CLOSE WINDOW

Gpb001.013: རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ཅེས་བྱ་བ
Wylie

། འོད་གསལ་ཉིད་དུ་སྟོངས་ཀྱིས་འབྱུང།། ཞེས་གསུངས་སོ།། ཐིག་ལེ་མཐོང་བརྡོལ་གྱི་རྒྱུད། རིག་པ་ཅུར་འབྱིན་གྱི་བརྡའ། སྲོག་གི་ཚན་པ། ཡང་ཏི་ནག་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ།། ཏནྟྲ་གྲ་རཱ་ཛ་སཱུརྻ་ཙནྡྲ་པྲ་དྷཱ་ཙྭ་ལ་ཨཱ་ཀ་ཤཱ་བརྟྟ་བི་ཤུདྡྷ་ས་མུ་དྲཱ་བརྟྟ་པྲ་ཀ་ཊ་ཏནྟྲ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ཅེས་བྱ་བ། སྔོན་ཐོག་མའི་སངས་རྒྱས་སྐྱེ་མེད་ཀ་དག་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཅི་ཡང་མ་ཐོས་པ་གང་དུ་ཡང་མཚོན་བརྗོད་ལས་འདས་པའི་དུས་མེད་པ་ན། བཀོལ་མེད་གནས་སུ་ཀ་དག་སྟོན་པ་དེས།། འོད་གསལ་འཁོར་ལ་སྐྱེ་མེད་བསྟན་པ་བཤད། ། དུས་ནི་དུས་གསུམ་གཅིག་སྟེ་སྔ་ཕྱི་མེད་པའི་དུས།། སྡུད་པ་པོ་ནི་གསལ་དག་རིན་པོ་ཆེའོ།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན། ། དངོས་པོ་གཤིས་ཀྱི་གནས་ལུགས་ཇི་ལྟར་གནས།། འོད་གསལ་རྩལ་གྱི་ཡན་ལག་ཇི་ལྟར་ཤར།། སྙིང་པོའི་ཀློང་དུ་འོད་གསལ་ཇི་ལྟར་གྲོལ།། དེ་གཉིས་དབྱེར་མེད་གདམས་ངག་ཇི་ལྟར་ལགས། ། ཐོད་རྒལ་ཐེག་པ་ཇི་ལྟར་བཤད།། ཉི་ཟླའི་སྙིང་པོ་སྤྱི་ཏི་ཡོ་ག་ལ།། གྲུབ་མཐའི་བློས་བཏགས་ཡོད་དམ་མེད།། རྩིས་གདབ་བློ་ཨུ0f84བྲལ་བསྟན་པ་ལ།། བྱ་བཙལ་བློ་ཆོས་མི་འཚལ་ལམ།། རྩོལ་སྒྲུབ་འདས་པའི་ཐེག་པ་ལ། ། ལྟ་སྒོམ་སྤྱོད་འབྲས་དགོས་མི་དགོས།། ཐེག་དགུ་སྤང་ངམ་ཇི་ལྟ་བགྱི།། དཀྱིལ་འཁོར་དབང་དང་དངོས་གྲུབ་ལ།། རེ་བར་བྱ་བའམ་ཡེ་ནས་རྫོགས།། ཚོགས་དང་གཏོར་མ་མ་བཏང་བར།། ཚོགས་བསགས་སྨོན་ལམ་ཇི་ལྟར་རྫོགས། ། ཉི་ཟླའི་སྙིང་པོ་སྤྱི་ཏི་ཡོ་ག་ལ།། གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད།། མ་རིག་ཡེ་ཤེས་ཡོད་དམ་མེད།། འཆར་སྒོ་འཁྲུལ་པ་ཅི་ལ་ཟེར།། རྟོགས་དང་མ་རྟོགས་ཡོད་དམ་མེད། ། སངས་རྒྱས་སེམས་ཅན་ཅི་ལ་ཟེར།། དགེ་སྡིག་ལས་འཕྲོ་ཡོད་དམ་མེད།། མཐོ་རིས་ངན་སོང་ཅི་ལ་ཟེར།། རྫོགས་ཆེན་སྤྱི་ཏི་ཡོ་ག་ཡིས།། མ་བསྒྲུབས་འབྲས་བུ་ཇི་ལྟར་ཐོབ།། ཞུས་ཚིག་ཉི་ཤུ་རྩ་གཅིག་དེ། ། སྟོན་པས་འཁོར་ལ་བཀའ་སྩོལ་ཅིག། ཤིན་ཏུ་ཟབ་པར་གསུང་དུ་གསོལ།། ཞེས་ཞུས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉྀ་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཕུན་སུམ་ཚོགས་པ་དང་ཞུས་ཚིག་ཉི་ཤུ་རྩ་གཅིག་གི་གླེང་སློང་བསྟན་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། དངོས་པོ་གཤིས་ཀྱི་གནས་ལུགས་ཇི་ལྟར་གནས།། ཞུས་པས། སྟོན་པའི་རྒྱལ་པོ་སྐྱེ་མེད་ཀ་དག་གིས། ། འཁོར་གྱི་དམ་པ་གསལ་དག་རིན་ཆེན་ལ།། རྫོགས་ཆེན་རྒྱལ་པོ་ཉི་ཟླའི་སྙིང་པོ་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། དོན་དམ་མཚོན་དང་བརྗོད་ལས་འདས་མོད་ཀྱང། ། རྩལ་གྱི་རིག་པ་བློ་དང་སྦྱར་ནས་བསྟན།། དཔེར་ན་མུན་ནག་རྫས་སྟོར་ལ།། ལག་ནོམ་རྩལ་བའི་རྙེད་པར་དཀའ།། སྣང་གསལ་སྒྲོན་མེ་ལ་བརྟེན་ནས།། བཙལ་བས་རྙེད་པར་ཐེ་ཚོམ་མེད།། དེ་བཞིན་མ་རིག་མུན་ནག་ཏུ། ། ཆོས་ཉིད་ནོར་བུ་སྟོར་བ་དེ།། ཐ་སྙད་ཚིག་གི་རྙེད་པར་དཀའ།། མ་ནོར་བླ་མའི་ཞལ་དྲན་གྱིས།། རིན་ཆེན་བརྡ་ཡིས་རྙེད་པར་འགྱུར།། ཨ་ལ་ལ་ཧོ་ངོ་མཚར་ཆེ་བའི་བཀའ།། དངོས་པོ་གཤིས་ཀྱི་གནས་ལུགས་ནི། ། གཏི་མུག་ཆོས་སྐུར་ཡེ་ནས་གནས།། ཞེ་སྡང་ལོངས་སྐུར་ཡེ་ནས་གནས།། འདོད་ཆགས་སྤྲུལ་པའི་སྐུ་རུ་གནས།། ང་རྒྱལ་སྐུ་གསུམ་དབྱེར་མེད་ཡིན།། ཕྲག་དོག་དོན་དམ་བདེ་བའི་སྐུ།། སྡུག་བསྔལ་མ་སྤངས་སྐུ་ལྔར་གྲོལ། ། དུག་གསུམ་མ་སྤངས་སྐུ་གསུང་ཐུགས་སུ་གྲོལ།། མ་རིག་མ་སྤངས་ཡེ་ཤེས་ཆེན་པོར་གྲོལ།། སྒྲིབ་གཡོགས་མ་སྤངས་འོད་གསལ་ཆེན་པོར་གྲོལ།། རྣམ་རྟོག་མ་སྤངས་ཆོས་ཉིད་ཆེན་པོར་གྲོལ། ། སེམས་ཅན་མ་སྤངས་སངས་རྒྱས་བསྒྲུབ་མེད་ཆེན་པོར་གྲོལ།། འཁོར་བ་མ་སྤངས་མྱང་འདས་ཆེན་པོར་གྲོལ།། སྣང་བ་མ་སྤངས་ཞིང་ཁམས་ཆེན་པོར་གྲོལ།། སྡུག་བསྔལ་མ་སྤངས་བདེ་བ་ཆེན་པོར་གྲོལ། ། ཕྱི་ནང་མ་སྤངས་ཡུལ་སེམས་གཉིས་མེད་གྲོལ།། བཟང་ངན་མ་སྤངས་དགག་སྒྲུབ་མེད་པར་གྲོལ།། གཟུང་འཛིན་མ་སྤངས་དབྱེ་བསལ་མེད་པར་གྲོལ།། དངོས་པོ་གཤིས་ཀྱི་གནས་ལུགས་ནི། ། ཡེ་ནས་སྐྱེ་མེད་ཆེན་པོར་གནས།། དུས་གསུམ་སྐྱེ་བར་མ་གསུངས་སོ།། ཀ་དག་ཆེན་པོར་ཡེ་ནས་གནས།། བློ་བུར་སྒྲིབ་གཡོགས་མ་གསུངས་སོ།། གཉིས་མེད་ཆེན་པོར་ཡེ་ནས་གནས།། གཉིས་འཛིན་རྟོག་པར་མ་གསུངས་སོ། ། རྒྱུ་རྐྱེན་མེད་པར་ཡེ་ནས་གནས།། ཐོག་མཐའ་ཡོད་པར་མ་གསུངས་སོ།། གཉེན་པོས་བཅོས་བསྒྱུར་མེད་པར་གནས།། རྩོལ་བས་འགྲུབ་པར་མ་གསུངས་སོ།། དངོས་མེད་ཆེན་པོར་ཡེ་ནས་གྲོལ། ། ཟང་ཐལ་ཆེན་པོར་ཡེ་ནས་གྲོལ།། སྤྱི་ཕུད་ཐོད་རྒལ་ཆེན་པོར་གནས།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་ཀྱི་རྒྱུད་ལས། དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། འོད་གསལ་རྩལ་གྱི་ཡན་ལག་ཇི་ལྟར་ཤར།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ། དངོས་པོ་གཤིས་ཀྱི་རྩ་ཟེར་གཉིས་མེད་ཀྱང།། འཁོར་གྱི་རྟོག་པ་བསལ་ཕྱིར་ཤར་ཚུལ་བཤད།། མཁའ་ཀློང་རྣམ་དག་གནས་ལུགས་ཀློང་དཀྱིལ་ནས།། མ་འགགས་འོད་གསལ་རྩལ་རྣམ་ཤར།། གཞི་རླུང་ང་ཡི་རྩལ་དུ་ཤར། ། འོད་གསལ་ང་ཡི་རོལ་པའི་རྩལ།། ཤེས་རིག་མ་འགགས་རོལ་པའི་རྩལ།། ངོ་བོ་རང་བཞིན་ང་ཡི་རྩལ།། དུས་གསུམ་ཡིད་འཁོར་ང་ཡི་རྩལ།། མ་རིག་ཡེ་ཤེས་ཡན་ལག་རྩལ།། འཆར་སྒོ་འཁྲུལ་སྒོ་ང་ཡི་རྩལ། ། ཀུན་གཞི་རིག་ཡིད་ང་ཡི་རྩལ།། འཁྲུལ་ལུགས་རྣམ་གསུམ་ང་ཡི་རྩལ།། འཁྲུལ་སྨིན་ཕུང་ལྔ་ང་ཡི་རྩལ།། བཏང་བཟུང་ཞེན་པ་ང་ཡི་རྩལ།། ཕྱི་ནང་སྣོད་བཅུད་ང་ཡི་རྩལ།། ཡུལ་སེམས་གཉིས་ཀ་ང་ཡི་འཕྲུལ། ། དགག་བསྒྲུབ་གཉིས་འཛིན་རོལ་པའི་རྩལ།། སྤང་ལེན་དབྱེ་བསལ་ཡན་ལག་རྩལ།། བཟང་ངན་རྩིས་གདབ་ཡན་ལག་རྩལ།། འཁོར་བ་མྱང་འདས་ཡན་ལག་རྩལ།། བདེ་དང་སྡུག་པ་ང་ཡི་རྩལ།། དགྲ་གཉེན་ཕྱོགས་རིས་ང་ཡི་རྩལ། ། ཕྱོགས་མཚམས་ཁ་དོག་ཡན་ལག་རྩལ།། ཀུན་བཏགས་རིམ་དགུ་ཡན་ལག་རྩལ།། འགྲོ་བ་རིགས་དྲུག་ང་ཡི་རོལ་པར་ཤར།། རྟག་ཆད་རྣམ་གཉིས་རོལ་པར་ཤར།། གྲུབ་མཐའ་རྣམ་གཉིས་རོལ་པའི་རྩལ། ། གྲུབ་མཐའི་ལྟ་སྒོམ་རོལ་པའི་རྩལ།། ཞེ་འདོད་བྱ་རྩལ་ཡན་ལག་རྩལ།། འགྱུས་ཚད་རིག་ཚད་ཡན་ལག་རྩལ།། རྟགས་ཚད་མ་ལུས་རོལ་པའི་རྩལ།། འཆད་ཚད་བརྗོད་ཚད་ཐམས་ཅད་ང་ཡི་རྩལ་དུ་ཤར། ། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། འོད་གསལ་རྩལ་དང་ཡན་ལག་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། སྙིང་པོའི་ཀློང་དུ་འོད་གསལ་ཇི་ལྟར་གྲོལ།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། མཁའ་ཀློང་རྣམ་དག་ཆོས་དབྱིངས་སྙིང་པོ་རུ། ། གཞི་རླུང་འོད་ལྔ་སྙིང་པོའི་ཀློང་དུ་ཐིམ།། རྩལ་ལྔ་ཟེར་ལྔ་སྙིང་པོའི་ཀློང་དུ་གྲོལ།། སྟོང་གསལ་འོད་འབར་སྙིང་པོའི་ཀློང་དུ་གྲོལ།། ཤེས་རིག་དྲན་པ་སྙིང་པོའི་ཀློང་དུ་གྲོལ།། རང་བཞིན་ངོ་བོ་སྙིང་པོའི་ཀློང་དུ་གྲོལ། ། མ་རིག་ཡེ་ཤེས་སྙིང་པོའི་ཀློང་དུ་གྲོལ།། འཆར་སྒོ་འཁྲུལ་སྒོ་སྙིང་པོའི་ཀློང་དུ་གྲོལ།། གཏི་མུག་མ་སྤངས་མི་གནས་ཀློང་དུ་གྲོལ།། མ་རིག་མ་སྤངས་མི་གནས་ཀློང་དུ་གྲོལ།། སྒྲིབ་གཡོགས་མ་སྤངས་མི་གནས་ཀློང་དུ་གྲོལ། ། འགྲོ་དྲུག་མ་སྤངས་མི་གནས་ཀློང་དུ་གྲོལ།། སྣང་སྲིད་སྣོད་བཅུད་སྙིང་པོའི་ཀློང་དུ་གྲོལ།། འཁོར་དང་མྱ་འདས་སྙིང་པོའི་ཀློང་དུ་གྲོལ།། བདེ་དང་སྡུག་བསྔལ་སྙིང་པོའི་ཀློང་དུ་གྲོལ། ། བཟང་ངན་སྤང་ལེན་སྙིང་པོའི་ཀློང་དུ་གྲོལ།། ཡིན་མིན་དབྱེ་བསལ་སྙིང་པོའི་ཀློང་དུ་གྲོལ།། དགྲ་གཉེན་ཕྱོགས་རིས་སྙིང་པོའི་ཀློང་དུ་གྲོལ།། རྟག་ཆད་གཟུང་འཛིན་སྙིང་པོའི་ཀློང་དུ་གྲོལ།། རིག་ཚད་འགྱུ་ཚད་སྙིང་པོའི་ཀློང་དུ་གྲོལ། ། དྲན་ཚད་བསམ་ཚད་སྙིང་པོའི་ཀློང་དུ་གྲོལ།། དུག་ལྔ་སྐུ་ལྔ་སྙིང་པོའི་ཀློང་དུ་གྲོལ།། རྣམ་རྟོག་བག་ཆགས་སྙིང་པོའི་ཀློང་དུ་གྲོལ། ཀུན་བཏགས་རིམ་དགུ་སྙིང་པོའི་ཀློང་དུ་གྲོལ།། གྲུབ་མཐའི་ལྟ་སྒོམ་ཐམས་ཅད་སྙིང་པོའི་ཀློང་དུ་གྲོལ། ། མཚོན་ཚད་བཏགས་ཚད་སྙིང་པོའི་ཀློང་དུ་གྲོལ།། བྱ་བཙལ་རྩོལ་བསྒྲུབ་མ་བྱས་པར།། རང་བཞིན་ཤུགས་ཀྱིས་དེ་ལྟར་གྲོལ།། ཀློང་ནས་རྩལ་ཟེར་ཀློང་དུ་གྲོལ། ། སྟོང་ལས་ཀུན་འབྱུང་སྟོང་པར་གྲོལ།། མེད་ལས་སྣ་ཚོགས་མེད་པར་གྲོལ།། ཐོལ་བྱུང་ཡིད་རིག་བྱུང་ཚད་གྲོལ།། ཝལ་བྱུང་དྲན་རྟོག་སྙིང་པོར་གྲོལ།། གཟུགས་སུ་སྣང་ཚད་བདེ་གཤེགས་སྐུ་རུ་གྲོལ།། སྒྲ་སྐད་ཐམས་ཅད་གྲགས་སྟོང་གསུང་དུ་གྲོལ། ། དྲན་རྟོག་ཐམས་ཅད་སངས་རྒྱས་ཐུགས་སུ་གྲོལ།། ཁམས་གསུམ་སེམས་ཅན་ལུས་ངག་ཡིད་གསུམ་དེ།། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་སུ་གྲོལ། ། སྣང་སྲིད་འཇིག་རྟེན་འཁོར་འདས་ཐམས་ཅད་ཀུན།། སངས་རྒྱས་ཞིང་ཁམས་འོད་གསལ་ཆེན་པོར་གྲོལ།། ཞེ་འདོད་རྩོལ་སྒྲུབ་བྱས་ནས་གྲོལ་བ་མ་ཡིན་ཏེ།། ཐོག་མ་ཉིད་ནས་མ་སྤངས་མི་གནས་གྲོལ། ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གྲོལ།། བློས་བཏགས་ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་གྲོལ།། དཔེར་ན་སྦྲུལ་གྱི་མདུད་པ་བཞིན།། འཆིང་མཁན་གྲོལ་མཁན་མེད་པར་གྲོལ།། དེ་བཞིན་རྟག་ཆད་ཆོས་རྣམས་མ་ལུས་ཀུན། ། མ་བཅིངས་མ་གྲོལ་སྙིང་པོའི་ཀློང་དུ་གྲོལ།། དཔེར་ན་རྔ་མའི་མདུད་པ་བཞིན།། མཚན་མ་སྣ་ཚོགས་རང་གྲོལ་ཉིད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། སྙིང་པོའི་ཀློང་དུ་འོད་གསལ་གྲོལ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། སྙིང་པོའི་ཡན་ལག་གཉིས་མེད་ཇི་ལྟར་ལགས། ། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་ཉིད་མཁའ་ཀློང་སྙིང་པོའི་ཀློང་དཀྱིལ་དུ།། འོད་གསལ་རྩལ་ཟེར་ཡན་ལག་མ་ལུས་ཐིམ།། སྙིང་པོ་རྩལ་ཟེར་གཉིས་མེད་ཐོག་མར་ཡེ་སངས་རྒྱས། ། བྱ་བཙལ་རྩོལ་བས་མ་བསྒྲུབས་པར།། མཁའ་ལ་འཇའ་ཚོན་ཐིམ་པ་འདྲ།། ནམ་མཁར་ཆོ་འཕྲུལ་ཐིམ་པ་དང།། འོ་མ་ཆུ་དང་འདྲེས་པ་དབྱེར་མི་ཕྱེད།། དེ་བཞིན་གཞི་རླུང་གཉིས་སུ་འདྲེས་པ་དབྱེར་མི་ཕྱེད། ། རླུང་ལྔ་འབྱུང་ལྔ་གཉིས་མེད་དབྱེར་མི་ཕྱེད།། འོད་ལྔ་ཟེར་ལྔ་གཉིས་མེད་དབྱེར་མི་ཕྱེད།། ཤེས་པ་སྣང་ཚུལ་འགྱུ་མེད་དབྱེར་མི་ཕྱེད།། རང་བཞིན་ངོ་བོ་ཐུགས་རྗེ་དབྱེར་མི་ཕྱེད།། དུས་གསུམ་སྐུ་གསུམ་གཉིས་མེད་དབྱེར་མི་ཕྱེད། ། ཡིད་འཁོར་འཁྲུལ་འཁོར་གཉིས་མེད་དབྱེར་མི་ཕྱེད།། མ་རིག་ཡེ་ཤེས་གཉིས་མེད་དབྱེར་མི་ཕྱེད།། འཁྲུལ་དང་མ་འཁྲུལ་གཉིས་མེད་དབྱེར་མི་ཕྱེད།། རྟོགས་དང་མ་རྟོགས་གཉིས་མེད་དབྱེར་མི་ཕྱེད། ། སངས་རྒྱས་སེམས་ཅན་གཉིས་མེད་དབྱེར་མི་ཕྱེད།། འཁོར་བ་མྱང་འདས་གཉིས་མེད་དབྱེར་མི་ཕྱེད།། སངས་རྒྱས་འགྲོ་དྲུག་གཉིས་མེད་དབྱེར་མི་ཕྱེད།། སྣང་སྲིད་སྣོད་བཅུད་གཉིས་མེད་དབྱེར་མི་ཕྱེད། ། དུག་ལྔ་སྐུ་ལྔ་གཉིས་མེད་དབྱེར་མི་ཕྱེད།། དུག་གསུམ་སྐུ་གསུམ་གཉིས་མེད་དབྱེར་མི་ཕྱེད།། རྣམ་རྟོག་ཆོས་ཉིད་གཉིས་མེད་དབྱེར་མི་ཕྱེད།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང། ། ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་གཉིས་སུ་མེད།། ཕྱི་ནང་ཡུལ་སེམས་དབྱེ་བ་གཉིས་སུ་མེད།། གཟུགས་ལྔ་སྐུ་ལྔ་གཉིས་མེད་དབྱེ་རུ་མེད།། དབང་ལྔ་ཡུལ་ལྔ་དབྱེར་མེད་གཉིས་སུ་མེད།། སྒོ་ལྔ་གཟུགས་ལྔ་དབྱེར་མེད་གཉིས་སུ་མེད། ། ཡིད་ལྔ་གསལ་དབང་དམིགས་འཛིན་གཉིས་སུ་མེད།། རིག་སེམས་མིང་འདོགས་ཉོན་མོངས་གཉིས་སུ་མེད།། འགྱུ་དྲན་གློ་རྟོག་འཛིན་ཞེན་གཉིས་སུ་མེད།། ཅི་ལ་སྤྱོད་ཀྱང་མ་ཞེན་མ་ཆགས་གཉིས་སུ་མེད། ། སྡུག་བསྔལ་བདེ་བ་གཉིས་སུ་དབྱེ་རུ་མེད།། བཟང་ངན་སྤང་ལེན་དབྱེར་མེད་གཉིས་སུ་མེད།། ཡིན་མིན་དབྱེ་བསལ་དབྱེར་མེད་གཉིས་སུ་མེད།། དགྲ་གཉེན་ཕྱོགས་རིས་གཉིས་མེད་དབྱེ་རུ་མེད། ། ཕྱི་ནང་ཡུལ་སེམས་དགག་སྒྲུབ་གཉིས་སུ་མེད།། དཔེར་ན་རྒྱ་མཚོ་ཆེན་པོ་རུ།། ཆུ་བྲན་འདི་ཡིན་འདི་མིན་དབྱེར་མི་ཕྱེད།། དེ་བཞིན་སེམས་ཀྱིས་བརྟགས་པའི་ཆོས་རྣམས་ཀུན།། སྙིང་པོའི་ཀློང་དུ་ཐིམ་ནས་བློ་ལས་གྲོལ་ཙམ་ན། ། ཆོས་རྣམས་འདི་ཡིན་འདི་མིན་དབྱེར་མི་ཕྱེད།། ཅིའི་ཕྱིར་ཞེ་ན་ཆོས་དང་ཆོས་ཉིད་འཕྲད་ནས་བློ་དངོས་འདྲེས་ཙམ་ན།། ཡིན་རྒྱུ་གང་ཡིན་མིན་རྒྱུ་གང་བློ་ཟད།། ཐེག་པ་གྲུབ་མཐའ་སྟོངས་ཙམ་ན། ། ཡིན་མིན་དབྱེ་བསལ་མེད་དེ་ཀ་དག་ཆེན་པོར་གྲོལ།། སངས་རྒྱས་གཞན་ནས་མི་རེ་བློས་བཏགས་ཆོས་རྣམས་ཟད།། སྐྱེ་མེད་ཀ་དག་དངོས་མེད་དང།། རྣལ་མ་བློ་འདས་ངོ་བོ་ཉིད། ། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། སྙིང་པོ་དང་རྩལ་ཟེར་དབྱེར་མེད་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས། ། སྐྱེ་མེད་ཀ་དག་སྟོན་པ་ལ།། བློ་འདས་ཐེག་པ་ཇི་ལྟར་བཤད།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། བློ་འདས་རང་ལ་བརྗོད་མེད་ཀྱང།། འཁོར་གྱི་རྟོག་པ་བསལ་ཕྱིར་བཤད།། ཡང་ཏི་ཉི་ཟླའི་སྙིང་པོ་ཐེག་པའི་སྤྱི་ཕུད་འདི། ། ཐེག་པའི་གོང་བརྒལ་རྫོགས་ཆེན་གཉའ་གཅོག་ཡིན།། ཉི་ཟླའི་སྙིང་པོ་ཐེག་དགུ་ཐོད་རྒལ་འདི།། འདི་གོ་ཀུན་གོའི་ཆོས་སུ་བཤད།། འདི་རྟོགས་ཀུན་རྟོགས་ཆོས་སུ་བཤད། ། འདི་ཤེས་ཀུན་ཤེས་ཆོས་སུ་བཤད།། འདི་གསལ་ཀུན་གསལ་ཆོས་སུ་བཤད།། འདི་བཅངས་ཀུན་ཡོད་ཆོས་སུ་བཤད།། འདིར་ཞུགས་ཀུན་གྱི་སྒོར་བཞུགས་ཡིན།། འདི་བྲིས་ཆོས་ཀུན་བྲིས་པར་བཤད། ། ཅིའི་ཕྱིར་ཞེ་ན་ཆོས་རྣམས་ཀུན་གྱི་རྩ་བའི་རྒྱུད་སྡེ་ཡིན།། ཐེག་པ་ཀུན་གྱི་སྤྱི་ཕུད་རྩེ་རྒྱལ་ཡིན།། བརྒྱད་ཁྲི་བཞི་སྟོང་གསལ་བར་སྟོན་པའི་ཉི་ཟླ་ཡིན།། ཐེག་པ་ཀུན་གྱི་གཏེར་མཛོད་ལྡེ་མིག་ཡིན། ། བཏགས་ཆག་ཀུན་གྱི་ཞིང་ས་ཡིན།། ཐམས་ཅད་བསྐྱེད་པའི་ཡབ་ཡུམ་མཁའ་ཀློང་བྷ་ག་ཡིན། ཀུན་གྱི་ས་བོན་གཞི་མ་རྩ་བ་ཡིན།། ཀུན་གྱི་རྩ་བ་གཅིག་རྟོགས་པས།། ཀུན་ལ་དབང་བསྒྱུར་ཐོབ་པ་ཡིན། ། ཡང་ཏི་འདི་ཡིས་ཆོས་རྣམས་གཏན་ལ་ཕེབས་པའི་ཕྱིར།། བསྟན་པའི་ཡང་སྙིང་འདི་ཐོས་པས།། འདི་ཐོས་གང་ཞིག་ཐོས་པའི་མཆོག། དཔེར་ན་མཆོག་རབ་རྩེ་ནས་རི་བྲན་ཐམས་ཅད་གསལ། ། འབྱུང་ཆེན་ནམ་མཁར་འབྱུང་བ་ཐམས་ཅད་གསལ།། གནམ་ས་གཉིས་སུ་སྐྱེ་འགྲོ་ཐམས་ཅད་གསལ།། ཟ་འོག་སྣམ་བུར་དང་སྣ་སྣ་ཚོགས་གསལ།། བསམ་འཕེལ་ནོར་བུར་རིན་ཆེན་སྣ་ཚོགས་གསལ། ། དཀྱིལ་འཁོར་ཆེན་པོར་ས་ཚོན་རྣམ་ལྔ་གསལ།། ཕྱི་ཡི་རྒྱ་མཚོར་ཆུ་བྲན་སྣ་ཚོགས་གསལ།། དེ་བཞིན་ཆོས་ཀུན་རྩ་རྒྱུད་ཉི་ཟླའི་སྙིང་པོར་གནས།། སེམས་ཀྱི་བཏགས་པའི་ཆོས་རྣམས་རིལ་པོར་གསལ། ། ཨ་ཧོ་ང་ཡི་བཀའ་ཆེན་འདི་ལྟ་བུ།། གཞན་ནས་མི་འབྱུང་ཨ་ལ་ལ།། རང་བྱུང་ངོ་མཚར་ཁྱད་པར་ཅན།། དུག་གསུམ་སྐུ་གསུམ་ཡིན་པར་བཤད།། དུག་ལྔ་སྐུ་ལྔ་ཡིན་པར་བཤད།། མ་རིག་འོད་གསལ་ཆེན་པོར་བཤད། ། གཏི་མུག་ཀ་དག་ཆེན་པོར་བཤད།། རྣམ་རྟོག་ཆོས་ཉིད་ཆེན་པོར་བཤད།། མཚན་མའི་ཆོས་རྣམས་གཟིགས་མོར་བཤད།། བྱ་བཙལ་མེད་པའི་ཆོས་སུ་བཤད།། རྩོལ་སྒྲུབ་མེད་པའི་ཆོས་སུ་བཤད། ། ཞེ་འདོད་མེད་པའི་ཆོས་སུ་བཤད།། ལྟ་སྒོམ་སྤྱོད་འབྲས་མེད་པའི་ཆོས་སུ་བཤད།། དངོས་གྲུབ་ཡིད་སྨོན་མེད་པའི་ཆོས་སུ་བཤད།། སྐུ་དང་ཡེ་ཤེས་རང་ལ་ཚང་བའི་ཆོས་སུ་བཤད།། བློ་ཟད་གྲུབ་མཐའ་སྟོངས་པའི་ཆོས་སུ་བཤད། ། མཚོན་བརྗོད་དམིགས་ལས་འདས་པའི་ཆོས་སུ་བཤད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། བློ་འདས་བཤད་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། ཉི་ཟླའི་སྙིང་པོ་ཡང་ཏི་ཡོ་ག་ལ།། གྲུབ་མཐའི་བློས་བཏགས་ཡོད་དམ་མེད།། ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། གྲུབ་མཐའི་བློས་བཏགས་བློ་ཡི་ཡུལ།། བློ་ཡི་ཡུལ་ལ་ངེས་པ་མེད།། བློ་ཡུལ་མ་ཟད་སངས་མི་རྒྱ།། དེ་ཕྱིར་ཡང་ཏི་ཉི་ཟླའི་སྙིང་པོའི་རྟོགས་པ་ལ།། ཐེག་པ་དགུ་ཡི་ཆོས་མི་དགོས། ། འོན་ཀྱང་ཡང་ཏི་མ་རྟོགས་གང་ཟག་ལ།། ཐེག་པ་དགུ་ཡི་ལྟ་བསྒོམ་བསྟན།། མུ་སྟེགས་ཉན་ཐོས་རང་རྒྱལ་དང།། སེམས་ཙམ་དབུ་མ་བྱང་སེམས་དང།། ཀྲི་ཡཱ་ཡོ་ག་ཨུ་པ་ཡ།། མ་ཧཱ་ཨ་ནུ་ཨ་ཏི་དགུ། ། དེ་ཡི་གྲུབ་མཐའ་བློས་བཏགས་ནི།། རང་རང་དཀྱུས་ན་གསལ་ཕྱིར་རོ།། བློས་བཏགས་ཐ་སྙད་འདིར་མ་བསྟན།། ཉི་ཟླའི་སྙིང་པོ་རྟོགས་པ་ལ།། དེ་རྣམས་བློ་ཡིན་དགོས་པ་མེད།། འོན་ཀྱང་འཁྲུལ་རྨོངས་མི་ཤེས་བློ་ཅན་ལ། ། རེ་ཞིག་ཚིག་གི་སྒྲོན་མེས་དོན་གྱི་དཔེར་མཚོན་པ།། དངོས་པོའི་ཆོས་ཅན་གཅིག་ལ་ནི།། མུ་སྟེགས་རྟག་ལྟ་བས་ནི་ཤེས་ཤིང་རིག་པའི་ངོ་བོར་བཏགས།། དེ་ཡང་རྫས་སུ་གྲུབ་པར་འདོད།། རྟག་འདོད་ཁ་དོག་དབྱིབས་ཀྱི་ཚད། ། རང་རང་ལུས་དང་སྦྱར་ནས་ནི།། སྙིང་དཀྱིལ་ཉུང་འབྲུ་སྲན་ཙམ་པ།། ཁ་དོག་དཀར་ཚེར་སྣུམ་ལ་འདྲིལ།། ཞེས་གསུངས་སོ།། མུ་སྟེགས་ཆད་པའི་ལྟ་བ་ནི།། རྒྱུ་མེད་འབྲས་བུ་མེད་པར་འདོད། ། མི་ཤི་ཐལ་བ་རླུང་ཁྱེར་བཞིན།། སླར་འཚོ་བ་དག་ག་ལ་ཡོད།། ཅེས་གསུངས་སོ།། ནང་པ་སངས་རྒྱས་ཐེག་པ་ནི།། ཆོས་ཅན་གང་རུང་གཅིག་ལ་ནི།། ཉན་ཐོས་ཕྲ་རགས་རྫས་སུ་གྲུབ་པར་འདོད།། བྱེ་བྲག་པ་ནི་བསྐོར་བ་བར་དང་བཅས་པར་འདོད། ། དེ་ཡང་གཞུང་ལས་ཕྱི་ཡི་ཡུལ།། ཡུལ་ནི་ཕྲ་རབ་རྡུལ་དུ་སྣང།། ཞེས་གསུངས་སོ།། རང་སངས་རྒྱས་ཀྱི་འདོད་པ་ནི།། རྡུལ་མིན་ཡུལ་གྱི་རྣམ་པ་སྟོང།། རྣམ་པར་རིག་བྱེད་མ་ཡིན་འདོད། ། ཅེས་གསུངས་སོ།། སེམས་ཙམ་པ་ཡི་འདོད་པ་ནི།། རྣམ་བདེན་རྣམ་རྫུན་རྣམ་གཉིས་ཏེ།། སེམས་ཙམ་རྣམ་བདེན་ལྟ་བ་ནི།། དཀར་དམར་སྣ་ཚོགས་སེམས་ཀྱི་སྣང་བར་འདོད།། འཇིག་རྟེན་ཁམས་ནི་སེམས་ཙམ་མོ། ། ཞེས་གསུངས་སོ།། སེམས་ཙམ་རྣམ་རྫུན་ལྟ་བ་ནི།། ཡུལ་གྱི་རྣམ་པ་མེད་པ་རུ།། རང་རིག་རྒྱུན་གྱི་རྟག་པར་འདོད།། སྔ་མ་སྔ་མས་རྒྱུ་བྱས་ནས།། ཕྱི་མ་ཕྱི་མ་འབྲས་བུར་འདོད། ། དེ་ཡང་གཞུང་ལས་ཀྱང།། ཤེས་པ་བདེན་ཏེ་རྣམ་པ་རྫུན།། མི་རྣམས་ལ་ནི་ཕྱི་རོལ་སྣང།། འཇིག་རྟེན་པ་ལ་སེམས་ཙམ་མོ།། སེམས་ནི་ཡང་དག་དངོས་མ་ཡིན།། སེམས་ཙམ་དུ་ནི་ངས་བཤད་དོ། ། ཞེས་གསུངས་སོ།། དབུ་མ་པ་ཡི་ལྟ་བ་ནི།། སེམས་ཙམ་སྤྱོད་པའི་དབུ་མ་དང།། རྣལ་འབྱོར་སྤྱོད་པའི་དབུ་མའོ།། དེ་ཡང་རྣམ་པར་སྣང་བ་འདི་དག་ནི།། སྒྱུ་མར་འདོད་དང་རབ་ཏུ་མི་གནས་པ།། སྒྱུ་མ་ལྟ་བུའི་ལྟ་བ་ནི། ། ཡུལ་གྱི་རྣམ་པ་མི་རྟག་མི་བདེན་སྒྱུ་མའི་ཚུལ།། ཆོས་རྣམས་རྨི་ལམ་ལྟ་བུ་ལ་སོགས་པ།། སྒྱུ་མའི་དཔེ་བརྒྱད་བཞིན་དུའོ།། རྣལ་འབྱོར་སྤྱོད་པའི་ལྟ་བ་ནི།། ཡུལ་གྱི་རྣམ་པ་གང་སྣང་ཡང།། ཕྱོགས་ཆར་བཤིགས་པས་གཅིག་མ་གྲུབ། ། གཅིག་མ་གྲུབ་པའི་གཏན་ཚིགས་ཀྱིས།། མཐའ་བཞི་བྲལ་ལོ་སྟོང་པར་གནས།། སྟོང་པ་བཅོ་བརྒྱད་སྤྲོས་པའི་མཐའ་བརྒྱད་འདས།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། མཚན་ཉིད་སྡེ་གསུམ་གྱི་གྲུབ་མཐའ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། ཕྱི་རྒྱུད་སྡེ་གསུམ་ཐེག་པ་ཇི་ལྟར་ལགས། ། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀྲི་ཡཱ་པ་ཡི་ལྟ་བ་ནི།། ཡུལ་གྱི་རྣམ་པ་སྣང་བ་ནི།། རིགས་གསུམ་ལྷ་ཡི་སྐུ་རུ་འདོད།། མཐོ་དམན་འཇམ་རྩུབ་རིགས་གསུམ་མགོན།། ཨུ་པ་ཡ་ཡི་ཐེག་པ་ནི། ། ཀྲི་ཡར་སྤྱོད་ལ་ཡོ་གར་བལྟ།། གཉིས་ཀའི་རྒྱུད་ལས་གཞུང་ཚུགས་མེད།། ཡོ་ག་པ་ཡི་ཐེག་པ་ནི།། ཕྱི་ཡི་ཡུལ་དུ་སྣང་བ་དེ།། རིགས་ལྔ་ལྷ་ཡི་སྣང་བར་འདོད།། སྐྱེ་འགག་གཉིས་སུ་སྣང་བ་ལ། ། དེ་ཡང་སྤུན་དང་གྲོགས་པོའི་ཚུལ།། ཞེས་གསུངས་སོ།། ནང་རྒྱུད་སྡེ་གསུམ་ཐེག་པ་ལ།། མ་ཧཱ་ཡོ་གའི་ཐེག་པ་ནི།། སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ།། ཕུང་པོ་ལྔ་ནི་རིགས་ལྔའི་ལྷ་རུ་བསྒོམ། ། རྣམ་ཤེས་ཚོགས་བརྒྱད་སེམས་དཔའ་བརྒྱད།། འབྱུང་ལྔ་རིགས་ཀྱི་ཡུམ་ལྔར་བསྒོམ།། གཟུགས་སྒྲ་དྲི་རོ་མཆོད་པའི་ལྷ་མོ་བཞི།། ཡན་ལག་རྣམ་བཞི་སྒོ་མ་བཞི།། སྒལ་ཚིགས་རྩ་བརྒྱད་དབང་ཕྱུག་མ། ། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའོ།། ཐབས་ཀྱི་རང་བཞིན་སྐྱེ་རིམ་ཚུལ།། ཤེས་རབ་རང་བཞིན་རྫོགས་རིམ་འདོད།། དེ་ཡང་གཞུང་ལས།། སྣང་བ་མི་འགག་ཐབས་ཡིན་ཏེ།། རང་བཞིན་མེད་པ་ཤེས་རབ་ཡིན། ། ཞེས་གསུངས་སོ།། རྫོགས་པ་ཨ་ནུའི་ལྟ་བ་ནི།། ཡུལ་གྱི་རྣམ་པ་ཆོས་དབྱིངས་གཞལ་ཡས་ཁང།། སྙིང་པོ་དྲན་ཙམ་མ་བསྐྱེད་རྫོགས་པའི་ལྷ།། ས་ཆུ་མེ་རླུང་སྣོད་བཅུད་བཅས།། ཀུན་ཀྱང་མ་བསྐྱེད་ཡོངས་རྫོགས་ལྷ། ། ཞེས་གསུངས་སོ།། རྫོགས་ཆེན་ཨ་ཏིའི་ལྟ་བ་ནི།། ཆགས་ཞེན་ལ་སོགས་ཡུལ་གྱི་རྣམ་པ་རྣམས།། ཆོས་ཉིད་རོལ་པའི་སྣང་བར་འདོད།། སྟོང་གསུམ་འཇིག་རྟེན་དེ་རྣམས་ནི།། སྐུ་གསུང་ཐུགས་ཀྱི་རོལ་པར་ཤར་བའོ། ། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། གསང་སྔགས་ཐེག་པའི་གྲུབ་མཐའ་ཕྱི་རྒྱུད་དང་ནང་རྒྱུད་བསྐྱེད་རྫོགས་གསུམ་