི་ནད་སེལ་བདུད་རྩི་སྨན་ལ་ཕྱག་འཚལ་ལོ།། དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། ། ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པའི།། སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ།། འབྱུང་བ་ལྔ་ལ་མངའ་བརྙེས་པ།། རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ། ། རང་བཞིན་དབྱིངས་ནས་གྲུབ་པ་མོ།། དབྱིངས་ཕྱུག་ལྔ་ལ་ཕྱག་འཚལ་ལོ།། རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ།། མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ།། ག་ཎ་པ་ཏིའི་སྤྲུལ་པ་སྟེ།། གིང་ཕོ་རྣམས་ལ་ཕྱག་འཚལ་ལོ། ། ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ།། གིང་མོ་རྣམས་ལ་ཕྱག་འཚལ་ལོ།། འཇིག་རྟེན་ཁམས་ལ་མངའ་མཛད་མ།། འཇིགས་བྱེད་དཔལ་འབར་རལ་པ་ཅན།། འདོད་པའི་རོ་ལ་ཆགས་པ་མོ།། མ་མོའི་ཚོགས་ལ་ཕྱག་འཚལ་ལོ། ། ལེགས་ཉེས་ལྟང་འཛིན་དམ་ཚིག་རྗེས་གཅོད་ཅིང།། བཀའ་བཞིན་སྒྲུབ་པའི་གྲོགས་མཛད་པ།། དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ནོངས་པ་དཔང་གསོལ་ཕྱག་གི་སྐབས་ལས། དཀྱིལ་འཁོར་འདུས་པའི་ལེའུ་སྟེ་བདུན་པའོ།།།། བཀའ་སྩལ་པ། གང་གིས་སྒྱུའཕྲུལ་ཁྲོ་བོ་ཡི།། དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། ། ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཏེ།། མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང།། ན་རག་གནས་ཀྱང་དོང་སྤྲུགས་ཏེ།། རིག་འཛིན་རྒྱལ་བའི་ཞིང་དུ་གྲགས།། དེ་སྐད་ཅེས་བསྒྲགས་པ་དང།། དམྱལ་བའི་གནས་ཀྱི་སེམས་ཅན་དེ། ། དྲན་པ་སླར་ནི་རྙེད་པར་གྱུར།། སྡུག་བསྔལ་སྐབས་དེ་ཞི་བ་ལས།། རྡོ་རྗེ་སེམས་དཔས་འདི་སྐད་གསུངས།། ཞིང་ཁམས་རྒྱལ་བ་རྒྱ་མཚོ་དགོངས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། མཚམས་མེད་ཉེས་བྱས་རྣམ་སྨིན་བྱང།། གསང་སྔགས་དམ་ཚིག་སོ་རུ་ཆུད།། མི་དགེ་ཕལ་པ་སྨོས་ཅི་དགོས།། གང་ཞིག་གནད་ཀྱིས་ཉེན་གྱུར་ཀྱང།། སྡུག་བསྔལ་དེ་ལས་ངེས་པར་གྲོལ།། འགོ་བའི་ནད་རིམས་བྱུང་བའི་ཚེ། ། བདག་ཉིད་ཡི་དམ་གསལ་བ་ཡིས།། སྙིང་པོ་འདི་བརྗོད་དེས་མི་ཚུགས།། གང་ཞིག་ངན་སྔགས་མཚོན་བརྡེག་ཀྱང།། སྙིང་པོ་འདི་བརྗོད་རང་ལ་ལྡོག། དོན་གཉེར་ལམ་འགྲོ་འདི་བརྗོད་ན། ། འཇིགས་པའི་དགྲ་ལས་ངེས་པར་གྲོལ།། གདོན་འཇིགས་བགེགས་ཀྱིས་འཚེ་བའི་ཕྱིར།། རིག་པ་འདི་བརྗོད་གདོན་དེ་འཇིལ།། སེམས་ཅན་གང་ཞིག་བུ་འདོད་ཀྱང།། རིག་པ་འདི་ལས་རབས་དེ་ཟིན།། ཉོན་མོངས་དབུལ་ཞིང་ཕོངས་པས་ཀྱང། ། སྙིང་པོ་འདི་བརྗོད་རིན་ཆེན་རྙེད།། གང་ཞིག་འཁོར་སྡུད་འདི་བརྗོད་ན།། སྲིད་པ་གསུམ་ཡང་འཁོར་དུ་འདུ།། ཕྲིན་ལས་རྣམ་བཞི་ངེས་པར་བགྲུབ།། ཉམས་སྒྲིབ་ཐམས་ཅད་འདག་བྱེད་པའི། ། ཡི་གེ་བརྒྱ་པ་བདག་གིས་བརྗོད།། ཆག་ཉམས་ཐམས་ཅད་འདི་ཡིས་བསྐངས།། ཞེས་སྨྲས་ཏེ།། ངན་སོང་དོང་ནས་སྤྲུགས་པ་འདི་བརྗོད་དོ།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ། ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨ། འདི་ནི་དུས་ལ་བབ་པའི་ཚེ།། གསུམ་མམ་བདུན་ནམ་བཅུ་བཞིའམ།། ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད།། ལྷ་བསྒོམ་གསལ་བས་བརྗོད་བྱས་ན།། ཆག་ཉམས་ཐམས་ཅད་བསྐང་བར་བྱེད། ། ངན་སོང་གསུམ་ལས་ཐར་བར་འགྱུར།། ཡིད་དམ་དག་ཏུ་འདི་བརྗོད་ན།། དུས་གསུམ་རྒྱལ་བའི་སྲས་སུ་འགྱུར།། ཞེས་གསུངས་པས། ལས་ངན་སེམས་ཅན་དམྱལ་བ་རྣམས་ཀྱིས།། མགོན་པོ་སེམས་དཔའ་ཨ་ལ་ལ་ཧོ། ཞེས་སྨྲས་སོ།། དེ་ནས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས། རྡོ་རྗེ་སེམས་དཔའ་ལ། ཐུགས་ཀྱི་ཡང་སྙིང་བརྗོད་པ་ཁྱོད། ཤིན་ཏུ་ལེགས་སོ།། བཤགས་པའི་རྒྱལ་པོ་བརྗོད་པ་ལེགས་སོ་ལེགས་སོ། ། ཞེས་གནང་བ་བྱིན་ནོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཡང་སྙིང་གསང་སྔགས་བཤགས་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཕྱག་ན་རྡོ་རྗེ་ཡིས།། ལས་ངན་སེམས་ཅན་དེ་ལ་ནི།། སྔགས་ཀྱི་སྣོད་དུ་རུང་བྱའི་ཕྱིར། ། དང་པོ་སེམས་བསྐྱེད་དད་བྱས་ནས།། བུམ་པའི་ལྷ་ཡི་དབང་བསྐུར་དང།། ན་རཀ་གནས་ནས་དྲང་བ་ཡི།། གསང་བ་སྔགས་ཀྱི་དབང་བསྐུར་རོ།། བུམ་པ་རྫས་དང་ལྡན་ཐོགས་ནས། ། ལས་ངན་དེ་ཡི་གཙུག་ཏུ་བཞག། རིག་པའི་ཚིགས་བཅད་འདི་བརྗོད་དོ།། ཧཱུཾ། ཀུན་བཟང་ཡབ་ཡུམ་བུམ་པ་ན།། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས།། སེམས་ཅན་ཁྱོད་ལ་དབང་བསྐུར་བས། ། ན་རཀ་སྡུག་བསྔལ་བྲལ་བར་ཤོག། དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཧཱུ~ཾ་ཧཱུཾ་ཕཊཿ་ཧཱུཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ།། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ། བཛྲ་སཏྭ་ཨ། ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར་བས། དུས་དེར་ན་རཀ་གི་གནས་དེ་སྤྲུགས་པར་འགྱུར་རོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ན་རཀ་དོང་སྤྲུགས་ཀྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་སེམས་ཅན་ལས་ངན་དེ།། ཡི་དགས་གནས་སུ་ཡང་སྐྱེས་ཏེ། ། ཕྱི་ནང་གཉིས་ཀའི་སྡུག་བསྔལ་མྱོང།། རྣམ་སྨིན་ཡི་དགས་ཆེན་པོར་གནས།། དེ་ནས་ལག་ན་རྡོ་རྗེ་ཡིས།། ཡི་དགས་དེ་ཡི་རྩར་ཕྱིན་ནས།། ལས་ངན་དེ་ལ་འདི་སྐད་བསྒྲགས།། པྲེ་ཏ་ཀ་ཙཀྵུ་པྲ་བེ་ཤ་ཡ་ཨ། དེ་སྐད་རྣ་བར་བསྒྲགས་པ་ཡིས།། སྔོན་གྱི་ལས་ངན་ཡོངས་སུ་དྲན།། ཀྱེ་མ་ཀྱེ་ཧུད་མགོན་པོ་ཡིས།། ཐུགས་རྗེས་ཟུངས་ལ་བདག་སྐྱོབས་ཤིག། བདག་ལུས་སྒྲོལ་ལ་བདེ་ལ་འཁོད།། མགོན་པོས་མྱུར་དུ་མགོན་སྐྱབས་མཛོད།། ཅེས་གསོལ་བ་བཏབ་བོ།། དེ་ནས་ལག་ན་རྡོ་རྗེ་ཡིས།། རིན་ཆེན་སྒྲོམ་བུ་ཕྱག་ཐོགས་ནས།། ལས་ངན་དེ་ཡི་གཙུག་ཏུ་བཞག། རིག་པའི་ཚིགས་བཅད་འདི་བརྗོད་དོ།། ཨོཾ་རིན་ཆེན་སྒྲོམ་བུའི་བུམ་པ་ན། ། སངས་རྒྱས་ཞི་ཁྲོའི་ལྷ་ཚོགས་བཞུགས།། སེམས་ཅན་ཁྱོད་ལ་དབང་བསྐུར་བས།། པྲེ་ཏའི་སྡུག་བསྔལ་བྲལ་བར་ཤོག། པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཧཱུ~ཾ་ཧཱུཾ་ཕཊ། ཨཱཿཔདྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཱཀྶཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། པདྨ་ཤྲེ་ཡཾ་ཀུ་རུ་ཧཱུཾ་ཧཱུཾ། ཨཾ་ཨཾ། ཨ་ཨ། ཧཱུཾ་ཧོ་ཧེ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། པཱདྨཱ་མེ་མུཉྩ། བཱགྦྷ་བ། མ་ཧཱའ་ས་མ་ཡ་བཱ་ག་སཏྭ་ཨ། ཨཱཾ་ཨ་བྷི་ཥིཉྩ་ཨཱ། ཞེས་དབང་བསྐུར་བས། དུས་དེར་ཡང་ཡི་དགས་རིགས་གསུམ་ལས།། རྒྱུ་བ་གནས་པ་རྣམ་པར་སྨིན།། ཕྱི་ནང་གཉིས་ཀའི་སྒྲིབ་པ་ཅན། ། ཡི་དགས་གནས་དེ་ཉིད་ལས་ཐར།། མཐོང་ལོག་སྡུག་བསྔལ་ལས་གྲོལ་ལོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། པྲེ་ཏ་དོང་སྤྲུགས་ཀྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ལས་ངན་སེམས་ཅན་དེ།། བྱོལ་སོང་གནས་སུ་ཡང་སྐྱེས་སོ། ། བྱོལ་སོང་རིགས་བཞིར་ཡོད་པ་ལས།། གོར་མ་རྡོ་ཡི་འབུ་རུ་སྐྱེས།། སྔོན་གྱི་ཡན་ལག་བཅད་ལ་སོགས།། དེ་ཡི་རྣམ་པར་སྨིན་ལས་བྱུང།། རིགས་བཞིའི་མིང་ལ་དཔག་ཏུ་མེད།། བསྡུས་པས་སུམ་འབུམ་ཉི་ཁྲི་ཡོད། ། ཤིན་ཏུ་བསྡུས་པ་རིགས་བཞི་ཡིན།། དེ་དག་ཀུན་ཏུ་སྐྱེ་བ་ན།། དེ་ནས་ལག་ན་རྡོ་རྗེ་ཡིས།། སེམས་ཅན་དེ་ཡི་གམ་དུ་བྱོན།། ལས་ངན་དེ་ལ་འདི་སྐད་བསྒྲགས།། ཏིརྱ་ཀ་ཙཀྵུ་པྲ་བེ་ཤ་ཡ་ཨཱ། དེ་སྐད་སེམས་ཅན་དེས་ཐོས་པས།། སྔོན་གྱི་ལས་ངན་དེ་དྲན་ནས།། ཀྱེ་མ་ཀྱེ་ཧུད་བདག་འདྲ་ཞིག། ལས་ཀྱི་རྣམ་སྨིན་རང་ལ་སྨིན།། མགོན་པོ་ཐུགས་རྗེས་བདག་སྒྲོལ་ཅིག། ཞེས་གསོལ་བ་བཏབ་པ་དང། ། དེ་ནས་ལག་ན་རྡོ་རྗེ་ཡིས།། ལས་ངན་སེམས་ཅན་བྱོལ་སོང་ལ།། ཤེས་རབ་པོ་ཏི་ལག་ཐོགས་ཏེ།། ལས་ངན་དེ་ཡི་གཙུག་ཏུ་བཞག། རིག་པའི་བདེན་ཚིག་འདི་བརྗོད་དོ།། ཨོཾ་ཤེས་རབ་རིགས་པའི་པོ་ཏི་འདི། ། དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང།། སེམས་ཅན་ཁྱོད་ལ་དབང་བསྐུར་བས།། ཏིརྱའི་སྡུག་བསྔལ་གྲོལ་བར་ཤོག། སུ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊཿ་ཨོཾ་བུདྡྷ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བུདྡྷ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཀརྨ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བྷུདྡྷ་མཱ་མེ་མུཉྩ། བུདྡྷ་བྷ་བ། མ་ཧཱ་ས་མ་ཡ། བུདྡྷ་སཏྭ་ཨ། ཨོཾ་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