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། གོང་བརྒལ་སྤྱི་ཏི་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ཨེ་མ་ཧོ་ངོ་མཚར་ཁྱད་པར་འཕགས།། ཐེག་པ་དགུ་རྩེ་སྤྱི་ཏི་ཡོ་ག་འདི།། གཞན་ནས་མི་རྙེད་རང་ལས་རྙེད།། ཐེག་མཆོག་ངོ་མཚར་ཁྱད་པར་ཅན།། རྫོགས་ཆེན་སྤྱི་ཏིའི་ལྟ་བ་ནི།། སྣང་སྲིད་འཁོར་འདས་མ་ལུས་པ། ། ཀ་དག་རྟེན་མེད་ཆེན་པོར་གྲོལ།། ཡིན་མིན་རྩིས་གདབ་མེད་པའི་དགོངས་པ་ཤར།། བྱ་བཙལ་རྩོལ་སྒྲུབ་མེད་པ་རུ།། ཟང་ཀ་རྣལ་མར་གནས་པའོ།། སྐྱེ་མེད་དངོས་མེད་འབྲས་བུ་བློ་ལས་འདས།། ཨེ་མ་ངོ་མཚར་རྨད་བྱུང་ཆོས། ། གཞན་ལས་མི་འབྱུང་ཨ་ལས་བྱུང།། ཨ་ལ་ལ་ཧོ། མ་ལུས་རིལ་པོར་ཀ་དག་ཆེན་པོར་གྲོལ།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། སྤྱི་ཏིའི་ཐེག་པ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། དེ་ལས་ཡང་ཏི་གང་གིས་འཕགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ཨ་ཏི་ཏྲ་བྷྱོ་ཡ་ཐུ་ལ་དྷརྨྨ་དྷཱ་ཏུ། ཨ་ཨ་ཐ་ཐི། ཡང་ཏི་ཉི་ཟླའི་སྙིང་པོ་འདི།། ལྟ་སྒོམ་སྤྱོད་འབྲས་བསྒྲུབ་ཏུ་མེད།། གཏད་མེད་དམིགས་མེད་སོ་མ་བློ་ལས་གྲོལ།། སྣང་བ་ཐམས་ཅད་མིང་མེད་ཆེན་པོར་གྲོལ། ། ཀ་དག་སྐྱེ་མེད་དངོས་པོའི་ཆོས་རྣམས་མེད།། སྤྱི་ཏི་ཉིད་ལ་གང་གིས་འཕགས་ཞེ་ན།། སྣང་བའི་རྣམ་པ་གང་ལ་ཡང།། མིང་འདོགས་མེད་པར་ཐིག་ལེ་སྤྱི་བརྟོལ་ཡིན།། དག་དང་མ་དག་མེད་པར་གཏི་མུག་ཆེན་པོར་གྲོལ། ། ཁམས་གསུམ་སྡུག་བསྔལ་མེད་པར་འདི་ཀ་ལྟ་བུར་གྲོལ།། སངས་རྒྱས་སེམས་ཅན་འགྲོ་དྲུག་གནས་མེད་པར།། བློས་བཏགས་མིང་འདོགས་མེད་པར་གྲོལ།། ཆོས་ཟད་བློ་སྟོར་མཚོན་བརྗོད་བསམ་ལས་འདས་པར་གྲོལ། ། སརྦ་དྷརྨཱ་བྷྱོ་ཧ་ཐུ་ལ་མུ་ལ་ཨ།། ཅང་མེད་ཅིར་སྣང་མིང་མེད་ཆེན་པོར་གྲོལ།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། རྫོགས་ཆེན་གཉའ་གཅོག་སྤྱི་ཏི་གོང་བརྒལ་ཡང་ཏི་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། སྤྱི་འདས་བློ་བྲལ་བསྟན་པ་ལ།། བྱ་བཙལ་བློ་ཆོས་མི་འཚལ་ལམ། ། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་ཟླའི་སྙིང་པོ་ལ།། བྱ་བཙལ་རྩོལ་སྒྲུབ་མི་དགོས་ཏེ།། མ་བཅོས་རང་སར་གྲོལ་བས་མཆོག། ཆོས་རྣམས་ཐམས་ཅད་སྤྲོས་བཅད་ལ། ། ལུས་ངག་ཡིད་གསུམ་དལ་བར་སྡོད།། སྤྱོད་ལམ་རྣམ་བཞི་ཅིར་སྤྱོད་ཀྱང།། སྤྱོད་བཞིན་མ་ཆགས་བདེ་བའི་མཆོག། བལྟ་མི་བལྟ་ཡི་ལྟ་བ་མེད།། ལྟ་བ་རྩོལ་བས་སྒྲུབ་ཏུ་མེད།། བསྒོམ་མི་བསྒོམ་གྱི་སྒོམ་པ་མེད། ། བསྒོམ་པ་རྩོལ་བས་བསྒྲུབ་ཏུ་མེད།། སྤྱོད་མི་སྤྱོད་ཀྱི་སྤྱོད་པ་མེད།། སྤྱོད་པ་རྩོལ་བས་བསྒྲུབ་ཏུ་མེད།། བསྒྲུབ་མི་བསྒྲུབ་ཀྱི་བསྒྲུབ་ཏུ་མེད།། འབྲས་བུ་རྩོལ་བས་བསྒྲུབ་ཏུ་མེད།། ཕྲིན་ལས་རྩོལ་བས་བསྒྲུབ་ཏུ་མེད། ། དམ་ཚིག་རྩོལ་བས་བསྲུང་དུ་མེད།། ས་ལམ་རྩོལ་བས་བགྲོད་དུ་མེད།། ཅིར་སྣང་ཅིར་སྲིད་ལྟ་བ་ལ།། ལྟ་དང་མི་ལྟའི་རྩོལ་སྒྲུབ་མེད།། རིག་ཚད་འགྱུས་ཚད་གྲོལ་བ་ལས།། ཐུན་དུ་བཅད་པས་བསྒོམ་དུ་མེད། ། གང་གང་སྣང་སྣང་སྤྱོད་པ་ལས།། རྩོལ་བས་ཆེད་དུ་སྤྱད་དུ་མེད།། ཀ་དག་འོད་གསལ་དམ་ཚིག་ལས།། ཆེད་དུ་བསྲུང་ཞིང་བསྡམ་དུ་མེད།། སྦྱང་བགྲོད་ཡེ་མེད་གྲོལ་བ་ལས།། ས་ལམ་སྦྱངས་ཤིང་བགྲོད་དུ་མེད། ། འབྲས་བུ་ཡེ་ཀློང་མཐའ་སྟོངས་པས།། ཡིད་སྨོན་རེ་དོགས་རྩོལ་བ་མེད།། ཡང་ཏི་ཉི་ཟླའི་སྙིང་པོ་ལ།། ཞེ་འདོད་བྱ་རྩོལ་མི་བྱེད་དེ།། བྱར་མེད་ལྷུག་པར་བཞག་པས་ཆོག། མ་བཅོས་རྣལ་མ་རང་སར་ཞོག། ཆེད་དུ་རྩོལ་བསྒྲུབ་གང་ཡང་མེད།། འགྲོ་ཡིན་འགྲོ་ཡིན་རང་སར་གྲོལ།། སྡོད་ཀྱིན་སྡོད་ཀྱིན་རང་སར་གྲོལ།། ཉལ་ཀྱིན་ཉལ་ཀྱིན་རང་སར་གྲོལ།། ཟ་ཡིན་ཟ་ཡིན་རང་སར་གྲོལ།། སྡུག་གིན་སྡུག་གིན་རང་སར་གྲོལ། ། སྐྱེད་ཀྱིན་སྐྱེད་ཀྱིན་རང་སར་གྲོལ།། གང་ན་གནས་ཀྱང་མ་ཆགས་རང་སར་གྲོལ།། ཅི་ལ་སྤྱོད་ཀྱང་མ་ཞེན་རང་སར་གྲོལ།། ཇི་སྐད་སྨྲས་ཀྱང་གྲག་སྟོང་གྲོལ།། ཅི་ཐོས་གང་ཡང་མ་ཉན་གྲོལ། ། གང་ལ་རེག་ཀྱང་མ་བཏང་མ་བཟུང་གྲོལ།། སྒོ་ལྔ་གསལ་བའི་ཤེས་པ་ལ།། ཡིད་ལྔ་མ་བསྒྲུབས་ཟང་ཐལ་གྲོལ།། ཡིད་རིག་འགྱུས་ཀྱང་མ་བཟུང་གྲོལ།། སྐྱེ་མེད་འགག་མེད་སྣ་ཚོགས་ཀྱང།། སྣ་ཚོགས་སྐྱེ་མེད་ཀློང་དུ་གྲོལ། ། དངོས་མེད་དངོས་པོ་ཇི་སྙེད་ཀྱང།། ངང་དངས་དངོས་མེད་ཀློང་དུ་གྲོལ།། ཅང་མེད་ཅིར་སྣང་དེ་ཀར་གྲོལ།། སྟོང་པའི་ཀློང་ནས་ཀུན་འབྱུང་སྟོང་པ་ངང་དུ་གྲོལ།། རྩ་ཟེར་རིག་སེམས་འོད་གསལ་ཆེན་པོར་གྲོལ། ། འགྱུ་བ་དྲན་པ་བློ་དང་རྟོག་པ་ཡང།། ངང་དངས་རང་སངས་སྙིང་པོའི་ཀློང་དུ་གྲོལ།། བློས་བཏགས་ཆོས་རྣམས་ཐམས་ཅད་ཀྱང།། ཆེད་དུ་དགག་བསྒྲུབ་རྩོལ་བས་མ་སྤངས་པར།། ཀ་དག་དངོས་མེད་སྐྱེ་མེད་བྱར་མེད་བློ་ལས་འདས། ། གནས་ལུགས་སྙིང་པོ་ཆིག་ཆོད་པ།། ཆོས་ཉིད་ཡང་དག་ངེས་པ་མ་ནོར་བ།། ཆིག་ཆོད་ཆོས་སྐུ་ལྷུན་གྲུབ་ཟང་ཐལ་ཡེ་ནས་གྲོལ།། ཡེ་དག་ཡེ་གསལ་ཡེ་གྲུབ་ཡེ་གནས་སོ། ། ཡང་ཏི་ཉི་ཟླའི་སྙིང་པོ་ལ།། ད་གདོད་བྱ་བཙལ་རྩོལ་སྒྲུབ་ག་ལ་ཡོད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། སྤྱི་འདས་ཡང་ཏི་ལ་བྱ་བཙལ་བློ་ཆོས་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། རྩོལ་བསྒྲུབ་འདས་པའི་ཐེག་པ་ལ།། ལྟ་སྒོམ་སྤྱོད་འབྲས་དགོས་མི་དགོས། ། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་རྩོལ་བསྒྲུབ་འདས་པ་ལས།། ལྟ་སྒོམ་སྤྱོད་འབྲས་བློ་ཡི་ཡུལ།། བློ་ཡི་ཡུལ་ལས་ངེས་པ་མེད།། བློ་ཡུལ་མ་ཟད་སངས་རྒྱས་ཆོས་མི་ཟད། ། དེས་ན་ཡང་ཏི་ཉི་ཟླའི་སྙིང་པོ་ལ།། ཞེ་འདོད་ལྟ་བའི་སེམས་དང་བྲལ།། དམིགས་པ་སྒོམ་པའི་སེམས་དང་བྲལ།། བྱ་རྩོལ་སྤྱོད་པའི་སེམས་དང་བྲལ།། རེ་དོགས་འབྲས་བུའི་སེམས་དང་བྲལ།། ཐིག་ལེ་མཐོང་བརྟོལ་སེམས་དང་བྲལ། ། ཞེ་འདོད་གཟའ་གཏད་ལྟ་བ་མེད།། ཀ་དག་འོད་གསལ་བསྒོམ་པ་ལ།། དམིགས་གཏད་ཡིད་གཟུངས་བསྒོམ་པ་མེད།། དངོས་མེད་བྱར་མེད་རྣལ་མ་ལ།། བྱ་བཙལ་མེད་པས་སྤྱོད་པ་མེད། ། གསང་བའི་ཡང་སྙིང་བློ་འདས་ལ།། གཞན་ནས་རྙེད་པའི་སངས་རྒྱས་མེད།། ཡེ་ནས་སྐུ་གསུམ་ལྷུན་གྲུབ་ལ།། རེ་དོགས་འབྲས་བུ་ཡོངས་ཀྱིས་མེད།། མིང་མེད་ཕྱོགས་བྲལ་རྟོགས་པས་ལྟ་བ་མེད།། ཀ་དག་སྐྱེ་མེད་རྟོགས་པས་སྒོམ་པ་མེད། ། དངོས་མེད་རྣལ་མ་རྟོགས་པས་བསམ་དུ་མེད།། སོ་མ་ལྷུག་པ་བག་ཡངས་རྟོགས་པས་སྤྱོད་པ་མེད།། ཡེ་ནས་རང་འཁྲུངས་རྟོགས་པས་འབྲས་བུ་མེད།། རྟག་ཆད་བློ་ལས་གྲོལ་བས་ལྟ་སྒོམ་མེད། ། བློ་ཟད་ཉོན་མོངས་ཡེ་བརླག་ཡིད་སྨོན་སངས་རྒྱས་མེད།། ཡང་ཏི་ཡོ་ག་རྟོགས་པས་ན།། རིག་མེད་སེམས་མེད་ཆོས་རྣམས་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏི་རྩོལ་སྒྲུབ་འདས་པ་ལ་ལྟ་སྒོམ་སྤྱོད་འབྲས་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ། ། ཐེག་དགུ་སྤང་ངམ་ཇི་ལྟར་བགྱི།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་ཟླའི་སྙིང་པོ་ལ།། ཐེག་དགུ་སྤངས་པས་རྫོགས་མི་འགྱུར།། ཐེག་དགུ་སྤངས་ལེན་མེད་པར་རྫོགས། ། ཡུལ་སེམས་གཉིས་སུ་མ་བཟུང་བས།། ཉན་ཐོས་ལྟ་བ་ངང་གིས་རྫོགས།། རྟེན་འབྲེལ་རྣམ་པར་རིག་མེད་པས།། རང་རྒྱལ་ལྟ་བ་ངང་གིས་རྫོགས།། ཡུལ་སེམས་གཉིས་མེད་མ་བཟུང་བས།། སེམས་ཙམ་ལྟ་བ་ངང་གིས་རྫོགས། ། དོན་དམ་ཀུན་རྫོབ་གཉིས་མེད་པས།། དབུ་མའི་ལྟ་བ་ངང་གིས་རྫོགས།། དག་པ་རིགས་གསུམ་མགོན་མེད་པས།། ཀྲི་ཡའི་ལྟ་བ་ངང་གིས་རྫོགས།། མར་སྤྱོད་ཡར་ལྟའི་སེམས་མེད་པས། ། ཨུ་པའི་ལྟ་བ་ངང་གིས་རྫོགས།། རིགས་ལྔ་སྐྱེ་འགག་གཉིས་མེད་པས།། ཡོ་གའི་ལྟ་བ་ངང་གི་རྫོགས།། ནང་རྒྱུད་མ་ཧཱའི་ཐེག་པ་ནི།། ཐབས་དང་ཤེས་རབ་གཉིས་མེད་པས།། མ་ཧཱའི་ལྟ་བ་ངང་གིས་རྫོགས། ། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། ཨ་ནུའི་ལྟ་བ་ངང་གིས་རྫོགས།། རིག་པ་འགྱུ་བའི་ཤེས་པ་ལ།། རང་རྒྱུད་མེད་པས་ཞེན་མེད་པ།། ཨ་ཏིའི་ལྟ་བ་ངང་གིས་རྫོགས།། ཆོས་ཉིད་ཀ་དག་ཆེན་པོ་ལ། ། དག་དང་མ་དག་གཉིས་མེད་པས།། སྤྱི་ཏིའི་ལྟ་བ་ངང་གིས་རྫོགས།། མཁའ་ཀློང་རྣམ་དག་ཆོས་ཉིད་སྙིང་པོ་ལ།། བློས་བཏགས་ཆོས་རྣམས་མ་ལུས་ཡོངས་སུ་རྫོགས།། རྫོགས་ཆེན་ཡང་ཏི་ཡོ་ག་ལ།། སྤང་ན་དུག་ལྔ་སྤང་ཀྱང་སྤང་ལེན་ཡིན། ། བསྒྲུབ་ན་སྐུ་གསུམ་བསྒྲུབ་ཀྱང་རྩོལ་བསྒྲུབ་ཡིན།། སྤང་ལེན་མེད་པ་ཉི་ཟླའི་སྙིང་པོ་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏྀ་ཉི་ཟླའི་སྙིང་པོར་ཐེག་པ་དགུ་མ་སྤངས་ངང་གིས་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། དཀྱིལ་འཁོར་དབང་དང་དངོས་གྲུབ་ལ། ། རེ་བར་བྱ་བའམ་ཡེ་ནས་རྫོགས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་ཟླའི་སྙིང་པོ་ལ།། འཇུག་པའི་དཀྱིལ་འཁོར་རེ་བའི་དངོས་གྲུབ་མེད།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ། གདོད་ནས་གསལ་བས་འདྲིར་མི་རེ།། མཁའ་ཀློང་རྣམ་དག་ཆོས་དབྱིངས་དཀྱིལ་འཁོར་ན།། རང་བྱུང་སྙིང་པོའི་ལྷ་ཚོགས་ངང་གིས་གསལ།། ད་གདོད་མི་བསྐྱེད་ཡེ་ནས་རྫོགས་པའི་ལྷ། ། སྤྱན་འདྲེན་མཆོད་བསྟོད་མི་བྱེད་ཡེ་ནས་རང་ལ་རྫོགས།། དངོས་གྲུབ་གཞན་ནས་མི་རེ་རང་གི་སེམས་ལ་གྲུབ།། དཀྱིལ་འཁོར་གཞན་ནས་མི་བྲི་སེམས་ལ་རྫོགས།། ས་ཚོན་དཀྱིལ་འཁོར་འདུས་བྱས་ཡིན། ། འདུས་བྱས་དཀྱིལ་འཁོར་ཐམས་ཅད་འཇིག། དེ་ཕྱིར་རང་བྱུང་སེམས་ཀྱི་དཀྱིལ་འཁོར་ནི།། རང་བཞིན་ངོ་བོ་ཐུགས་རྗེ་གསུམ།། ཐོག་མ་དང་པོའི་དཀྱིལ་འཁོར་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ། བདེ་གཤེགས་གསུམ་གྱི་དཀྱིལ་འཁོར་ཡིན།། སེམས་ཅན་ལུས་ངག་ཡིད་གསུམ་ཀྱང།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡིན།། སྣང་སྲིད་སྣོད་བཅུད་འཇིག་རྟེན་རྣམས།། མ་བྲིས་འོད་གསལ་དཀྱིལ་འཁོར་ཡིན། ། སྐྱེ་འགྲོ་སྣང་སྲིད་སེམས་ཅན་རྣམས།། མ་སྐྱེས་ཡོངས་རྫོགས་ལྷ་ཚོགས་ཡིན།། སྣང་བ་སྐུ་ཡི་དཀྱིལ་འཁོར་ཡིན།། སྒྲ་གྲག་གསུང་གི་དཀྱིལ་འཁོར་ཡིན།། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ཡིན། ། སྟོང་གསུམ་འཇིག་རྟེན་མ་ལུས་ཀུན།། ཡེ་གདོད་མ་ཉིད་ནས་ཀ་དག་ཡིན།། རང་བྱུང་འོད་གསལ་ཆེན་པོ་དེ།། གསལ་དག་སྒྲིབ་མེད་དཀྱིལ་འཁོར་ཡིན།། དཀྱིལ་འཁོར་དེ་ལྟར་རྫོགས་པས་བསྐྱེད་མི་དགོས། ། སྙིང་པོ་ཆོས་དབྱིངས་དཀྱིལ་འཁོར་ལ།། རང་བྱུང་སྐྱེ་མེད་གཙོ་བོ་བཞུགས།། འོད་གསལ་ཤར་ཕྱོགས་དཀྱིལ་འཁོར་ལ།། ཀ་དག་སྒྲིབ་མེད་ལྷ་ཚོགས་གནས།། ལྷོ་ཕྱོགས་རང་བཞིན་དཀྱིལ་འཁོར་ལ། ། རང་བྱུང་སངས་རྒྱས་ལྷ་ཡང་བཞུགས།། ཉོན་མོངས་རྣམ་རྟོག་ནུབ་པའི་ནུབ་ཕྱོགས་ན།། ངང་གསལ་ཁྱེའུ་ཆུང་ཡེ་ནས་མ་བསྐྱེད་བཞུགས།། བློས་བརྟགས་བརྒྱད་ཁྲི་བཞི་སྟོང་བྱང་བའི་བྱང་ཕྱོགས་ན། ། བློས་བརྟགས་མཚན་མ་གྲོལ་བའི་ལྷ་ཡང་བཞུགས།། མ་བསྐྱེད་ཡོངས་སུ་རྫོགས་པར་བཞུགས།། རིགས་ལྔ་ཆ་མཐུན་ཁྱད་པར་འཕགས།། རྩོལ་བསྒྲུབ་བྱས་ནས་བཞུགས་པ་མ་ཡིན་ཏེ།། ཡེ་ཐོག་མ་ཉིད་ནས་བཞུགས་པ་ཡིན། ། ཡེ་ནས་བཞུགས་པས་སྤྱན་མི་འདྲེན།། གདོད་ནས་དག་པས་སྒྲིབ་མི་སྦྱང།། ཀ་ནས་དག་པས་ད་མི་མཆོད།། ཡེ་ནས་བཟང་བས་བསྟོད་མི་དགོས།། རང་ལ་རང་གནས་གཤེགས་བཞུད་མེད། ། གོང་དུ་བཤད་པའི་དོན་རྟོགས་ན།། དེ་ལས་མི་འདའ་དམ་ཚིག་ཡིན།། ཀ་དག་སྐྱེ་མེད་དོན་རྟོགས་ན།། དེ་ལས་མི་མདའ་དམ་ཚིག་ཡིན།། མིང་མེད་བརྗོད་འདས་དོན་རྟོགས་ན།། དེ་ལས་མི་འདའ་དམ་ཚིག་ཡིན། ། དངོས་མེད་ཟང་ཐལ་དོན་རྟོགས་ན།། དེ་ལས་མི་འདའ་དམ་ཚིག་ཡིན།། བྱར་མེད་བློ་འདས་དོན་རྟོགས་ན།། དེ་ལས་མི་འདའ་དམ་ཚིག་ཡིན།། ཡང་ཏི་ཉི་ཟླའི་དོན་རྟོགས་ན།། འོག་མར་མི་སྤྱོད་དམ་ཚིག་ཡིན། ། དམ་ཚིག་དམ་ཚིག་ཅེས་བྱ་བ།། སྐྱེ་མེད་ཀ་དག་དམ་ཚིག་ཡིན།། དཔེར་ན་ཆུ་དང་ཤེལ་སྒོང་འདྲ།། ཕྱི་ནང་སྐྱོན་མེད་ཀ་ནས་དག། དེ་ལ་ཆེད་དུ་བསྲུང་ཞིང་བསྡམ་དུ་མེད།། དངོས་གྲུབ་གཞན་ནས་རེ་བ་མེད། ། རང་གི་སེམས་ལ་ཡེ་ནས་གྲུབ།། དངོས་གྲུབ་དངོས་གྲུབ་ཞེས་བྱ་བ།། དངོས་ནི་སྐྱེ་མེད་སྙིང་པོ་སྟེ།། གྲུབ་པ་ཀ་དག་འོད་གསལ་ལོ།། དངོས་ནི་དངོས་མེད་ཟང་ཐལ་ཏེ།། གྲུབ་ནི་བློ་འདས་བྱར་མེད་གྲུབ། ། དེས་ན་དངོས་གྲུབ་ཅེས་སུ་བཤད།། གོང་གི་དཀྱིལ་འཁོར་ངེས་ཚིག་ཀྱང།། དཔེར་ན་རི་བོ་མཆོག་རབ་དཀྱིལ།། གླིང་བཞི་གླིང་ཕྲན་འཁོར་ཡིན་ནོ།། འབྱུང་བ་རིམ་བརྩེགས་དཀྱིལ་ཡིན་ལ།། གླིང་ཕྲན་བཅུ་གཉིས་འཁོར་ཡིན་ནོ། ། དེ་ལ་ལྕགས་རི་མུ་ཁྱུད་བསྐོར།། ཁ་དོག་ལྔ་ཡི་ས་ཚོན་ཡེ་ནས་བཀོད།། ཕྱོགས་བཞི་མཚམས་བཞི་སྒོ་བཞི་ཡེ་ནས་གནས།། སྣོད་ཀྱི་འཇིག་རྟེན་དཀྱིལ་འཁོར་ན།། བཅུད་ཀྱི་སེམས་ཅན་ལྷ་ཚོགས་ཡིན། ། རང་བཞིན་ལྷུན་གྲུབ་བུདྡྷའི་ལྷ་ཚོགས་སོ།། བྱ་བཙལ་རྩོལ་བསྒྲུབ་མེད་པར་ཡེ་ནས་རྫོགས།། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་ན།། དཀྱིལ་ནི་སྙིང་པོའི་ཀློང་ཡིན་ནོ།། འཁོར་ནི་ཀ་དག་སྐྱེ་མེད་ཡིན། ། དཀྱིལ་ནི་ཡེ་ནས་གཞི་ཡིན་ཏེ།། འཁོར་ནི་སྣང་སྲིད་འཁོར་འདས་ཡིན།། དཀྱིལ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ།། འཁོར་ནི་གསལ་དག་འོད་གསལ་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏི་གནས་ལུགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ། ། དཀྱིལ་འཁོར་ཆེན་པོ་དེ་ལྟར་ན།། དབང་བསྐུར་བྱིན་བརླབ་འཚལ་མི་འཚལ།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྫོགས་ཆེན་ཡང་ཏི་རྟོགས་པ་ལ།། བྱིན་བརླབ་དབང་སྐུར་མི་དགོས་ཏེ། ། རང་སེམས་གདོད་དག་སྐྱེ་མེད་ནམ་མཁའ་ལ།། ཐིག་ལེ་མཐོང་བརྟོལ་ཀ་དག་ཉི་ཟླ་ཤར།། མ་རིག་ལས་དང་ཉོན་མོངས་ཡེ་ནས་བརླག། དེ་དག་འོད་གསལ་ཆེན་པོའི་དབང་རྫོགས་སོ།། སྙིང་པོ་འདུས་མ་བྱས་པའི་དཀྱིལ་འཁོར་དུ། ། རིག་གསལ་ངང་དངས་ཁྱེའུ་ཆུང་ལ།། ཐིག་ལེ་ཁོང་གསལ་བཅུད་བསྡུས་དབང་བསྐུར་བས།། རང་གྲོལ་ཟང་ཐལ་དབང་ཐོབ་བོ།། མཁའ་ཀློང་རྣམ་དག་ཆོས་དབྱིངས་དཀྱིལ་འཁོར་དུ།། སེམས་རིག་ངང་དངས་ཁྱེའུ་ཆུང་ལ།། ཐོལ་བྱུང་ངང་དངས་དབང་སྐུར་བས།། རང་བྱུང་ངང་དངས་དབང་ཐོབ་བོ།། རིན་ཆེན་གསལ་དག་འོད་ཀྱི་དཀྱིལ་འཁོར་དུ།། རིག་པ་ངང་དངས་ཀུན་བྱེད་ཁྱེའུ་ཆུང་ལ།། བྱ་མེད་རྩོལ་བསྒྲུབ་འདས་པའི་དབང་བསྐུར་བས། ། བློ་ཟད་ཆོས་མེད་གཏིང་རྫོགས་མཐའ་ཡས་དབང་ཐོབ་བོ།། དབང་བསྐུར་དབང་བསྐུར་བྱར་མེད་དེ།། རང་སེམས་ཀ་དག་ངང་ལ་རྫོགས་པ་ལ།། རྫས་དང་བུམ་པའི་རྟེན་མེད་ཀྱང། ། བྱར་མེད་བློ་འདས་དབང་བསྐུར་བས།། རྩོལ་བྲལ་མིང་མེད་དབང་ཐོབ་བོ།། དབང་ནི་རང་སེམས་སྐྱེ་བ་མེད།། བསྐུར་བ་ཀ་དག་ཆེན་པོར་བསྐུར།། ཐོབ་ནི་འཕོ་འགྱུར་མེད་པར་ཐོབ།། དབང་ནི་ངང་དངས་གསལ་དག་སྟེ། ། བསྐུར་ནི་དངོས་མེད་རྣལ་མར་བསྐུར།། ཐོབ་ནི་ཟང་ཐལ་རང་བྱུང་ཐོབ།། དབང་ནི་སྟོང་པ་ཀུན་ཏུ་འབྱུང།། བསྐུར་ནི་འཛིན་པ་རང་དག་བསྐུར།། ཐོབ་ནི་རྣམ་དག་ཡེ་ཤེས་ཐོབ། ། གཞན་གྱིས་བསྐུར་བའི་མཁན་པོ་མེད།། རང་གི་སེམས་ལ་ཡེ་ནས་རྫོགས།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། རྫོགས་ཆེན་ཡང་ཏི་རྟོགས་པ་ལ་དབང་དང་བྱིན་བརླབ་གཞན་ནས་རེ་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། ཚོགས་དང་གཏོར་མ་མ་བཏང་བར། ། ཚོགས་བསགས་སྨོན་ལམ་ཇི་ལྟར་རྫོགས།། ཞེས་ཞུས་སོ། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྫོགས་ཆེན་ཡང་ཏི་ཡོ་ག་ལ།། ཚོགས་དང་གཏོར་མ་མི་དགོས་ཏེ།། ཚོགས་གསོག་གཏོར་མ་དགོས་ན་ཡང་ཏི་མིན། ། ཅི་ཕྱིར་རྩོལ་སྒྲུབ་ཡིད་སྨོན་ཡིན།། ཡིད་སྨོན་ཆོས་ཀྱིས་སངས་མི་རྒྱ།། དེ་བས་ཡང་ཏི་ཡོ་ག་ལ།། ཚོགས་དང་གཏོར་མ་ཡེ་ནས་རྫོགས།། ཡེ་ནས་རང་ལ་རྫོགས་ལུགས་ནི།། ཚོགས་ནི་སྣང་སྲིད་འཁོར་འདས་ཏེ། ། ཕུལ་ནི་ཀ་དག་ཆེན་པོར་ཕུལ།། དགྱེས་ནི་རང་བྱུང་སྐྱེ་མེད་དགྱེས།། ཚོགས་ནི་དུག་ལྔ་དུག་གསུམ་སྟེ།། ཕུལ་ནི་སྐུ་ལྔ་སྐུ་གསུམ་ཕུལ།། དགྱེས་པ་དོན་དམ་འགྱུར་མེད་དགྱེས།། ཚོགས་ནི་མཚན་མའི་རྣམ་རྟོག་སྟེ། ། ཕུལ་ནི་རྩིས་གདབ་མེད་པར་ཕུལ།། དགྱེས་ནི་ཆོས་དབྱིངས་ཀློང་ཆེན་གྱིས།། གཏོར་ནི་བློས་བཏགས་ཆོས་རྣམས་གཏོར།། མ་ནི་ཆོས་ཉིད་རྣལ་མ་ཡིན།། གཏོར་བ་གྲུབ་མཐའི་ལྟ་སྒོམ་གཏོར། ། མ་ནི་ལྟ་སྤྱོད་བསྒྲུབ་པ་མེད།། ཚོགས་གཉིས་མ་བསགས་ཡེ་ནས་རྫོགས།། སྒྲིབ་གཉིས་མ་སྦྱངས་ཡེ་ནས་དག། ཚོགས་དང་གཏོར་མ་མ་བཏང་བར།། ཀ་དག་སྙིང་པོའི་ཀློང་དུ་གྱུར།། ཚོགས་གསོག་བྱས་པས་དེར་མི་སླེབ། ། སྨོན་ལམ་ཞེས་པའི་རང་བཞིན་ཀྱང།། འདིར་བཏབ་ཕྱི་མར་མི་རེའོ།། སྨོན་ལམ་གང་ཡིན་ཡིད་སྨོན་ཏེ།། སྨོན་ལམ་ཞེས་པའི་ཐ་ཚིག་ཡིན།། སྨོན་པའི་སངས་རྒྱས་རང་ལ་རྙེད།། དེ་ཉིད་ཐར་ལམ་འགྲོ་བའི་ལམ། ། དེ་ན་སྨོན་ལམ་ཞེས་སུ་བཤད།། ཀ་དག་སྐྱེ་མེད་ཀློང་གྱུར་པས།། སྨོན་ལམ་མ་བཏབ་ཡེ་ནས་རྫོགས།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏི་ཉི་ཟླའི་སྙིང་པོ་ལ་ཚོགས་གཏོར་སྨོན་ལམ་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ། ཡང་ཏི་ཉི་ཟླའི་སྙིང་པོ་ལ། ། གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་ཟླའི་སྙིང་པོ་རྟོགས་པ་ན།། གོལ་སྒྲིབ་འཁྲུལ་པ་གང་ཡང་མེད།། ཡེ་ནས་ཐོག་མའི་དོན་རྟོགས་གོལ་དུ་མེད། ། སྐྱེ་མེད་ཀ་དག་རྟོགས་པས་སྒྲིབ་པ་མེད།། བྱ་མེད་བློ་འདས་རྟོགས་པས་འཁྲུལ་དུ་མེད།། ཡེ་ཤེས་སྤྱི་བླུགས་རྟོགས་པས་ཐེག་པའི་གོལ་སྒྲིབ་མེད།། ཡང་ཏི་ཡོ་ག་རྟོགས་པས་ན།། གོལ་སྒྲིབ་ཉིས་སྟོང་ལྔ་བརྒྱ་ཡང། ། ཚིག་གི་གོང་འོག་ཐེག་པས་གཅིག་ཏུ་ཆོད།། གོལ་སྒྲིབ་ཆོད་པས་འཁྲུལ་པ་གང་ཡང་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏི་ཉི་ཟླའི་སྙིང་པོ་རྟོགས་པ་ལ་གོལ་སྒྲིབ་འཁྲུལ་པ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། མ་རིག་ཡེ་ཤེས་ཡོད་དམ་མེད། ། འཆར་སྒོ་འཁྲུལ་སྒོ་ཅི་ལ་ཟེར།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་ཟླའི་སྙིང་པོ་ལ།། མ་རིག་ཡེ་ཤེས་གང་ཡང་མེད།། དཔེར་ན་ཉི་ཟླའི་སྙིང་པོ་ལ།། མུན་པ་ཡོད་པར་མ་གསུངས་སོ། ། དེ་བཞིན་ཀ་དག་སྟོན་པ་ཡི།། འོད་གསལ་དེ་ལ་མ་རིག་མེད།། བག་ཆགས་སྒྲིབ་མེད་འཁྲུལ་སྒོ་མེད།། ཡེ་དག་རང་གསལ་ཡེ་ཤེས་ལ།། སྙིང་པོ་ཀློང་དུ་གྱུར་པས་འཆར་སྒོ་མེད།། ཐིག་ལེ་མཐོང་བརྟོལ་གསལ་མེད་ལ། ། མ་རིག་ཡོད་པར་མ་མཐོང་ངོ།། མ་རིག་ཡེ་ཤེས་རྣམ་གཉིས་ཀྱང།། རྣམ་རྟོག་བློ་ལ་གཉིས་སྣང་ཏེ།། ཡང་ཏིའི་དོན་རྟོགས་གཉིས་ཀ་མེད།། མ་རིག་ཡེ་ཤེས་ཐ་དད་མེད།། མ་རྟོགས་རྟོགས་པས་ལམ་དུ་གཅིག། འཆར་སྒོ་འཁྲུལ་སྒོ་གང་ཡང་མེད།། ཐིག་ལེ་སྤྱི་བརྟོལ་རྟོགས་པས་ན།། འཆར་སྒོ་མེད་ལ་འཁྲུལ་སྒོ་མེད།། དཔེར་ན་མཚན་མོའི་མུན་ནག་ལ།། སཱུརྻ་གསལ་བའི་ཉི་ཤར་བས།། མུན་པ་མ་སྤངས་འོད་དུ་གསལ། ། འོད་དང་མུན་པ་ནམ་མཁར་གཅིག། དེ་བཞིན་མ་རིག་སྒྲིབ་གཡོགས་ལ།། ཐིག་ལེ་གསལ་དག་ཉི་ཤར་བས།། མ་རིག་མ་སྤངས་ཀ་དག་ཆེན་པོར་གསལ།། བག་ཆགས་སྒྲིབ་གཡོགས་འོད་གསལ་ཆེན་པོར་གསལ། ། གཏི་མུག་ཆོས་སྐུ་རང་བཞིན་གཅིག། རྒྱུ་རྐྱེན་འཕོ་འགྱུར་མེད་པའི་དོན་རྟོགས་ནས།། སྙིང་པོ་ཡང་དག་མ་ནོར་ངེས་པའི་ལམ།། སྐྱེ་མེད་ཀ་དག་བྱ་མེད་བློ་འདས་ཡིན།། དངོས་མེད་ཟང་ཐལ་མིང་མེད་དོན་རྟོགས་པས། ། འཆར་སྒོ་འཁྲུལ་སྒོ་གཉིས་ཀ་མེད།། དེ་ཕྱིར་ཐོག་མར་ཡེ་སངས་རྒྱས།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏི་ཉི་ཟླའི་སྙིང་པོ་རྟོགས་པས་མ་རིག་ཡེ་ཤེས་འཆར་སྒོ་འཁྲུལ་སྒོ་མེད་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། རྟོགས་དང་མ་རྟོགས་ཡོད་དམ་མེད། ། སངས་རྒྱས་སེམས་ཅན་ཅི་ལ་ཟེར།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་ཟླའི་སྙིང་པོ་ལ།། རྟོགས་དང་མ་རྟོགས་ཐ་སྙད་བློ།། བློ་ཡུལ་མ་ཟད་གྲོལ་མི་ཐོབ།། རྟོགས་དང་མ་རྟོགས་སྙིང་པོ་གཅིག། ཡེ་ཡིན་གློ་བུར་མངོན་སངས་རྒྱས།། ཀ་དག་མི་འབྲལ་རྟོགས་པ་ལ།། བློ་ཡུལ་མེད་ཀྱིས་མ་རྟོག་ཅིག། རྟོག་མཁན་མེད་ཀྱིས་མ་རྟོག་ཅིག། ཤེས་རྟོགས་མེད་ཀྱིས་མ་ཤེས་ཤིག། ཤེས་ཡུལ་མེད་ཀྱིས་མ་ཤེས་ཤིག། ཤེས་རྒྱུ་མེད་ཀྱིས་མ་ཤེས་ཤིག། ཤེས་མཁན་མེད་ཀྱིས་མ་ཤེས་ཤིག། གང་གི་གང་རྟོགས་ཅི་ཞིག་རྟོགས།། རྟོགས་ན་སེམས་དེ་ཇི་ལྟར་འདུག། ཤེས་ན་གང་ཤེས་ཅིས་ཅི་ཤེས། ། ཤེས་པའི་རྒྱུ་ནི་ཅི་ཞིག་འདུག། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐམས་ཅད་རྟོགས་པས་རྟོགས་རྒྱུ་མེད།། ཅང་མེད་ངང་དངས་ཆེན་པོ་ཡིན།། ཐ་སྙད་ཙམ་སྟེ་མཚོན་རྒྱུ་མེད།། རྟོགས་པ་པོ་ནི་དངོས་མེད་གྲོལ། ། ཤེས་མེད་ཀུན་ཤེས་ཤེས་རྒྱུའི་དངོས་པོ་གྲོལ།། སྐྱེ་མེད་ཀ་དག་དངོས་པོའི་བློ་ལས་འདས།། ཚིག་གིས་ཤེས་རྟོགས་གང་ཡང་ཡོད་མ་ཡིན། ཀུན་ཤེས་ཀུན་རྟོགས་གང་ཡང་མ་བཏགས་བཞག། རྟེན་མེད་ཀ་དག་འོད་གསལ་བློ་འདས་སོ། ། ཞེས་གསུངས་སོ།། རང་གྲོལ་རང་གསལ་ཀློང་གྱུར་པས།། སངས་རྒྱས་སེམས་ཅན་གཉིས་ཀ་མེད།། སྟོང་པ་ཀུན་འབྱུང་སྟོང་པར་སངས།། རང་བྱུང་རང་གྲོལ་རང་སངས་རྒྱས།། གཏི་མུག་མུན་པ་ཀ་དག་རྒྱས། ། སངས་རྒྱས་གཞན་ན་མེད་ཀྱིས་མ་རེ་ཞིག། ཡེ་ཡིན་ཀློང་གྱུར་ངོ་ཤེས་པས།། སེམས་ཅན་འཁོར་བ་མེད་ཀྱིས་མ་དོགས་ཤིག། གཉིས་མེད་གཉིས་སུ་དབྱེར་མེད་པས། ། སེམས་ཅན་སངས་རྒྱས་གཉིས་མེད་གཉིས་ཀ་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། རྟོགས་མ་རྟོགས་སངས་རྒྱས་སེམས་ཅན་གཞི་ལ་དབྱེར་མེད་པར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། དགེ་སྡིག་ལས་འཕྲོ་ཡོད་དམ་མེད།། མཐོ་རིས་ངན་སོང་ཅི་ལ་ཟེར། ། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྫོགས་ཆེན་ཡང་ཏི་ཡོ་ག་ལ།། དགེ་བ་མི་བསྒྲུབ་སྡིག་མི་འགེགས།། རང་སར་གྲོལ་ཞིང་སྐྱེ་མེད་རྟོགས།། དགེ་བ་ཆེད་དུ་མི་བྱེད་མཐོ་རིས་སྐྱེ་རུ་མེད།། སྡིག་པ་ཆེད་དུ་མི་བྱེད་ངན་སོང་སྐྱེ་རུ་མེད། ། དགེ་སྡིག་གཉིས་པོ་ཆེད་དུ་མ་བྱས་པས།། མཐོ་རིས་ངན་སོང་རེ་དོགས་གཡང་ས་མེད།། ལས་འཕྲོ་མི་ལེན་འདི་ཀ་ལྟ་བུར་གྲོལ།། ཅི་སྟེ་ལས་ཀྱི་དབང་གྱུར་ན།། རང་བྱུང་ཡེ་ཤེས་ག་ལ་ཡོད། ། མཐོ་རིས་ངན་སོང་བླ་དགས་ཡིན།། ཡང་དག་དོན་ལ་མཐོ་རིས་ངན་སོང་མེད།། སྐྱེ་མེད་ཀ་དག་རྟོགས་པ་ལ།། ངན་སོང་ལྟུང་བའི་རྒྱུ་ཡང་མེད།། ཐིག་ལེ་ཁོང་གསལ་དོན་རྟོགས་པས།། མཐོ་རིས་ངན་སོང་རྒྱུ་ཡང་མེད། ། ཡེ་ཡིན་རང་སར་གྲོལ་གྱུར་པས།། ལས་འཕྲོ་མི་ལེན་མུ་མཐའ་ཡས།། ཀ་དག་མིང་མེད་དོན་རྟོགས་པས།། མཐོ་རིས་ངན་སོང་སྐྱེ་ལྟུང་མེད།། དགེ་སྡིག་ལས་འཕྲོའི་ཁར་མི་འོང།། རྒྱུ་རྐྱེན་ཆོས་ལ་བློ་མི་གཏོད། ། དགེ་སྡིག་གཉིས་ལ་རྟེན་མི་འཆའ།། རྒྱུ་འབྲས་གཉིས་ལ་རག་མ་ལུས།། བྱ་རྩོལ་ཞེ་འདོད་རེ་དོགས་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏྀ་ཉི་ཟླའི་སྙིང་པོ་ལ་དགེ་སྡིག་མཐོ་རིས་ངན་སོང་མེད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། སངས་རྒྱས་བྱ་བ་ཡོད་དམ་མེད། ། དམྱལ་བ་བྱ་བ་ཅི་ལ་ཟེར།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐིག་ལེ་མཐོང་བརྟོལ་དོན་རྟོགས་པས།། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད།། རྙེད་པར་འདོད་པས་བསྐལ་པ་བརྒྱར་མི་རྙེད། ། སངས་རྒྱས་གང་ཡིན་བླ་དགས་ཡིན།། བླ་དག་ཚིག་ལ་སངས་རྒྱས་མེད།། སངས་རྒྱས་གང་ཡིན་ཞེ་འདོད་ཡིན།། ཞེ་འདོད་སངས་རྒྱས་དགོས་པ་མེད།། སངས་རྒྱས་ཡོད་འདོད་ཡིད་སྨོན་ཡིན། ། ཡིད་སྨོན་སངས་རྒྱས་དགོས་པ་མེད།། སངས་རྒྱས་མེད་པས་སངས་ལ་རྒྱས་རྒྱུ་མེད།། འདོད་པས་མི་མྱོང་རེ་དོགས་ཡིན།། སངས་རྒྱས་མེད་ཀྱིས་མ་རེ་ཅིག། དམྱལ་བ་མེད་ཀྱིས་མ་དོགས་ཤིག། རེ་དོགས་གཉིས་མེད་མཐའ་ཆོད་ཅིག། ཡེ་ཤེས་གཏིང་རྫོགས་མཐོང་བརྟོལ་བས།། དམྱལ་བར་སྐྱེ་བའི་རྒྱུ་མེད་དོ།། དམྱལ་བའི་གནས་མེད་ཀ་དག་ཀློང།། དངོས་ལ་དམྱལ་བའི་རྒྱུ་མེད་པས།། དམྱལ་བ་མེ་ལྕེའི་ཕྲེང་བ་ཡང། ། བྱང་ཆུབ་སེམས་ཀྱི་ཞིང་ཁམས་ཡིན།། འདོད་ཆགས་སྤྲུལ་པའི་སྐུ་རུ་རྫོགས།། ལྷ་རུ་སྐྱེ་བའི་གཡང་ས་བཅད།། ཞེ་སྡང་ལོངས་སྤྱོད་རྫོགས་སྐུར་རྫོགས།། དམྱལ་བར་སྐྱེ་བའི་གཡང་ས་བཅད། ། གཏི་མུག་ཆོས་སྐུར་ཆེན་པོར་རྫོགས།། བྱོལ་སོང་སྐྱེ་བའི་གཡང་ས་བཅད།། ང་རྒྱལ་ངོ་བོ་གཉིས་ཀྱི་སྐུ།། ལྷ་མིན་སྐྱེ་བའི་གཡང་ས་བཅད།། ཕྲག་དོག་དོན་དམ་བདེ་བའི་སྐུ།། མི་རུ་སྐྱེ་བའི་གཡང་ས་བཅད། ། སེར་སྣ་དབྱེར་མེད་སྐུ་རུ་རྫོགས།། ཡི་དགས་སྐྱེ་བའི་གཡང་ས་བཅད།། ཀ་དག་མིང་མེད་བློ་འདས་རྟོགས།། དམྱལ་བ་ལ་སོགས་འགྲོ་དྲུག་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏི་ཉི་ཟླའི་སྙིང་པོ་རྟོགས་པ་ལ་སངས་རྒྱས་དམྱལ་བ་མེད་པར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ། ། རྫོགས་ཆེན་ཡང་ཏི་ཡོ་ག་ཡིས།། མ་བསྒྲུབས་འབྲས་བུ་ཇི་ལྟར་ཐོབ།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཉི་ཟླའི་སྙིང་པོ་ཡང་ཏི་ལ།། འབྲས་བུ་ཐོབ་དང་མ་ཐོབ་གཉིས་མེད་ཀྱང། ། རྩོལ་བས་འབྲས་བུ་མི་འགྲུབ་སྟེ།། རེ་ཞིག་འཁོར་ལ་བྲོད་པ་བསྐྱེད་ཕྱིར་བཤད།། རེ་དོགས་འབྲས་བུ་ངས་མ་བཤད།། ཡིད་སྨོན་འབྲས་བུ་ངས་མ་བཤད།། ཞེ་འདོད་འབྲས་བུ་ངས་མ་བཤད། ། བྱ་བཙལ་འབྲས་བུ་ངས་མ་བཤད།། ཚོགས་བསགས་འབྲས་བུ་ངས་མ་བཤད།། གཞན་ནས་འབྲས་བུ་རེ་བ་ངས་མ་བཤད།། གཞན་ནས་འབྲས་བུ་ཐོབ་པ་ངས་མ་བཤད།། སྔོན་ཐོག་ཡེ་ནས་རང་ལ་རང་ཆས་ལྡན། ། གཉིས་མེད་ཀློང་དུ་ཀ་དག་རང་གྲོལ་ལ།། ཐིག་ལེ་སྤྱི་བརྟོལ་གསང་བའི་ཡང་སྙིང་བསྒྲུབ།། སྟོང་གསལ་འོད་འབར་ཀློང་དཀྱིལ་དུ།། ཐིག་ལེ་ཡང་གསང་བཅུད་བསྡུས་པས།། ཐིག་ལེ་ཁོང་གསལ་འབྲས་བུའོ། ། ཆོས་ཉིད་གསང་བའི་ཕོ་བྲང་དུ།། ཡེ་ཤེས་གཏིང་རྫོགས་ཀ་དག་པས།། གཏིང་མཐའ་ཡས་པའི་འབྲས་བུའོ།། མཁའ་ཀློང་རྣམ་དག་དཀྱིལ་འཁོར་དུ།། སྐྱེ་མེད་ཀ་དག་བློ་འདས་པས།། མུ་མཐའ་ཡས་པའི་འབྲས་བུའོ། ། བྱ་བཙལ་རྩོལ་བས་མ་བསྒྲུབས་མ་བྱས་པས།། ཡོད་མེད་དབྱེ་བསལ་མེད་པ་སྟེ།། མིང་མེད་ཆེན་པོར་རང་གྲོལ་ལོ།། ཀ་དག་སྐྱེ་མེད་དངོས་པོ་མེད།། བྱར་མེད་འབྲས་བུ་བློ་ལས་འདས།། བྱ་བཙལ་ཞེ་འདོད་མ་བསྒྲུབས་པས། ། གསང་སྤྱོད་འཕྲུལ་གྱི་སྙིང་པོ་ཡང་སྙིང་འདི།། རང་བྱུང་རང་གྲོལ་རང་སངས་ཉིད་དུ་གྲོལ།། བདེ་གཤེགས་གསང་བའི་སྙིང་པོའི་བཅུད་འདི་རྟོགས།། རེ་དོགས་བློ་ཡིས་མ་བསྒྲུབས་པས། ། ཡེ་མེད་གཏིང་མེད་ཡོད་རྒྱུ་ཅི་ཡང་མེད།། ཐིག་ལེ་ཁོང་གསལ་ཡེ་ཤེས་ཟང་ཐལ་ལོ།། སྟོང་པའི་ཀློང་ནས་ཀུན་འབྱུང་བས།། ངང་དངས་རང་སངས་རང་གྲོལ་ལོ།། བྱ་བཙལ་རྩོལ་བས་མ་བསྒྲུབས་པར། ། འདི་ཀ་རང་དུ་གྲོལ་བ་ཐོབ།། བསྒྲུབས་ནས་གཞན་ནས་ཐོབ་པའི་འབྲས་བུ་མིན།། རེ་ཞིག་འབྲས་བུའི་མིང་བཏགས་གོང་ལྟར་རོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏི་ཉི་ཟླ་རྟོགས་པས་མ་བསྒྲུབས་འབྲས་བུ་ཐོབ་པར་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།།།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། རྒྱུད་ཀྱི་མཚན་བཤད་ཇི་ལྟར་བཤད། ། ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྒྱུད་གསུམ་རྩེ་རྒྱལ་ཉི་ཟླའི་རྒྱུད་དུ་འདུས།། རྒྱུད་རྣམས་ཀུན་གྱི་རྩེ་མོ་བྱུང་རྒྱལ་བས།། རྒྱུད་སྡེ་ཀུན་གྱི་སྤྱི་ཕུད་རྩེ་རྒྱལ་ཡིན། ། དེ་ཕྱིར་རྒྱུད་ཀྱི་རྩེ་རྒྱལ་རྒྱུད།། ཉི་ཟླ་འོད་འབར་རྒྱུད་ཆེན་དང།། མཁའ་ཀློང་རྣམ་དག་རྒྱུད་ཆེན་དང།། རྒྱ་མཚོ་ཀློང་གསལ་རྒྱུད་ཆེན་དང།། དེ་གསུམ་རྒྱུད་ཀྱི་རྩེ་རྒྱལ་སྤྱི་ཕུད་ཡིན།། དེ་ནས་འཁོར་གྱིས་ཞུས་པ་ལ། ། ཉི་ཟླ་འོད་འབར་རྒྱུད་ཀྱིས་དོན་ནི་གང་ཞིག་བསྟན།། མཁའ་ཀློང་རྣམ་དག་རྒྱུད་ཀྱིས་དོན་ནི་གང་ཞིག་བསྟན།། རྒྱ་མཚོ་ཀློང་གསལ་རྒྱུད་ཀྱིས་དོན་ནི་གང་ཞིག་བསྟན།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ། ཉི་ཟླ་འོད་འབར་རྒྱུད་ཀྱིས་ནི།། ཉི་མས་གསལ་བའི་གོ་ཡང་འབྱེད།། སྣང་གསལ་གོ་འབྱེད་འོད་གསལ་རྒྱུད།། སྙིང་པོ་ཀ་དག་སྟོན་པ་སྟེ།། ཡེ་ཤེས་གསལ་དག་མཚོན་པའི་རྒྱུད།། འོད་ཆེན་རབ་ཏུ་འབར་བས་ནི། ། གཏི་མུག་མ་རིག་མུན་པ་སེལ།། བག་ཆགས་སྒྲིབ་གཡོགས་ཀ་དག་རྒྱུད།། མུན་པའི་སྨག་རུམ་སངས་ཏེ་རང་སར་གྲོལ།། གསལ་བའི་གོ་འབྱེད་ཉི་མའི་རྒྱུད།། ཙནྡྲ་ཟླ་བའི་རྒྱུད་ཀྱིས་ནི།། མཐའ་ཡི་མུན་སེལ་འོད་འབར་རྒྱུད། ། མ་རིག་མུན་པ་སེལ་བ་ཡིན།། མ་རིག་ཀ་དག་ཡེ་ཤེས་གསལ།། རྨོངས་པའི་མུན་པ་སེལ་བའི་རྒྱུད།། ཟླ་བའི་འོད་འབར་མ་རིག་གཏི་མུག་སངས།། ཉི་མའི་འོད་འབར་སྣང་གསལ་ཡེ་ཤེས་རྒྱས། ། དེ་ཕྱིར་ཉི་ཟླ་འོད་འབར་རྒྱུད།། ཟླ་བའི་འོད་འབར་ཐབས་ཀྱི་རྒྱུད།། ཉི་མའི་འོད་འབར་ཤེས་རབ་རྒྱུད།། དེ་ཕྱིར་ཐབས་དང་ཤེས་རབ་གཉིས་མེད་རྒྱུད།། མཁའ་ཀློང་རྣམ་དག་རྒྱུད་ཀྱིས་ནི།། མཁའ་ནི་རིག་པའི་འོད་གསལ་མཁའ། ། ཀློང་ནི་སྙིང་པོ་ཆོས་ཉིད་ཀློང།། རྣམ་དག་འཁྲུལ་པ་རྣམ་པར་དག། དེ་ཕྱིར་མཁའ་ཀློང་རྣམ་དག་རྒྱུད།། མཁའ་ནི་རྩལ་ཟེར་འོད་གསལ་ལ།། ཀློང་ནི་སྙིང་པོ་ཀ་དག་ཀློང།། རྣམ་དག་བློ་སབཏགས་ཆོས་རྣམས་འགགས། ། དེ་ཕྱིར་མཁའ་ཀློང་རྣམ་དག་རྒྱུད།། མཁའ་ནི་སྣང་གསལ་ནམ་མཁའ་ལ།། ཀློང་ནི་ཆོས་ཉིད་དབྱིངས་ཀྱི་ཀློང།། རྣམ་དག་ཆོས་ཅན་ཆོ་འཕྲུལ་དག། སྤྲིན་དང་ཁུ་རླངས་ཆར་སེར་ཀུན། ། ནམ་མཁའི་ཀློང་དུ་ཡེ་ནས་དག། དེ་བཞིན་སྙིང་པོ་མཁའ་ཀློང་དུ།། ཡན་ལག་རྩལ་ཟེར་མ་ལུས་དག། དེ་ཕྱིར་མཁའ་ཀློང་རྣམ་དག་རྒྱུད་ཆེན་ཡིན།། རྒྱ་མཚོ་ཀློང་གསལ་རྒྱུད་ཀྱིས་ནི། ། བལྟ་བ་རྒྱ་མཚོ་ཀློང་ན་གསལ།། བསྒོམ་པ་རྒྱ་མཚོ་ཀློང་ན་གསལ།། སྤྱོད་པ་རྒྱ་མཚོ་ཀློང་ན་གསལ།། འབྲས་བུ་རྒྱ་མཚོ་ཀློང་ན་གསལ།། དམ་ཚིག་རྒྱ་མཚོ་ཀློང་ན་གསལ།། ས་ལམ་རྒྱ་མཚོ་ཀློང་ན་གསལ། ། མན་ངག་རྒྱ་མཚོ་ཀློང་ན་གསལ།། རྒྱུད་ལུང་རྒྱ་མཚོ་ཀློང་ན་གསལ།། ཡེ་ཤེས་རྒྱ་མཚོ་ཀློང་ན་གསལ།། རྒྱ་ནི་སྙིང་པོ་འགྱུར་བ་མེད།། མཚོ་ནི་ཆོས་ཉིད་ཡངས་པའི་མཚོ།། ཀློང་ནི་མཚོན་མེད་བརྗོད་ལས་འདས། ། གསལ་ནི་སྐྱེ་མེད་ཀ་ནས་གསལ།། དེ་ཕྱིར་རྒྱ་མཚོ་ཀློང་གསལ་རྒྱུད།། རྒྱ་མཚོ་ཀློང་གསལ་བྱ་བ་ནི།། རྒྱ་མཚོ་སྙིང་པོ་སྐྱེ་མེད་ཡིན།། ཀློང་ནི་ཆོས་ཉིད་ཐིག་པའི་ཀློང།། གསལ་ནི་ཀ་དག་འོད་འབར་གསལ། ། དེ་ཕྱིར་རྒྱ་མཚོ་ཀློང་གསལ་རྒྱུད།། རྒྱ་ནི་གཏད་མེད་རྟེན་མེད་བསྟན།། མཚོས་ནི་དམིགས་མེད་གཡོ་མེད་བསྟན།། ཀློང་ནི་བྱར་མེད་སྤྲོས་བྲལ་བསྟན།། གསལ་བས་ཡེ་དག་སྒྲིབ་མེད་བསྟན།། དེས་ན་རྒྱ་མཚོ་ཀློང་གསལ་རྒྱུད། ། རྒྱ་མཚོ་སྐྱེ་མེད་ཀ་དག་ལྟ་བ་བསྟན།། ཀློང་གིས་གཡོ་མེད་རྣལ་མའི་སྒོམ་པ་བསྟན།། གསལ་གྱིས་ལྷུག་པ་བག་ཡངས་གོ་བདེ་བ།། བྱར་མེད་སྤྲོས་བྲལ་སྤྱོད་པ་བསྟན།། རྒྱུད་ཀྱི་ཐོག་མ་བར་མཐའ་རུ། ། ཡེ་ཤེས་རྒྱུན་དུ་གནས་པའི་ཕྱིར།། སྙིང་པོ་རྒྱུན་ཆད་མེད་པའི་རྒྱུད།། སྔོན་ཐོག་དུས་ནས་ཐ་མ་རུ།། སྐྱེ་མེད་རྒྱུན་དུ་གནས་པའི་ཕྱིར།། སྐྱེ་མེད་ཀ་དག་སྙིང་པོའི་རྒྱུད།། གཞི་རླུང་དུས་ནས་ད་ལྟའི་བར། ། འོད་གསལ་རྒྱུན་དུ་གནས་པ་ཡིས།། སྣང་གསལ་འོད་འབར་གསལ་དག་རྒྱུད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། རྒྱུད་ཀྱི་མཚན་བཤད་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ། །།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། རྒྱུད་འདི་བསྟན་པའི་སྐལ་ལྡན་ཇི་ལྟ་བུ།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། ། དཔེར་ན་སེང་གེའི་འོ་མ་ཡང།། རིན་ཆེན་གསེར་ཟོར་བླུགས་པ་ལས།། སྣོད་ངན་ཕལ་དུ་བཞོས་གྱུར་ན།། བཅུད་ཀྱང་འབོ་ལ་སྣོད་ཀྱང་ཆག། དེ་བཞིན་ཉི་ཟླ་ཡང་ཏི་ཡང།། སྣོད་ལྡན་འགའ་ལ་བསྟན་པ་ལས། ། སྣོད་མེད་དག་ལ་བསྟན་གྱུར་ན།། ཆོས་ཀྱང་ཤོར་ལ་རང་ཡང་བརླག། དེས་ན་སྣོད་ཀྱི་ཁྱད་པར་གཅེས།། རྒྱུད་འདི་བསྟན་པའི་སྐལ་ལྡན་ནི།། སྨྲས་པ་མི་འགྱུར་རི་རབ་ལྟ་བུའི་བློ།། སྙིང་རྗེ་ཕན་སེམས་ཆེ་ཞིང་དཀོན་མཆོག་མཆོད། ། བླ་མ་གཙུག་ཁུར་གདམས་ངག་སྙིང་ལ་འཆང།། དམ་ཚིག་གཞུང་བསྲུང་རྣམ་སྨིན་ལས་ལ་འཛེམ།། རྒྱུད་འཇམ་ངང་རིང་སྐྱོ་དུབ་མེད་ལ་གཏད།། ང་རྒྱལ་སེར་སྣ་ཆུང་ལ་ཆོས་ཕྱོགས་གཏོང། ། རིན་ཆེན་ལ་སོགས་ཟང་ཟིང་ནོར།། ཆགས་མེད་སེར་སྣ་མེད་པར་གཏོང།། དེ་ལ་ཡང་ཏིའི་རྒྱུད་འདི་གཏད།། རང་རྒྱུད་ངན་ལ་གྲོགས་མཆེད་བསླུ།། དམ་ཚིག་མེད་ལ་བརྩེ་གདུང་ཆུང།། ཆེ་དགའ་སྡིག་སྤྱོད་ཆགས་སེམས་ཅན། ། གཡོ་སྒྱུ་ཁྲེལ་མེད་ཐབས་ཀྱིས་བསླུ།། ལོགས་ལྟ་བྱེད་ཅིང་སྒྲོ་སྐུར་འདེབས།། སློབ་དཔོན་གསང་ནས་རང་ཆེ་འབྱིན།། གཡོ་དང་ཐབས་ཀྱིས་མན་ངག་འབྲིད།། ལག་ཏུ་ཐོབ་ནས་ཟོང་དུ་འཚོང། ། དེ་ལྟ་བུ་ཡི་སྣོད་ངན་ལ།། ཡུལ་མཁར་སྟེར་ཀྱང་མི་སྦྱིན་ནོ།། དེ་ལྟ་བུ་ལ་བྱིན་གྱུར་ན།། གཉིས་བསྡོང་གཡང་ལ་ལྷུང་བ་བཞིན།། གཉིས་ཀ་རྡོ་རྗེ་དམྱལ་བར་འགྲོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། རྒྱུད་གཏད་པ་དང་སྣོད་ཀྱི་ཁྱད་པར་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།།།། གུ་རུ་ལ་བསྟན་པ་འབྱུང་བའི་དུས་ཇི་ཙམ་ན་ལགས། ཞུས་པས། ང་ཡི་ཡང་སྙིང་ཉི་ཟླ་འདི། སྐུ་དང་གསུང་གི་བསྟན་པ་ནུབ།། གསང་སྔགས་ཐུགས་ཀྱི་བསྟན་པ་དར།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། དུས་ངན་ཟེར་ཞིང་སྤྱོད་ངན་བྱེད།། རྒྱ་བོད་བྱེ་ཞིང་རྒྱལ་ཁྲིམས་འཇིག། ཆོས་སུ་རྫོགས་ཆེན་དར། བནྡེ་རྣལ་འབྱོར་དར། གོས་སུ་རེ་ཐུལ་ཁྱི་ཐུལ་དར་ལ་ལག་ཆ་དབྱུག་པ་མི་མགོ་དར།། ད་ལྟ་སངས་རྒྱས་ཡིན་ཟེར་ཉོན་མོངས་ཁ་མ་བྲི།། ཟོངས་སུ་ཆོས་འཚོང་ཉམས་མྱོང་གླུ་རུ་ལེན། ། སྤྱོད་པ་བབ་ཆོལ་གླིང་ཀུན་ཐོ་ཅོས་འགེངས།། མན་ངག་གྲོང་བསྐོར་རྣ་བ་རྫུན་གྱིས་འགེངས།། རྣལ་འབྱོར་ཟས་ནོར་འདོད་ཕྱིར་སྲང་ཁར་སྤྲང་སྟེ་རྒྱུ།། རི་ཁྲོད་འགྲིམས་པའི་ལད་མོ་གྲོང་རྒྱུའི་རྣལ་འབྱོར་བྱེད། ། བརྟུལ་ཞུགས་གསང་སྔགས་མེད་པར་སྤྱོད་པ་ཐོ་ཅོས་སྒྲ་སྐད་འགེངས།། དེ་ལྟར་བྱས་པས་ཚེ་ཐུང་ནད་ཀྱང་མང།། མི་ཐུབ་དྲུག་པོ་འབྱུང་བའི་དུས།། བདེ་གཤེགས་བྱིན་རླབས་མི་ཐུབ་དུས།། འབྱུང་བ་ས་ཡིས་གསེར་མི་ཐུབ། ། མཁའ་འགྲོས་བཅོལ་བའི་གཏེར་མི་ཐུབ།། སྐྱེ་འགྲོས་གཏད་པའི་བླཽ་མི་ཐུབ།། ཉན་ཐོས་འདུལ་བའི་ཁྲིམས་མི་ཐུབ།། བཙུན་མས་རང་གི་ལུས་མི་ཐུབ།། བཙུན་པས་མདའ་རྒྱག་བྱེད་པའི་དུས།། ཕ་སྤུན་ནང་རྒྱས་བྱེད་པའི་དུས། ། ཕྱི་ཡི་སོ་ཁ་ནང་དུ་ཟུག། ལན་གཅིག་དེ་ལྟ་བུ་ཡི་དུས་གཅིག་མཆི།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ཆེན། རྫོགས་པ་ཆེན་པོ་ཡང་ཏི། ཨུ་རྒྱན་གུ་རུ་པདྨ་དང།། ལོཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། པདྨ་གསལ་བའི་བྲག་ཕུག་ནང་དུ་སྦས། མངའ་བདག་ཉང་རལ་པ་ཅན་དང་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར་གྱིས་བཏོན། གཏེར་རྒྱ། གསང་རྒྱ། གཏད་རྒྱ། ཟབ་རྒྱ། རྒྱ་རྒྱ་རྒྱ། གསང་ངོ། ཟབ་བོ།། །། རྒྱ་གར་སྐད་དུ།། བཛྲ་ས་ཏྭ་ཤ་ཏ་ཨ་ཀྵ་ར་ཀ་ཨ་བྷི་ཥེ་ཀོཏྟ་མ་རཱ་ཛ་ཏནྟྲ་ནཱ་མ།

CLOSE WINDOW