་བ་དང། ཡང་དེའི་དུས་སུ་བྱོལ་སོང་གི་གླེན་ལྐུགས་བསད་བཅད་དང། ཉིང་ཤ་ཉིང་གིས་ཟ་བ་ལས་ཐར་ཏེ། འཁོར་བྱོལ་སོང་ཁྲི་སུམ་སྟོང་གིས་བདེ་བ་རྙེད་དོ། ། ལས་ངན་སེམས་ཅན་དེ་ཡང། རྡོ་རང་ཞིག་སྟེ་བྱོལ་སོང་གི་མུན་པ་ལས་ཐར་རོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཏིརྱ་ཀ་ངན་སོང་དོང་སྤྲུགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ལས་ངན་སེམས་ཅན་དེ།། ལྷ་མིན་གནས་སུ་སྐྱེས་ཏེ་ཡང།། འགྲོ་ལ་གནོད་སེམས་མཐོ་རིས་འཁྲུག། འཐབ་རྩོད་ལས་ལ་དགའ་ཞིང་ནད་རིམས་གཏོང།། མི་དགེའི་ལས་ངན་བར་གཅོད་གཏོང། སྒྲ་གཅན་ནག་པོ་བྱ་བར་སྐྱེས།། ལྷ་ལ་ཁོང་ཁྲོ་འཁྲུག་པ་བྱེད།། དཔུང་གི་སྟོབས་ཀྱིས་ཐམས་ཅད་བྲེད།། ལྷ་ཡུལ་དམག་འདྲེན་བསམ་གཏན་འཁྲུགས།། དེ་ནས་ལག་ན་རྡོ་རྗེ་ཡིས།། ལས་ངན་དེ་ལ་འདི་སྐད་བསྒྲགས། ། ཨ་སུ་ར་ཙཀྵུ་པྲ་བེ་ཤ་ཡ་ཨ།། སྒྲ་གཅན་ནག་པོས་དེ་ཐོས་ནས།། སྔོན་གྱི་ལས་ངན་དུས་དེར་དྲན།། མགོན་པོ་ཉིད་ལ་ངོ་དམའ་ཞིང།། གདུང་བའི་སྨྲེ་སྔགས་འདི་སྨྲས་སོ།། ཨེ་མ་བདག་འདྲའི་སེམས་ཅན་ཞིག། སྔོན་གྱི་ལས་ངན་དུས་འདིར་བྱུང།། ཀྱེ་མ་ཀྱེ་ཧུད་མགོན་པོ་ཡིས།། བདག་ལུས་ངན་པ་བསྒྲལ་དུ་གསོལ།། སྔར་བྱས་འགྱོད་དོ་མཐོལ་བཤགས་བསྡམ།། ཐུགས་རྗེས་ཟུང་ལ་དབང་བསྐུར་སྦྱོངས། ། སླད་ནས་བྱང་ཆུབ་མཆོག་ཐོབ་མཛོད།། ཅེས་གསོལ་བ་ཡང་བཏབ་བོ།། དེ་ནས་ཕྱག་ན་རྡོ་རྗེ་ཡིས།། ཕྱག་ན་གོ་མཚོན་ཐོགས་ནས་ནི།། ལས་ངན་དེ་ལ་དབང་བསྐུར་བསྒྲལ།། རིག་པའི་བདེན་ཚིག་འདི་བརྗོད་དོ། ། ཧཱ་ཤེས་རབ་དོན་མཚོན་རལ་གྲི་དང།། བདུད་ཀྱི་མཚོན་རྡུག་གོ་ཆ་ནི།། དུས་གསུམ་སངས་རྒྱས་རྣམས་ཀྱི་སྦྱོར་སྒྲོལ་ཏེ།། ཞི་ཁྲོ་རྒྱལ་བ་རྣམས་ཀྱི་ཕྱག་མཚན་འདིས།། སེམས་ཅན་ཁྱོད་ལ་དབང་བསྐུར་བསྒྲལ། ། ཨ་སུ་ར་ཡི་སྡུག་བསྔལ་བྲལ་བར་བྱ།། ཏྲི་སརྦ་དུ་ག་སརྦ་ཀརྨ་པྲ་བེ་ཤ་ཧཱུཾ་ཕཊཿ་ཧཱ་ཀརྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཀརྨ་སཏྭ། ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཀརྨ་ཤྲེ་ཡཾཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། ཀརྨ་མཱ་མེ་མུཉྩ། ཀརྨ་བྷ་བ། མ་ཧཱ་ས་མ་ཡ་ཀརྨ་སཏྭ་ཨ། ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་བས་ལྷ་མ་ཡིན་གཞན་རྣམས་ཀྱང་བྱམས་པའི་སེམས་རང་སྐྱེས། སྙིང་རྗེ་ཚད་མེད་པ་ལ་གནས་སོ། འཐབ་རྩོད་ཐམས་ཅད་དུས་དེར་ཞིའོ།། སྒྲ་གཅན་ནག་པོ་དུས་དེར་ལག་ན་རྡོ་རྗེས་བསྒྲལ་ལོ།། ལྷ་མ་ཡིན་གཞན་རྣམས་ཀྱང་དགའ་བའི་སེམས་ལ་གནས་ཏེ། སྐྱེ་བ་གཉིས་པ་དང་གཅིག་པ་ཤ་སྟག་ཏུ་གྱུར་ཏོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། སྒྲ་གཅན་ནག་པོའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་སྔར་གྱི་སེམས་ཅན་དེ། ། ལྷ་ཡི་གནས་སུ་སྐྱེ་བ་བླངས།། ལྷ་གནས་རྣམ་པ་གསུམ་ལས་ནི།། འདོད་ཁམས་སུམ་ཅུ་རྩ་གསུམ་གྱི།། དགེ་བའི་ངང་ཚུལ་བྱ་བར་སྐྱེས།། ལྷ་མོ་བདུན་དང་ལྷན་ཅིག་འགྲོགས།། འདོད་ཡོན་ཆགས་པ་ཅན་དེ་ལ། ། ལག་ན་རྡོ་རྗེས་འདི་སྐད་བསྒྲགས།། དེ་བ་ཙཀྵུ་པྲ་བེ་ཤ་ཡ་ཨ། དགེ་བའི་ངང་ཚུལ་དེ་ཐོས་ནས།། སྔོན་གྱི་ལས་ངན་སྐྱེ་བ་དྲན།། རང་གི་རྒྱན་བཀྲོལ་ལག་ན་ཐོགས།། འགྲོ་མགོན་ཉིད་ལ་ངོ་དམའ་ཞིང། ། ཀྱེ་མ་ཀྱེ་ཧུད་ཐུགས་རྗེ་ཆེ།། བདག་འདྲ་རྨོངས་པའི་འདུ་འཛི་ཅན།། དམ་ཚིག་རྩ་བ་ཉམས་པའི་སྐྱོན།། ངན་སོང་མཐོ་རིས་གནས་ན་འཁོར།། མི་འཆབ་འཐོལ་བཤགས་མེ་ཏོག་བཞེས།། དབང་བསྐུར་ལྷ་ཡི་གནས་ལས་སྒྲོལ། ། ཞེས་རང་གི་རྒྱན་ཕུལ་ལོ།། དེ་ནས་ལག་ན་རྡོ་རྗེ་ཡིས།། ང་རྒྱལ་ཕྲག་དོག་འཇོམས་བྱེད་པའི།། པི་ཝང་ལག་ཏུ་ཐོགས་ནས་ནི།། དགེ་བའི་ངང་ལ་དབང་བསྐུར་ནས།། རིག་པའི་བདེན་ཚིག་འདི་བརྗོད་དོ། ། ཨ་ལོངས་སྤྱོད་འདུ་འཛི་གཡེང་འཇོམས་པའི།། པི་ཝང་སྙན་པའི་དོན་བྱེད་འདིས།། དེ་བ་ཁྱོད་ལ་དབང་བསྐུར་བས།། སྐྱེ་བ་གཅིག་གི་ལས་རྫོགས་ཤོག། ཨ་སརྦ་ཏ་ཐཱ་ག་ཏ་བིངྷཱནྶ་ན་ཁཌྒ་ཙྪིན་དྷ་ཙྪིནྡྷ་ཧཱུཾ་ཕཊཿ་སྭཱ་རཏྣ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། རཏྣ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། རཏྣ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། རཏྣ་མཱ་མེ་མུཉྩ། རཏྣ་བྷ་བ་མ་ཧཱ་ས་མ་ཡ། རཏྣ་སཏྭ་ཨ། ཨཱ་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་བས། ལྷ་རྣམས་གཞན་ཡང་དགེ་བ་ལ་བརྩོན་འགྲུས་དང་ལྡན་པར་གྱུར་ཏེ། སྐྱེ་བ་གཅིག་པ་ཤ་སྟག་བྱུང་བར་གྱུར་ཏོ། ། དགེ་བའི་ངང་ཚུལ་ལྷའི་འཕོ་ལྟུང་ལས་དུས་དེར་གྲོལ་བར་གྱུར་ཏོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ལྷའི་བུའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ལས་ངན་སེམས་ཅན་དེ། ། གླིང་མཆོག་འཛམ་གླིང་མི་རུ་སྐྱེས།། སྐྱེ་བ་གཅིག་པའི་བྱང་ཆུབ་སེམས།། རིག་འཛིན་གསང་སྤྱོད་རྣལ་འབྱོར་ཏེ།། སྔར་བྱས་ལས་ཀུན་དྲན་པ་ཅན།། རིག་པའི་བློ་ཅན་སྔོན་སྦྱངས་སྟོབས། ། འགྱོད་སེམས་དྲག་པོས་དཀའ་ཐུབ་སྤྱོད།། འཕགས་པ་བླ་མ་མཉེས་པར་བྱེད།། གསང་བདག་ལག་ན་རྡོ་རྗེས་ཀྱང།། ངན་སོང་སྦྱོང་བའི་རྒྱུད་དབང་བསྐུར།། བུམ་པ་ཐབས་ཤེས་གསང་ཚིག་གིས།། དབང་མཆོག་བསྒྲུབ་པ་དེ་ལ་བསྐུར། ། འགྲོ་དྲུག་སྐྱེ་སྒོ་གཅད་པའི་ཕྱིར།། རང་རྒྱུད་སྦྱོང་བའི་སྔགས་བརྗོད་པ།། ཧཱུཾ་ནི་བི་ཤ་མུ་ཙ་ལ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊཿ་དེ་ནས་དམ་ཚིག་ཉམས་པ་གསོ་བྱའི་ཕྱིར།། བཤགས་པའི་རྒྱལ་པོ་ཡི་གེ་བརྒྱ་པ་བཤད། ། ཡི་དམ་ལྷ་ནི་གསལ་བྱས་ལ།། འཕྲོ་འདུས་འགྱོད་སྦྱང་ཚར་བཅད་བྱ།། རྒྱལ་བ་ཞི་ཁྲོ་དཔང་གསོལ་ནས།། ཕྱག་འཚལ་མོས་གུས་བཤགས་བྱས་ལ།། གསང་སྔགས་འབྲུ་བརྒྱའི་བཤགས་པ་བཤད་དོ། ། ཧཱུཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ། ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ། བཛྲ་སཏྭ་ཨ། ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཨ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨ། སྭཱ་རཏྣ་ཨ་བྷི་ཥིཉྩ་ཨ། ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨ། ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ། ཞེས་ཕྱག་མཚན་དུ་རིན་ཆེན་པར་བུ་དང། གསེག་ཤང་དང། རྡོ་རྗེ་དང། འཁོར་ལོ་དང། རིན་པོ་ཆེ་དང། པདྨ་དང། རྒྱ་གྲམ་དང། རལ་གྲི་ལ་སོགས་པས་དབང་བསྐུར་རོ།། བདེན་པའི་ཚིགས་བཅད་འདིའོ། ། ཧཱུ~ཾ་རིན་ཆེན་པར་བུའི་བུམ་པ་ན།། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས།། རིགས་ཀྱི་བུ་ལ་དབང་བསྐུར་བས།། ལྷ་དབང་ལུས་ལ་ཐོབ་པར་ཤོག། ཧཱུཾ་གསེག་ཤང་སིལ་ཁྲོལ་སྒྲ་སྒྲོག་འདི།། ཐུགས་རྟགས་ཞི་ཁྲོའི་ལྷའི་བརྡའ། ། རིགས་ཀྱི་བུ་ལ་དབང་བསྐུར་བས།། ཨ་བ་དྷཱུ་ཏཱིའི་དབང་ཐོབ་ཤོག། རྡོ་རྗེ་འཁོར་ལོ་རིན་ཆེན་དང།། པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས།། རིགས་ཀྱི་བུ་ལ་དབང་བསྐུར་བས།། འཁོར་ལོ་ལྔ་ཡི་ལྷ་རྫོགས་ཤོག། ཅེས་སྔགས་དང་ཏིང་འཛིན་ཚིགས་བཅད་ཀྱིས།། རིག་འཛིན་དེ་ལ་དབང་བསྐུར་བས།། ལྷ་དབང་ལུས་ལ་ཐོབ་པར་གྱུར།། རང་ལུས་རྒྱལ་བའི་སྐུར་རྫོགས་ཀྱང།། མྱ་ངན་འདས་པའི་དོན་མ་རྟོགས། ། རྟོག་བཅས་ལྷ་ཡི་དབང་ཞེས་བྱ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ལྷ་དབང་ལུས་ལ་བསྐུར་བའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་རྡོ་རྗེ་འཛིན་པ་ཡིས།། སྣོད་ལྡན་སློབ་བུ་དེ་ལ་ནི། ། ཐབས་ཀྱི་དབང་བསྐུར་བརྡའ་རུ་བསྟན།། ཤེས་རབ་དབང་བསྐུར་ཤེས་སམ་བལྟས།། གསང་བའི་དབང་བསྐུར་རང་ཉམས་བསྟན།། ཚིག་གི་དབང་བསྐུར་མེད་པར་བསྟན།། ཐབས་ཀྱི་དབང་བསྐུར་བསྟན་པ་ནི། ། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི།། སྣང་བ་ཡོད་མེད་བརྡའ་རུ་བསྟན།། གཅིག་ལས་སྣ་ཚོགས་བསྒྱུར་བྱས་པ།། སྣང་བ་ཡོད་མེད་བསྟན་པ་ཡིན།། ཤེས་རབ་དབང་བསྐུར་བསྟན་པ་ནི།། སྣ་ཚོགས་བསྒྱུར་བའི་མིང་གིས་མཚོན། ། རི་རབ་གླིང་བཞིའི་དཀྱིལ་འཁོར་དང།། བུམ་པ་སྐུ་དང་ཡེ་ཤེས་དང།། འཁོར་ལོ་རིན་ཆེན་པདྨ་དང།། རྒྱ་གྲམ་རལ་གྲི་རྩེ་གསུམ་དང།། ཕུར་པ་མདའ་དང་གཞུ་དང་ནི།། མེ་ལོང་དབྱིབས་དང་ཁ་དོག་ཏུ། ། བླ་མས་མིང་དུ་བཏགས་པ་ནི།། སློབ་མའི་ཤེས་རབ་ལྟ་བ་མིན།། དཔེ་ཡི་དོན་དེ་ཤེས་ན་ཤེས་རབ་ཡིན།། གསང་བའི་དབང་བསྐུར་བསྟན་པ་ནི།། རང་ལ་རང་གསང་སྨྲས་པ་ཡིན། ། རང་ངོ་ཤེས་ན་གསང་བ་ཐོས།། གཅིག་ངོ་ཤེས་ན་ཐམས་ཅད་དེ།། མཉམ་པ་ཉིད་ནི་ངོ་མཚར་ཆེ།། ཡོད་ན་ཡོད་པར་ཡེ་ནས་མཉམ།། མེད་ན་མེད་པར་ཡེ་ནས་མཉམ།། བདེ་ན་བདེ་བར་ཡེ་ནས་མཉམ། ། རྫུན་ན་རྫུན་པར་ཡེ་ནས་མཉམ།། སྟོངས་ན་སྟོང་པར་ཡེ་ནས་མཉམ།། དངོས་ན་དངོས་པོར་ཡེ་ནས་མཉམ།། མཉམ་པ་ཉིད་དུ་ཤེས་པ་ནི།། གསང་བའི་དབང་བསྐུར་ཐོབ་པ་ཡིན།། ཚིག་གི་དབང་བསྐུར་རང་མེད་བསྟན། ། ང་བདག་འདུག་ན་ནམས་ཀྱང་འཁོར།། རང་མེད་རོ་དང་བྲལ་བ་ནི།། ཚིག་གཅིག་ཚིག་མེད་དབང་གི་མཆོག། ང་མེད་བདག་མེད་སྣང་བ་མེད།། ཅེས་གསུངས་པས། རིག་འཛིན་དགེ་མཐོང་དང། འཁོར་དུ་འདུས་པའི་ལས་དང་པོ་པ་རྣམས་དང། ཐེག་པ་བརྒྱད་པ་རྣམས་བརྒྱལ་ནས། ས་ལ་འགྱེལ་བར་གྱུར་ཏེ། ལ་ལ་ནི་ངུ་ཞིང་སྨྲེ་ངག་འདོན། ལ་ལ་ནི་སྐྲག་སྟེ་སྔངས་པར་གྱུར་ནས་སྐུར་པ་འདེབས། ལ་ལ་དག་མོས་པ་ལོག་སྟེ་ཁ་ན་མ་ཐོ་བ་སྨྲ། ལ་ལ་ཡི་ཆད་དེ་བྱས་པ་དོན་མེད་པ། ཀྱེ་མ་ཀྱེ་ཧུད་གསང་བདག་རྡོ་རྗེ་མ་གསུངས་ཞེས་གླེང་ངོ།། ཡིད་གཉིས་པ་རྣམས་ནི་དེ་བས་ན་མུ་སྟེགས་པ་བདེན་ནོ་ཞེས་སྨྲའོ།། དེ་ནས་ལག་ན་རྡོ་རྗེས་འཁོར་དེ་དག་ཡང་དག་ལ་ཡིད་ཆེས་པར་བྱ་བའི་ཕྱིར། བོས་ཤིང་བསྡུས་ཏེ་འདི་སྐད་ཅེས་གསུངས་སོ།། འདུས་པ་རྣམས་ཐེ་ཚོམ་བཅད་པར་བྱའོ།། རྡོ་རྗེ་སེམས་དཔའི་ཞལ་དང་ཕྲད་ཀྱིས་ལོངས་ཤིག། ཆོས་སྐུ་དང་མཇལ་དུ་འོང་ངོ་ཞེས་གསུངས་སོ།། འཁོར་རྣམས་སླར་འདུས་ཏེ། རྡོ་རྗེ་སེམས་དཔའི་དྲུང་དུ་བསྐོར་བ་དང་མཆོད་པའི་ཚོགས་ཀྱིས་མཆོད་དེ་འཁོད་དོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། གསང་བ་ཆོས་ཉིད་ལ་ཡིད་མ་ཆེས་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ལག་ན་རྡོ་རྗེ་ཡིས།། རྡོ་རྗེ་འཆང་ལ་འདི་སྐད་གསོལ།། ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་མཆོག། གསང་སྔགས་གསང་བ་མཉམ་མི་མཉམ། ། ང་བདག་རང་དབང་ཡོད་དམ་མེད།། ཆོས་སྐུ་དངོས་མེད་བདེན་ནམ་རྫུན།། བག་ཆགས་རོ་དང་འབྲལ་མི་འབྲལ།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། སྟོབས་ཆེན་རྡོ་རྗེའི་འཁོར་ཀུན་ཉོན། ། ཆོས་ཉིད་ཆོས་སྐུའི་དགོངས་མཚན་ནི།། མཉམ་པ་ཉིད་དུ་མཁྱེན་པ་མིན།། མཉམ་པ་ཉིད་ལ་གཉིས་མེད་དེ།། དཔེར་ན་ཆོས་ཅན་དངོས་པོ་གཅིག། ཕྱི་རོལ་ཀ་བ་བུམ་པ་དང།། དཔེར་ན་རྡོ་རྗེ་ལྟ་བུ་འདི། ། མིང་གིས་ཡིན་ནམ་གཟུགས་ཀྱིས་ཡིན།། མཚོན་པས་ཡིན་ནམ་ལས་ཀྱིས་ཡིན།། འདུས་པས་ཡིན་ནམ་འབྲལ་བས་ཡིན།། མདོག་གིས་ཡིན་ནམ་དབྱིབས་ཀྱིས་ཡིན།། བསམ་པས་ཡིན་ནམ་གང་གི་ཡིན། ། རྡོ་རྗེ་འཛིན་པའི་འཁོར་ཚོགས་ཀུན།། རྡོ་རྗེའི་མིང་གིས་ཡིན་པས་ན།། མིང་དུ་གང་གྲགས་རྡོ་རྗེའམ།། གཟུགས་ཀྱིས་རྡོ་རྗེ་ཡིན་པ་ན།། གཟུགས་སུ་གང་སྣང་རྡོ་རྗེའམ།། འདུས་པས་རྡོ་རྗེ་ཡིན་པ་ན། ། སེམས་ཅན་ཐམས་ཅད་རྡོ་རྗེའམ།། མདོག་གིས་རྡོ་རྗེ་ཡིན་པ་ན།། དཀར་དམར་ལ་སོགས་རྡོ་རྗེའམ།། དབྱིབས་ཀྱིས་རྡོ་རྗེ་ཡིན་པ་ན།། ཟླུམ་པོ་ལ་སོགས་རྡོ་རྗེའམ།། བསམ་པས་རྡོ་རྗེ་ཡིན་པ་ན།། ཡིད་སྨོན་ཐམས་ཅད་རྡོ་རྗེའམ། ། དེ་ལྟར་རྒྱུ་ཡིས་ཡིན་པ་མིན།། རྡོ་རྗེ་བྱ་བ་གང་ལ་ཟེར།། ཉོན་ཅིག་བློ་རྟོག་སྐྱེས་པ་རྣམས།། དཔེར་ན་ཆོས་ཅན་རྡོ་རྗེ་འདི།། མིང་གིས་ཡིན་ནོ་ངེས་པར་འཇུག། གཟུགས་ཀྱིས་ཡིན་ནོ་སྒོ་ང་རལ། ། མཚོན་པས་ཡིན་ནོ་ཆོས་ཅན་འདི།། ལས་ཀྱིས་ཡིན་ནོ་ཆོས་བདུན་ལྡན།། འདུས་པས་ཡིན་ནོ་འབྲལ་བ་ཡིས།། མདོག་གིས་ཡིན་ནོ་ཞི་རྒྱས་ཀྱིས།། དབྱིབས་ཀྱིས་ཡིན་ནོ་དེ་བཞིན་ནོ།། བསམ་པས་ཡིན་ནོ་ཆོས་ཅན་དངོས། ། དེ་ལྟར་དགུ་ཡིས་ཡིན་པ་སྟེ།། སྣང་སྲིད་ཐམས་ཅད་རྡོ་རྗེ་ཡིན།། རྡོ་རྗེར་མ་གྱུར་གང་ཡང་མེད།། དེ་ལྟར་རྡོ་རྗེ་མཚོན་པ་འདི།། ཡིན་ན་ཡིན་པར་ཡེ་ནས་མཉམ།། མིན་ན་མིན་པར་ཡེ་ནས་མཉམ། ། ཆོས་ཅན་ཡོད་ན་ཡོད་པར་ཡེ་ནས་མཉམ།། མེད་ན་མེད་པར་ཡེ་ནས་མཉམ།། བདེན་ན་བདེན་པར་ཡེ་ནས་མཉམ།། རྫུན་ན་རྫུན་པར་ཡེ་ནས་མཉམ།། སྟོང་ན་སྟོང་པར་ཡེ་ནས་མཉམ།། དངོས་ན་དངོས་པོར་ཡེ་ནས་མཉམ། ། སྣང་ན་སྣང་མཉམ་མཉམ་པ་ཉིད།། མཉམ་ཉིད་ནམ་མཁའ་འདྲའོ་གུད་ན་མེད།། དཔེར་ན་གསེར་གཟུགས་ཆུ་ཡི་རོ།། དུག་མཆོག་ཧ་ལ་འབར་བ་དང།། སྨན་མཆོག་ག་པུར་དཀར་པོ་གཉིས། ། སྨན་དང་དུག་ཏུ་གཉིས་ཀ་མཉམ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཆོས་ཉིད་མཉམ་པ་ཆོས་སྐུའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ལག་ན་རྡོ་རྗེས་འདི་སྐད་གསོལ།། ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་ཆེ། ། ང་བདག་སྣང་བ་ལ་སོགས་ཡོད་དམ་མེད།། ཆོས་ཅན་སྣང་བ་བདེན་ནམ་རྫུན།། མི་དགེ་སྤང་དུ་ཡོད་དམ་མེད།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། ། རང་མེད་རོ་དང་ཕྲོལ་ཅིག་འཁོར་ཚོགས་ཁྱེད།། ང་དང་སྣང་བ་གཉིས་པ་མེད།། ང་མེད་ང་གཅིག་སུ་ལ་འདུག། སྣང་མེད་སྣང་བ་སུ་ལ་བདེན།། ཆོས་ཅན་དངོས་པོ་གང་ལ་འདུས།། དགེ་དང་མི་དགེ་མཉམ་པ་ཉིད། ། ང་མེད་བདག་མེད་ང་བདག་གང།། སུ་ལ་ང་བདག་ཡོད་ལ་འཁོར།། གང་ཞིག་ཐེ་ཚོམ་སུས་ཟ་བ།། ང་བདག་ཚོལ་ཅིག་ང་ལ་ལྟོས།། བཙལ་ཀྱང་འདུ་ན་ད་རུང་ཚོལ།། ཚོལ་མཁན་ཚོལ་ཅིག་ཚོལ་མཁན་མེད། ། བལྟས་ཀྱང་མ་མཐོང་ལྟ་མཁན་ལྟོས།། ལྟ་མཁན་ལྟོས་ཤིག་ལྟ་མཁན་མེད།། དཔེར་ན་ཆོས་ཅན་རྡོ་རྗེ་དེ།། རྡོ་རྗེ་དངོས་པོ་གང་གིས་བྱེད།། བུམ་པས་བྱེད་དམ་པདྨས་བྱེད།། སྟེང་རྭས་བྱེད་དམ་འོག་རྭས་བྱེད། ། འདུས་པས་བྱེད་དམ་རྡོ་རྗེ་གང།། དེ་བཞིན་ང་བདག་དངོས་པོ་ཡང།། ལུས་ཀྱིས་བྱེད་དམ་སེམས་ཀྱིས་བྱེད།། ལུས་ཀྱིས་བྱེད་ན་ལུས་པོ་གང།། མགོ་དང་རྐང་ལག་དབང་པོ་དང།། དོན་སྙིང་ནང་ཁྲོལ་ཤ་ལྤགས་རུས། ། རྩ་དང་བ་སྤུ་སྐྲ་སེན་གང།། དེས་ན་ལུས་ཀྱི་དངོས་པོ་མེད།། སེམས་ཀྱིས་བྱེད་ན་གསལ་སྟོང་དང།། འགྱུས་དྲན་འཛིན་ཆགས་དག་གིས་བྱེད།། ལུས་སེམས་དངོས་པོ་འདི་ཞེས་པ།། རྡོ་རྗེ་སེམས་དཔའ་ངས་མ་རྙེད། ། མཚོན་པ་ཙམ་དུ་ང་ཞེས་བྱ།། མིང་ཙམ་འདི་ཞེས་བསྟན་པ་ནི། ཀུན་ཏུ་བཟང་པོས་བསྟན་དུ་མེད།། རྡོ་རྗེ་སེམས་དཔའ་མཚོན་དུ་མེད།། སྣང་བ་མེད་དོ་སྣང་བ་གང།། སྣང་བ་ཡུལ་གཅིག་སུ་ལ་བདེན། ། ཡུལ་དུ་བདེན་རྫུན་གཅིག་ལ་ལྟོས།། དཔེར་ན་འབྱུང་བ་ཆུ་ལྟ་བུར།། འགྲོ་དྲུག་མུ་སྟེགས་རྟག་ཆད་དང།། རིམ་དགུ་མཐོང་སྣང་ཐ་དད་པ།། མིང་དུ་བདེན་པ་གཅིག་ཀྱང་མེད།། དཔེར་ན་རྒྱ་བོད་ཞང་ཞུང་འདྲ། ། མིང་དུ་བདེན་པ་གཅིག་ཀྱང་མེད།། མིང་ཙམ་འདི་ཞེས་བསྟན་པ་ནི།། རྡོ་རྗེ་སེམས་དཔས་མཚོན་དུ་མེད།། སྣང་བ་ཡོད་མེད་འཁྲུལ་མ་འཁྲུལ།། འཁྲུལ་ན་འཁྲུལ་པ་བདེན་ནམ་རྫུན།། བདེན་ན་འཁྲུལ་པ་སུ་ལ་བདེན། ། འཁྲུལ་པ་རྫུན་ན་དེ་ཀས་མེད།། མ་འཁྲུལ་པ་ལ་སྣང་ཟེར་སུ།། ཟེར་ན་ཟེར་མཁན་འཁྲུལ་པ་ཡིན།། དེས་ན་ཆོས་ཅན་དངོས་པོ་མེད།། ཡོད་ན་དངོས་པོ་གཏན་ལ་ཕོབ།། གཏན་ལ་ཕབས་ནས་དངོས་པོ་གང། ། དངོས་པོར་འདོད་པ་བློ་ཕུགས་ཅན།། བློ་ཕུགས་གང་ལྟར་བྱས་ཀྱང་འཁྲུལ།། བློ་ཕུགས་གཏིབ་ཅིག་སྐལ་ལྡན་བུ།། དགེ་དང་སྡིག་པ་ཡེ་ནས་མཉམ།། ཅི་ཕྱིར་བློ་ཕུགས་གྲོལ་ཕྱིར་རོ།། བློ་བཟང་དགེ་བས་གཏོང་དུ་མེད། ། སྡིག་པས་གནོད་པ་སྐྱེལ་པ་མེད།། ཅི་སྟེ་མཚན་མ་མེད་པས་སྨོན་པ་མེད།། སྟོང་པ་ཉིད་ལ་ཕན་གནོད་མེད།། བག་ཆགས་བཟང་རྟོག་ངན་རྟོག་ཡིན།། རྟོག་པས་ནམས་ཀྱང་འཁོར་བར་བྱེད། ། འཁོར་བའི་ནང་ནས་ཁྱད་པར་ཆེ།། དགེ་བ་སྤྱོད་ཅིག་རིགས་ཀྱི་བུ།། བག་ཆགས་རོ་དང་བྲལ་བར་གྱིས།། བག་ཆགས་རོ་དང་མ་བྲལ་ན།། འཁོར་བའི་གཟུངས་ཐག་མི་ཆོད་དོ།། སྐྱེ་བའི་རྟེན་ཕུར་ཕྱུང་རེ་ཀན། ། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། རྟོག་པ་ཐེ་ཚོམ་གྱི་གེགས་བསལ་བས་ཆོས་སྐུའི་ཞལ་མཐོང་བའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པའི་འཁོར། ། དཔེར་ན་སྣང་བ་སྣ་ཚོགས་ཀྱང།། སྒྱུ་མའི་ཆོ་འཕྲུལ་ཇི་བཞིན་ནོ།། སྒྱུ་མའི་དངོས་པོ་གང་གིས་བྱེད།། སྒྱུ་མ་རྟེན་འབྲེལ་སྐྱེ་བ་མེད།། དཔེར་ན་སྐྱེས་བུ་གཉིད་ལོག་ན།། རྨི་ལམ་དགེ་སྡིག་ཆོ་འཕྲུལ་ནི། ། དངོས་པོར་སྣང་བ་ཇི་བཞིན་རྨི།། ཉིན་པར་བག་ཆགས་མཚན་བྱུང་བ།། དེ་ལ་དངོས་པོ་ཡོད་དམ་མེད།། དཔེར་ན་གོང་གི་རྨི་ལམ་ན།། སྐྱེས་བུ་མཚོན་ཐོགས་མང་པོ་ཡིས།། བདག་གསོད་འཐབ་མཁོན་རི་ལ་དེད། ། བྲེད་སྔངས་ངལ་ཆད་ཤི་ཉེར་བྲོས།། སད་པར་གྱུར་ན་དེ་ཅིར་སྣང།། དེ་ཕྱིར་སྣང་བའི་དངོས་པོ་འདི།། རི་རབ་གླིང་བཞི་འབྱུང་བ་ཀུན།། དགྲ་གཉེན་ཆགས་སྡང་སྡུགས་བསྔལ་ཀུན།། སྒྱུ་མའམ་རྨི་ལམ་ཇི་བཞིན་ནོ། ། ཡོད་ནས་མི་སྣང་མེད་ནས་སྣང།། མཐོང་བའི་ཆོས་ཀུན་ཡོད་པ་མེད།། མེད་པས་ཡོད་བཟུང་འཁྲུལ་པ་ཡིན།། འཁྲུལ་བའི་དུས་ན་ཡོད་པ་མེད།། ཀུན་རྫོབ་ཙམ་དུ་ཡོད་ཟེར་ན། ཀུན་རྫོབ་ཙམ་དུ་སུ་ལ་བདེན། ། བདེན་ནམ་བདེན་ན་འགྲོ་བ་ཀུན།། ཐམས་ཅད་སྣང་བ་མཐུན་པར་རིགས།། དེ་བས་ཕྱོགས་མཐུན་ཙམ་ཡང་མེད།། དཔེར་ན་དངོས་པོ་ཆུ་ལྟ་བུར།། རིགས་དྲུག་རྟག་ཆད་ཐེག་པ་རྣམས།། ཕྱོགས་མཐུན་ཙམ་ཡང་མི་སྣང་ཕྱིར། ། དེས་ན་མེད་པ་སྣང་བ་ཡིན།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། སྣང་བའི་གནད་བསལ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ལག་ན་རྡོ་རྗེ་ཡིས།། སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། མེད་ནས་སྣང་བའི་དཔེ་དོན་གསུངས།། འཁོར་རྣམས་ཚིག་ཆེན་དེས་སྐྲག་གནས།། ཡང་དག་གནས་ལ་ལོག་ལྟ་འབྱུང།། ཞེས་ཞུས་པས།། སྟོན་པ་རྡོ་རྗེ་ཆོས་སྐུ་ཡིས། ། རྡོ་རྗེ་འཛིན་ལ་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་འཁོར་ཚོགས་ཁྱོད།། འཁྲུལ་པའི་སྣང་བ་སྣ་ཚོགས་འདི།། ཡོད་ནས་མི་སྣང་མེད་ནས་སྣང།། དཔེར་ན་སྒྱུ་མའི་དཔེ་བརྒྱད་འདྲ།། སྐྱེས་བུ་གཉིད་ལོག་རྨི་ལམ་ན། ། བུ་དང་ཆུང་མ་ནོར་ཕྱུགས་ཀུན།། ཤིན་ཏུ་ལོངས་སྤྱོད་སྐྱིད་ལྡན་ལ།། གོ་མཚོན་དམག་མང་དགྲ་དག་གིས།། བུ་བསད་ནོར་བཅོམ་སྡུག་བསྔལ་རྨི།། སྐྱེས་བུ་དེ་ཡི་རྨི་ལམ་དེ།། ཡོད་ནས་སྣང་ངམ་མེད་ནས་སྣང། ། སད་པར་གྱུར་ནས་ཇི་སྙམ་སེམས།། འཁྲུལ་པའི་ཆོས་དེ་བདེན་ནམ་བརྫུན།། བདེན་ན་བདེན་པར་ཀྲི་ལེ་མཉམ།། བརྫུན་ན་བརྫུན་པར་ཀྲི་ལེ་མཉམ།། དེ་བཞིན་སྒྱུ་མའི་མཁན་པོ་ཡི།། སྒྱུ་མའི་སྐྱེས་པ་བུད་མེད་དང། ། ཁང་ཁྱིམ་རོལ་མོ་གཅན་གཟན་ཀུན།། ཡོད་ནས་མི་སྣང་མེད་ནས་སྣང།། སྒྱུ་མ་ཤེས་པས་སྒྱུ་མ་མེད།། སྒྱུ་མ་བདེན་རྫུན་སྒྱུ་མས་ཤེས།། དེ་བཞིན་འཁྲུལ་པའི་དངོས་པོ་འདི།། འཁྲུལ་པ་བདེན་རྫུན་འཁྲུལ་པས་ཤེས། ། སྒྱུ་མའི་ཆོས་དང་ཀྲི་ལེ་མཉམ།། དངོས་པོ་འཁྲུལ་པས་བདེན་པ་མེད།། དེ་བཞིན་སྤྲུལ་པས་སྤྲུལ་པ་རྣམས།། ཡོད་ནས་མི་སྤྲུལ་མེད་ནས་སྤྲུལ།། སྤྲུལ་པ་ཡིན་པས་ཡོད་པ་མེད། ། དེ་བཞིན་འཁྲུལ་པའི་ལས་རྣམས་ཀྱང།། སྤྲུལ་པ་ཉིད་དང་ཀྲི་ལེ་མཉམ།། དེ་ཕྱིར་འཁྲུལ་པ་ཟེར་བས་ཆོག། དེ་བཞིན་གཟུགས་བརྙན་ཆུ་ཟླ་འདྲ།། ཀྲོང་ངེ་འདུག་ཀྱང་ཟླ་བ་མེད།། དེ་བཞིན་དངོས་པོར་སྣང་བ་འདི། ། ཀྲོང་ངེ་འདུག་སྟེ་སྣང་བ་མེད།། ཡོད་ན་སྣང་བ་མཐུན་ནམ་ཅི།། སྣང་བ་གཅིག་ལ་མཐུན་པ་མེད།། གཟུགས་བརྙན་ཉིད་དང་ཀྲི་ལེ་མཉམ།། དེ་བཞིན་སྒྲ་བརྙན་ལྟ་བུ་སྟེ།། ཡོད་ནས་མ་བཏགས་མེད་ནས་བཏགས། ། ཡོད་ན་མིང་བཏགས་གཅིག་པར་རིགས།། གཅིག་ལ་མིང་བཏགས་དོན་མཐུན་མེད།། སྒྲ་བརྙན་ཉིད་དང་ཀྲི་ལེ་མཉམ།། དེས་ན་བྲག་ཆ་ཉིད་དང་ཁྱད་པར་མེད།། ཡོད་པས་མི་སྣང་མེད་པས་སྣང། ། དཔེར་ན་དྲི་ཟའི་གྲོང་ཁྱེར་འདྲ།། ཀྲོང་ངེ་འདུག་པའི་དུས་ན་མེད།། སྣང་བ་རང་གིས་མེད་པ་ཡིན།། མེད་ན་སེམས་ཀྱི་ཆོ་འཕྲུལ་ལྟོས།། སྒྱུ་མའི་ཆོས་ཉིད་མཐོང་ན་ལྟ་བ་ཡིན།། མཐོང་མེད་མཐོང་ན་ཡིན་པ་མེད། ། ལྟ་བ་ཡིན་པ་མེད་པ་ཡིན།། ཅེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། སྒྱུ་མའི་ཆོས་བདུན་གྱི་སྣང་བ་མེད་པར་ཐག་བཅད་པས་བལྟ་བ་རྟོགས་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ། རྡོ་རྗེ་འཛིན་པའི་འཁོར་འདུས་ཉོན།། མཐོང་ངམ་མཐོང་ངམ་མཐོང་བར་ལྟོས།། མ་མཐོང་བ་ནི་ཅི་ཞིག་བསྒོམ།། དཔེར་ན་དམུས་ལོང་འགའ་དག་གིས།། གླང་ཆེན་རྩལ་ལྡན་ལག་ནོམས་ནས།། སྣ་དང་མཇུག་མ་རྐང་ལག་རྒྱབ། ། དང་པོར་གང་རེག་བསྒོམ་པ་འདྲ།། དེ་བས་མཁས་པས་ལེགས་པར་ལྟོས།། རྨི་ལམ་ལྟོས་ཤིག་མཐོང་བ་ན།། རྨི་ལམ་བསྒོམ་པས་བསྒོམ་པ་ཡིན།། རྨི་ལམ་ཤེས་ནས་རྨི་ལམ་བསྒོམ། ། སྒྱུ་མ་མཐོང་ནས་སྒྱུ་མ་བསྒོམ།། སྒྱུ་མའི་གཟུགས་དང་སྒྱུ་མའི་སྒྲ།། སྒྱུ་མའི་དྲི་དང་སྒྱུ་མའི་རོ།། སྒྱུ་མའི་རེག་དང་སྒྱུ་མའི་ཆོས།། སྒྱུ་མ་ལེགས་པར་མཐོང་བ་ན།། སྒྱུ་མ་འདྲིས་པ་བསྒོམ་པ་ཡིན།། གོམས་པ་ཨར་གྱིས་ཤིག་སྒྱུ་མ་ལས། ། སྒྱུ་མར་སྤྱོད་ཤེས་སྒྱུ་མ་ཡིན།། སྒྱུ་མ་འབྲས་མེད་འབྲས་བུ་ཡིན།། དེ་བཞིན་རྨི་ལམ་སྨིག་རྒྱུ་རྣམས།། དེ་ལྟར་མཁས་པས་ལེགས་པར་ལྟོས།། མཐོང་མེད་མཐོང་ན་ལྟ་བ་ཡིན།། དེ་དག་གོམས་ན་བསྒོམ་པའོ། ། གཉིས་མེད་སྤྱོད་པས་སྤྱོད་པ་ཡིན།། འདུ་འབྲལ་མེད་ན་འབྲས་བུའོ།། ཞེས་གསུངས་སོ།། དེ་ནས་རིག་འཛིན་རྒྱལ་པོ་དགེ་མཐོང་དེས།། སངས་རྒྱས་རྡོ་རྗེ་སེམས་དཔའ་དང།། མགོན་པོ་རྡོ་རྗེ་འཛིན་པ་ལ། ། འཛུམ་པའི་མདངས་ཕྱུང་གུས་བཏུད་ནས།། རྒྱལ་བའི་ཚོགས་ལ་འདི་སྐད་གསོལ།། དྲུག་གི་དཀྱིལ་འཁོར་གཉིས་འདུས་ལྷར།། བདག་དྲ་མ་རིག་དྲེགས་པ་ཡིས།། ཡང་དག་ཉིད་ལ་ལོག་བལྟས་ནས། ། རྩ་བའི་དམ་ཚིག་ཉམས་པ་སོགས།། མི་འཆབ་མི་སྦེད་མཐོལ་ལོ་བཤགས།། སླན་ཆད་བསྡམ་མོ་དཔང་མཛོད་ཅིག། སྔ་རབས་གོང་དུ་ཅི་བགྱིས་པ།། ལུས་ངག་ཡིད་གསུམ་འབད་རྩོལ་གྱིས། ། ཕ་རོལ་ཕྱིན་དྲུག་ཉམས་བླངས་ལ།། འགྱོད་ཚངས་དཔང་གསོལ་ཞི་ཁྲོའི་ལྷར།། ལུས་ངག་ཡིད་གསུམ་མོས་ནས་བཤགས།། བྱིན་རླབས་སྔགས་མཆོག་བརྒྱ་པ་ནི།། བདུན་གསུམ་ཉི་ཤུ་རྩ་གཅིག་གམ། ། བརྒྱ་རྩ་བརྒྱད་དུ་བཤགས་པར་བྱ།། སྨྲེ་འགྱོད་མཐོལ་ལོ་གདུང་བའི་ཚིག། བརྐྱང་ཕྱག་གུས་བྱས་ཚིག་གིས་བཤགས།། སེམས་བསྐྱེད་ལས་བརྩོན་འགྲོ་བའི་དོན།། སྨོན་ལམ་བཀྲ་ཤིས་དགེ་བ་བཤགས། ། ཐམས་ཅད་ཡུལ་མེད་མིང་བྲལ་མཐོང།། རྟོགས་པ་མཉམ་ཉིད་ལྟ་བས་བཤགས།། ཨེ་མ་བདག་གི་ཕུང་པོའི་ཁམས་དང་སྐྱེ་མཆེད་རྣམས།། འདོད་པའི་ཡོན་ཏན་ལྔར་གྱུར་ཏེ།། ཕྱི་ནང་གསང་བའི་མཆོད་པར་བཞེས། ། བ་སྤུ་རྡུལ་ཕྲན་རེ་རེས་ཀྱང།། འགྲོ་བའི་དོན་རྣམས་བྱེད་པར་ཤོག། ཅེས་ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ཕུལ་ལོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། སྒྱུ་མ་བཤགས་མཆོད་སྨོན་ལམ་གྱི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་འཁོར་འདུས་པ་དེ་དག་གིས།། རྡོ་རྗེ་སེམས་དཔའ་དཔལ་མགོན་ལགས།། རྒྱུད་ཆེན་འདི་ཡི་དཔེ་མཚོན་ཅི།། གང་གི་དུས་སུ་དར་བར་བགྱི།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། ཉོན་ཅིག་ལག་ན་རྡོ་རྗེ་སོགས།། ང་ཡིས་རྒྱུད་ཆེན་རྒྱལ་པོ་འདི།། དཔེར་ན་ཉི་མས་མུན་པ་འདྲ།། མུན་ཁུང་སྒྲོན་མེའི་རྒྱུད་དུ་ཟུང།། དཔེར་ན་ནད་དང་སྨན་ལྟ་བུ།། སྨན་མཆོག་རྒྱལ་པོའི་རྒྱུད་དུ་ཟུང། ། དཔེར་ན་རྩི་ཤིང་མེ་ལྟ་བུ།། བསྐལ་པའི་མེ་ཆེན་རྒྱུད་དུ་ཟུང།། དམ་པ་རིགས་བརྒྱའི་ལྷ་གསལ་བས།། གསང་ཆེན་རིགས་བརྒྱའི་རྒྱུད་དུ་ཟུང།། དེ་ཉིད་རིགས་ལྔའི་ལྷར་བསྡུས་ནས།། ཡི་གེ་བརྒྱ་པའི་སྔགས་བརྗོད་པས། ། ཡི་གེ་བརྒྱ་པའི་རྒྱུད་དུ་ཟུང།། ཉམས་ཆག་ཐམས་ཅད་འདིས་སྐོང་པས།། བཤགས་པ་ཆེན་པོའི་རྒྱུད་དུ་ཟུང།། འགྲོ་དྲུག་གནས་ནས་འདིས་དྲངས་པས།། འཁོར་བ་དོང་སྤྲུགས་རྒྱུད་དུ་ཟུང།། ཐམས་ཅད་སྒྱུ་མར་ལ་ཟློས་པས། ། སྒྱུ་མ་མཉམ་ཉིད་རྒྱུད་དུ་ཟུང།། སྣང་སྲིད་ལྷ་དང་དཀྱིལ་འཁོར་དུ།། བསྙེན་བསྒྲུབ་བསྐྱེད་རྫོགས་དམ་ཚིག་སྔགས།། ཕྱག་རྒྱ་དབང་དང་རྒྱུད་ལུང་དང།། འཁོར་འདས་ཐམས་ཅད་བལྟས་པས་མཐོང། ། ལྟ་བ་དབང་མཆོག་རྒྱུད་དུ་ཟུང།། མཐོང་ནས་བསྒོམ་དུ་མེད་པས་ན།། སྒོམ་པ་དབང་མཆོག་རྒྱུད་དུ་ཟུང།། སྤྱོད་ནས་སྤྱད་དུ་མེད་སྤྱོད་པས།། སྤྱོད་པ་རྒྱལ་པོའི་རྒྱུད་དུ་ཟུང།། མཐོང་བས་འདུ་འབྲལ་མེད་མཐོང་བས། ། འབྲས་བུ་དབང་མཆོག་རྒྱུད་དུ་ཟུང།། ཉམས་སྒྲིབ་ཐམས་ཅད་འདིས་འདག་པས།། དམ་ཚིག་ཁྲུས་ལུང་རྒྱུད་དུ་ཟུང།། འཁོར་ཚོགས་འདུས་པ་ཁྱེད་རྣམས་ཀྱིས།། དབང་མཆོག་རྒྱལ་པོའི་རྒྱུད་འདི་ནི། ། དུས་ངན་ཐ་མའི་དུས་དག་ཏུ།། སྔགས་པས་དམ་ཚིག་མི་བསྲུང་བས།། ལས་ཀྱི་འབྲས་བུ་ངན་སོང་འཁོར།། ཟང་ཟིང་ནོར་གྱིས་མིག་བྲིད་ནས།། ན་རག་གནས་སུ་འཁོར་བྱེད་པས། ། དེ་དུས་ང་ཡིས་རྒྱུད་འདི་འབྱུང།། དཔེར་ན་ནོར་བུ་རིན་ཆེན་འདྲ།། དབུལ་དང་ནད་དང་འཇིགས་པ་མེད།། ཐར་པའི་ལམ་སྐས་བྱེད་པར་ངེས།། དཔེར་ན་མཁའ་ལ་ཉི་ཤར་འདྲ།། མུན་པའི་སྨག་ལ་གསལ་བའི་རྐྱེན། ། ཉི་ཟླ་ལྟ་བུ་རྟོགས་བྱེད་ངེས།། དཔེར་ན་མེ་དང་ཤིང་ལྟ་བུ།། ཤིང་ཉིད་མེ་ཡི་གྲོགས་སུ་ངེས།། ཀྱེ་ཧོ་ནམ་མཁའི་མཐོང་ན་འབྱུང་བ་གནས།། ས་ཆུ་མེ་རླུང་གང་ཡང་སྣང།། ཐམས་ཅད་ནམ་མཁའི་ངང་དུ་ཐིམ། ། ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ།། རིག་འཛིན་རྒྱལ་པོ་དགེ་མཐོང་ལ་སོགས་པའི་འཁོར་རྣམས་ཀྱིས་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ངོ།། སྤྲུལ་པ་རྣམས་ནི་མངོན་པར་བསྡུས་ཏེ། རྡོ་རྗེའི་སྤྲུལ་སྐུ་ལ་གཏད་དོ། ། ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ཅེས་བྱ་བ་ལེའུ་ཉེར་གཅིག་པ་རྫོགས་སོ།།།། དགེ་ལེགས་སོ།། །། རྒྱ་གར་སྐད་དུ། བཛྲ་སཏྭ་ཤ་ཏཱ་ཀྵ་རཱ་ཀ་ཨ་བྷི་ཥེ་ཀོཏྟ་མ་ཧཱ་རཱ་ཛ་ཏན་ཏྲ་ནཱ་མ།
CLOSE WINDOW